Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
བླ་མ་རྡོ་རྗེ་གཟི་བརྗིད་རྩལ་ལ་ཕྱག་འཚལ།
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousབླ་མ་རྡོ་རྗེ་གཟི་བརྗིད་རྩལ་ལ་ཕྱག་འཚལ།next

བླ་མ་རྡོ་རྗེ་གཟི་བརྗིད་རྩལ་ལ་ཕྱག་འཚལ།


JSD003_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྡོ་རྗེ་གཟི་བརྗིད་རྩལ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ད་ལོ་རྒྱལ་གྱི་ཟླ་བ་ལ། །སྦས་ཡུལ་བཀྲ་ཤིས་ལྡིང་གནས་སུ། །སློབ་དཔོན་རྡོ་གྲུབ་སྤྲུལ་སྐུའི་དྲུང་། །རིན་ཆེན་གཏེར་མཛོད་ཞུ་ཕྱིར་དུ། །རང་ལྟོས་གྲྭ་གཞོན་འགའ་ཞིག་ནི། །ཆེད་དུ་རྫོང་བརྡ་བྱ་བ་ལ། །བསླབ་བྱ་ཚིག་གསུམ་ཡོད་ཀྱི་ཉོན། །འདི་བསམ་དེ་བསམ་མེད་པ་ཡི། །མི་རྗེས་ཁྱི་རྒྱུག་མི་བྱེད་པར། །རང་གཞན་འཁོར་བའི་རྒྱ་མཚོ་ལས། །བྲལ་ཕྱིར་བྱང་ཆུབ་མཆོག་སེམས་བསྐྱེད། །ཨུ་དུམ་ཝཱ་རའི་མེ་ཏོག་ལྟར། །དཀོན་པའི་མི་ལུས་རྟེན་བཟང་དང་། །ཨོ་རྒྱན་ཟབ་ཆོས་རིན་གཏེར་དབང་། །དེ་སྟོན་མཚན་ལྡན་བླ་མ་བཅས། །ཤིན་ཏུ་རྙེད་པར་དཀའ་བ་རྣམས། །ད་རེས་སྔོན་བསགས་བསོད་ནམས་མཐུས། །ཕུན་སུམ་


JSD003_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་འདི་འདྲ་ནི། །དུས་བརྒྱའི་ཟ་མ་ལན་གཅིག་ཡིན། །དགའ་ཞིང་སྤྲོ་བ་རྒྱ་ཆེར་མཛོད། །དམ་ཆོས་སྙིང་པོ་གསང་སྔགས་ཀྱི། །ཐོག་མའི་འཇུག་སྒོ་དབང་ཡིན་ཅིང་། །དབང་གི་རྩ་བ་དམ་ཚིག་ཡིན། །དམ་ཚིག་མ་ཉམས་དངོས་གྲུབ་འགྲུབ། །ཉམས་ན་རྡོ་རྗེ་དམྱལ་བར་ལྟུང་། །ཁེ་ཉེན་ཕུང་འཚེང་གཉིས་ཀ་ཆེ། །དེ་འདྲའི་སྨིན་གྲོལ་ཞུ་བའི་ཚེ། །བླ་སློབ་རྟེན་འབྲེལ་མ་ལོག་གཅེས། །དབང་དང་ཆོས་གྲལ་འདུག་པའི་ཚེ། །རྣ་བ་ཚྭ དབང་ཚིག་སྒྲ་ལ་གཏོད། །དེ་ཡི་དོན་ལ་སེམས་ཀྱིས་བསམ། །ཤབ་ཤུབ་ཁ་བརྡ་མིག་བརྡ་སྤངས། །བླ་མ་རྡོ་རྗེ་སློབ་དཔོན་ལ། །ཐེ་ཚོམ་ལོག་ལྟ་སྤངས་བ་དང་། །དག་སྣང་མོས་གུས་སྙིང་ནས་བསྐྱེད། །མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ལ། །སྐྱོན་རྟོག་འཁོན་འགྲས་མི་བྱ་བར། །བརྩེ་གདུང་


JSD003_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པས་འགྲོགས་མཁས་བྱ། །གལ་ཏེ་གཞན་གྱི་སྐྱོན་མཐོང་ན། །རང་སྐྱོན་ཡིན་ཕྱིར་ངོས་ཟིན་དགོས། །མདོར་ན དྲན་ཤེས་བག་ཡོད་བརྟེན། །སྒོ་གསུམ་ཞི་དུལ་ལྷོད་ཆགས་ངང་། །མཐོ་དམན་ཐམས་ཅད་གོང་དུ་བཀུར། །ང་རྒྱལ་ཕྲག་དོག་དགྲ་ཆེན་བཏུལ། རྟག་པར་དམན་ས་བཟུང་བ་གནད། མཆོང་རྒྱུག་ཧ་བགད་ཀུ་ཅོ་སྤངས། །རྩེད་མོ་ང་རྒྱལ་ཚིག་རྩུབ་སོགས། །སྨྲ་བའི་ཉེས་པ་ཀུན་སྤངས་ནས། ཁ་རོག་བསྡད་ན་གནོད་མི་འབྱུང་། །ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །བཟོད་པ་བསྒོམ་པ་དཀའ་ཐུབ་མཆོག །ཕམ་ཁ་ཁུར་བ་དགེ་སྦྱོང་ཆོས། ཆོས་ཐུན་རེ་བཞིན་སེམས་བསྐྱེད་དང་། །བསྔོ་སྨོན་མ་ཆག་དོན་ཆེན་ལྡན། དེ་ལྟར་བགྱིས་ན་དབང་གི་དོན། །ལུས་ངག་ཡིད་དང་ཆ་མཉམ་


JSD003_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །རྡོ་རྗེ་བཞི་ཡི་བྱིན་རླབས་འཇུག །སྐུ་བཞིའི་གོ་འཕང་ཐོབ་རུང་འགྱུར། །བསྐྱེད་རྫོགས་བཟླས་སྒོམ་བྱེད་ལ་དབང་། །ཚོགས་རྫོགས་སྒྲིབ་སྦྱོང་གཉིས་ཀ་ཡང་། །དབང་ལུང་ཞོར་ལ་འབྱུང་བ་སོགས། །དབང་གི་ཕན་ཡོན་བསམ་མི་ཁྱབ། །འདི་རུ་སྨྲོས་ཀྱིས་མ་ལྡང་ངོ་། །དབང་བསྐུར་ཞུས་ཐོབ་བྱ་བ་དེ། །རབ་ན་དབང་དོན་ཡེ་ཤེས་རྟོགས། །འབྲིང་དུ་བདེ་གསལ་མི་རྟོག་སྐྱེ། །ཐ་མའང་དབང་བཞིའི་ངེས་ཤེས་རྙེད། །དེ་ལས་ལྡོག་སྟེ་དབང་དོན་གྱི། །ཡེ་ཤེས་སྐྱེ་བ་ཕར་ཞོག་གི། །དབང་བཞིའི་གོ་ཡུལ་ཙམ་མ་ཆགས། །བུམ་ཆུ་མྱང་དང་ཙ་ཀ་ལི། །མགོ་བོར་བཞག་ཙམ་གྱིས་ཞེ་ཚིམས། །དེ་འདྲ་དོན་དབང་ཐོབ་པ་ཡི། །གོ་ཆོད་ནམ་ཡང་བྱར་མི་རུང་། །ད་ལྟ་བསྟན་པའི་དམར་ཐག་དུས། །འདི་འདྲའི་རྣམ་བཞག་བྱེད་


JSD003_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་དཀོན། །དེ་ཕྱིར་བུ་ཁྱེད་རྣམས་ཀྱིས་ཀྱང་། །ཡང་དག་ལྟར་སྣང་དབྱེ་བསལ་ལ། །གཟབ་ནས་ཐོས་བསམ་ངེས་ཤེས་བསྐྱེད། །ལྷག་པར་སྙིགས་མའི་དུས་སྐྱེས་པའི། །གང་ཟག་གཏེར་ཆོས་ཀྱིས་གྲོལ་བས། །དལ་འབྱོར་སྙིང་པོ་འདི་ཡིས་ལོངས། །བྱིན་རླབས་ཆེ་ཞིང་བརྒྱུད་ཐག་ཉེ། །ལྷད་མ་ཞུགས་ཤིང་ལག་ལེན་བདེ། །ངས་ནི་བཀའ་གཏེར་རྒྱུད་སྡེ་དང་། །སྒྲུབ་སྡེ་མང་པོར་ཐོས་བསམ་བགྱིས། རིན་ཆེན་གཏེར་གྱི་མཛོད་ཆེན་འདི། །རྙིང་མ་སྤྱི་ཡི་ཕ་ཆོས་ཡིན། །ཕ་ནོར་བུ་ཡིས་སྤྱོད་ཤེས་ན། །སྐལ་བ་བཟང་པོའི་མཆོག་ཏུ་གོ །དེ་སྐད་སྔགས་༔བན་རྒན་པོ་ངས། །གྲྭ་པ་རྣམས་ལ་གདམས་པའི་དགེས། །གསང་སྔགས་བླ་མེད་བསྟན་པ་འདི། །འཛམ་གྲིང་ཡོངས་ལ་དར་རྒྱས་ཤོག །ཅེས་


JSD003_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པའང་རང་གི་གྲྭ་པ་རྣམས་དབང་ལུང་ཞུ་བར་ཆེད་དུ་རྫོང་བའི་ཚེ་ཁ་ཏའི་ཚུལ་དུ་སངས་རྒྱས་རྡོ་རྗེས་ཤི་ལུ་གྷུ་རིའི་བདེ་གཤེགས་མྱང་འདས་མཆོད་རྟེན་དྲུང་ནས་བྲིས་ཏེ་སྤྲིངས་པ་བྷ་བ་ཏུ།།


previousབླ་མ་རྡོ་རྗེ་གཟི་བརྗིད་རྩལ་ལ་ཕྱག་འཚལ།next