Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
བླ་མའི་རྒྱང་འབོད་གསོལ་འདེབས་བདེ་ཆེན་མཆོག་གི་ལམ་བཟང་།
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousབླ་མའི་རྒྱང་འབོད་གསོལ་འདེབས་བདེ་ཆེན་མཆོག་གི་ལམ་བཟང་།next

བླ་མའི་རྒྱང་འབོད་གསོལ་འདེབས་བདེ་ཆེན་མཆོག་གི་ལམ་བཟང་།


JSD003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྒྱང་འབོད་གསོལ་འདེབས་བདེ་ཆེན་མཆོག་གི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ། རྒྱུ་འབྲས་ཐེག་པ་ཀུན་ནས་བླ་མ་ནི། །སངས་རྒྱས་སྤྲུལ་པར་གསུངས་ཕྱིར་དེར་མོས་པས། །གང་ཞིག་གསོལ་བཏབ་བྱིན་རླབས་བསླུ་མེད་དུ། །འབྱུང་མོད་གཙོ་བོར་མོས་གུས་ཉིད་ལ་རག །ཐེ་ཚོམ་ངང་ནས་ཁ་ཙམ་རྒྱང་འབོད་ཀྱིས། །བྱིན་རླབས་དངོས་གྲུབ་ཉེ་རྒྱུར་ག་ལ་འགྱུར། །བློ་གཏད་ལིང་སྐྱུར་ཕུར་ཚུགས་གསོལ་འདེབས་དང་། །བླ་མ་རྒྱང་འབོད་འདི་ལྟར་བྱ་བ་གཅེས། །བླ་མ་མཁྱེན། ཞེས་ལན་གསུམ་བོས་ནས་ཐུགས་རྗེ་ལྷོངས་པར་བྱས་ལ། ངོ་བོ་ཆོས་སྐུ་ཀུན་ཁྱབ་ནམ་མཁའ་ཡི་ངང་ནས། །རང་བཞིན་ལོངས་སྐུ་འགག་མེད་ཉི་འོད་ལྟར་གསལ་ཞིང་། །ཐུགས་རྗེ་སྤྲུལ་སྐུ་འཇའ་ཚོན་ལྟ་བུ་རུ་བཞེངས་པའི། །སྐུ་གསུམ་དབྱེར་མེད་དགོངས་པ་སྙིང་དབུས་སུ་སད་པར། །སངས་རྒྱས་ངོ་བོ་རྡོ་རྗེའི


JSD003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཁྱེད་མཁྱེན་ནོ། །མཐའ་བརྒྱད་སྤྲོས་བྲལ་རྫོགས་ཆེན་ཡེ་གཞིའི་དོན་རྟོགས་ཤིང་། །ལྟ་སྒོམ་ཤུབས་ནས་དོན་པའི་གསེང་ལམ་གྱི་སྦུབས་ནས། །བྱ་རྩོལ་ཞེ་འདོད་ཟད་པའི་འབྲས་བུ་ལ་སྦྱོར་བའི། གཞི་འབྲས་དབྱེར་མེད་གདོད་མའི་ཆོས་སྐུ་རུ་གྲོལ་བར། །སངས་རྒྱུས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ། །བརྒྱ་ལ་ལན་གཅིག་རྙེད་པའི་དལ་འབྱོར་གྱི་རྟེན་བཟང་། །དོན་མེད་སྟོང་ཟད་མ་གཏོང་སྐྱེ་འཆི་དང་བར་དོའི། །གདམས་ཟབ་རང་བྱན་ཚུད་པའི་སྐྱེལ་མ་དང་འགྲོགས་ནས། །སྐུ་གསུམ་རང་རྩལ་རྫོགས་པའི་རྟོགས་ཚད་དང་ལྡན་པར། །སངས་རྒྱུས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ། །ཕྱི་ནང་སྣོད་བཅུད་སྐད་ཅིག་མི་རྟག་པའི་མཚང་རིག །ཡེ་ནས་མ་བྱུང་མ་སྐྱེས་འཕོ་འགྱུར་དང་བྲལ་བའི།ྋ།བདེ་ཆེན་འདུས་མ་བྱས་ཤིང་ལྷུན་གྲུབ་ཀྱི་ས་ལ། །མ་


JSD003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འབད་བཞིན་དུ་སྐད་ཅིག་ད་ལྟ་རང་ཕྱིན་པར། །སངས་རྒྱས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ། །འཇིགས་རུང་འཁོར་བའི་གཡང་ས་ཡ་ང་འདི་སྐྱོབ་པའི། །དམ་ཆོས་ཐེག་དགུའི་རྩེ་རྒྱལ་ཨ་ཏི་དང་ཡང་ཏིའི། །སྨིན་གྲོལ་བདུད་རྩིའི་བཅུད་རོལ་དགའ་སྟོན་གྱི་ངང་ནས། །འཁོར་བའི་འདམ་ནང་བྱིངས་ལས་ད་ལྟ་རང་ཐར་བར། །སངས་རྒྱས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ། །འཁོར་བའི་འཁྲུལ་འཁོར་དཀར་ནག་བདེ་སྡུག་གི་རྩ་བ། །ལྷན་སྐྱེས་ཀུན་བརྟགས་མ་རིག་ས་བོན་ལ་ཐུག་ཕྱིར། །བདག་མེད་ཤེས་རབ་རང་བྱུང་རིག་པ་ཡི་སྒྲོན་མེས། །གཏི་མུག་སྙིང་གི་མུན་པ་རང་མལ་དུ་སངས་པར། །སངས་རྒྱས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ། །ཡེ་གྲོལ་རིག་པ་དོན་དམ་གནས་ལུགས་ཀྱི་སྐྱབས་ཡུལ། །མ་ངེས་ཉི་ཚེའི་སྐྱབས་འགྲོས་མཐར་


JSD003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ནི་མི་ཐོབ། །བསྐྱབ་བྱ་སྐྱོབ་བྱེད་སྐྱབས་འགྲོ་འཁོར་གསུམ་དང་བྲལ་བའི། །ཡོངས་གྲུབ་སེམས་ཀྱི་རྡོ་རྗེ་སྐྱབས་མཆོག་ཏུ་རྟོགས་པར། །སངསརྒྱས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ། །བདག་གཞན་འཁོར་འདས་རེ་དོགས་འཇུར་བུ་ཡིས་བཅིངས་པའི། །ཡིད་སྨོན་འདུ་བྱེད་སེམས་བསྐྱེད་བཟང་ཞེན་ལས་འདས་ཀྱང་། །མཐའ་བྲལ་དོན་དམ་བྱང་ཆུབ་སེམས་ཉིད་ཀྱི་གཤིས་ལས། །ནམ་ཡང་འདའ་བ་མེད་པའི་ཐག་ཆོད་ལ་གནས་པར། །སངས་རྒྱས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ། །ཐོག་མེད་དུས་རིང་བརྟག་དཀའི་སྒྲིབ་གཉིས་ཀྱི་མུན་སྟུག །འོད་གསལ་རིག་པ་ཡེ་ཤེས་མདངས་ལྡན་གྱི་ཉི་མས། །ཉེས་ལྟུང་བག་ཆགས་དྲི་མ་རང་ངོ་རུ་སངས་ནས། །དྲི་མེད་དུང་མདོག་མགོན་པོ་བདག་ལ་རང་འགྲུབ་པར། །སངས་རྒྱས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ།


JSD003_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་རང་ངོ་ཤེས་པའི་ཚོགས་ཆེན་དེ་རྫོགས་ནས། །ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་ཀློང་དུ་ཕྱམ་གདལ། ། འབད་རྩོལ་སྤྲོས་པ་ཀུན་བྲལ་ཨ་ཏི་ཡི་ཐེག་པས། །ཆོས་སྐུའི་རྒྱལ་སྲིད་ཚེ་འདི་ཉིད་ལ་རང་ཟིན་པར། །སངས་རྒྱས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ། །གསོལ་འདེབས་མོས་གུས་དྲག་པོའི་ཉེ་རྒྱུ་ལ་བརྟེན་ནས། །རིག་སྟོང་དོན་གྱི་བླ་མ་སྙིང་དབུས་སུ་མཇལ་ཏེ། །སེམས་ལ་རིག་པ་རྩལ་གྱི་དབང་ཆེན་དེ་ཐོབ་ཕྱིར། །མཚོན་བྱ་དོན་གྱི་དགོངས་བརྒྱུད་ད་ལྟ་རང་འཕོ་བར། །སངས་རྒྱས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ། །བསགས་སྦྱོང་རང་སར་དག་ཀྱང་བསོད་ནམས་ཚོགས་མི་གཅོག །བདག་གཞན་གཉིས་སུ་མེད་ཀྱང་སེམས་བསྐྱེད་རྒྱུན་མི་བཅད། །རང་སེམས་བླ་མར་ཤེས་ཀྱང་མོས་གུས་ལ་རྟག་


JSD003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འབུངས། །ལྷ་སྐུ་ལོགས་ན་མེད་ཀྱང་རིམ་གཉིས་ལ་བརྩོན་པར། །སངས་རྒྱས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ། །མདོར་ན་དབེན་པའི་རི་ཁྲོད་བྲག་ཕུག་དང་སྤྱིལ་བུར། །གཅིག་ཤེས་ཀུན་གྲོལ་མ་བསྒོམ་སངས་རྒྱས་ལམ་ཉིད་ལས། །དགོས་མེད་བྱ་བཏང་རྒྱལ་པོའི་བརྟུལ་ཞུགས་དང་འགྲོགས་ཏེ། །འཁོར་འདས་བར་ལག་འགྱེལ་ནུས་དེ་ཁོ་ན་འབྱུང་བར། །སངས་རྒྱས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ། །རང་དོན་ཆོས་སྐུ་སྐྱེ་མེད་སྤྲོས་བྲལ་གྱི་དབྱིངས་ནས། །འགག་མེད་གཟུགས་སྐུ་གཞན་དོན་ཕྲིན་ལས་དང་བཅས་པ། །མངོན་གྱུར་སྲས་བཅས་རྒྱལ་བའི་ཤུལ་ལམ་དེ་སྙོགས་ནས། །ཁམས་གསུམ་འཁོར་བ་དོང་སྤྲུགས་སྨོན་པ་བཞིན་འགྲུབ་པར། །སངས་རྒྱས་ངོ་བོ་རྡོ་རྗེའི་བླ་མ་ཁྱེད་མཁྱེན་ནོ། །ཞེས་པའང་སྙིང་པོའི་རྣལ་འབྱོར་ལ་མོས་པ་ཅན་ཉག་བླ་ཨ་འབའ་


JSD003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྲིད་དུ་རིང་བའི་ལྷ་རྫས་རེག་བྱ་དང་ནེ་པཱ་ལའི་སྒོར་བརྒྱ་རྩའི་མཎྜལ་བཅས་དངོས་དང་ཡི་གེའི་ལམ་ནས་བསྐུལ་ངོ་མ་ལྡོག་པར་དུས་ཞབས་ཀྱི་བྱ་བྲལ་བ་སངས་རྒྱས་རྡོ་རྗེས་ཤིང་གླང་ཟླ་༨ ཚེས་༡༥ དགེ་བར་སྦས་ཡུལ་ཡོལ་མོ་གངས་རའི་ནགས་འདབས་སུ་སྦྱར་བ་དགེའོ།། སརྦ་མངྒ་ལཾ༎


JSD003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབླ་མའི་རྒྱང་འབོད་གསོལ་འདེབས་བདེ་ཆེན་མཆོག་གི་ལམ་བཟང་།next