Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྐྱབས་དྲན་མཆོག་གཏེར་ཆེན་བླ་མ་རྗེར།
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousསྐྱབས་དྲན་མཆོག་གཏེར་ཆེན་བླ་མ་རྗེར།next

སྐྱབས་དྲན་མཆོག་གཏེར་ཆེན་བླ་མ་རྗེར།


JSD003_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱ། སྐྱབས་དྲན་མཆོག་གཏེར་ཆེན་བླ་མ་རྗེར། །སྤྲང་སྐྱོ་གདུང་དྲག་པོས་གསོལ་བ་འདེབས། །གནས་མི་མངོན་ཟངས་མདོག་དཔལ་རི་ནས། །དབྱིངས་ཟག་བྲལ་མཁྱེན་པའི་སྤྱན་གྱིས་གཟིགས། །དུས་ད་ནི་སྣོད་བཅུད་གར་བལྟས་ཀྱང། །ཡོངས་སྙིགས་མ་ལྔ་ཡི་རང་མཚང་ངོམས། །ས་གང་དུ་བསྡད་ཀྱང་བདེ་སྐྱིད་ཟད། །ཆོས་ཚུལ་བཞིན་བྱེད་པ་སྲིད་པ་ཙམ། །ལས་བྱ་བ་རང་འདོད་གཡོ་ཁྲམ་གྱིས། །གཞན་བསླུ་བའི་བསམ་སྤྱོད་ཁོ་ན་ལས། །ལས་རྒྱུ་འབྲས་བརྩི་བ་ལྟ་ཞོག་གི། །ཚེ་ཕྱི་མ་དྲན་པའི་མི་རེ་དཀོན། །ལར་བསམ་ཞིང་སྙིང་རླུང་དབང་མེད་ལངས། །ཕ་དྲིན་ཅན་བླ་མ་དཔལ་རིར་གཤེགས། །བུ་ལས་ངན་འཁོར་ནག་གྲོང་དུ་ལུས། །ཡིད་འཆི་ལ་སྨོན་ཀྱང་འཆི་མ་ནུས།


JSD003_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་བསྡད་རྒྱུར་འདི་སྣང་སྐྱོ་ཆད་དེ། །སྡུག་རེ་དོགས་ལྐོག་ཟས་ཨ་ཙ་མ། །མིང་སྐམ་པོའི་བླ་ཆུང་གོ་ས་འདིས། །དགྲ་འཆི་བདག་སླེབས་ཉིན་མི་བསླུའམ། །གྲོང་ཡུལ་དང་འདུ་འཛིར་བྱོལ་ཁུལ་གྱིས། །རི་དབེན་པའི་ནགས་ཁྲོད་བརྟེན་མདོག་འདི། །རྒྱུད་ཞེན་ཆགས་ངན་གོམས་བག་ཆགས་ཀྱིས། །རྟག་འཛིན་དང་ཕྱི་ཚིས་གྲབ་ཤོམ་འདིང་། །ལས་ཟིན་མེད་མང་པོས་ལུས་སེམས་བྲེལ། །མི་དགོས་རྒུ་དགོས་ལ་རྫོགས་དུས་མེད། །ཐུན་གཙང་མ་གཅིག་ཀྱང་ཆོད་དུས་དབེན། །ཁོང་འཇིག་རྟེན་ཞོ་ཤས་འཚོ་བ་ཡི། །རྐང་ལེབ་ལ་མངགས་གཞུག་ཁུར་ལྗིད་བཀལ། །གྱེན་ཐུར་དང་གཡང་ས་འཕྲང་རྩུབ་ལ། །ཁུར་མི་ཐེག་སྒྱིད་པ་འདར་སིག་སིག །ངག་ཧུ་ཁྱུ་དང་ཤུགས་རིང་བརྩེགས་མར་འདོན། །སྙིང་ཁ་རུ་འཐོན་འདྲའི་སྡུག་བསྔལ་


JSD003_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལུས་རྔུལ་ནག་གི་ཐིགས་པ་ཤ་ར་ར། །འདི་དཔོན་ཆེན་གྱིས་ཁྲལ་དུ་འདེད་པ་དང་། །སྒོ་ཀུན་ནས་མཚུངས་པ་མ་ལགས་སམ། །ལར་སྙིང་རྗེ་མེད་པའི་ཆོས་གཟུགས་ཀྱང་། །ཁྲམ་པ་ཡིས་རི་སྟོང་མྱུལ་བ་འདྲ། །གནས་རི་ཁྲོད་འཛིན་པའི་དོན་སྒོ་ནི། །དོན་བྱ་བ་ཉུང་ཞིང་དགེ་འཕེལ་དགོས། །མར་འཁོར་བའི་གནས་ན་ཇི་ཙམ་དུ། །ལུས་དཀའ་ཐུབ་གདུང་བས་ཚར་བཅད་ཀྱང་། །དུས་མཐའ་མེད་འཁོར་བའི་རྒྱུ་ལས་མེད། །བར་དགོན་སྡེ་གྲྭ་སའི་སྤྱི་རྒྱུག་ལམ། །མངོན་ལྐོག་དང་ཚུལ་འཆོས་འགྲན་སེམས་རྩོད། །ཀློག་ཕེར་ཙམ་ནས་གྲོང་ཆོག་ལ་མི་ཚེ་སྐྱེལ། །ཐོས་བསམ་དང་ཆོས་སྤྱོད་བསྐྱེད་རྫོགས་དོན། །སྙིང་པོ་དང་བྲལ་བའི་གཟུགས་བརྙན་ལ། །བདག་ཞེ་ནས་མགུ་བ་ཅང་མ་བྱུང་། །སྟེང་རི་


JSD003_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་བཟུང་བ་ལེགས་མོད་ཀྱང་། །ནང་ཉོན་མོངས་འདུལ་སྦྱོངས་མི་ལྡན་ན། །བྱ་བྱིའུ་རི་དྭགས་གཅན་གཟན་མཚུངས། །མཚམས་ཁང་དུ་རྟེན་གསུམ་མཆོད་ཆའི་རིགས། །ཁྲ་ཁྲ་དང་ཤིག་ཤིག་སྟོང་བསགས་ཀྱང་། །བདག་འཛིན་དང་ངོམ་ཁྱེར་ཆོས་བརྒྱད་ཀྱི། །རྟོད་ཕུར་ལས་གཞན་དུ་ཨེ་འགྲོ་སོམས། །གཅིག་མཁོ་གཉིས་དགོས་ངང་འཆི་བདག་སླེབས། །ནོར་ཀུན་ལས་མཆོག་གྱུར་ཆོག་ཤེས་ལ། །བདག་སྤྲོད་མཁན་མེད་པ་མཚར་ཆེའོ། །གནས་དབེན་པ་བརྟེན་པའི་སྒོམ་ཕྲུག་ཚོ། །གཞི་ངེས་འབྱུང་སྐྱོ་ཤས་འཆི་ཆོས་དྲན། །མ་འགྲོ་ཀུན་དོན་དུ་བྱང་སེམས་བསྐྱེད། །དུས་རྟག་ཏུ་ཁ་འདོན་བཟླས་བརྗོད་དང་། །ལམ་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ལ། །ཁྲིགས་ཐུན་བཞི་ལས་བཞི་མ་ཆག་པ། །ན་དགའ་དང་འཆི་སྐྱིད་ལ་


JSD003_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བཙུགས་འཚལ། །འདི་ཁ་ཏ་ཁ་ཆེམས་གཅིག་ཆོག་ཡིན། །དུས་ད་ནི་གང་དང་ཅི་སྨོན་ཡང། །སེམས་སྐྱོ་བ་སྐྱེ་བའི་རང་བཞིན་ལས། །གཞན་ཅི་ཡང་མེད་འདི་ཀྱེ་མ་ཧུད། །རྗེ་བླ་མ་ཞིང་ཁམས་གཞན་དུ་གཤེགས། །ཕྱོགས་ཐམས་ཅད་མྱ་ངན་མུན་པས་ཁྱབ། ཡུལ་སྣོད་བཅུད་སྡིག་པའི་ཡོ་ལང་འཁྲུགས། །ཆོས་བྱེད་ལོ་རྣམས་འདི་སྣང་བསླུ་བྲིད་ལ། །མགོ་འཁོར་ནས་དོན་ཆེན་ཡལ་བར་བོར། །ཕྱོགས་ཀུན་ནས་དམན་འཁྲུག་སྐད་ངན་སྦིར། །རྗེ་རྒྱལ་བསྟན་ནམ་ལང་རྒྱུ་སྐར་འདྲ། །མི་རྒན་འཁོགས་བདག་ཀྱང་ལོ་ནས་གཏུགས། །ལུས་འབྱུང་བཞི་གོག་པོ་འདི་སྐྱར་ན་སྙམ། །ཕ་རྗེ་བཙུན་གུ་རུའི་ཞབས་དྲུང་ལས། །སེམས་འདུན་པ་གཏད་ས་གཞན་དུ་མེད། །དུས་དེ་ཚེ་དཔའ་བོ་མཁའ་འགྲོ་མས།


JSD003_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསུས་ནས་ཞིང་དེར་དྲོང་དུ་གསོལ། །གནས་དེ་རུ་ཕ་བུ་ལྷན་འཛོམ་སྟེ། །ཆོས་སྨིན་གྲོལ་ཐབས་མཁས་ལ་བརྟེན་ནས། །ཕྱིར་མི་ལྡོག་བདེ་ཆེན་མཆོག་ཐོབ་ཤོག །ཅེས་པའང་བྱ་བྲལ་སངས་རྡོར་རྒན་བུས་ཡུལ་དུས་གང་ཟག་གི་གནས་ཚུལ་ལ་སྐྱོ་ཤས་ཀྱིས་ཁམས་འདུས་དྲག་པོ་བྱུང་བའི་རྐྱེན་གྱིས་སྦས་ཡུལ་ཡོལ་མོའི་ཡང་ཁྲོད་ཀུན་བཟང་ཆོས་གླིང་ཅོག་སྒར་དུ་ཡིད་ལ་གང་དྲན་བྱུང་རྒྱལ་དུ་སྨྲས་པའོ།།


previousསྐྱབས་དྲན་མཆོག་གཏེར་ཆེན་བླ་མ་རྗེར།next