Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཉོན་དང་འདོད་ལྡན་བུ་མོ་ལགས།
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousཉོན་དང་འདོད་ལྡན་བུ་མོ་ལགས།next

ཉོན་དང་འདོད་ལྡན་བུ་མོ་ལགས།


JSD003_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །ཉོན་དང་འདོད་ལྡན་བུ་མོ་ལགས། །དེང་སང་བསྟན་ཞབས་མཐར་སྐྱེས་པའི། །མི་རྣམས་སྙིང་ལ་བདུད མདས་ཕོག །ཕན་པའི་ཚིག་ཀྱང་ལོག་པར་གོ། །ཕྱི་མ་མི་བསམ་འཁོར་བ་ལ། །བདེན་ཞེན་འཁྲུལ་པའི་འཁོར་ལོར་འཕྱན། །ཆོས་ལ་བསྙད་ནས་འཇིག་རྟེན་སྒྲུབ། །ཁ་དང་ལག་ལེན་དོན་འཛོལ་ནས། །དམྱལ་བ་མཐའ་མེད་རྒྱུ་བསགས་པ། །དེ་འདྲ་ས་རྡུལ་གྲངས་ལས་མང་། །སྙིང་ནས་བཤའ་མའི་ཆོས་བསྒྲུབ་ན། །ལོང་མེད་བློ་སྣ་འུབ་ཀྱིས་བསྟུང་། །ངེས་འབྱུང་ལས་འབྲས་དཔང་བཞག་སྟེ། །བླ་མ་རང་སེམས་ལྷ་གསུམ་གྱིས། མ་ཁྲེལ་བ་ཞིག་ཤིན་ཏུ་གཅེས། །དེ་ཡང་དམ་ཆོས་ཀུན་ཟབ་ཀྱང་། །རང་སེམས་ཆོས་དང་མ་མཐུན་ན། །འཁོར་བའི་གཅོང་ནད་མི་སེལ་བས།


JSD003_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བློ་སྣ་ནང་དུ་བཀུག་འཚལ་ལོ། །ལམ་མཁན་བཤེས་གཉེན་མགོན་ལ་བསྟེན། །རང་སྐྱོན་ང་རྒྱལ་མཚང་ནས་བྲུས། །འབྲིང་མཆོག་དམན་གསུམ་གོང་དུ་བཀུར། །ཆོག་ཤེས་ནོར་དང་ཟས་ལ་བྱ། །རྟག་ཏུ་དབེན་ཁྲོད་བས་མཐར་འདུག །ཁ་ལག་སྤྱོད་གསུམ་ཉུང་དུ་ཆུག །བསོད་ནམས་ཚོགས་གཉིས་གསོག་ལ་འབུངས། །ཆོས་བརྒྱད་ཆགས་སྡང་དགྲ་བྱུང་ན། །དྲན་དང་ཤེས་བཞིན་བག་ཡོད་བྱ། །རྩ་བ་རང་རྒྱུད་འདུལ་སྦྱོང་ལས། །གཞན་གྱུར་དགེ་བའི་གཟུགས་བརྙན་ཡིན། །ཆོས་ནས་ཇི་སྐད་བསྟན་པའི་དོན། །བླ་མ་དམ་པས་བཀྲོལ་ཏེ་བཤད། །གདམས་དོན་ཉམས་སུ་ལེན་པ་ལས། །སྣོད་ལྡན་ཞེས་སུ་གྲགས་མིན་ནམ། །ཉན་ལོ་ཐོས་ལོས་འཚང་མི་རྒྱ། །ཐ་མལ་སྐྱེ་བོའི་གཤིས་དེ་ལས། །འགྱུར་ལྡོག་བློ་སྐྱེད་མ་འཁྲུངས་


JSD003_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པར། །རང་མཐོང་རི་བོ་ཙམ་བསྒོམ་ཀྱང་། །རྐྱེན་ངན་ལམ་དུ་མི་ལྷོངས་ཤིང་། །དྲེད་པོ་དམ་པས་ཁྲེལ་བའི་གནས། །སྙིགས་དུས་ཆོས་གཟུགས་དེ་དག་གི། །རྗེས་སུ་གཡང་ལ་མ་ལྕེབས་ཨང་། །དལ་འབྱོར་རྟེན་དང་བསྟན་པ་གནས། །མོས་ཐོབ་དགེ་བའི་བཤེས་ཀྱིས་ཟིན། །དེ་ཀུན་དཀོན་པའི་ཆོས་ལགས་པའི། །ཚུལ་འདི་ཡང་ཡང་བསམ་ནས་སུ། །གཏན་གྱི་འདུན་པ་རྫོགས་བྱང་གི། །གོ་འཕང་ཚེ་འདིར བསྒྲུབ་ལ་གཏོད། །དེ་ལ་མཁོ་བའི་རིམ་པ་རྣམས། །ཕྲ་ཞིབ་བླ་མའི་ཞལ་ལ་ཐུག༔ ༼ཐྲི༽། །ཞེས་པའང་ཚུལ་ཁྲིམས་བཟང་མོའི་ངོར་བྱ་སྤྲང་བུདྡྷས།།


JSD003_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཉོན་དང་འདོད་ལྡན་བུ་མོ་ལགས།next