Nitartha Digital Library
Tibetan
 
previousདགག་ལན་འབྲི་དགོས་པའི་རྒྱུ་མཚན་བརྗོད་པ།next

དགག་ལན་འབྲི་དགོས་པའི་རྒྱུ་མཚན་བརྗོད་པ།


JSD005_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དགོས་དོན་ཅུང་ཟད་འཆད་ན། སྤྱིར་བླུན་རྟུལ་ཆོས་མེད་སྤྲང་རྒན་བདག་ལྟ་བུ་སྐྱེ་བས་ཐོབ་པ་དང་ཚེ་འདི་ཉིད་ཀྱི་དབང་དུ་བྱས་ན་ཡང་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་གྱི་འདྲེན་བྱེད་མ་རིག་པའི་ལིང་ཏོག་གིས་བསྒྲིབས་བཞིན་ཆོས་གཏམ་ཤོད་པའི་གྲལ་དུ་འཚང་བ་ལས་ཁ་རོག་བསྡད་པ་བསྟན་པ་དང་རང་ལ་གནོད་པ་ཆུང་བར་ཤེས་ན་ཡང་། ལེགས་པར་བསམ་ན་འདི་ལྟར། ཐོས་པས་རྒྱུད་དུལ་ཞིང་། གྲུབ་


JSD005_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཕྱོགས་མེད་ལ་དག་སྣང་གིས་ཁྱབ་པའི་གང་ཟག་བསགས་པ་ཅན་གཟུ་བོར་གནས་པ་རྣམས་ནི། འདི་འདྲའི་འཁྱོག་གཏམ་གྱི་བསླུ་བྲིད་མཐོང་ན། དེ་སྙིང་རྗེའི་ཡུལ་དུ་བལྟས་ཏེ་དེ་ལས་ལྡོག་པར་བསྐུལ་བ་ལས། དེ་ལ་ངོ་མཚར་དང་བདེན་པར་ག་ལ་འཛིན། དེ་ལྟར་མིན་པར་དགེ་བའི་བཤེས་གཉེན་ཡང་དག་གིས་མ་ཟིན་ཅིང་། བླུན་པོ་གྲགས་རྗེས་སུ་འབྲང་བ། བློ་གཟུ་བོར་མི་གནས་པ། ཆོས་རྒྱུས་ཆུང་བ། བློ་གྲོས་བདུད་སྡེས་བཅོམ་པ་ཁ་ཅིག་རི་དྭགས་སྨིག་རྒྱུའི་ཆུ་ལ་སྲེད་པ་ལྟར། དགེ་ལུགས་པའི་མིང་ཐོགས་ཚད་ལྟ་གྲུབ་སྤྱོད་པ་ལ་ནོར་འཁྲུལ་དྲི་མས་མ་གོས་པ་ཤ་སྟག་ཡིན་ཁྱབ་མཉམ་དང་། རྙིང་མ་བའི་ཆོས་དང་གང་ཟག་གཉིས་ཀ་དག་པ་དང་མ་དག་པའི་ཁྱད་ཙམ་ཡང་མ་ཕྱེས་པར། རྙིང་མ་ཟེར་ཚད་མ་དག་པ་དང་ལོག་པའི་


JSD005_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་རང་ཡང་འཛིན། གཞན་ལའང་དེ་ལྟར་འདོམས་པ་ནི་ནོར་ཚབས་ཆེ་བ་ཡིན་པ་འདི་ཀུན་གྱིས་ཤེས་དགོས་པར་སྣང་། ཕྱོགས་ལྷུང་གི་གཏམ་འཆལ་ཆོས་དང་རྒྱབ་འགལ་ཐ་ཆད་འདི་འདྲ་བ་ལ་མགོ་བོ་མགལ་མེ་ལྟར་འཁོར་ནས། ལོག་ལྟ་དང་ཆོས་སྤོང་གི་ལས་ངན་དམྱལ་བའི་རྒྱུ་འབད་པས་སྒྲུབ་པའི་སྐྱེ་བོ་མང་པོ་ཞིག །བོད་ལྗོངས་སུ་སྔོན་ཆད་ཀྱང་བྱུང་བ་དང་། ད་ལྟའང་ཡོད་མུས་ལ། མ་འོངས་པ་ན་ཡང་དེ་འདྲ་འོང་ཉེན་ཆེ་ཞིང་། དེ་དག་སྐྱབས་གནས་ལོག་པ་དང་། རྒྱུད་ལོག་ལྟས་བསླད་ནས། རང་ཅག་ནང་པ་སངས་རྒྱས་པ་རྣམས་ཀྱི་བསྟན་པ་སྤྱི་ཡི་འཇུག་སྒོ་གསུམ་ལ་སྐྱབས་སུ་འགྲོ་བའི་དགག་སྒྲུབ་ཀྱི་བསླབ་བྱ་དང་དངོས་སུ་འགལ་བའི་ཁར། ཆོས་ལུགས་ཁག་ཕན་ཚུན་གཅིག་གིས་གཅིག་ལ་བྱ་རོག་དང་འུག་པའི་བརྟུལ་ཞུགས་འཛིན་པ་དང་། དེ་


JSD005_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་འཇིག་རྟེན་སྐྱེ་བོ་ཕལ་པ་རྣམས་ཀྱང་། རྒྱུ་མཚན་ཅི་ཡང་མི་ཤེས་ན་ཡང་། བླ་སྤྲུལ་དང་དགེ་བཤེས་ག་གེ་མོས་འདི དང་འདི་འདྲ་གསུངས་པ་རེད་ཟེར་ནས། ཕྱོགས་འཛིན་ཅན་གྱི་རྗེས་སུ་གཡོམ་རྒྱུག་བྱེད་ཅིང་རྨོངས་ཞེན་ཁ་འཛིན་སུ་བས་ཀྱང་ཐུ་བ་མང་པོ་ད་ལྟ་མངོན་སུམ་མཐོང་ཆོས་སུ་གྱུར་པ་འདི་དག་གི་རྩ་བ་དགེ་རྙིང་སུ་ལ་ཐུག་བསམ་མནོ་ལེགས་པར་བཏང་ན་གོ་ལས་ཆེ། དེས་ན་ལས་ངན་ཚབས་ཆེན་གསོག་པ་པོ་རང་ ི ཉིད་ཕུང་ལ་སྦྱོར་བ་དང་། དེ་འདྲའི་ཁ་ལ་ཉན་པའི་མི་བསོད་དམན་མང་པོ་ངན་འགྲོར་འཁྲིད་པར་མ་ཟད། དེ་འདྲ་བྱེད་པའི་ཡུལ་ཕྱོགས་སུའང་། མཐོང་ཆོས་སུ་སྣོད་བཅུད་ལ་སད་སེར་རླུང་འཚུབས། ནད་ཡམས་མུ་གེ་གོད་ཁ་ནང་འཁྲུགས་ཁ་མཆུ། འཐབ་རྩོད། འབྱུང་བཞིའི་གནོད་པ། དམག་འཁྲུག་ཐན་


JSD005_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་དགུ་སྡུག་བཅུ་རྐྱེན་བགེགས་བར་ཆད་ཐམས་ཅད་མི་འདོད་བཞིན་དུ་འབྱུང་བ་ཆོས་ཉིད་ཡིན་པས། རང་རེ་སྟོན་པ་གཅིག་གི་རྗེས་འཇུག་རྣམ་གྲོལ་དོན་དུ་གཉེར་བའི་ཆོས་ཀྱི་མཆེད་རྣམས་བཀའ་མདོ་རྒྱུད་ནས་གསུངས་ཚད་ཀྱི་ཆོས་རྣམས་ལ་ཉམས་ལེན་ལག་ལེན་དུ་མ་ཐེབས་ཀྱང་ཆོས་སྤོང་གི་ལས་ངན་མ་བསགས་ཙམ་རེ་སྙིགས་དུས་ཀྱི་སྐབས་འདིར་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཡིན་ཏེ། རྒྱལ་བས་ལུང་ཟིན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། ཕྱོགས་འཛིན་དམ་པའི་ཆེ་རྒུ་ཕལ་མོ་ཆེ། །རྒྱལ་བའི་བཀའ་དང་འཇིག་རྟེན་ཕྱི་མ་ལ། །ཡིད་མི་ཆེས་པས་རང་དང་རང་ཉིད་ལ། །འབྲེལ་པ་ཟབ་ཚད་ངན་འགྲོའི་ཕྱོགས་སུ་འཕུལ། །ཁྱིམ་པ་རྣམས་ལ་བསྟན་པའི་གཉེར་མེད་ཀྱང་། །བསོད་ནམས་ཟད་པས་ཕྱོགས་རིས་ཁ་འཛིན་བྱེད། །རིམ་གྱིས་ཚབས་ཆེ་སྡེ་འཁྲུགས་


JSD005_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ལ་སྦྱོར། །དེ་འདྲའི་ཕྱོགས་དེར་ཕྱི་མ་ལྟ་ཅི་སྨྲོས། །མཐོང་ཆོས་ལའང་བཀྲ་མི་ཤིས་ཀུན་འབྱུང་། །དེས་ན་རང་འདྲའི་ཉམས་ཆུང་གང་ཟག་རྣམས། །ཆོས་ནས་བཤད་ཚོད་ཉམས་ལེན་ཐེབས་དཀའ་ཡང་། །ཆོས་སྤངས་ལས་མ་བསགས་པ་ཙམ་བྱུང་ན། །སྙིགས་མའི་སྐྱེ་བོ་རྣམས་ལ་དེ་གལ་ཆེ། །ཞེས་དང་། ཡང་། ཁོང་ཆེན་པོ་ལ་ལ་ཕྱོགས་རིས་ཆེ། །རྗེས་འཇུག་ལ་ཆོས་སྤོང་གི་ཕ་ཕོགས་གནང་། །མཐོང་ཐོས་ཀྱི་སྣང་བ་དགྲ་རུ་བསླངས། །ཞེས་གསུངས་པ་འདི་གདམས་ངག་མཚང་རྒོལ་དུ་འདུག །ཕན་བདེ་འབྱུང་བའི་གནས་གཅིག་པུ། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་༈པ་རིན་པོ་ཆེའི་ལྷག་ཞབས་ཅུང་ཟད་ཅིག་མཆིས་པ་འདི་མྱུར་དུ་འཇིག་པའི་རྒྱུ་ཡང་། དགེ་འདུན་གྱི་སྡེ་རྣམས་ཕྱོགས་ཕན་ཚུན་ཆགས་སྡང་དང་། གྲུབ་མཐའ་


JSD005_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ང་བཟང་ཁོ་བཟང་རྩོད་པ་ལས། ཆོས་དང་མཐུན་པའི་གང་ཟག་ཚུལ་ལྡན་ཉིན་སྐར་ལྟར་གྱུར་པའི་དབང་གིས། དམ་པའི་ཆོས་ཀྱི་གཟི་བྱིན་ཉམས་པས་ཐུགས་ཕྱུངས་ཏེ་སངས་རྒྱས་མཐོང་བའི་ཆོས་སྐྱོང་སྲུང་མ་རྣམས་དག་པའི་ཞིང་དང་རི་རབ་ལ་ཞལ་གཟིགས། འདོད་ཁམས་ན་དབང་ཆེ་བ་བདུད་དགའ་རབ་དབང་ཕྱུག་སྡེ་རིས་དང་བཅས་པ། དེ་དག་གི་ཆར་གཏོགས་ནག་པོའི་རྩ་ལག་འདྲེ་རྒོད་འབྱུང་པོ་གློ་བུར་དུ་ལྷགས་པ་མང་པོ་ཁ་དར་ཞིང་། ཆེ་རྒུ་དུ་མའི་སྙིང་ལ་བདུད་སྡེའི་ཕྲུ་མ་བཏབ་ནས། མཛད་སྤྱོད་ལོག་ལམ་དུ་བསྒྱུར་བ་དང་ཆབས་ཅིག །འཇིག་རྟེན་གྱི་ཁམས་སུ་གོང་དུ་བཤད་པ་ལྟར་བཀྲ་མི་ཤིས་པའི་བྱུར་དང་ལྟས་ངན་ཐམས་ཅད་ཆར་དུས་ཀྱི་ཆུ་བོ་བཞིན་རྒྱས་པ་འདི་ལྟ་བུ་བྱུང་བར་གདོན་མི་ཟ་སྟེ། དེ་ཡང་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ཞེས་


JSD005_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ལེའུ་ཉེར་གསུམ་པ་ལས། འཇིག་པའི་རྒྱུ་ནི་འདི་ལྟ་སྟེ། །དགེ་འདུན་དབྱེན་དང་སྡེ་འཁྲུགས་དང་། །གྲུབ་མཐའ་འཁྲུགས་དང་ལྷ་སྲིན་འཁྲུགས། །དེས་ནི་བསྟན་པ་འཇིག་པར་འགྱུར། །ཞེས་བསྟན་པ་འཇིག་པའི་རྒྱུ་རྐྱེན་གསལ་བར་སྟོན་པ་རང་ཉིད་ཀྱིས་ལུང་བསྟན་པ་ལྟར། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་ཕྱི་རབས་ཀྱི་བོད་འབངས་རྣམས་ལ་ཞལ་ཆེམས་སུ་བསྩལ་བ། རཏྣ་གླིང་པའི་གཏེར་བྱོན་གུ་རུའི་རྣམ་ཐར་ཞལ་- ཆེམས་གསེར་ཕྲེང་ལས། བོད་ཀྱི་མདོ་སྔགས་བསྟན་འཛིན་རྣམས༔ གཅིག་གིས་གཅིག་ལ་མ་སྨོད་པར༔ རང་རང་ཆོས་ལུགས་གཞུང་བཞིན་སྤྱོད༔ རང་དོན་སྒྲུབས་ལ་གཞན་དོན་འབད༔ ཀུན་གྱིས་བསྟན་པ་གྲུ་བཞིར་ཁུར༔ ཞེས་གསུངས་སོ། །སྤྱིར་གསར་རྙིང་སུ་ཡིན་ཀྱང་འདྲ། ཐོས་བསམ་ཕྱོགས་


JSD005_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རེར་མ་སོང་བར། ཐུགས་གཟུ་བོར་གནས་པ་ཞིག་ཡིན་ཕྱིན་ཐམས་ཅད་དགོངས་པའི་ཞེ་ཕུགས་གཏད་ཕྱོགས་གཅིག་མཐུན་ལས་སོ་སོ་བ་མེད་པར། རང་ལུགས་གཙོ་བོར་མཛད་ཅིང་། གཞན་ཐམས་ཅད་ལ་དག་སྣང་སྦྱངས་པ་ཁོ་ན་མ་གཏོགས། དེང་སང་གི་མཁས་རློམ་ཕྱོགས་ལྷུང་ཕྲག་དོག་གི་གདོན་ཆེན་སྙིང་ལ་ཉལ་བ་ཁ་ཅིག་ལྟར། རང་ལུགས་ཉམས་ལེན་རྒྱབ་ཏུ་བོར་ཏེ། གཞན་ལ་གཤེ་སྨོད་ཅི་ཐུབ་གང་ཐུབ་ལྷུར་བླངས་ནས་ཆོས་སྤོང་གི་ལས་ལ་གད་མཆོང་གཡང་མཆོང་བྱེད་མཁན་དེ་འདྲ་མིན་པ་ཤིན་ཏུ་གསལ་ཏེ། དགེ་ལུགས་པའི་བསྟན་འཛིན་རྒྱུ་སྐར་ལྟ་བུའི་ནང་ན་ཉི་ཟླ་ལྟར་མངོན་པར་འཕགས་པའི་ཚད་མའི་སྐྱེས་བུ་དམ་པ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། བོད་གངས་ཅན་གྱི་བསྟན་འཛིན་མཐའ་དག་ལ། །སེམས་ཁོངས་ནས་དག་པའི་སྣང་བ་སྦྱངས། །རྒྱུད་


JSD005_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤོང་ལོག་ལྟས་མ་སྦགས་ཙམ། །འདི་བསྟན་པ་འགལ་མེད་རྟོགས་པའི་དྲིན། །ཞེས་དང་། ཡང་། མདོར་ན་ཁོ་བོ་རང་གི ཡོན་ཏན་དུ་བྱས་པ་ལའང་། གྲུབ་མཐའ་གང་ལའང་ཆགས་སྡང་གི་ཀུན་ནས་བསླངས་པའི་ཕྱོགས་འཛིན་གཏན་ནས་མེད་པའི་མཐུས། བདག་ལ་མངོན་པར་དགྱེས་པའི་ཆོས་ཀྱི་བདུད་རྩི་ཡང་དག་པར་བཞེས་པ། གྲུབ་མཐའ་སྣ་ཚོགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེ་ཕྲ་དུ་མས་ནི་བོད་དབུས་གཙང་གི་ཕྱོགས་མཚམས་ཀུན་ཏུ་ཁྱབ། ཅེས་པའི་གསུངས་འདི་གཅིག་པུས་ཀྱང་རྗེ་ཙོང་ཁ་པའི་བསྟན་བཅོས་བྱང་ཆུབ་ལམ་རིམ་ཆེན་མོའི་ཆེ་བ་བཞི་བཤད་པ་དེ་དཔེ་ཐོག་ཏུ་མ་ལུས་པར་ཐུགས་རྒྱུད་དང་འདྲེས་པར་མཛད་པའི་རྣམ་ཐར་ངོ་མཚར་ཅན་འདི་འདྲ་ལ་ཐུགས་རྩེ་གཏོད་མཁན་གྱི་དགེ་ལྡན་པ་དེང་སང་སུ་མཆིས་གཟིགས།


JSD005_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་རིས་མེད་ཀྱི་མཁས་གྲུབ་ཆེན་པོ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ཐུབ་བསྟན་རིས་སུ་མ་ཆད་པའི་བསྟན་དང་བསྟན་འཛིན་ཐམས་ཅད་ལ་དད་པའི པདྨོ་ཕྱོགས་མེད་དུ་གྲོལ། ཆོས་རྒྱུས་ཀྱང་ཇེ་དྲག་ཏུ་སོང་། ཆོས་སྤོང་ལས་ཚབས་པོ་ཆེ་མ་བསགས་པ་འདི་རྗེ་བླ་མ་རིན་པོ་ཆེ་འདི་ཉིད་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་པ་དང་། ཕྱི་དུས་ཀྱི་མཁས་པའི་དབང་པོ་འཇམ་པའི་དབྱངས་དངོས་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱིས། ཨེ་མ་བོད་ཡུལ་ཆོས་ལུགས་རྣམ་པ་བཞི། །དོན་གྱི་ཁུངས་གཅིག་མོས་སྣང་སོ་སོར་ཤར། །སུ་ལ་ཞུགས་ཀྱང་ཚུལ་བཞིན་ཉམས་བླངས་ན། །མཁས་དང་གྲུབ་པའི་ཡོན་ཏན་འབྱུང་བའི་ཕྱིར། །ཕ་གཅིག་མ་གཅིག་བུ་ཚ་ཇི་བཞིན་དུ། །ཕན་ཚུན་ཐུགས་མཐུན་མོས་གུས་དག་སྣང་སྒོམས། །རང་ལུགས་གཙོར་བཟུང་གཞན་ལ་གཤེ་བ་


JSD005_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྤོངས། །དེ་ལྟར་མཛད་ན་བསྟན་ཞབས་འདིར་ཡང་ལེགས། །ཞེས་གསུངས་པ་ཐུགས་མད། དེ་བས་ན་ད་ལྟའི་སྐྱེ་བོ་རྣམས། བདེན་པ་དང་། དྲང་གཏམ། ཕན་པའི་ཚིག་སྨྲས་ན་ནི། ཕྱིན་ཅི་ལོག་ཏུ་གོ་ཞིང་། ཐེ་ཚོམ་དང་ལོག་པར་ལྟ་བ་འཕེལ་བའི་རྐྱེན་དུ་གྱུར་པ། ཧམ་རྫུན་དང་། གཡོ་སྒྱུ་གྱ་གྱུའི་ངག །དངོས་དང་བརྒྱུད་ནས་ཕན་པ་མེད་ཅིང་གནོད་པའི་རང་བཞིན་ཅན་སྨྲ་བ་ལ་ནི་ཁྭ་ཏ་མི་གཙང་བ་ལ་དགའ་བ་བཞིན་ཐེ་མི་ཚོམ་པར་་འཇུག་པ་འདི་ལྟ་བུའི་སྐབས་སུ་སྨྲ་བ་མང་ན་དགྲ་སོགས་སྡང་བ་ལས་གཞན་མ་མཆིས་ཀྱང་། བུ་སྟོན་གྱིས། མང་དུ་སྨྲས་ན་དགྲ་སོགས་སྡང་། །མ་སྨྲས་ལག་ལེན་འཆོལ་བར་སྤྱོད། །ཅེས་དང་། རྗེ་ཙོང་ཁ་པས། ཡིན་ཚུལ་བཤད་ན་མཁས་འདོད་ཅན་དུ་མཐོང་། །ལོག་པར་བསྟན་ན་ལྟ་ངན་ཕྱི་ཕྱིར་འཕེལ། །


JSD005_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྨྲའི་བརྟུལ་ཞུགས་བཟུང་ན་དོན་མི་འགྲུབ། །ཅེས་གསུངས་པའི་རྒྱུ་མཚན་ལ་བསམ་ནས། རིས་མེད་དགེ་བའི་བཤེགས་གཉེན་སྔོན་བྱོན་དམ་པའི་སྐྱེས་ཆེན་ཚད་ལྡན་རྣམས་ཀྱི་དགོངས་སྤྱོད་རྨད་དུ་བྱུང་བ་དང་ཆེས་ཡོངས་སུ་འགལ་བའི་སྨྲ་བ་ངན་པ་ཐོས་པ་ཙམ་གྱིས་རྣ་བ་དགབ་འོས་པ་མ་རབས་ངོ་ཚ་དང་བྲལ་བའི་ལོརྒྱུས་ཀྱི་སྐྱོན་མཚང་རྣམས་ཐེར་འདོན་མ་བྱས་ན། ངན་པ་ཁ་རྒྱལ་དུ་གྱུར་ཏེ། བློ་དམན་སེར་སྐྱ་མང་པོ་མ་དག་པའི་ཟེར་སྒྲོས་ངན་པའི་རྗེས་སུ་རི་བོང་གི་ཅལ་ལྟར་རྒྱུག་ནས། འབྲས་བུ་དམྱལ་བ་ཡིད་དུ་མི་འོང་བའི་གནས་སུ་འཕྱན་པ་དེ་རྣམས་ལོག་ལྟ་དང་ཆོས་སྤོང་གི་ལས་ཚབས་པོ་ཆེ་བསགས་པའི་སྡིག་རྒྱུན་ལས་ལྡོག་སྟེ། ཆོས་སྣང་བའི་སྒོ་དད་པ་དག་སྣང་གིས་གཞི་བཟུང་སྟེ། ཐུབ་པའི་རྗེས་འཇུག་ཐམས་ཅད་ཕན་ཚུན་འཁོན་འཛིན་ཕྲག་དོག་རིང་དུ་
སྤངས་ནས། ཕ་མ་གཅིག་ལས་ཆད་པའི་བུ་ཚ་བཞིན་དུ་ཐུགས་མཐུན་དམ་གཙང་གི་སྒོ་ནས་བསྟན་པ་ཐམས་ཅད་ཚ་གྲང་བཞིན དུ་འགལ་བར་མི་བལྟ་བར། གཞུང་ལུགས་གདམས་པར་འཁྱེར་ཤེས་པའི་སྒོ་ནས་བསྟན་པའི་ལྷག་ཞབས་མར་མེ་འཆི་ཁ་མའི་འོད་ཙམ་གནས་པ་འདི་མྱུར་དུ་ནུབ་པར་མི་འགྱུར་བའི་མཐུ་བྱིན་གྱིས་འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བའི་ཆེད་དུ་ཡང་དག་པར་དམིགས་ནས། ཡིན་མིན་བདེན་རྫུན་ཤན་འབྱེད་ཀྱི་འབེལ་གཏམ་ཅུང་ཟད། ལུང་རིགས་ཚད་མའི་རྒྱབ་སྐྱོར་དང་བཅས་ཏེ་འབྲི་བའི་དགོས་པ་དང་རྒྱུ་མཚན་དེ་ལྟར་ལགས་སོ། །


previousདགག་ལན་འབྲི་དགོས་པའི་རྒྱུ་མཚན་བརྗོད་པ།next