Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
སྒྲུབ་སྡེ་ཆེན་པོ་ཀུན་གྲོལ་འོད་གསལ་རྩེའི་བཅའ་སྒྲིག་གི་རྣམ་བཞག་ཅུང་ཟད་བཤད་པ་སྐལ་ལྡན་མཆོག་གི་འཇུག་ངོགས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousསྒྲུབ་སྡེ་ཆེན་པོ་ཀུན་གྲོལ་འོད་གསལ་རྩེའི་བཅའ་སྒྲིག་གི་རྣམ་བཞག་ཅུང་ཟད་བཤད་པ་སྐལ་ལྡན་མཆོག་གི་འཇུག་ངོགས།next

སྒྲུབ་སྡེ་ཆེན་པོ་ཀུན་གྲོལ་འོད་གསལ་རྩེའི་བཅའ་སྒྲིག་གི་རྣམ་བཞག་ཅུང་ཟད་བཤད་པ་སྐལ་ལྡན་མཆོག་གི་འཇུག་ངོགས།


JSD002_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྡེ་ཆེན་པོ་ཀུན་གྲོལ་འོད་གསལ་རྩེའི་བཅའ་སྒྲིག་གི་རྣམ་བཞག་ཅུང་ཟད་བཤད་པ་སྐལ་ལྡན་མཆོག་གི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །


JSD002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་འཇིགས་མེད་གླིང་པ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུྃ། རྒྱལ་བ་རིག་འཛིན་གང་ཟག་བརྒྱུད་པ་ཡི། ཆུ་བོ་གཅིག་འདུས་ཀུན་མཁྱེན་ཡབ་སྲས་ཀྱིས། །སྒྲུབ་མཆོག་རྣམས་ལ་བྱིན་བརྒྱུད་འཕོ་བ་དང་། །མཁའ་འགྲོ་སྲུང་མས་ཕྲིན་ལས་གཡེལ་མེད་སྒྲུབས། །ཞེས་ཆེད་དུ་བརྗོད་ནས། དེ་ཡང་རང་བྱུང་སངས་རྒྱས་པདྨས་ཞབས་ཀྱིས་བཅགས་ཤིང་


JSD002_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གནས་སུ་བྱིན་གྱིས་བརླབས་པའི་སྦས་ཡུལ་གྱི་རྒྱལ་པོ་ལྷོ་མོན་འབྲས་མོ་ལྗོངས་ཀྱི་བྱེ་བྲག་རྡོ་རྗེ་གླིང་གི་གྲོང་ལས་དགོན་པའི་ཚུལ་དུ་ཆགས་པ། ཕུན་ཚོགས་རྔ་ཡབ་གླིང་གི་སྒྲུབ་སྡེ་ཀུན་གྲོལ་འོད་གསལ་རྩེའི་སྒྲུབ་གྲྭ་ལ་ཞུགས་པ་རྣམས་ཀྱིས་བླང་དོར་ལག་ལེན་རགས་བསྡུས་ཤིག་བསྙེལ་ཐོའི་ཚུལ་དུ་སྤེལ་བ་ལ། ཐོག་མར་སྒྲུབ་གྲྭ་བ་རྣམས་ཕན་ཚུན་ནང་


JSD002_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་དང་། ཀློང་ཆེན་སྙིང་ཐིག་གི་ཆོས་དང་། བརྒྱུད་འཛིན་ལ་མི་འཕྲོག་པའི་དད་གུས་བརྟན་པ། ཆོས་ལྡན་གྱི་ནང་ཁྲིམས་ལ་གཅེས་ནོར་ལྟར་བརྩི་འཇོག་བྱེད་མཁན་ཤ་སྟག་འཇུག་རྒྱུ་ལས། འཐབ་བཀྲོལ་ཅན་དང་། མི་དད་པ་དང་། སྤྱི་བརྟོལ་ཅན་དང་། ངན་དྲེད་ལ་སོང་བའི་རིགས་མི་འཇུག །སྒྲུབ་ཁང་དུ་བཅད་རྒྱ་བསྡམས་ནས་ལོ་གསུམ་ཟླ་གསུམ་གྱི་དམ་བཅའ་མཐར་མ་ཕྱིན་གྱི་བར་དུ། ཐོག་མ་ནས་དམིགས་འོག་ཏུ་འཇུག་རྒྱུ་སྒྲུབ་གཡོག་པ་གཉེར་པ་དང་མ་ཆེན་གཉིས། གར་དགོས་ངེས་མེད་ཀྱི་ལྷ་རྗེ་བ་ཙམ་མ་གཏོགས། ཉེ་དུ་སོགས་སུ་དགའ་གང་འཐད་དང་བསྟུན་ནས་མི་འཛུད། སྒྲུབ་ཁང་ནང་ཕན་ཚུན་དང་། མཚམས་གཡོག་པ་བཅས་ཀྱི་བར་ཉིན་གུང་གི་ཐུན་གསེང་ཁོ་ན་ལ་ངག་བསྲེ་བ་མ་གཏོགས། ཐུན་གྱི་སྒང་དང་། ཐུན་མཚམས་གཞན་


JSD002_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྨྲ་བཅད་ཀྱི་དམ་རྒྱ་མི་ལྷོད་པ་བྱེད། ཉིན་གུང་ཡང་དགོས་པ་དོན་ལྡན་གྱི་ངག་ཉུང་ལ་རན་པར་སྨྲ་བ་ལས་དོན་མེད་ངག་འཁྱལ་གྱི་ངང དུ་མི་འབྱམས་ཤིང་། གཅིག་གིས་གཅིག་ལ་འབོད་རྒྱང་བྱེད་པ། བྱུང་རྒྱལ་གྱི་འདོན་དབྱངས། ཀུ་ཅོ་ཁ་མཚར་ལབ་པ། རོལ་མོའི་རིགས་དུས་མིན་དུ་འབུད་དཀྲོལ་བརྡུང་གསུམ་བྱ་བ་རྣམས་སྤངས། ཐུན་དང་ཐུན་མཚམས་ཀྱི་རིང་ཐུང་སོགས་ཉི་སྐར་དང་ཆུ་ཚོད་འཁོར་ལོ་ལ་ཚད་བཞག་སྟེ། དཔྱིད་དང་། དབྱར་དུས་སྲོད་ཐུན་དང་། ཐོར་ཐུན་ཅུང་ཟད་ཐུང་བར་བྱ། སྟོན་དགུན་གཉིས་སུ་དེ་ལས་ལྡོག་པ་སོགས། ཉིན་མཚན་གྱི་རིང་ཐུང་དང་། རང་གི་ཁམས་ཀྱིས་ལྕོགས་མིན་ལ་བརྟགས་ཏེ། ཐུན་དཔོན་པས་ཚོད་འཛིན་ཇི་ལྟར་བགྱིས་པ་བཞིན་སྒྲིག་ལ་ཕབ་དགོས་ཀྱི་སོ་སོའི་སྣང་བར་གང་དྲན་མི་བྱ། ཐུན་


JSD002_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བསྡམས་ཀྱི་བརྡ་ཡང་རི་དྭགས་ཀྲྀཥྞ་བྷར་གྱི་རྭ་དུང་དམ་པ་གོང་མ་རྣམས་ཀྱི་ཕྱག་བཞེས་ལྟར་འབུད་ཚིགས་དང་བསྟུན་ནས་ཚང་མས་མཉམ་དུ་འབུད། སྒྲུབ་དཔོན་བླ་མ་ལས་བཀའ་ཆོས་ཞུ་རྒྱུ་ཡང་ལོ་གསུམ་རིང་ཉམས་སུ་ལེན་པ་ལ་མེད་དུ་མི་རུང་བའི་སྔོན་འགྲོ་དང་བསྐྱེད་རྫོགས། རྫོགས་ཆེན་སྐོར་ལ་སྨིན་ཁྲིད་ཞུ་གཏུགས་སྒྲོ་འདོགས་ལེགས་པར་བཅད་དེ་མན་ངག་ཉམས་ཁྲིད་དུ་བསྐྱང་བ་ལས། གཞུང་ལུགས་དང་རིག་གནས་གཞན་ལ་སློབ་གཉེར་མི་བྱ། སྒྲུབ་པའི་ཉེར་མཁོ་ཙམ་མ་གཏོགས། དཔེ་བལྟ་དང་ཡི་གེ་འབྲི་བ་སོགས་མི་བྱ་ཞིང་། གཞན་ལ་སྔགས་ཆུ་དང་སྲུང་མདུད་སྟེར་བ། གཤིན་དོན་བདུན་བཅོལ་ལེན་པ། གསོལ་ཀ་སོགས་འཕར་མ་འདོན་པ། སྨན་སྦྱིན་པ། མོ་རྩིས་དང་སྐར་མ་ལྟ་བ། བཟོ་བཙེམ་དྲུབ་དང་། རྭ་བཞོག་ཤིང་བཞོག་


JSD002_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། གཡས་ཉལ་གཡོན་སྙེས་བྱེད་པ། གཞན་གྱིས་བཅོལ་པོ་ཉར་བ། སྒྲུབ་གཡོག་ལ་ལྕེ་བཅོལ་ནས་ཚོང་ཁེ་བྱེད་པ། ཕྱི་རོལ་གྱི་སྐྱེ་བོ་ལ་ཕག་ལྟས་ཉན་རྣ་བྱེད་པ་སོགས་སྒྲུབ་པ་གཡེལ་ཞུད་དང་། དངོས་གྲུབ་འཕྲོག་པའི་རྒྱུ་ཆེན་པོར་འགྱུར་བའི་ཉེས་དམིགས་དྲན་ནས་འགོ་བའི་ནད་བཞིན་དུ་སྤངས། ཤ་ཆང་ནི་རྣམ་པ་ཀུན་ཏུ་སྤང་བར་བྱ། ཁྱད་པར་དུ་བླ་མ་དང་མཆེད་ལ་འགལ་ན་བསྒྲུབས་ཀྱང་འབྲས་བུ་མེད་པས་མཚམས་ཁང་དུ་ལག་འཛིང་ལྟ་ཅི། ཁ་རྩོད་ཙམ་བྱ་མི་སུ་འདྲའི་ཐད་ནས་བྱུང་ན་ཡང་། དེ་ཉིན་རང་དུ་གནས་དབྱུང་བྱ་རྒྱུ་མ་གཏོགས་ཞུ་བཤགས་བྱ་ས་གཏན་ནས་མེད་པར་ངེས་དགོས། ཡོ་བྱད་ཀྱང་ཀློང་སྙིང་དཔེ་ཆ་ཞལ་ཐང་སྐུ་བརྙན་སྐོར་དང་། ཌཱ་དྲིལ། གཅོད་ཌཱམ། རྐང་གླིང་། སྒོམ་ཐག །ཨང་རག་


JSD002_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་བདུན་ཚར། ཏིང་ཤགས། གཏོར་ཆས་སོགས་དང་། རྩ་གསུམ་བསྙེན་སྒྲབ་སྐབས་མེད་མི་རུང་བའི་དམ་ཚིག་གི་རྫས་ཉེར་མཁོ་ཙམ་མ་གཏོགས་ཀ་ཅ་དང་དཀོར་ཆ་མང་པོ་སྒྲུབ་ཁང་དུ་མི་བཞག །ཚེས་བཅུ་གཉིས་སོགས་སོ་སོའི་སྒྲུབ་ཁང་དུ་གཏོང་བ་ལས་འདུས་ཚོགས་མི་བྱ། གཏོར་བཟོ་ཡང་ཀློང་སྙིང་གཏོར་དཔེ་དང་། གཏོར་མའི་རེག་ཟིག་ལྟར་ལས་གཞན་ལུགས་ཀྱི་ཤན་མ་ཞུགས་པར་ལག་ལེན་གཙང་ཤ་གང་ཐོན་ལ་སྒྲིམས། ཌཱ་དྲིལ་བརྡུང་ས་བརྡུང་ཚིགས་རྣམས་གཅིག་པ་དང་། ལྷག་པར་ངག་འདོན་གྱི་རིམ་པ་ཀློང་སྙིང་རང་གི་སྔོན་འགྲོ་ཆོས་སྤྱོད་རྩ་གསུམ་ཆོས་སྐྱོང་སྐོར་དང་། ལྟུང་བཤགས་ལྷ་སྲུང་ཆོས་རྒྱུན་མི་གཅིག་པའི་གསོལ་ཀ་སོགས་ཁ་ཏོན་སྲ་བསྲེ་གཏན་ནས་མི་བྱེད། དེ་ཡང་ཐོར་ཐུན་གྲོལ་ནས་


JSD002_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཞོགས་པར་སྤུངས་གཏོར་བསྡུས་པ་དང་། བདག་བསྐྱེད་ལ་ཡིག་དྲུག་བརྒྱ་རྩ། ཡི་དྭགས་ཆུ་སྦྱིན་ལ་ཡིག་དྲུག་བརྒྱ་རྩ། དངོས་གཞི་ལ་སམྦྷ་ར་བརྒྱ་རྩ། མཆན། ལྟུང་བཤགས་མཐར་རི་བོ་བསངས་མཆོད་རེ་བཏང་། ཉིན་གུང་ཐུན་མཚམས་སུ་སོ་སོའི་ཁ་འདོན་ཆག་མེད་རིགས་ཡོད་ན་འདོན་ཅིང་། ཡེ་ཤེས སྐུ་མཆོག་མ་འདོན་བཞིན་བརྐྱང་ཕྱག་བརྒྱ་རྩ་རེ་འཚལ། དགོང་ཐུན་རྗེས་སུ། གསོལ་ཀ་མ་མགོན་ལྕམ་དྲལ་འཁྲུགས་སྐོང་བཅས་དང་། ཚེ་རིང་མ། གསེར་སྐྱེམས་རིག་འཛིན་རྩ་བརྒྱུད་མ་དང་། ཕྲིན་བཅོལ་ཐུབ་པའི་བསྟན་པ་མ་བཅས་མཐར། མདོ་གདུགས་སེང་གསུམ་གྱི་བཟློག་བསྒྱུར ཐལ་རྡེབ་བཅས་བྱ་ཞིང་།དུང་དཀར་གྱི་སྒྲས་བསྐུལ་ཏེ། ཡིག་དྲུག་ཕྲེང་སྐོར་གསུམ་བགྲངས་རྗེས། དཀར་གསུམ་དང་སྐུ་གསུམ་ཞིང་ཁམས་སྦྱང་བའི་


JSD002_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་དང་། གཞི་ལམ་འབྲས་བུའི་སྨོན་ལམ་བཅས་བྱ། སྲོད་ཐུན་གྲོལ་ནས། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་བཏང་མཐར། ཟངས་མདོག་དཔལ་རིའི་སྨོན་ལམ་དང་། དངོས་གྲུབ་རྒྱ་མཚོ་མ་སོགས་ཀྱིས་མཐའ་བརྒྱན་ནས་ཉལ་བའི་རྣལ་འབྱོར་ལ་འཇུག །ལོ་གསུམ་གྱི་རིང་དད་འབུལ་བྱུང་རིགས། སྒྲུབ་གྲྭའི་ཞལ་འདེབས་སུ་བསྔོས་པ་ཕུད། དེ་མིན་བསྙེན་བཀུར་བཟའ་བཏུང་གི་དངོས་པོ་ཡུན་དུ་བཞག་ན་རུལ་སུང་ཆུད་ཟོས་སུ་འགྲོ་བ་རྣམས་སྒྲུབ་རྒྱགས་སུ་བེད་སྤྱོད་བྱ་བ་ལས་ཕྱིར་འཚོང་མི་བྱ། གོས་རྒྱན་ཡོ་བྱད། པེ་ཤ་སོགས་སྐམ་རྫས་རིགས་གང་བྱུང་གཉེར་པས་གཅེས་སྤྲས་སུ་བསགས་ཉར་བགྱིས་ཏེ་ལོ་གསུམ་གྲོལ་མཚམས་བགོ་བཤའ་ཕམ་རྒྱལ་འཐབ་རྩོད་མེད་པར་བྱ། སྤྱིར་ལོ་གསུམ་རིང་ནར་མའི་ཆོས་སྤྱོད་ཆག་ཏུ་མི་རུང་བ་གོང་དུ་


JSD002_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ་རྣམས་དང་། ཁྱད་པར་ལོ་ཐོག་མཐའ་བར་གསུམ་གྱི་ཐུགས་དམ་ཉམས་བཞེས་དངོས་ལ་མཚོན་ན་འདི་ལྟར། ལོ་དང་པོ་ལ། ཆོས་ཀྱི་རྩ་བ་རྨང་གཞི་ནས་མ་འཕྱུགས་པ་གལ་ཆེ་བས། ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནས་བཟུང་བརྒྱུད་པ་འདིའི་སྨིན་ཁྲིད་དམིགས་རྐང་གི་གྲངས་ལྟར་ཞག་བརྒྱའི་བར་ཐོག་མར་དལ་འབྱོར་རྙེད་དཀའི་ངོ་བོ་དལ་བ་ལ་བསམ་པ་ནས། ཐུན་མིན་ཐེག་ཆེན་ལམ་གྱི་རྩ་བ་སྨོན་འཇུག་བྱང་ཆུབ་སེམས་ཀྱི་བསླབ་བྱ་ཚད་མེད་བཞི་དང་། བདག་གཞན་མཉམ་བརྗེ། བདག་བས་གཞན་གཅེས་ཕར་ཕྱིན་དྲུག་ཡན་ཆད་དམིགས་རྐང་རེ་རེ་བཞིན་རང་རྒྱུད་ལ་ཡར་སྐྱེད་མ་ཐོན་བར་དུ་གྲངས་ཀ་ཁྲལ་འཇལ་ཙམ་དང་རྩིས་མེད་གཡས་ཆུང་། དེང་དུས་མོས་སྤྱོད་སྤྱི་འགྲོ་ལྟ་བུས་ཆོག་པར་མི་བསམ། དེ་ལྟར་སྔོན་འགྲོ་ཐུན་མོང་གི་བློ་


JSD002_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་དང་། ཐུན་མིན་སྐྱབས་འགྲོ་ནས་བརྩམས་ཏེ་་་་ཡིག་བརྒྱ་འབུམ། མཎྜལ་འབུམ། མཆན། བླ་མའི་རྣལ་འབྱོར་བཅས་ཀྱི་སྒྲིབ་སྦྱང་ཚོགས་བསགས། མོས་གུས་ལམ་ལྷོང་སོགས་ཀྱིས་རང་རྒྱུད་དུལ་ཞིང་སྣོད་རུང་དུ་ལེགས་པར་བསྒྲུབས་ནས། ལོ་བར་པ་ལ། སྔོན་འགྲོ་ཕྱི་སྒྲུབ་བླ་མའི་་་་་སྒྲུབ་པོ་ཀུན་བསྡོམས་ནས་སིདྡྷི་འབུམ བརྒྱ་ཐམ་པ་ལོངས་པར་བྱ། ཕྱག་ཉིན་རེ་བརྒྱ་རྩ་མ་ཆག་པ་བྱུང་ན་ལོ་གསུམ་གྱིས་འབུམ་ཕྲག་ཁ་ལོངས་པས་དེས་འཐུས། མཆན། རྣལ་འབྱོར་གྲུབ་པའི་སྔ་དྲོར་གཏོར་བཟོ་བཤམས་༤ བཀོད་བཅས། དེ་ཉིད་ཀྱི་དགོང་མོ་ནས་ནང་སྒྲུབ་བླ་མ་རིག་འཛིན་འདུས་པ་ཟླ་བ་གཉིས་བར་དུ་བསྙེན་པ་ཐོན་ནས་ཐོ་རངས་དངོས་གྲུབ་བླང་བའི་དགོང་མོར་ཡི་དམ་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་སྒྲུབ་ལ་ཞུགས་ནས་ཟླ་བ་དྲུག་འདས་པའི་ཐོ་རངས་དངོས་གྲུབ་བླངས་ནས། དགོང་མོར་ཡུམ་བཀའ་མཁའ་


JSD002_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བདེ་ཆེན་རྒྱལ་མོའི་རྩ་སྒྲུབ་ལ་འཇུག་པར་བྱ་སྟེ་ཡུན་ཟླ་བ་གཉིས་ཡིན། དེ་དག་གི་སྔ་ཕྱིའི་་་་་་་་ཁ་སྐོང་གི་སྦྱིན་སྲེག་རྣམས་མཉམ་དུ་ཐབ་གཅིག་གིས་འཐུས། མཆན། བར་ཐག་དེ་ལས་ཅུང་ཟད་རིང་དགོས་ནའང་། ཉིན་གཅིག་ལས་ལྷག་པར་ངལ་གསོ་མི་བྱ། དེའི་རིང་ལ་སྟན་ཉི་མར་བཞག་ནས་ས་དུག་བསང་ཞིང་སྒྲུབ་པ་ཕྱི་མའི་བསྙེན་ཡིག་ལ་ཞིབ་ཏུ་ལྟ་བ་སོགས་ལས། འདུ་འཛིའི་ལོང་གཏམ་གླེང་བ་དང་། གཉིད་སོགས་བག་མེད་ཀྱི་ཀུན་སྤྱོད་མི་བྱེད། ལོ་བར་ཐ་གཉིས་ལ་སྐྲ་སེན་མི་འབྲེག །མཆན། དེ་ནས་བདེ་སྟོང་རླུང་གི་རྫོགས་རིམ་ལ་འཇུག་ཅིང་། རླུང་བུམ་ཅན་བཟུང་བ་དང་། རྡོར་བཟླས་གེགས་སེལ་རིག་འཛིན་འཁྲུལ་འཁོར། གཏུམ་མོ་འབར་འཛག་སྒོམ་པ་བཅས། ཟླ་བ་གཉིས་ཀྱི་ཡུན་ལ་ལག་ལེན་གནད་དུ་བསྣུན་པར་བྱ། ལོ་ཐ་མ་ལ།


JSD002_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་ཁྱད་པར་གྱི་སྔོན་འགྲོ་སྒོ་གསུམ་འཁོར་འདས་རུ་ཤན་སྦྱང་བ་ནས་དངོས་གཞི་ཁྲེགས་ཆོད་དང་ཐོད་རྒལ་གྱི་ཉམས་ལེན་ཉིན་མཚན་ཐུན་བཞིའི་རྣལ་་་འབྱོར་ཁྲིགས་རིམ་ལ་ཕབ་ནས་རྩེ་གཅིག་ཏུ་ཟླ་བ་བཅོ་ལྔའི་བར་ལ་བརྩོན་པ་དྲག་པོས་ཚུལ་བཞིན་ཉམས་ལེན་བསྐྱང་། དེ་ལྟར་སྒྲུབ་པའི་གནད་དང་ལྡན་ན་ལོ་གསུམ་ཕྱོགས་གསུམ་གྱི་ཁོག་ཏུ། མདོ་ཕྱོགས་སྐྱེས་བུ་གསུམ་དང། བཅས་སྟན་ཐོག་གཅིག་ཏུ་གོང་འོག་ཐེག་པའི་བབ་དང་མི་འགལ་བར་ལམ་གྱི་ལྷ་ཚང་ཞིང་གནད་ལྷོང་པ་ལགས་པས། རྒྱལ་བ་སྲས་བཅས་དང་རང་གི་རྩ་བའི་བླ་མ་རྣམས་སྒྲུབ་པའི་མཆོད་པས་མཉེས་ཤིང་། གུ་རུ་རིན་པོ་ཆེའི་དགོངས་པ་ཡོངས་སུ་བསྐངས་བ་དང་། རང་གི་འདི་ཕྱིའི་ལེགས་ཚོགས་ཀྱི་རྩ་བ་


JSD002_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་པར་མ་ཟད་ཁྱད་པར་རང་རེའི་ཆོས་བརྒྱུད་འདིར་ཀུན་མཁྱེན་གོང་འོག་གཉིས་སོགས་སངས་རྒྱས་ཀྱི་ས་ལ་བཞུགས་པའི་སྔོན་བྱོན་རིག་འཛིན་མང་པོས་བདེན་ཚིག་སྨོན་ལམ་གྱི་དགོངས་པ་གཏད་པའི་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་ཡོད་པས་བཀྲ་ཤིས་བྱིན་ཆེ། མཐའ་བཟང་བ་ཡིན་པས། རང་གྲོས་རང་ལ་བཏབ། རང་གིས་རང་བཅོས་ཏེ་སེམས་ནད་སེམས་ཁུར་དུ་མི་འགྲོ་བར། རྒྱན་དུ་འགྲོ་བའི་འདུ་ཤེས་བསྒོམ་ན་སྒྲུབ་པ་མཐའ་ཐོན་ཡོང་བས། གོང་དུ་སྨྲས་པའི་བཅའ་སྒྲིག་གི་རྣམ་བཞག་འདི་དག །འཇིག་རྟེན་པ་རྣམས་འཕྲལ་སྡུག་བསྔལ་ཆེ་ལ་ཕུགས་སྙིང་པོ་མེད་པའི་བྱ་བ་ལ་འབད་རྩོལ་དང་དུ་ལེན་ན། འོ་སྐོལ་སྙིགས་མ་ལྔ་བདོའི་ཡང་མཐར། འདི་ལྟ་བུའི་དུས་ངན་གྱི་སྐབས་སུ་ཡང་། ཚེ་ལུས་གཅིག་ལ་འཚང་རྒྱ་བའི་མྱུར་ལམ་


JSD002_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་འོད་གསལ་རྫོགས་པ་ཆེན་པོའི་ཆོས་དང་འཕྲད་ཅིང་ཚུལ་བཞིན་དབེན་པར་སྒབ་ལ་གཞོལ་བའི་མཐུན་རྐྱེན་མ་ཚང་བ་མེད་པ་འབྱོར་བའི་སྐལ་པ་བཟང་པོ་དང་ལྡན་པ་འདི་ནི་སྔོན་བསགས་བསོད་ནམས་དང་ལེགས་སྨོན་རྟེན་འབྲེལ་དུས་སུ་སྨིན་པ་ལགས་པས་དགའ་སྤྲོ་ཁྱད་པར་ཅན་བསྐྱེད་དེ་སྤང་བླང་གི་གནས་རྣམས་རང་ཞེ་རང་ལ་མི་ཁྲེལ་བ་མཛད་འཚལ། དེང་སང་ཞུས་ལོ་ཐོབ་ལོས་ཆོག་སེམས་ཏེ། །དོན་ཆེན་ཉམས་ལེན་ཡལ་བར་བོར་མཐོང་ནས། །སྙིང་པོའི་སྒྲུབ་བསྟན་དར་ཁྱབ་ཡུལ་བསྲིང་ཕྱིར། །འབད་པ་འདི་ཡང་དོན་ལྡན་ཉིད་གྱུར་ཅིག ཅེས་པ་འདི་ཡང་ཁྲོམོ་ཞེས་པ་ཤིང་ཕོ་འབྲུག་གི་ལོ་ཧོར་ཟླ་བཅུ་ཡར་ངོའི་ཚེས བཅུ་དུས་བཟང་ལ་སྙིང་ཐིག་གི་གྲལ་མཐར་སྐྱེས་པའི་སྤྲང་བན་སྙོམ་ལས་པ་སངས་རྒྱས་རྡོ་རྗེས་སུག་བྲིས་སུ་བསྟར་བ་འདིས་ཀྱང་། གསང་ཆེན་སྒྲུབ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་


JSD002_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་རྒྱུར་གྱུར་ཅིག །།


JSD002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྒྲུབ་སྡེ་ཆེན་པོ་ཀུན་གྲོལ་འོད་གསལ་རྩེའི་བཅའ་སྒྲིག་གི་རྣམ་བཞག་ཅུང་ཟད་བཤད་པ་སྐལ་ལྡན་མཆོག་གི་འཇུག་ངོགས།next