Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བདེ་ཆེན་མྱུར་ལམ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བདེ་ཆེན་མྱུར་ལམ།next

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བདེ་ཆེན་མྱུར་ལམ།


JSD003_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བདེ་ཆེན་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །


JSD003_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤཱནྟ་མ་ཧཱ་ཀྲོ་དྷ་དེ་བ་ཡེ། འདིར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྐྱེད་རིམ་མདོར་བསྡུས་ཏེ་ཉམས་སུ་བླང་བའི་ཚུལ་ལ། ཐོག་མར་སྐྱབས་འགྲོ་ནི། ཨོཾ་ཨཱཿཧཱུྃ༔ ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ན༔ བདེ་གཤེགས་རྒྱ་མཚོའི་ཞི་ཁྲོ་རབ་འབྱམས་དང་༔ དཀོན་མཆོག་རིན་ཆེན་གསུམ་དང་ཡི་དམ་ལྷ༔ མཁའ་འགྲོ་རྒྱ་མཚོ་དམ་ཅན་ཚོགས་བཅས་ལ༔ དེང་


JSD003_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ འབྲལ་བ་མེད་པར་གུས་པས་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་


JSD003_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། དངོས་གཞི་ནི། སྐད་ཅིག་མི་དམིགས་སྟོང་པའི་ངང་༔ ཆུ་ནང་ཉ་འཕར་ཇི་བཞིན་དུ༔ ཨོཾ་ཨཱཿཧཱུྃ༔ སྐྱེ་མེད་ཆོས་དབྱིངས་ཞིང་ཁམས་སུ༔ འགག་མེད་ཐིག་ལེའི་གཞལ་ཡས་ན༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང་༔ རང་ཉིད་རྡོ་རྗེ་སེམས་དཔའ་ནི༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་རྣམས་རྫོགས༔ ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས༔ ཙིཏྟ་སྙིང་གི་གཞལ་ཡས་སུ༔ དྭངས་མ་ལྔ་ཡི་དབུས་ཉིད་དུ༔ འོད་ལྔའི་ཐིག་ལེའི་དཀྱིལ་འཁོར་བསམ༔ སེང་གེ་གླང་ཆེན་རྟ་མཆོག་དང་༔ རྨ་བྱ་ཤང་ཤང་ཁྲི་ཡི་སྟེང་༔ ཉི་ཟླ་པདྨ་བརྩེགས་པ་ལ༔ སངས་རྒྱས་བཞི་


JSD003_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྩ་གཉིས་ནི༔ སྟོང་གསལ་འོད་ཀྱི་སྐུ་རུ་བསྒོམ༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཡེ་ཤེས་ལྔ་ཡི་ཐིག་ལེ་ལས༔ འོད་འབར་དྲོད་ཀྱི་མེ་ཕུང་ཀློང་༔ ཁྱུ་མཆོག་མ་ཧེ་གཟིག་དང་སྟག༔ གཏུམ་པོ་དོམ་གྱི་ཁྲི་སྟེང་དུ༔ དྲེགས་པ་ཕོ་མོ་པདྨ་དང་༔ ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ སྣང་ལ་རང་བཞིན་མེད་པར་གསལ༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཨོཾ་ཨཱ༔ཧཱུྃཿ ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པཿ༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ སམ་ཡ་བཛྲ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ བརྗོད་མེད་ཤེས་རབ་མི་གཡོ་


JSD003_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ ཧཱུྃཿ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེར ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་ནས་ཤབྡའི་བར་དང་། རཱུ་པ། ཤབྡ། གནྡྷ། རཱ་ས། སྤངྒེ། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི ཧཱུྃཿ ཆོས་སྐུ་ནམ་མཁའ་ལྟ་བུའི་ཁྱབ་པ་ལ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་གསལ༔སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་


JSD003_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སུ་མེད་པ་ལ༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ནང་བཅུད་སེམས་ཅན་ལྷ་ཡི་ཚོགས༔ འཁོར་བ་སྡུག་བསྔལ་ཆོས་ཉིད་རོལཿ༔ ཨ་ལ་ལ་ཧོ་བཞེས་སུ་གསོལ༔ ཨོཾ་དང་ཨཱཿདང་ཧཱུྃ་དང་གསུམ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ བོ་དྷི་ཙིཏྟ་བྱང་ཆུབ་སེམས༔ མ་ཧཱ་སུ་ཁ་བདེ་བ་ཆེ༔ ཛྙཱ་ན་དྷ་ཏུ་ཡེ་ཤེས་དབྱིངས༔ ཨ་ནི་སྐྱེ་བ་མེད་པ་སྟེ༔ ཞི་བ་ལྷུན་གྱིས་གྲུབ་པའི་ལྷ༔ བཞི་བཅུ་རྩ་གཉིས་སྙིང་པོ་འོ༔ ཞི་བའི་ཐུགས་ཀར་ཟླ་བའི་སྟེང་༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ མགལ་མེ་ཀླད་འཁོར་ལྟར་གསལ་བཟླས༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ སྔགས་ཕྲེང་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་


JSD003_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་ཏེ་རང་གི་སྙིང་གའི་ས་བོན་ལས་སིབ་སིབ་ཐིམ་པས་དངོས་གྲུབ་རྣམ་པ་གཉིས་ཐོབ། སྣོད་བཅུད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་གཅིག་ཏུ་གསལ་བར་བསམས་ལ་བཟླས་པ་ཅི་ནུས་བྱ། ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན༔ རུ་ལུ་གནས་ལུགས་ཆོས་ཀྱི་དབྱིངས༔ འོག་མ་སྣང་ལུགས་ཆོས་ཀྱི འགག་མེད་ཐིག་ལེ་ཉིད༔ བྷོ་ནི་སྐྱེ་མེད་དགོངས་པའི་ངང་༔ ཧཱྃ་ནི་སྐྱེས་འགག་མེད་པ་སྟེ༔ ཁྲོ་བོ་ཁྲག་འཐུང་རིག་པའི་རྩལ༔ དྲུག་ཅུ་ཐམ་པའི་སྙིང་པོའོ༔ ཁྲོ་བོའི་ཐུགས་ཀར་ཉི་མའི་སྟེང་༔ ཧཱྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ མགལ་མེ་ཀླད་འཁོར་ལྟར་གསལ་བཟླས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿ་ཧཱུྃ༔ འོད་ཟེར་སྤྲོ་བསྡུའི་དམིགས་གནད་སྔར་བཞིན་སྦྱར་ལ་ཅི་ནུས་བཟླས། ཐུན་མཐར། ཧཱུྃཿ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་


JSD003_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཧཱུྃཿ། བདེ་༜གཤེགས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས། །འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ། འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཡོན་ཏན་རེ་སྐོང་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་བསྩལ་དུ་གསོལ། །རྩ་སྔགས་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ ཞེས་དངོས་གྲུབ་བླང་། ཡི་གེ་བརྒྱ་པས་ནོངས་པ་བཤགས། སྣང་གྲག་རིག་པའི་དཀྱིལ་འཁོར་གསུམ། གསལ་ཆོས་སྐུའི་ཀློང་དུ་ཐིམ། །སླར་ཡང་ཟུང་འཇུག་སྒྱུ་མའི་ངང་། །སྒོ་གསུམ་ལྷ་སྔགས་ཆོས་སྐུར་ཤར། །ཞེས་རྟག་ཆད་ཀྱི་མཐའ་བསལ། བདག་གིས་དུས་


JSD003_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དགེ་བ་ཇི་བསགས་པ༔ ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་ཀུན༔ བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས༔ ཞི་ཁྲོ་རབ་འབྱམས་གོ་འཕང་མྱུར་ཐོབ་ཤོག༔ ཅེས་དགེ་བ་བསྔོ། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཞི་ཁྲོ་རིགས་བརྒྱའི་ལྷ། །བཀའ་སྲུང་སྡེ་བདུན དམ་ཅན་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་པདྨ་ཚེ་མཆོག་རྡོ་རྗེས་དོན་དུ་གཉེར་བའི་ངོར་ཆོས་རྗེ་ངག་དབང་དཔལ་བཟང་དང་མ་ཧཱ་པཎྜི་ཏ་སི་ཏུ་ཆོས་ཀྱི་རྒྱ་མཚོ་རྣམ་གཉིས་ལས་ཟབ་ལམ་འདིའི་བཀའ་དྲིན་ཐོབ་པའི་བྱ་བྲལ་བ་སངས་རྒྱས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་པ་བླ་མའི་མན་ངག་གིས་ཕྱེ་བའི་རྗེས་སུ་འབྲངས་ཏེ་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བའི་དགེ་བ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྒྱལ་བ་ཞི་


JSD003_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།


JSD003_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བདེ་ཆེན་མྱུར་ལམ།next