Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྙིང་ཐིག་རིམ་གཉིས་སྐོར་གྱི་གླེགས་བམ་རིན་པོ་ཆེའི་དཀར་ཆག་སྤར་བྱང་སྨོན་ཚིག་ཉུང་འདུས་ཚིག་ལ་མི་རྟོན་དོན་ལ་རྟོན་པ།
  


4 occurrences of འབེན་
[Clear Hits]

 
previousསྙིང་ཐིག་རིམ་གཉིས་སྐོར་གྱི་གླེགས་བམ་རིན་པོ་ཆེའི་དཀར་ཆག་སྤར་བྱང་སྨོན་ཚིག་ཉུང་འདུས་ཚིག་ལ་མི་རྟོན་དོན་ལ་རྟོན་པ།next

སྙིང་ཐིག་རིམ་གཉིས་སྐོར་གྱི་གླེགས་བམ་རིན་པོ་ཆེའི་དཀར་ཆག་སྤར་བྱང་སྨོན་ཚིག་ཉུང་འདུས་ཚིག་ལ་མི་རྟོན་དོན་ལ་རྟོན་པ།


JSD003_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཐིག་རིམ་གཉིས་སྐོར་གྱི་གླེགས་བམ་རིན་པོ་ཆེའི་དཀར་ཆག་སྤར་བྱང་སྨོན་ཚིག་ཉུང་འདུས་ཚིག་ལ་མི་རྟོན་དོན་ལ་རྟོན་པ་ཞེས་བྱ་བ་བཞུགས་སོ། །


JSD003_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། གདོད་མའི་མགོན་པོ་རྡོར་འཆང་རྡོ་རྗེ་སེམས། །དགའ་རབ་འཇམ་དཔལ་ཤྲཱི་སེང་བི་མ་ལ། །པད་འབྱུང་མཚོ་རྒྱལ་ཀློང་ཆེན་རབ་འབྱམས་ཞབས། །ཀུན་གྱི་ཞལ་སྐྱིན་ངག་གི་དབང་པོར་འདུད། །ཐེག་དགུའི་རྩེ་རྒྱལ་རྫོགས་ཆེན་རྒྱུད་འབུམ་ཕྲག །དྲུག་ཅུ་རྩ་བཞིའི་ཡང་ཞུན་བཅུ་བདུན་དང། །སྙིང་ཐིག་མ་གཉིས་ཡང་ཐིག་རྣམ་པ་


JSD003_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །མཛོད་ཆེན་བདུན་དང་ཤིང་རྟ་སྐོར་གསུམ་གྱི། །གནད་ལས་གནད་བསྡུས་ཡང་ཟབ་བཅུད་ཕྱུངས་པ། །ཀུན་མཁྱེན་གཉིས་པ་གཡོ་རུ་རྫོགས་ཆེན་པའི། །དགོངས་གཏེར་ཀློང་ཆེན་སྙིང་ཐིག་ཅེས་གྲགས་པའི། །བླ་སྒྲབ་ཡང་གསང་ཐིག་ལེའི་རྒྱ་ཅན་གཞུང། །རྩ་བ་དང་ནི་མ་ཚང་ཁ་སྐོང་སྐོར། །ཆོ་གའི་ཡན་ལག་ཉེར་མཁོ་འདུས་གསལ་


JSD003_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །དེ་དག་རྒྱབ་རྟེན་ཀུན་མཁྱེན་རྒྱལ་བ་ཡི། །རྟོགས་པའི་འདྲ་འབག་ཆོས་དབྱིངས་མཛོད་ཀྱིས་བརྒྱན། །པོ་ཏི་དཀར་ཆུང་ཁྱེར་བདེ་ཡིད་འོང་ཞིང། །ཡིག་གཟུགས་ལེགས་ལ་ཞུ་གཏུགས་དག་ཐེར་ལྡན། །ཆོས་སྐུའི་རིང་བསྲེལ་སངས་རྒྱས་ལག་འཆང་འདི། །སྐལ་བཟང་གདུལ་བྱར་མི་ཟད ཆོས་སྦྱིན་སླད། །འཇར་མན་རིགས་སྐྱེས་འོད་གསལ་རྡོ་རྗེ་ཞེས། །རྗོགས་ཆེན་ཆོས་ལ་དད་མོས་ལྷག་བསམ་ཅན། །གང་དེས་གཏོང་ཕོད་དོན་གཉེར་ཚུ་ཆེར་བསྐྱེད་དེ། །དེང་དུས་ཅན་གྱི་འཕྲུལ་ཐབས་ལམ་ནས་དྲངས། །ཚེ་གཅིག་གྲོལ་འདོད་སྒྲུབ་བརྩོན་ཕོ་མོ་ལ། །གླེགས་བམ་འདི་ཉིད་ཡིད་བཞིན་ནོར་བུ་བརྒྱའི། །དོ་ཟླ་མེད་པའི་འཕྲད་ཆོག་དབང་གི་རྒྱལ། །གཙུག་གི་རྒྱན་དུ་མི་འབྲལ་རྟག་བརྟེན་རིགས། །ཆོས་ཚུལ་འདི་ཡང་དགོངས་བརྡ་སྙན་


JSD003_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་བརྒྱུད། །མ་དང་ཌཱ་ཀིའི་ཞལ་རླངས་ངད་མ་ཡལ། །ཐ་སྙད་རྟོག་གེའི་ལམ་གྱི་ཆར་མི་ཉེ། །སུ་འཕྲད་སྦྱངས་པ་སྔོན་སོང་ལས་ཅན་ཡིན། །བསྐལ་མང་མཐའ་བསྒུག་འབྲས་བུ་ཕྱི་དུས་རེ། །དྲང་དོན་འབད་རྩོལ་ཞེན་ཚེ་ཡུན་རེ་རིང། །འབད་མེད་ལོ་ཟླས་གྲོལ་བའི་ངེས་དོན་སྙིང། །འདི་ལྟའི་ངེས་འབྱེད་ཤེས་དེ་མཁས་པའི་རབ། །དེང་དུས་མི་རྣམས་འདུ་འཛི་གཡེང་ལ་དགའ། །ཕྱི་མ་མི་བསམ་གལ་ཆུང་ཆོས་ལ་བྱེད། །ནོར་དང་ཁེ་གྲགས་གཡོ་སྒྱུར་མགོ་བོ་འཁོར། །ཨ་རེ་འདི་འདྲ་མཐོང་ཚེ་སྐྱོ་བ་སྐྱེ། །འདིར་འབད་དགེ་བས་ཡིད་ཅན་ཁམས་གསུམ་འགྲོ་།རྨད་བྱུང་རྡོ་རྗེ་སྙིང་པོའི་གསེེང་ལམ་ནས། །ཕྱམ་གཅིག་ཀ་དག་ཀུན་བཟང་དགོངས་ཀློང་སྦུབས། །འབད་མེད་སངས་རྒྱས་འཁོར་བ་དོང་


JSD003_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྤགས་ཤོག །ཅེས་པའང་ཡུལ་གྱིས་བསྐལ་པའི་ནུབ་ཕྱོགས་འཇར་མན་ནས་ལྷགས་པའི། རྫོགས་ཆེན་ལམ་ལ་མི་འཕྲོག་པའི་དད་མོས་ཅན་འོད་གསལ་རྡོ་རྗེས་ཟབ་གསང་གདམས་པའི་གླེགས་བམ་རབ་ཏུ་མང་པོ་སྤར་བསྐྲུན་གྲུབ་སྟེ། །སྤར་བྱང་ཉུང་བསྡུས་ཞིག་འབྲི་བའི་ཆེད་དུ་ལྷ་རྫས་རབ་དཀར་དྲི་བྲལ་དང། སྤར་ཕུད་གླེགས་བམ་སྒྲིལ་ཚས་དང་ལྡན་པ་བརྒྱ་ཕྲག་བཅས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་སྙིང་ཐིག་ལ་མོས་པས་སྤྱོད་པའི་དགེ་བསྙེན་རིག་པ་འཛིན་པ་སངས་རྒྱས་རྡོ་རྗེ་ཞེས་འབོད་པའི་སྙོམས་ལས་པ་དེས་རབ་ཚེས་དཔལ་གདོང་ལོ་ནག་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་དཔལ་ཧེ་རུ་ཀ་རོལ་པ། བལ་ཡུལ་ཡང་ལེ་ཤོད་ཀྱི་སྒྲུབ་གནས་ཆེན་པོར་བྲིས་པ་འདིས་ཀྱང་བླ་མེད་མཆོག་གི་བསྟན་པ་རིན་པོ་ཆེ་འཛམ་བུ་གླིང་གི་ཁྱོན་ཡོངས་ལ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀལྱ་ཎཾ་བྷ་བ་ཏུ།།


previousསྙིང་ཐིག་རིམ་གཉིས་སྐོར་གྱི་གླེགས་བམ་རིན་པོ་ཆེའི་དཀར་ཆག་སྤར་བྱང་སྨོན་ཚིག་ཉུང་འདུས་ཚིག་ལ་མི་རྟོན་དོན་ལ་རྟོན་པ།next