Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
སྐུ་གསུམ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་བཤགས་སྒྲིབ་གཉིས་རང་གྲོལ།
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousསྐུ་གསུམ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་བཤགས་སྒྲིབ་གཉིས་རང་གྲོལ།next

སྐུ་གསུམ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་བཤགས་སྒྲིབ་གཉིས་རང་གྲོལ།


JSD003_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་བཤགས་སྒྲིབ་གཉིས་རང་གྲོལ་ཅེས་བྱ་བ་བཞུགས་སོ།


JSD003_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འདིར་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། །བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཞེས་པའི་དོན་དཔལ་ལྡན་བླ་མ་ཉིད་ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོའི་སྤྱི་གཟུགས་སུ་ངེས་པས་དེའི་སྤྱན་སྔར་ཚོགས་གཉིས་རྫོགས་པ་དང་ཉམས་ཆག་སྡིག་སྒྲིབ་དག་པའི་ཐབས་མཆོག་ཚོགས་ཀྱི་འཁོར་ལོའི་མཆོད་པ་ལ། །ཐབས་ཤེས་ཀྱི་དམ་རྫས་སུ་འོས་པ་རྣམས་བཤམས་ལ། །ནང་མཆོད་བྲན་ཅིང་། །དང་པོ་བྱིན་བརླབ་ནི། །བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས། །


JSD003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾཨཱཿཧཱུྃ་གིས་འདོད་ཡོན་ཚོགས། །མི་ཟད་ནམ་མཁའ་མཛོད་དུ་གྱུར། །གཉིས་པ་སྤྱན་འདྲེན་པ་ནི། །ཧྲཱི༔ ཆོས་དབྱིངས་དག་པའི་ཕོ་བྲང་ནས། །རྗེ་བཙུན་བླ་མ་རྩ་བ་གསུམ། །ལས་དང་ཡེ་ཤེས་སྲུང་མར་བཅས། །ཚོགས་ཀྱི་འཁོར་ལོའི་འདུ་བར་གཤེགས། །གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ། །རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ། །རོལ་མོ་མང་པོ་སི་ལི་ལི། གནས་མཆོག་འདི་རུ་བྱིན་ཕོབས་ལ། །སྒྲུབ་མཆོག་བདག་ལ་དབང་བསྐུར་སྩོལ། །བཛྲ་ས་མ་ཡ་ཛཿཛ༔ གསུམ་པ་མཆོད་པ་ནི།


JSD003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་འདོད་ཡོན་དམ་ཚིག་རྫས། །རིག་འཛིན་བླ་མའི་ཚོགས་ལ་འབུལ། །བདེ་བ་ཆེན་པོར་དགྱེས་བཞེས་ལ། །ཡེ་ཤེས་དབྱིངས་སུ་བདག་སྦྱོར་ཅིག །ག་ཎ་ཙཀྲ་པཱུ་ཛ་ཧོ༔ བཞི་པ་བཤགས་པ་ནི། །མོས་གུས་དང་གནོང་འགྱོད་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ལ་སྨྲེ་ངག་གདུང་དབྱངས་དང་བཅས། །ཧོ༔ རྒྱལ་བ་རྒྱ་མཚོའི་ཁྱབ་བདག་ཆེ། །དྲིན་ཅན་བླ་མ་དགོངས་སུ་གསོལ། །བདག་ཅག་གསང་སྔགས་སྒོར་ཞུགས་ཏེ། །རྩ་བ་ཡན་ལག་དམ་མནོས་ཀྱང་། །དང་པོའི་ལས་ཅན་གཏི་མུག་པས། །དགོངས་སྤྱོད་གདེང་དུ་མ་གྱུར་ཅིང་། །སྡིག་པའི་གྲོགས་ཀྱི་ཁ་རྗེས་འབྲངས། །ལས་ཉོན་ལོག་པའི་འདམ་དུ་བྱིངས། །རྡོ་རྗེ་སློབ་དཔོན་སྨད་པ་དང་། །མཆོག་གསུམ་གུས་པ་ཡལ་བར་དོར། །མཆེད་དང་ལྕམ་དྲལ་བརྩེ་གདུང་བཅད། །ཕ་མར་མ་གུས་སེམས་ཅན་ལ། །གནོད་པའི་བསམ་


JSD003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་སྣ་ཚོགས་བགྱིས། །མི་དགེ་བཅུ་དང་མཚམས་མེད་ལྔ། །དུག་ལྔ་རང་གར་སྤྱད་པ་དང་། །དཀོན་མཆོག་གསུམ་གྱི་དཀོར་ལ་འབགས། །ཚོགས་དང་མཆོད་རྫས་ཐ་མལ་སྤྱད། །མཆོད་པ་ལོ་ཟླར་འགྱངས་པ་དང་། །བསྙེན་སྒྲུབ་ཟབ་མོ་དུས་ལས་ཡོལ། །ལྟ་སྒོམ་ཕྱིན་ཅི་ལོག་ཏུ་གྱུར། །གསང་བ་མངོན་ཕྱུངས་སྣོད་མིན་ལ། །ཆོས་བཤད་བསྐང་བར་མི་འོས་པའི། །ཉམས་པ་བསྐངས་ཤིང་ཉམས་དང་འདྲེས། །ཚོགས་ཀྱི་སྤྱང་ཀི་བ བགྱིས་པ་དང་། །བསྐྱེད་རྫོགས་དོན་ལས་གཡེལ་བ་སོགས། །འདི་ཕྱིའི་སྒྲིབ་པར་གྱུར་པའི་ལས། །ཐོག་མེད་དུས་ནས་ད་ལྟའི་བར། །ལུས་ངག་ཡིད་ཀྱིས་གང་བསགས་པ། །ཐམས་ཅད་གནོང་ཞིང་འགྱོད་པས་བཤགས། །བླ་མ་རྒྱལ་བ་སྲས་བཅས་ཀྱིས། །དག་ཅིང་ཚངས་པའི་ཞལ་རས་སྟོན། །སླན་ཆད་རབ་


JSD003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འགྱོད་སེམས་ཀྱིས། །སྲོག་གི་སླད་དུའང་མི་བགྱིད་དོ། །ཉན་རང་བྱང་ཆུབ་སེམས་དཔའ་དང་། །གསང་སྔགས་རྡོ་རྗེ་འཛིན་པ་ཡི། །སྡོམ་པ་གསུམ་དང་འགལ་གྱུར་པ། །ཐམས་ཅད་གནོང་འགྱོད་དྲག་པོས་བཤགས། །སྒོ་གསུམ་དཔལ་ལྡན་བླ་མ་ཡི། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །གསང་བ་གསུམ་དང་འགལ་གྱུར་པ། །ཐམས་ཅད་མ་ལུས་བཤགས་པར་བགྱི། །ཤེས་དང་མི་སྤངས་དང་དུ་བླང་། །སྒྲུབ་དང་སྤྱད་པ་ལྔ་ལྔ་སྟེ། །རྩ་བ་ཡན་ལག་ཉམས་ཆག་ཀུན། །གནོང་འགྱོད་ཚོགས་ཀྱི་མཆོད་པས་བཤགས། །གཞན་ཡང་བདག་ནི་མི་ཤེས་པས། །འཁོར་བ་ངན་སོང་རྒྱུ་བསགས་ཤིང་། །ཐར་པའི་སྒྲིབ་པར་གྱུར་ཏོ་འཚལ། །ཐམས་ཅད་བཤགས་ཀྱི་དག་གྱུར་ཅིག །བདག་གིས་རྩེ་གཅིག་ཟོལ་ཟོག་མེད་པ་ཡི། །གཡོ་མེད་སེམས་ཀྱིས་བཤགས་པ་འདི་གསོལ་


JSD003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བས། །བདག་གི་ཉམས་ཆག་སྡིག་པ་ཀུན་བྱང་ནས། །ཚེ་འདི་ཉིད་ལ་རིག་འཛིན་ས་འཐོབ་སྟེ། །བྱིན་རླབས་གཟི་བྱིན་རྩལ་འཆང་ནུས་མཐུར་ལྡན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །རྡོ་རྗེ་ཉི་མ་འབར་བའི་གཟི་བརྗིད་ཅན། །འཆར་བའི་མོད་ལ་སྒྲིབ་པའི་མུན་པ འཇོམས། །ཡང་དག་ཡེ་ཤེས་སྣང་བ་རྒྱས་པ་དང་། །མངོན་སུམ་རབ་འབྱམས་རྒྱལ་བའི་ཞལ་མཐོང་ཤོག །བླ་མའི་བྱིན་རླབས་སྙིང་ལ་ཞུགས་པའི་མཐུས། །དེང་ནས་བླ་མ་སངས་རྒྱས་མཐོང་བ་དང་། །ཞལ་ལུང་བདུད་རྩི་བཀའ་དྲིན་འཁོར་མེད་ཤེས། །གྲུབ་གཉིས་འབྲས་བུའི་དགའ་སྟོན་མྱོང་བར་ཤོག །བདག་ནི་སྤྲིན་བྲལ་མཁའ་ལ་ཉི་ཟླ་བཞིན། །ལྷང་ངེར་ས་སྟེང་འོད་ཀྱིས་ཁྱབ་གྱུར་ཏེ། །འཇིག་རྟེན་རྣལ་འབྱོར་ཉམས་པ་ཇི་སྙེད་ཀུན། །སོར་ཆུད་ཡང་


JSD003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྣང་བ་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མ་མ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ། །ཨོཾ་བཛྲ་སཏྭ་ས་མ་ཡ༔སོགས་ཡི་གེ་བརྒྱ་པ་བརྗོད། ཨཱ༔ གཉིས་སུ་བཟུང་བ་རང་བཞིན་ཉམས་པའི་རྒྱུ། །གཉིས་མེད་དབྱིངས་སུ་ཡེ་ནས་ལྷུན་གྲུབ་པས། །ཐམས་ཅད་མཁའ་མཉམ་རྫོགས་པ་ཆེན་པོའི་ངང་། །མ་སྐྱེས་གདོད་ནས་དག་པའི་ཆོས་ཉིད་དོ། །ཞེས་རྟོགས་པ་བསྐྱེད། ལྔ་པ་བསྒྲལ་བསྟབ་ནི། ཧྲཱི༔ གཟུང་འཛིན་འཁྲུལ་སྣང་དགྲ་བགེགས་ཀུན། །ཡེ་ཤེས་བཞི་ཡི་ཕྱག་རྒྱས་བཀུག །བདག་མེད་རིག་པའི་མཚོན་ཆས་བསྒྲལ། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ། །སརྦ་བིགྷན་ཤ་ཏྲུན་ཁ་རཾ་ཁཱ་ཧི། དེ་ནས་རང་ཉིད་ལྷར་གསལ་བའི་སྤྱི་བོར་བླ་མ་མགྲིན་པར་ཡི་དམ། ཐུགས་ཀར་མཁའ་འགྲོ་རྣམས་བསམ་ལ་མཆོད་པའི་ཚུལ་དུ་ཞེན་པ་མེད་པར་ཚིམ་པར་རོལ། དྲུག་པ་ལྷག་མ་ནི། ཕཻཾཿ ལྷག་སྡུད་དབང་ཕྱུག་མ་མོ་བདུན། །


JSD003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གིང་དང་ལངྐ་འབར་མའི་ཚོགས། །ཕམ་ཕབ་ལྷག་མའི་དམ་ཚིག་འདི། །བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཡ་ཧི་གཙྪ། ཞེས་བརྗོད་ཅིང་ལྷག་གཏོར་གཙང་སར་གཤེགས། བདུན་པ་སྨོན་ལམ་ནི། དཔལ་ལྡན་བླ་མ་མཆོད་པའི་བསོད་ནམས་ཀྱིས། །ཚོགས་རྫོགས་སྒྲིབ་བྱང་དམ་ཚིག་ཉམས་ཆག་བསྐང་། །སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཐོབ། །བདག་གཞན་ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག །བརྒྱད་པ་ནོངས་བཤགས་ནི། ཧོ༔ དོན་དམ་དམིགས་མེད་མཁའ་ལྟར་དག་པ་ལ། །བཤགས་བྱ་བཤགས་བྱེད་ཡུལ་ལས་རབ་འདས་ཀྱང་། །རྣམ་རྟོག་སྤྲོས་པ་འཆོལ་བའི་ནོངས་པ་ཀུན། །ཀུན་རྫོབ་སྒྱ་མ་ཙམ་དུ་བཤགས་པར་བགྱི། །ཡི་གེ་བརྒྱ་པ་བརྗོད། དགུ་པ་ཤིས་བརྗོད་ནི། བརྒྱུད་གསུམ་རིག་འཛིན་རྩལ་འཆང་བླ་མ་དང་། །ཡི་


JSD003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོའི་ཚོགས། །མཐུ་ལྡན་ཆོས་སྐྱོང་སྲུང་མའི་བཀྲ་ཤིས་དེས། །དེང་འདིར་སྒྲབ་མཆོག་རྣམས་ལ་བདེ་ལེགས་ཤོག །ཅེས་སོགས་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །ཞེས་པའང་གྲུབ་རིག་འཛིན་པ་གུ་རུ་བརྟུལ་ཞུགས་གླིང་པ་དཔོན་སློབ་རྣམས་ཀྱིས་རིན་ཆེན་སྣ་ལྔའི་མནྜལ་བཅས་དངོས་དང་ཡི་གེའི་ལམ་ནས་ནན་ཏན་ཆེན་པོས་བསྐུལ་བའི་ངོར་དཔལ་ལྡན་བླ་མ་དགྱེས་པའི་འབངས་དུས་ཞབས་ཀྱི་ཀུ་ས་ལི་བུདྡྷ་བཛྲ་ཞེས་འབོད་པའི་སྙོམས་ལས་པས་སྦྱར་བའི་དགེ་བས་འགྲོ་ཀུན་དམ་ཚིག་སྡོམ་པ་རྣམ་པར་དག་ཅིང་ཐེག་མཆོག་སྙིང་པོའི་མྱུར་ལམ་ལ་བརྟེན་ནས་ཁྱབ་བདག་རྡོ་རྗེ་འཆང་གི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག། །།


previousསྐུ་གསུམ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་བཤགས་སྒྲིབ་གཉིས་རང་གྲོལ།next