Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
ཐུན་དུང་གི་རྣམ་བཤད་རིག་པ་འཛིན་པའི་རྣ་རྒྱན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousཐུན་དུང་གི་རྣམ་བཤད་རིག་པ་འཛིན་པའི་རྣ་རྒྱན།next

ཐུན་དུང་གི་རྣམ་བཤད་རིག་པ་འཛིན་པའི་རྣ་རྒྱན།


JSD002_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་དུང་གི་རྣམ་བཤད་རིག་པ་འཛིན་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ། །


JSD002_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱ། སྒྲུབ་པའི་གྲུ་བོ་བརྩོན་འགྲུས་དར་ཆེན་གྱིས། །བསྐྱོད་ནས་སྲིད་ཞིའི་ཆུ་གཏེར་རབ་བརྒལ་བའི། །སྐུ་གསུམ་ནོར་བུའི་གླིང་དུ་གཤེགས་མཛད་པ། །དུས་གསུམ་འགྲོ་བའི་དེད་དཔོན་སྲས་བཅས་འདུད། བདེན་བསླབ་པ་སུམ་ལྡན་དུང་གི་སྒྲས། །མ་རིག་སྡུག་ཀུན་གཞི་ཡི་གཉིད་བསླངས་ནས། །མཐར་འབྲས་འགོག་པའི་།ལམ་


JSD002_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་སད་པ་དང། །ཆབས་ཅིག་སྲིད་ཞི་མཉམ་པར་བརྡལ་འདི་རྨད། །དེ་ལ་འདིར་ཆོས་གྲྭ་ཆེན་པོ་དཔལ་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་གྱིས་མཚོན་སྔ་འགྱུར་རྙིང་མ་བའི་གསང་ཆེན་སྒྲུབ་སྡེ་ཆེན་པོ་རྣམས་སུ་དར་སྲོལ་བཞུགས་པའི་ཉམས་ལེན་ཐུན་ཚད་འཛིན་པའི་དུང་བརྡ་འདིའི་དགོས་ཆེད་ཕན་ཡོན་སོགས་སྔོན་གྱི་དམ་པ་གོང་མ་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་


JSD002_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྩེ་ལེ་སྣ་ཚོགས་རང་གྲོལ་སོགས་ཀྱི་གསུང་འབུམ་ལས་གསལ་ཞིང་། དེར་མ་ཟད་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས། ཆོས་ལ་བསྐུལ་བའི་དུང་འབུད་པའི་ཚེ་ཡང་། བླ་མ་ལ་ཁ་བསྟན་ཏེ་བུས་པས་མཆོད་པའི་ཚུལ་དུ་འགྲོ། སྒྲ་དེ་ཐོས་པའི་སེམས་ཅན མང་པོ་ཡང་ངན་སོང་ལས་ཐར་བར་བཤད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་དང་ཐབས་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱས་ལ་ཐུན་་་ཐམས་ཅད་ཀྱི་བརྡར་དུང་འབུད་པ་ལ་ཡང་གནད་ཆེན་པོ་དེ་ལྟ་བུ་ཡོད་པ་ཡིན་ནོ། །ཞེས་གསུངས་པ་དང་བདག་ཅག་གི་མཚུངས་མེད་དཔལ་མགོན་བླ་མ་ཡེ་ཤེས་མཁའ་འགྲོ་བདེ་སྐྱོང་དབང་མོའི་ཞལ་རྒྱུན་ལས་བྱུང་བའི་དུང་དམིགས་ལའང་གཉིས། ཐུན་ལ་འཇུག་པའི་འགོ་དང་། སླར་གྲོལ་བའི་ཚེའོ། །དང་


JSD002_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ལན་བདུན་འབུད་པའི་སྔ་མ་ལྔ་ནི། ཁམས་གསུམ་འཁོར་བའི་འཁྲུལ་རྟོག་ཇི་སྙེད་བསྡུ་ན་ཉོན་མོངས་དུག་ལྔ་ལ་འདུ་བས་དེ་དག་པ་དང། དེའི་རྗེས་མ་ལ་ཧ་འདར་གསུམ་བྱེད་པའང་གོང་གི་དུག་ལྔའི་རྩ་བ་དུག་གསུམ་ལ་ཐུག་པས་དེ་གསུམ་ཆོས་ཀྱི་དབྱིངས་སུ་གཅོད་པར་བསམ། ཕྱི་མ་གཉིས་ཀྱི་དོན་སྨོན་པ་དང་འཇུག་པའི་སེམས་བསྐྱེད་བཟང་པོའི་རྒྱུ་ལ་བརྟེན་ནས་འབྲས་བུ་དོན་གཉིས་ཀྱི་ས་ལ་དགོད་པར་བྱའོ་སྙམ་དུ་བསམ་མོ། །གཉིས་པ་ཐུན་གྲོལ་བའི་ཚེའང་འབུད་ཚུལ་སྔ་མ་དང་འདྲ་བ་ལས། དམིགས་པའི་ཁྱད་པར་སྔ་མ་ལྔའི་དོན། རྒྱལ་བ་རྣམས་ཀྱི་འབྲས་བུའི་ཡོན་ཏན་ཇི་སྙེད་བསྡུ་ན་སྐུ་ལྔའམ་ཡེ་ཤེས་ལྔ་ལ་འདུ་བས་དེ་མངོན་དུ་ཐོབ་པ་དང་། རྗེས་མའི་ཧ་འདར་གསུམ་ཡང་གོང་གི་སྐུ་དང་ཡེ་ཤེས་ལྔ་ཡང་ཚུལ་བསྡུ་ན། རྩ་བ་སྐུ་གསུམ་དུ་


JSD002_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བས་རང་གཞན་འགྲོ་བ་ཐམས་ཅད་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སྐུ་གསུམ་ཟུང་འཇུག་གི་གོ་འཕང་ལ་བསྒྲོད་པར་བསམ། ཕྱི་མ་གཉིས་ཀྱི་དོན་རྟོགས་པ་བདག་གི་དཔལ་དང་ཐུགས་རྗེ་གཞན་གྱི་དཔལ་མཐར་ཐུག་ཆོས་གཟུགས་ཀྱི་སྐུ་གཉིས་མངོན་དུ་གྱུར་པར་བསམ་མོ། །འདིར་ཁོ་བོ་ཅག་ཀྱང་བཤད་མ་ཐག་པ་དེ་དག་གི་རྗེས་སུ་མོས་པས་འཇུག་པ་ཙམ་ཡིན་ཁུལ་གྱིས་རང་གི་ཆོས་བརྒྱུད་འཛིན་པའི་སྒྲབ་སྡེ་འདིར་ཡང་ཐུན་དུང་གི་སྲོལ་གསར་དུ་འཛུགས་པའི་་རྒྱུ་མཚན་དེ་ལྟར་ལགས་པ་འཕྲོས་སུ་སྨྲས་ནས་དུང་ཚིག་དངོས་ལ་གོང་སྨོས་རྒོད་ཚང་རིག་འཛིན་སྣ་ཚོགས་རང་གྲོལ་དང་། ཤར་རྒྱལ་བ་ཀཿཐོག་པའི་དམ་པ་གོང་མ་རྣམས་དགོངས་པ་གཅིག་ཏུ་འབབ་པ་འདི་ལྟ་སྟེ། བླ་ མ་ མཁྱེན་ མཁྱེན་ ཧ ཧ ཧ ཧཱུྃ་ ཕཊ།


JSD002_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་རིག་འཛིན་འཇིགས་གླིང་གིས་བླ་མར་ཁ་བསྟན་ཏེ་བུས་པས། མཆོད་པར་འགྲོ་གསུངས་པ་དོན་ལ་འདྲ་ཞིང། ཡེ་ཤེས་ཌཱ་ཀིའི ཞལ་རྒྱུན་གྱི་དམིགས་རིམ་ལྟར་ན། བླ་མ་མཁྱེན་སོགས་ཀྱི་རྣམ་བཞག་མི་བྱ་བར་སྒྲ་སྔ་མ་དང་མཚུངས་པར་ལན་བདུན་འབུད་པའི་ཁྱད་པར་ཀྱང་ངེས་པར་པར་བྱས་ནས་ཕྱིན་ཆད་སྒྲུབ་པ་མོ་རྣམས་ཀྱི་དགོས་མེད་སླ་ཆོས་དང་སྔར་སྲོལ་གྱིས་རྒྱས་འགེབ་བྱ་བ་སོགས་མ་ཡིན་པར་མཐོང་བརྒྱུད་བཞིན་ལག་ལེན་ལ་ཐེབས་པར་བྱའོ། ཞེས་པའང་རབ་ཚེས་ལྕགས་ཡོས་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གཉིས་པའི་དུས་ཚེས་དགེ་བར་དབེན་པའི་རི་ངོགས་ཉམས་དགའ་བ་ཁྲ་ཆོག་པོ་ཊ་ལ་ཁ་ནས་སྤྲང་རྣལ་འབྱོར་སྤྱོད་པ་ཁྲོ་རྒྱལ་རྡོ་རྗེས་ཐུན་གསེང་ཞིག་ཏུ་བྲིས་པ་འདིས་ཀྱང་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ས་ཡི་སྟེང་དུ་དར་ཞིང་རྒྱས་


JSD002_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག་གུ། །སརྦ་དཱ་མངྒ་ལཾ།། །།


previousཐུན་དུང་གི་རྣམ་བཤད་རིག་པ་འཛིན་པའི་རྣ་རྒྱན།next