Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཕོ་བ་ཡེ་ཤེས་སྒོ་འབྱེད་ཀྱི་དམིགས་གནད་ཡིག་ཆུང་གམྦྷི་ར།
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousའཕོ་བ་ཡེ་ཤེས་སྒོ་འབྱེད་ཀྱི་དམིགས་གནད་ཡིག་ཆུང་གམྦྷི་ར།next

འཕོ་བ་ཡེ་ཤེས་སྒོ་འབྱེད་ཀྱི་དམིགས་གནད་ཡིག་ཆུང་གམྦྷི་ར།


JSD002_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་ཡེ་ཤེས་སྒོ་འབྱེད་ཀྱི་དམིགས་གནད་ཡིག་ཆུང་གམྦྷི་ར་བཞུགས་སོ།།


JSD002_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དབྱིངས་ཕྱུག་རྡོ་རྗེ་ཁྲོས་མ་ལ་ཕྱག་འཚལ་ལོ། །འདིར་བདུད་གཅོད་ཟབ་མོའི་ཆ་ལག་འཕོ་བའི་ཁྲིད་རིམ་ལག་ཏུ་ལེན་ཚུལ་ཅུང་ཟད་གོ་བདེ་བར་བཤད་ན། གཞུང་རྩ་བར། མ་འོངས་བརྒྱུད་འཛིན་རྣམས་ཀྱི་ལམ༔ འཕོ་བ་ཡེ་ཤེས་སྒོ་འབྱེད་བསྟན༔ ཉམས་ལེན་ཚགས་སུ་ཚུད་མཛོད་ཅིག༔ ལས་ཅན་ཐར་ལམ་བགྲོད་འདོད་རྣམས༔ སྦྱངས་


JSD002_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔོན་དུ་མ་སོང་ན༔ དུས་ལ་བབ་ཚེ་གྲོལ་མི་འགྱུར༔ དུས་དང་རྣམ་པ་ཐམས་ཅད་དུ༔ ཉམས་ལེན་གནད་དང་མི་འབྲལ་གཅེས༔ ཞེས་པས་ཉེ་ལམ་འཕོ་བའི་རྣལ་འབྱོར་གྱི་ཚུལ་ལ་ད་ལྟ་ནས་གོམས་འདྲིས་ཡང་ཡང་མ་བྱས་ན་ནམ་ཞིག་དུས་ལ་བབ་ཚེ་འཕོ་བ་མི་ཐེབ་པས། སྦྱོང་བའི་ཚེ་སྔོན་འགྲོ་བླ་མའི་རྣལ་འབྱོར་དབང་བཞི་བླངས་པ་བཅས་གྲུབ་ནས།


JSD002_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊཿ༔ སྣང་སྲིད་དག་པ་མཁའ་སྤྱོད་ཞིང་སོགས་ཀྱིས་གསལ་གདབ་ལ། ཕཊཿ ཞེས་བརྗོད་པས་མ་དག་འཁྲུལ་པའི་སྣོད་བཅུད་ཕུང་ཁམས་ཐམས་ཅད་སྐད་ཅིག་གིས་དག་པ་མཁའ་སྤྱོད་བདེ་ཆེན་འགྱུར་མེད་ཀྱི་ཞིང་ཁམས་སྐྱབས་འགྲོའི་ཚོགས་ཞིང་གི་སྐབས་སུ་བཤད་པ་ལྟར་གསལ་བའི་དབུས་སུ་གདན་ཆུ་སྐྱེས་པདྨ་འདབ་བརྒྱད་གེ་སར་བཞད་པའི་ཁར་ཉི་གདན་གྱི་སྟེང་དུ་ཡེ་ཤེས་ལྔའི་རང་འོད་ཐིག་ལེ་ཁ་དོག་ལྔ་ལྡན་གྱི་ཀློང་ན། རང་ཉིད་ཀྱི་སྒྱུ་ལུས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་ལྗང་གསལ་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་གྱི་ཉམས་ལྡན་ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་ཅིང་མཆན་གཡོན་དུ་ཁ་ཊཾ་བཀལ་བ། ཞབས་གཉིས་འདོར་སྟབས་སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་པ། སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ། ཕྱི་ནས་བལྟས་ན་ནང་གསལ་བ།


JSD002_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་བལྟས་ན་ཕྱི་གསལ་བ། དེ་ལྟ་བུ་གསལ་བ་ཕྱི་ལུས་ཀྱི་སྟོང་ར་དང་། དེ་ནས་ནང་རྩའི་སྟོང་ར་ནི་དེ་ལྟར་གསལ་བའི་སྐུ་དབུས་དྲང་པོར་ཁང་པའི་དཀྱིལ་ན་ཀ་བ་བཙུགས་པ་ལྟར་ཡར་གྱི་ཟང་ཐལ་གྱི་ལམ་སྟེ། ཡར་དག་པ་མཁའ་སྤྱོད་ཀྱི་ཞིང་སོགས་སུ་ཐོགས་པ་མེད་པར་འགྲོ་བའི་ལམ་དབང་པོ་སྒོ་ལྔའི་དྭངས་མ་ཡེ་ཤེས་ཀྱི་རྩ་མཆོག་ཨ་ཝ་དྷུ་ཏིའམ་དབུ་མ་ཆུ་ཤིང་ལྟར་དྲང་བ༡། པད་འདབ་ལྟར་སྲབ་པ༢། བྱི་རུ་མར་ཁུ་ནས་བཏོན་པ་ལྟར་སྣུམ་པ༣། ཏིལ་མར་གྱི་མར་མེའི་མདོག་ལྟར་གསལ་བ༤སྟེ་མཚན་ཉིད་བཞི་དང་ལྡན་པ་དེ་ཡང་སྐུ་གསུམ་མཚོན་བྱེད་དུ། ཕྱི་དཀར་ལ་ནང་དམར་བ་བར་མཐིང་ཤུན་ལྟར་སྔོ་བ། ཡར་སྣེ་སྤྱི་བོར་རྒྱ་མཐོང་ངམ་ཟངས་དུང་ཁ་ཕྱེ་བ་ལྟར་ཧ་རེ་ཡོད་པ། སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ། མར་སྣེ་གཉིས་


JSD002_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱེས་པ། གཅོད་གཞུང་ཀུན་ལས་གསུངས་པ་ལྟར་རྐང་མཐིལ་གཉིས་སུ་འགག་པའི་སྟེང་དུ་ཐབས་ཤེས་ཀྱི་མཚོན་བྱེད་དུ། གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་འོད་དཀར་པོའི་ཀློང་དུ་གསལ་བ། གཡོན་དུ་མ་ལས་ཐོབ་པའི་རཀྟ་དམར་ཆ་ཐིག་ལེ་དམར་པོ་འོད་དམར་པོའི་ཀློང་དུ་གསལ་བ་དེ་གཉིས་ཀྱང་། བྱ་མ་སར་གྱི་སྒོང་ང་ལྟ་བུ་འཕར་ལིང་ལིང་བྱེད་པ་ཞིག་གསལ། དེ་ནས་རང་ལུས་ཀྱི་གནས་ལྔར་འདི་ལྟར་གསལ་དགོས་ཏེ། མས་རིམ་བཞིན་གསང་གནས་བདེ་སྐྱོང་གི་འཁོར་ལོའི་དབུས་སུ་ཡུམ་དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་གཡས་སྐྱབས་སྦྱིན། གཡོན་མཉམ་གཞག་ཅན། ལྟེ་བ་སྤྲུལ་པའི་འཁོར་ལོར། ཡུམ་སངས་རྒྱས་སྤྱན་མ་སྐུ་མདོག་སེར་མོ་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག །སྙིང་ཁ་ཆོས་ཀྱི་


JSD002_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོར། ཡུམ་མཱ་མ་ཀཱི་སྐུ་མདོག་དཀར་མོ་གཡས་ས་གནོན་དང་གཡོན་མཉམ་གཞག །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར ཡུམ་གོས་དཀར་མོ་སྐ་མདོག་དམར་མོ་ཕྱག་གཉིས་མཉམ་གཞག་ཅན། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་མ་སྐུ་མདོག་མཐིང་ག་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ་ཐམས་ཅད་ཀྱང་ཞབས་གཉིས་བཙུན་མོ་རོལ་པའི་སྟབས་ཀྱིས་པད་ཟླའི་གདན་ལ་བཞུགས་ཤིང་ལོངས་སྤྱོད་་་་་རྫོགས་པའི་རྒྱན་ཆས་ཡོངས་སུ་རྫོགས་པ་ཡེ་ཤེས་འོད་ཀྱི་ཀློང་ན་འཇའ་ལུས་སྒྱུ་མའི་སྐུ་ཅན་དུ་གསལ་བཏབ། རང་གི་སྤྱི་བོར་ཁྲུ་གང་ཙམ་གྱི་ནམ་མཁར་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོར་འོག་མིན་ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ། སྐུ་དང་ཡེ་ཤེས་ཡོན་ཏན་རྒྱ་མཚོའི་ངོ་བོར་གྱུར་པ་རྣམ་ཐར་སྒོ་


JSD002_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བདག་ཉིད་ཅན་མ་བསྐྱེད་ཡོངས་གྲུབ་ཆེན་པོ་སྟེ། དེར་འཕོས་ན་ཕྱིར་མི་ལྡོག་པའི་གཏན་སྲིད་ཟིན་པ་ཡིན་ཕྱིར་ཞིང་ཁམས་ཀྱི་སྒྲས་བསྟན་ཞིང་རང་མཚན་པར་མི་ལྟའོ། །ཡུམ་ལྔ་དང་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོ་བཅས་ལ་གནས་ཀྱི་འདུ་ཤེས་དང་། རྩ་དབུ་མ་ལ་ལམ་གྱི་འདུ་ཤེས། རླུང་སེམས་འདུས་པའི་ངོ་བོ་ཐིག་ལེ་དཀར་དམར་ལ་མགྲོན་པོའི་འདུ་ཤེས་ཏེ་གསུམ་དང་ལྡན་པའི་ངང་ནས། ཀྱཻ༔ ཀུན་བཟང་རྡོར་སེམས་སོགས་བརྒྱུད་པའི་གསོལ་འདེབས་སྙན་པའི་དབྱངས་ཀྱིས་ཉེར་གཅིག་གམ་བདུན་སོགས་དམིགས་གནད་གཞུར་དྲངས་ནས་འདོན། མཐར་འཕོ་བ་དངོས་ལ། ཕཊཿསྒྲ་བདུན་གྱིས་སྤར་བ་སྟེ། ཕཊཿ དང་པོས་རང་གི་རྐང་མཐིལ་གྱི་ཐིག་ལེ་གཉིས་ཡར་འདུས་མདོར་སྤར་ནས་གཅིག་ཏུ་འདྲེས། ཕཊཿགཉིས་པས་ཡུམ་དམ་ཚིག་


JSD002_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མའི་ཐུགས་ཀར་འཕོས། ལས་རབ་རྫོགས་པའི་ཞིང་ཁམས་ལ་དབང་བསྒྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པར་བསམ། ཕཊཿགསུམ་པ་དམ་ཚིག་སྒྲོལ་མ་འོད་དུ་ཞུ་བ་རང་གི་རྣམ་ཤེས་དང་དབྱེར་མེད་པའི་ངོ་བོ་ཐིག་ལེ་ལྗང་གུར་གྱུར། ཡར་ཡུམ་སངས་རྒྱས་སྤྱན་མའི་ཐུགས་ཀར་འཕོས། དཔལ་དང་ལྡན་པའི་ཞིང་ཁམས་ལ་དབང་བསྒྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། ཕཊཿབཞི་པས་སྔར་ལྟར་སྤྱན་མ་འོད་དུ་ཞུ་ ླ ནས་འོད་ཐིག་སེར་པོར་གྱུར་པ། ཡུམ་མཱ་མ་ཀཱིའི་ཐུགས་ཀར་འཕོས་མངོན་པར་དགའ་བའི་ཞིང་ཁམས་ལ་དབང་། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ཕཊཿལྔ་པས་དེ་ཉིད་འོད་ཐིག་དཀར་པོར་གྱུར་པ། ཡུམ་གོས་དཀར་མོའི་ཐུགས་ཀར་འཕོས། བདེ་བ་ཅན་གྱི་ཞིང་ཁམས་ལ་དབང་བསྒྱུར། སོ་སོར་


JSD002_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཡེ་ཤེས་མངོན་དུ་བྱས། ཕཊཿདྲུག་པས་དེ་ཉིད་འོད་ཐིག་དམར་པོར་གྱུར་པ་ཡུམ་དབྱིངས་ཕྱུག་མའི་ཐུགས་ཀར་འཕོས། སངས་རྒྱས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། ཕཊཿབདུན་པས་དབྱིངས་ཕྱུག་མ་འོད་ཐིག་མཐིང་གར་གྱུར་པ། བཙལ་རང་བྱུང་གི་ཞིང་ཁམས་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོ་དང་རོ་གཅིག་ཏུ་འདྲེས་ནས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ལ་དབང་བསྒྱུར། གཞི་གདོད་མའི་ཡེ་ཤེས་འགགས་མེད་ལྷུན་གྲུབ་ཀྱི་ངང་ལ་སྤྲོ་བསྡུ་དང་བྲལ་བ་མཉམ་པར་བཞག་གོ། །དེ་ལྟ་བུའི་འཕོ་བ་འབྱོངས་པའི་རྟགས་སྤྱི་དང་མཐུན་པར་མ་བྱུང་བར་དུ་སྦྱངས། དེ་ནས་རྒྱུན་དུ་ཉམས་ལེན་དང་མི་འབྲལ་བར་བྱེད་ཅིང་། ནམ་ཞིག་འཆི་ལྟས་བཟློག་མེད་བྱུང་ཚེ་ལས་ལ་སྦྱར་བ་ནི།


JSD002_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལྔ་གདན་ལས་བཞེངས་ཏེ་གཅེར་མོ་རུས་རྒྱན་གྱིས་སྤྲས་པ་གྲི་གུག་དང་ཐོད་ཁྲག་བསྣམས་པ་ཅན་དུ་གྱུར་པར་མོས་ཤིང་། ཕཊཿསྒྲ་བདུན་གྱིས་ཀ་དག་སྐྱེ་བ་མེད་པའི་དབྱིངས་སུ་སྤར་བའོ། །དེའི་ངང་དུ་འཇོག་པའི་ཁྱད་པར་ཙམ་ལས་གཞན་སྦྱངས་པའི་སྐབས་ལྟར་རོ། །སྦྱོང་བའི་ཚེ་ཐུན་བསྡུ་ན་ཕཊཿཅེས་བརྗོད་པས་རྟེན་མེད་ནམ་མཁའི་ཀློང་ནས་སྐད་ཅིག་གིས་རང་ཉིད་ཁྲོས་མའི་སྐུར་ལྡང་ནས་གཟུགས་ཕུང་མཆོད་སྦྱིན་དུ་འགྱེད་ཅིང་མཐར་འཁོར་གསུམ་དམིགས་མེད་དུ་བཞག་པའི་བར་རྣམས་ནི། གཏེར་ཚིག་ཞལ་གསལ་བ་ལྟར་འདོན་སྒོམ་ཟུང་དུ་ཆུད་པར་བྱའོ། །འདི་ནི་ཤིན་ཏུ་ཉེ་བརྒྱུད་ཀྱི་འཕོ་བའི་མན་ངག་གི་ཁྱད་ཆོས་ཡིན་པས་ཅུང་ཟད་རེ་སྦྱངས་པས་ཀྱང་རྟགས་ཐོན་པར་སྣང་སྟེ། གཞུང་ལས། འདི་ནི་གསང་ལམ་འཕོ་བའི་ལུགས༔


JSD002_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་ལེན་པའི་གང་ཟག་རྣམས༔ ཐབས་མཆོག་ཟབ་མོ་འདིས་གྲོལ་གྱུར༔ རྒྱུན་དུ་ཉམས་ལེན་བྱེད་པའི་བུ༔ ཚེ་འདིར་གྲོལ་བ་མ་ཐོབ་ནཿ༔ ཕ་ཡིས་བསླུས་སོ་སྐལ་ལྡན་རྣམས༔ ཞེས་གསུངས་པས་བསླུ་མེད་རྡོ་རྗེའི་ཚིག་ལ་ཡིད་ཆེས་པའི་གནས་སུ་བཟུང་བར་བྱའོ། །ཞེས་གཏེར་ཆེན་བླ་མ་ཡབ་སྲས་ཀྱི་ཞལ་རྒྱུན་ལྟར་འཕོ་དམིགས་ཅུང་ཟད་གསལ་བར་བྱེད་པའི་ཡིག་ཆུང་འདི་ཡང་ཁྲ་ཆོག་གཡུ་ལོ་བཀོད་ཀྱི་སྒྲུབ་བཙུན་ཕོ་མོ་རྣམས་ཀྱི་ཉམས་བཞེས་ལག་་ ྃ ལེན་དུ་ཐེབས་པའི་ཆ་རྐྱེན་དུ་སྤྲང་པོ་སྙོམས་ལས་མཁན་ཁྲོ་རྒྱལ་རྡོ་རྗེས་སྒྲུབ་ཁང་ཐར་པ་རྩེར་བྲིས་པ་འདིས་ཀྱང་འབྲེལ་ཚད་འོག་མིན་མཁའ་ལ་སྤྱོད་པའི་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག། །།


previousའཕོ་བ་ཡེ་ཤེས་སྒོ་འབྱེད་ཀྱི་དམིགས་གནད་ཡིག་ཆུང་གམྦྷི་ར།next