Nitartha Digital Library
Tibetan
 
previousཉེས་སྡིག་ཚབས་ཆེན་སྤོང་བའི་གཞེན་བསྐུལ་གྱིས་མཇུག་བསྡུ་བ།no next

ཉེས་སྡིག་ཚབས་ཆེན་སྤོང་བའི་གཞེན་བསྐུལ་གྱིས་མཇུག་བསྡུ་བ།


JSD005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྩ་བའི་བཞི་པ་ཉེས་སྡིག་ཚབས་ཆེན་སྤོང་བའི་གཞེན་བསྐུལ་གྱིས་མཇུག་བསྡུ་བ་ནི། དེ་ཡང་གོང་དུ་སྨྲོས་པ་བཞིན་རང་ཉིད་སྔོན་གྱི་བསགས་རྒྱབ་ཆུང་བས་ཚེ་འདིར་མ་ཚོར་བཞིན་དུ་ངན་འགྲོར་ཁྲིད་པའི་ལོག་པའི་བཤེས་གཉེན་དང་འཕྲད་པའི་རྐྱེན་གྱིས། སྔོན་ཆད་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། མཁན་སློབ་ལོ་པཎ་སངས་རྒྱས་དངོས་བྱོན་ལྟ་བུ་དེ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་བོད་ཡུལ་མུན་གླིང་མཐའ་འཁོབ་ཁ་བ་ཅན་གྱི་ལྗོངས་སུ། རྒྱལ་བས་གདུལ་བྱའི་༔ཁམས་དང་དབང་པོ་བསམ་པའི་ཁྱད་པར་དང་རྗེས་སུ་མཐུན་པར་གསུངས་པའི་ཆོས་ཀྱི་ལུགས་སྲོལ་རྨད་དུ་བྱུང་བའི་བཤད་སྒྲུབ་ཀྱི་ཤིང་རྟ་བརྒྱུད་ཚུལ་ཐ་


JSD005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ལྟ་བུར་བྱུང་བ་ཀུན་ཀྱང་ཟབ་ཅིང་རྒྱ་ཆེ་བ་གཞི་ལམ་འབྲས་གསུམ་དང་། ལྟ་སྒོམ་སྤྱོད་གསུམ་སྟོན་པའི་བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་དང་འབྲེལ་བའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་གསར་རྙིང་གི་མཁས་གྲུབ་ཚད་ལྡན་ཐམས་ཅད་ཕན་ཚུན་རྩོད་པ་མེད་ཅིང་མཐར་ཐུག་དགོངས་པ་གཅིག་ཏུ་གཞོལ་ཞིང་འབབ་པར་བཞེད་པ་ལ། ཁྱེད་ཅག་ཕྱོགས་ལྷུང་ཕྲག་དོག་གི་ཀུན་དཀྲིས་ཆེན་པོས་བསྟན་པ་དཀྲུགས་ཤིང་སྡེ་འཁྲུགས་བསླངས་པའི་ལས་ངན་ཚབས་ཆེན་ཇི་སྙེད་ཅིག་སྔོན་ཆད་བསགས་ཟིན་མོད། གདུལ་དུ་རུང་བ་སྐྱེས་བུའི་མཚན་ཉིད་ཡིན་པས། གནོང་ཞིང་འགྱོད་གདུང་དྲག་པོས་མཐོལ་བཤགས་བྱ་བ་དང་། སླན་ཆད་མཚམས་མེད་ལྔ་ལས་ཀྱང་ཐུ་བའི་ཆོས་སྤོང་དང་། སྐུར་འདེབས་ཀྱི་ལས་ནམ་ཡང་མི་བྱ་བའི་སྡོམ་སེམས་དམ་བཅའ་བརྟན་


JSD005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བཟུང་ན་རང་དྲིན་རང་ལ་ཆེ་ཞིང་ཉེས་སྡིག་བྱང་ནས། རང་ཉིད་ཀྱང་དམ་པའི་གྲལ་དུ་ཚུད་པར་འགྱུར་བའི་ཚུལ། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ཡང་། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་པ་ལྟར་ལགས། དེ་ལྟར་མ་ཡིན་པར་ཁ་ཅིག་རྙིང་བསྟན་ནུབ་ཏུ་རེ་བས་ལྐོག་ཏུ་འབར་བ་དང་། དངོས་སུའང་འདི་དང་འདི་ལྟ་བུའི་འཆལ་གཏམ་སྣ་ཚོགས་ཁྱབ་སྤེལ་ཇི་ཙམ་བྱས་ཀྱང་། བསྲེགས་བཅད་བརྡར་གསུམ་གྱིས་བརྟགས་ཟིན་པའི་གསེར་སྦྱང་བཙོམ་༜ ལྟ་བུའི་སྔ་འགྱུར་བཀའ་གཏེར་དག་སྣང་གི་བསྟན་པ་རིན་པོ་ཆེ་འདི་ནི་བསྣུབ་རྒྱུ་ལྟ་ཞོག །གང་ལ་གང་འདུལ་གྱི་འགྲོ་བའི་དོན་རྒྱལ་བ་བྱམས་པའི་བསྟན་པ་


JSD005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤར་གྱི་བར་དུ་གནས་པ་དང་། ད་ལྟའི་བསྟན་མཇུག་གཏེར་གྱིས་སྐྱོང་བར་བསླུ་མེད་རྡོ་རྗེའི་ལུང་གིས་གསལ་བ་ལ་བྱིས་པ་ཆུང་ངུ་ནུ་ཞོས་འགྲངས་ནས་མ་ལ་གཤེ་བ་ལྟར། བོད་དུ་སྔོན་ཆད་ཆོས་ལ་ཕྱོགས་རིས་དང་ཕྲག་དོག་ཅན་གྱི་གང་ཟག་སྔ་རབས་པ་ལྷ་བླ་མ་ཁུ་དབོན་དང་། འགོས་ལྷས་བཙས། དཔལ་འཛིན། ཆག་ལོ་རྣམས་དང་། དུས་ཕྱིས་མདོ་སྨད་བྱང་རྒྱུད་ཕྱོགས་ཀྱི་དགེ་ལྡན་པ། ཐུའུ་བཀྭན་ཆོས་ཉི། སུམ་བྷ་མཁན་པོ་ཡེ་ཤེས་དཔལ་འབྱོར། ཝ་མང་དགེ་བཤེས་སོགས་ཀྱིས་ཀྱང་ཆགས་སྡང་ཆོས་སུ་སྨྲ་བའི་ཡིག་སྣ་ཐར་ཐོར་རེ་བྲི་སྤེལ་བྱས་པ་མཐོང་ཡང་། དགག་དགོས་སྙིང་པོ་མེད་པར་འཁུམས། དེ་རྣམས་ཀྱི་རྩོད་བཟློག་གི་བསྟན་བཅོས་མཛད་པོ་ཀུན་མཁྱེན་རོང་ཀློང་གཉིས་དང་། རྒྱང་རོ་བྱང་ཆུབ་འབུམ། མཁས་མཆོག་སོག་བཟློག་པ། སྨིན་གཏེར་


JSD005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད། གཡོ་རུ་རྫོགས་ཆེན་པ། ཀཿཐོག་མ་ཧཱ་པཎྜི་ཏ། འཇམ་དབྱངས་མི་ཕམ། ཟེ་ཆེན་རྒྱལ་ཚབ་སོགས་ཀྱིས་གནས་གསུམ་གཞལ་བའི་གཏན་ཚིགས་ལུང་རིགས་དྲི་མ་མེད་པས་དགག་སྒྲུབ་དང་བྱི་དོར་མཛད་ཚར་བས་ད་ནི་སྙིང་ལས་ཆུང་ངུར་ཉལ་བས་ཆོག་པ་ཨ་ལ་ལ། ཁྱེད་ཅག་ཕྱོགས་རིས་ཀྱི་མིག་ཅན་ཁོ་བོ་ལ་འདི་ལྟར། ཁྱོད་ཀྱང་དགེ་ལྡན་པའི་ཆོས་དང་བླ་མ་ལ་ཁ་བཏང་བ་འདིས་དམྱལ་བའི་རྒྱུ་བསགས་པ་ཅིའི་ཕྱིར་མ་ཡིན་ཞེ་ན། བདེན་ཏེ་ཁོ་བོས་འདིར་དགེ་ལུགས་པའི་ཆོས་དང་བླ་མ་ཚད་ལྡན་སུ་ལ་ཡང་ཁ་བཏང་བ་མེད། ཛེ་སྨད་ཀྱིས་ཕ་བོང་ཁ་པ་དང་ཁྲི་བྱང་གཉིས་ཀྱི་ཞལ་ལུང་ཡིན་ཞེས་ཤུགས་ལྡན་རྟོགས་བརྗོད་དུ་མིང་བཏགས་པ་དེའི་བརྗོད་དོན་ནི། རྙིང་མ་བའི་ཆོས་བྱས་ན་ཐར་པ་ཐོབ་ཟེར་རྒྱུའི་ཚབ་ལ་རྙིང་ཆོས་བྱས་ཚད་ཚེ་འདི་ལ་ཚེ་


JSD005_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་ནད་མང་ལོངས་སྤྱོད་དབུལ་པོར་འགྱུར་ཞིང་ཚེ་ཕྱི་མར་དམྱལ་བ་མནར་མེད་དུ་སྐྱེ་བར་འགྱུར་ཞེས་བཀོད་འདུག་པས་དེ་ནི་དགེ་ལྡན་པའི་ལྟ་གྲུབ་རྣམ་དག་ལྟ་ཅི། ཆོས་མ་ཡིན། འདུལ་བ་མ་ཡིན། སྟོན་པའི་བསྟན་པ་མ་ཡིན་པ་ཙམ་དུ་མ་ཟད། དེ་ལྟར་སྨྲ་བ་པོ་དེ་ཡང་ཆགས་སྡང་ཆོས་སུ་བཅོས་ནས་སྐྱེ་བོ་རྣམས་ལོག་དུ་འཁྲིད་མཁན་ལས་མ་འདས་པ་དེས། དེ་དག་ལ་མཉན་པ་ཡིན་ན། འདི་ཕྱིར་ཕུང་ཚབས་ཆེ་བ་དེ་ཟློག་པའི་ཆེད་དུ་སྔོན་བྱོན་རིས་མེད་ཀྱི་མཁས་གྲུབ་དམ་པ་ཚད་ཐུབ་ཀྱི་གསུང་དང་མདོ་སྔགས་ཀྱི་ལུང་གིས་རྒྱབ་སྐྱོར་ནས་དགག་བཞག་གི་འབེལ་གཏམ་ཅུང་ཟད་ཅིག་གོ་བདེ་གྲོང་ཚིག་གི་ལམ་ནས་དྲངས་ཏེ་སྨྲས་པ་འདི་དགེ་བར་འགྱུར་རམ་སྡིག་པར་འགྲོ་ཆོས་ལུགས་ཁག་བཞིའི་ཆོས་སྤྱན་ཡངས་པ་རྣམས་ཀྱིས་ལེགས་པར་གཟིགས་མཛོད། ཡང་


JSD005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ལྡན་ཆོ་ག་བཏང་བ་དེ་རི་བོ་དགེ་ལྡན་པའི་ལྟ་གྲུབ་གཙང་མའི་རིང་ལུགས་ཡིན་ཚུལ་བཤད་པ་འདི་ལ་ཁོ་བོས་དཔྱད་ན་དེ་ནི་མགོ་བོ་རུལ་བ་སྣས་མ་ཚོར་བར་གདའ་སྟེ། ཅིས་ཤེ་ན། ཤུགས་ལྡན་གསོལ་ཁ་ཐོག་མར་མཛད་པ་པོ་ནི་བླ་མ་ས་སྐྱ་པ་རྙིང་མའི་ཡང་ཕུར་ལ་ཐུགས་དམ གཙོ་བོར་གནང་མཁན་དེ་ཡིན། དེང་སང་དར་བའི་སྲོག་གཏད་སྐོར་འདི་ནི་སྟག་ཕུ་པདྨ་རྡོ་རྗེ་ཞེས་རྙིང་མའི་ལྟ་སྤྱོད་གཉིས་ཀ་དང་འདྲ་མ་འདྲེས་གནང་མཁན་དེའི་མནལ་ལམ་ཙམ་ཞིག་ལ་ཁུངས་ཕྱུངས་འདུག་གཤིས་ཆུ་འགོ་ནས་རྙོག་ཚར་བ་མ་ཤེས་པར། དགེ་ལྡན་གཙང་མའི་རང་ལུགས་ཡིན་ཞེས་ཁ་ཕོ་འབྲུག་ལྟར་སྒྲོགས་པ་འདི་ཡང་མ་བརྟག་གྱ་ཚོམ་དུ་འཇུག་པའི་སྐྱོན་ཆེ་སྙམ། ལར་རྟོགས་བརྗོད་འདིའི་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་ལྡན་པའི་མཁས་གྲུབ་


JSD005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲགས་ཚད་ལྡན་གྱི་གསུང་ཤྭ་ལོ་ཀ་གཅིག་ཀྱང་མ་དྲངས་པར་ཕྱོགས་རེ་བའི་རང་འདོད་ཀྱི་གཏམ་རྫུན་རྒྱབ་རྫུན་གྱིས་བྱས་ཚུལ་འདི་ལ་ལྟོས་དང་། དྲང་བདེན་ཡིན་དང་འཁྱོག་རྫུན་ཡིན་ཆེས་གསལ། གཞན་གནད་དོན་མ་རྟོགས་པའི་སྐྱེ་བོའི་ཁ་ནས་ཐོན་ཚད་སྨྲས་པ་ལ་ཆ་ཅི་ཡོད། སྔོན་ཆད་བོད་དུ་ཡང་ཆོས་པའི་གཟུགས་བརྙན་དུ་འཆོས་པ་རྣམས་ཀྱིས་ཆོས་ལུགས་ཕན་ཚུན་ཆགས་སྡང་བསྟན་སེལ་སྡེ་འཁྲུགས་མང་དུ་བསླངས་པའི་རྐྱེན་གྱིས། མཐར་མི་དབུས་སུ་རྡིབ། དབུས་མི་མཐའ་ལ་འཁྱར། བསྟན་པ་རྨང་ནས་འཇིག་པ་འདི་འབྱུང་བ་དང་། ད་དུང་ཡང་སྔར་དང་འདྲ་བའི་ཆོས་ལ་བརྟེན་པའི་ཆོས་མིན་གྱི་ལས་ངན་ཚབས་ཆེན་བསགས་དྲགས་ན་སངས་རྒྱས་ཀྱི་བསྟན་པ་ཇེ་དར་ཇེ་བཟང་དུ་མི་འགྲོ་བའི་ཁར་དམ་པའི་ཆོས་ཀྱི་ཆེ་བ་དང་བྱིན་རླབས་གཟི་བརྗིད་


JSD005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཐང་ཐམས་ཅད་ཟླ་བ་མར་གྱི་ངོ་བཞིན་ཉམས་རྒུད་དུ་འགྲོ་རྒྱུ་ཉག་གཅིག་ལ་བརྟེན། ཨོ་རྒྱན་ཆེན་པོས་མ་འོངས་པ་ན་བསྟན་བཅོས་ཕལ་གྱིས་དུག་ལྔ་སྤེལ་བ་དང་མཐའ་དམག་འབོད་རྐྱེན་བྱེད་པའི་ལུང་བསྟན་ཞལ་གསལ་མང་དུ་གསུངས་པས་སྔོན་ཆད་ཀྱང་བསླུས་པ་མེད་ཅིང་འབྱུང་འགྱུར་དུའང་བསླུ་བར་མི་འགྱུར་བའི་ཚུལ་ལ་དགོངས་ནས། རང་རྒྱལ་བར་འདོད། གཞན་ཕམ་པར་འདོད་པའི་གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ཀྱིས་གཞན་རྒྱུད་བསྲེག་པ་ནི་དམྱལ་བའི་རྒྱུ་ལས་མེད་ཚུལ། ཀུན་མཁྱེན་བུས། རང་ཉིད་རྒྱལ་འདོད་ཕ་རོལ་དམའ་དབབ་འདོད། །གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་ཀྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་བསྲེག །ད་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །ཞེས་གསུངས་པའྀ་དོན་ལས་གཞན་མ་


JSD005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པས་དོན་མེད་ཕྱོགས་རིས་ཀྱི་སྦིར་གཏམ་རིགས་ངོས་ལྐོག་གཉིས་ཀར་ཆོས་ལུགས་ཁག་བཞི་ཀས་དུས་ནམ་དུ་ཡང་མི་མཛད་པའི་གཞེན་བསྐུལ་ཀུ་སཱ་ལི་བདག་གིས་ཞེ་ཐག་པ་ནས་འདེབས་པ་ལགས། ད་ནི་དོན་གྱི་སྙིང་པོ། རང་རེ་གངས་ཅན་པ་རྣམས་ཤཱཀྱའི་བསྟན་པའི་གནས་ལ་དོན་མཐུན་དུ་ཞུགས་པ་ཡིན་ཅིང་། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་མཚུངས་པར་མ་ཟད། སྤྱོད་པ་ཡོད་སྨ་དང་། ལྟ་བ་མདོ་སྔགས་གཉིས་ཀ་སྤྲོས་བྲལ་དུ་ཁས་འཆེ་བ་ཤ་སྟག་ཡིན་པས་ཤིན་ཏུ་མཁས་གྲུབ་ཀྱི་དབང་པོ་ཐམས་ཅད་ལྟ་བའི་གནད་ལ་མི་མཐུན་པ་མེད་པར་བཞེད་པས་དོན་དུ་ལྟ་གྲུབ་མཚུངས་པའི་ཕྱིར་ཆེས་ཉེ་བ་དང་། རྒྱལ་བསྟན་ནུབ་ལ་ཁད་ཀྱི་དུས་སྐབས་ངན་པ་འདི་ལ། ཆོས་བྱེད་ཕན་ཚུན་སྐྱོན་མཚང་བརྗོད་རེས་བྱ་བ་འདི་རང་གཞན་བླ་སློབ་ཚང་མའི་ཞབས་


JSD005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ཆེ་བས། ཚང་མའི་ཉམསམྱོང་གི་ཐོག་ནས་གཅིག་ལ་གཅིག་སྡང་མིག་མི་ལྟ་བར་ཕ་མ་བུ་ཚ་འཕྲད་པའི་འདུ་ཤེས་ལྟར་དགའ་འཛུམ་མུལ་ལེ་བའི་ངང་ནས་རང་རང་སོ་སོའི་ཆོས་ཀྱི་རྒྱལ་ཐབས་དར་རྒྱས་ཡུན་གནས་ཀྱི་ཐབས་ཚུལ་ལ་སྒོ་ཀུན་ནས་འབད་པའི་རེ་འདུན་དང་སྨོན་ལམ་སྙིང་ནས་ཞུ་བ་སྟེ། དེ་སྐད་དུ་འཇམ་དཔལ་དབྱངས་དངོས་མི་ཕམ་འཇམ་དབྱངས་རྒྱ་མཚོས། སྟོན་པ་གཅིག་གི་རྗེས་ཞུགས་ནས། །བསྟན་པ་གཅིག་ལ་སློབ་པ་ཀུན། །ཞེན་ལྟའི་སྡང་མིག་སྤངས་བྱས་ནས། །དགའ་བའི་འཛུམ་གྱིས་འགྲོགས་གྱུར་ཅིག །བསྟན་ལས་ཕྱི་རོལ་གྱུར་པའི་ཆ། །རང་གཞན་སུ་ལ་སྣང་ཡང་སྤོངས། །བསྟན་པའི་དོན་དང་མཐུན་པའི་ཆ། །རང་གཞན་སུ་ལ་ཡོད་ཀྱང་སྒྲུབས། །དེ་མཐུས་གངས་རིའི་ཁྲོད་འདི་རུ། །སྒྲུབ་བརྒྱུད་རྒྱལ་


JSD005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཆེན་པོ་བཞི། །ཆོས་ཀྱི་འབྱོར་པས་མཛེས་འབར་ཞིང་། །ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཅེས་གསུངས་པ་བཞིན་ནོ། །སྨྲས་པ། སྔོན་གྱི་དོལ་རྒྱལ་འོག་མིན་མཁའ་ལ་སྤར། །དེང་སང་གསར་སྐྱེས་འབྱུང་པོ་དེར་འཁྲུལ་བསྟེན། །འདི་ལས་འཕྲོས་པའི་སྦིར་གཏམ་སྣ་ཚོགས་ཀྱིས། །སྐྱེ་བ་མང་པོ་མགོ་འཐོམ་ལངས་ལ་ལྟོས། །སྔོན་ཆད་འདི་ལ་དགག་བཞག་རྩོད་སྤོང་གི །ཚད་ཐུབ་ཡི་གེ་ཕྱོགས་བསྒྲིགས་བྱས་པ་དཀོན། །འོན་ཀྱང་འདྲེ་ཉལ་ཕཊ་ཀྱིས་དཀྲོག་པ་ལྟར། །ཛེ་སྨད་དེབ་ངན་མཐོང་ནས་ངས་འདི་བརྩམས། །ཡིན་ལ་ཡིན་དང་མིན་ལ་མིན་བཤད་ཀྱི། །མ་མཐོང་མ་ཐོས་འོལ་ཚོད་ཧམ་རྫུན་གྱིས། ། གཞན་བསླུའི་བསམ་སྦྱོར་ངན་གཡོ་མ་ཡིན་པར། །རང་གཞན་ཀུན་གྱི་ལོག་རྟོག་བཟློག་ཕྱིར་བགྱིས། །ལྟ་གྲུབ་གནད་མེད་མི་ནག་སྐྱེ་བོ་ཡི། །ཆགས་སྡང་


JSD005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ངག་འཁྱལ་འབའ་སམ་བསྡུས་པ་ལ། །ཕ་རྒོད་བླ་མའི་གདམས་བཅུད་དུ་འཁྲུལ་བ། །འདི་འདྲའི་ལན་འདེབས་མཁས་ལས་བླུན་པོ་མཛེས། །རྩོད་དུས་ཤཱཀྱའི་རྗེས་འཇུག་ནང་ཕན་ཚུན། །ཆོས་ལུགས་ལ་བསྙད་དབྱེན་སྦྱོར་ཕུང་དཀྲུགས་འདི། །བདུད་ཀྱི་ལས་སུ་རྒྱལ་དང་དེ་སྲས་ཀུན། །ལན་གཅིག་མིན་པར་གསུངས་སོ་གསུང་བར་འགྱུར། །ཉམས་ཆུང་རང་གར་སྡོད་པའི་རྣའི་བུ་གར། །ཕྱོགས་ལྷུང་ཕྲག་དོག་གཏམ་གྱི་ཚེར་མ་ཡི། །རེག་པ་རྩུབ་མོས་གཙེས་ལ་ལན་བཏབ་པ། །དྲང་བདེན་ལ་དགའི་སྙན་དབང་སིམ་ཀྱང་སྲིད། །ཡང་དག་ལྟར་སྣང་ཆུ་དང་འོ་མའི་ཁྱད། །འབྱེད་པའི་རྣམ་དཔྱོད་འདབ་ཆགས་ངང་མོའི་མཆུ། །མི་ལྡན་འཁྱོག་ཚིག་ཁྭ་ཏའི་ཐན་སྐད་ཀྱང་། །སྨོད་ངན་རང་མགོར་འདྲེན་པའི་བརྫུ་བག་ཙམ། །རང་རང་ལྟ་གྲུབ་གཙང་


JSD005_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེས་ཆོག་གི །གཞན་ལུགས་ཐམས་ཅད་སུན་འབྱིན་ཕས་རྒོལ་དེར་། །ལུང་རིགས་རྡོ་རྗེའི་མེ་ཆར་མ་དབབ་ན། །དམ་ཉམས་སྐྲག་ལང་ཡན་པར་ཤོར་གྱིས་དོགས། །ཆོས་ལུགས་རྣམ་བཞི་ཆོས་ཀྱི་རང་ལྡོག་ནས། །རྣམ་པར་དག་མཉམ་གྲུབ་ཟིན་གྲུབ་ཅི་དགོས། །གང་ཟག་སྣོད་ཀྱི་བྱེ་བྲག་དག་མ་དག །ཀུན་ལ་ཡོད་མཉམ་སུ་ཡིས་སུ་ལ་སྨོད། །འཆལ་སྤྱོད་བྱེད་ཕྱིར་རྙིང་མ་ཆོས་ལོག་ཏུ། །ཁྱེད་ཅག་འདོད་ན་དགེ་ལྡན་ཁྲོད་ན་ཡང་། །འཆལ་སྤྱོད་བྱེད་མཁན་དེ་བས་ཀྱང་མང་ཕྱིར། །དགེ་ལུགས་ཕྱོགས་གཅིག་གཙང་འདོད་ཡོངས་རེ་འཁྲུལ། །ཞྭ་སེར་རིང་ལུགས་ཚུལ་མཐུན་མཛད་ཀུན་ལ། །དད་པའི་སྣང་བ་རྒྱ་ཆེར་སྤྲོ་མོད་ཀྱང་། །མཐོང་ཚད་སྡང་དགྲར་བལྟ་བའི་ལོག་ལྟའི་སྡེ། །དེ་དག་གཏམ་འདིས་ལན་བརྒྱར་ཟིལ་གྱིས་གནོན། །གངས་ཅན་ཐར་འདོད་ཡོངས་ལ་


JSD005_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ཆེ་བ། །སྔ་འགྱུར་བསྟན་དང་བརྒྱུད་འཛིན་ཚོགས་ཡིན་ཀྱང་། །བྱས་པ་མི་གཟོ་དྲིན་ལ་མི་བརྩི་བའི། །ངོ་ཚ་ཁྲེལ་མེད་པོ་རྣམས་སུ་ཡིས་སྐྱོབ། །སྐྱབས་གནས་ལོག་པ་དམ་འགོང་ལ་བཅོལ་ཕྱིར། །བསྟན་པ་སྤྱི་ཡི་འཇུག་སྒོ་སྐྱབས་འགྲོ་ནས། །བསྟན་པའི་སྙིང་པོ་རྒྱུད་སྡེ་རྒྱ་མཚོའི་བར། །སྡོམ་གསུམ་བསླབ་གསུམ་དམ་ཚིག་དྲི་མར་བྱས། །སྔོན་གྱི་མཁས་་གྲུབ་རིས་མེད་ཚོགས་རྣམས་ཀྱི། །མཛད་པའི་རྣམ་ཐར་དེབ་ཐེར་དཔང་་བཞག་སྟེ། །སྐྱེ་བོའི་མུ་ཅོར་རྫུན་གཏམ་ཕུག་གཏིབས་ཚེ། །ཕས་རྒོལ་སྙིང་རྩ་འཕར་པ་དངོས་པོའི་གཤིས། །མཁས་པས་མཁས་པ་བསྟོད་ན་གཉིས་ཀ་མཛེས། །བླུན་པོས་མཁས་ལ་བསྟོད་པར་ག་ལ་འགྱུར། །བླུན་པོས་བློན་པོར་བསྟོད་པ་གཉིས་ཀ་ཉམས། །བསྟོད་སྨད་རན་པར་སྨྲ་བ་འོས་ཤིང་འཚམས།


JSD005_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་སྐུ་སྐྱེ་དགེ་བཤེས་མཁས་མ་ལགས། །བགྲང་བྱའི་ཁུར་ལྕི་རང་གཞན་བཟང་ངན་ཡུལ། །མང་མཐོང་ལོ་རྒྱུས་བརྗོད་པས་མ་ཕོངས་ཙམ། །འོན་ཀྱང་ཁྱི་རྒན་ཀུ་ཅོ་འདོན་བསམ་མེད། །ཕྱོགས་རིས་ཆགས་སྡང་ཆོས་སྤོང་དགག་བྱ་དང་། །ཕྱོགས་མེད་དག་སྣང་མཐུན་འགྲོགས་བསྒྲུབ་བྱ་ཉིད། །དེ་ཕྱིར་དགག་དགོས་གོ་དོན་ལེགས་རྟོགས་ན། །འདི་ཉིད་ཕན་པའི་གདམས་ངག་བྱས་ཀྱང་རུང་། །མཁས་པའི་ཚོགས་རྣམས་དུས་ཀྱིས་ནུབ་གྱུར་ཏེ། །ཤེས་རློམ་ང་རྒྱལ་མགོ་འཕང་དགུང་དུ་བསྟོད། །ཞེ་སྡང་ཚིག་རྩུབ་ཚེར་མའི་མཚོན་རྩེ་གཟེངས། །ཁྲིམས་མེད་སེར་གཟུགས་རྟོག་གེས་ས་སྟེང་གང་། །པད་འབྱུང་རྒྱལ་བའི་བསྟན་པ་ཁྱད་གསོད་པའི། །ལོག་རྟོག་མུ་སྟེགས་བག་ཆགས་འཐས་པ་ཅན། །འབྱུང་འགྱུར་ལུང་དོན་བདེན་པ་མངོན་གྱུར་ཀྱང་། །མ་རིག་སྐྱེ་བོ་


JSD005_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཅང་མ་མཐོང་། །དགེ་ལྡན་ཆོས་བཟང་རྙིང་ཆོས་ངན་པར་བརྩི། །དགེ་ལུགས་པ་གཙང་རྙིང་མ་མི་གཙང་ཞེས། ཆོས་དང་གང་ཟག་བཟང་ངན་སྟངས་གཅོད་འདི། །ཤཱཀྱ་ཐུབ་པའི་རིང་ལུགས་མ་ཡིན་ནོ། །རྙིང་དགེ་གཉིས་པོ་གཅིག་གིས་གཅིག་ཤོས་ལ། །དག་སྣང་རྒྱབ་སྐྱུར་སྐྱོན་འཛུགས་རེས་བསྐོར་ན། །མི་ཚེ་ལའང་རྫོགས་མཐའ་མེད་པའི་ཕྱིར། །ད་ནི་ཕུང་པོ་གསུམ་པ་མི་དྲག་གམ། །ཆེ་བ་དྲུག་ལྡན་གསང་ཆེན་སྔ་འགྱུར་བའི། །བཀའ་གཏེར་དྲི་མེད་ཆོས་ལ་གཤེ་བྱེད་ཅིང་། །ངན་སྨྲ་གླེང་མོ་མངོན་ལྐོག་འཛེམ་མེད་ལ། །ལན་མེད་ལྐུགས་པའི་བརྟུལ་ཞུགས་ཅིའི་ཕྱིར་འཛིན། །བཀའ་རྙིང་ས་གསུམ་ཕུ་ནུ་བཞིན་དུ་མཐུན། །སྨིན་གྲོལ་ཆོས་དང་དམ་ཚིག་སྲོག་གིས་འབྲེལ། །ཕྲ་མ་སྔ་བཙན་དགེ་ལུགས་རྐང་འདྲེན་འགས། །


JSD005_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་དཀྲུགས་ཤིང་ཕུང་ཁྲོལ་བྱས་མིན་ནམ། །ཕྱོགས་ལྷུང་སྡང་ཞུགས་སྡིག་པ་ཕལ་ལས་ཐུ། །དེ་ཟློག་དོན་བརྩོན་རྣམ་དཀར་དགེ་བར་གསུངས། འདི་ལས་ཐོབ་པའི་བསོད་ནམས་གང་མཆིས་པ། །འགྲོ་ཀུན་ཆོས་མིག་རྡུལ་བྲལ་ཐོབ་ཕྱིར་བསྔོ། །རྒྱལ་བསྟན་ཉི་འོད་ལྷག་ཞབས་ཅུང་ཟད་འདི། །ལོག་རྟོག་སྤྲིན་ནག་འཁྲུགས་པ་ལས་གྲོལ་ཏེ། །བསྟན་འཛིན་བུང་བའི་ཚོགས་ཀུན་དགའ་བའི་དཔྱིད། །ལུང་རྟོགས་འདབ་མ་ཕྱོགས་བརྒྱར་བཞད་གྱུར་ཅིག །འདྲེན་མཆོག་ཤཱཀྱའི་བསྟན་པ་དར་བ་དང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་ཆོས་སྤྱོད་འཕེལ། །འགྲོ་ཀུན་ཐེག་པ་མཆོག་གི་ལམ་ཞུགས་ཏེ། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་དགའ་ལྡན་ཤར་རྩེ་པ་ཛེ་སྨད་སྤྲུལ་སྐུས་འགྲེམས་སྤེལ་བྱས་པའི་དེབ་ཆུང་ཕ་རྒོད་བླ་མའི་ཞལ་གྱི་


JSD005_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ཞེས་པ་ལ་ཏྲེ་ཧོར་གདོང་ཐོག་སྤྲུལ་སྐུ་བསྟན་རྒྱན་པས་དེ་ལ་དགག་ལན་དུས་ཀྱི་སྦྲང་ཆར་ཞེས་པ་ཞིག་གནང་བའི་ནང་དུ་བལྟས་པས། ད་དུང་དོན་གནད་ཁ་ཤས་ལ་དགག་དགོས་པར་འདུག་ཀྱང་། འཚེམ་ལུས་སུ་གྱུར་པ་མཐོང་ནས་རྩོད་ཟློག་འདི་ལྟ་བུ་ཞིག་འབྲི་འདུན་ཡོད་ཐོ་ཉེ་ཆར་རྡོ་རྗེའི་མཆེད་དམ་པ་མདོ་ཁམས་གོ་འཇོ་རྩེད་རོང་བླ་མ་ཕུན་ཚོགས་བཀྲ་ཤིས་དང་། རང་དང་སྐྱེས་ཡུལ་གཅིག་པ་ཉག་ཨ་ཛི་རོང་གི་དགེ་བཙུན་དམ་པ་ཐུབ་བསྟན་ཆོས་འབྱུང་གཉིས་ནས་ཀྱང་ལྷ་རྫས་ཨ་ཤེ་དང་ཧིན་སྒོར་མི་ཟད་རྒྱན་འཁོར་གྱི་གྲངས་༢༥བཅས་ནན་ཏན་ཆེན་པོས་བསྐུལ་ལྕག་བྱུང་བ་ལ་བརྟེན་ནས་ཤར་རྒྱལ་བ་ཀཿཐོག་པའི་བཀའ་འབངས་ཐ་ཤལ་ཀུ་སཱ་ལི་སངས་རྒྱས་རྡོ་རྗེ་ཞེས་འབོད་པའི་སྙོམས་ལས་པས། རབ་བྱུང་བཅུ་དྲུག་པའི་ས་ཁམས་བྷ་ལ་


JSD005_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཧའི་ལོ། མགོ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པ། ཉི་མ་མེ་བཞིའི་འགྲུབ་སྦྱོར་བཟང་པོ་ལ། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་ཁམས་བྷང་ག་ལའི་ཡུལ་ཤི་ལི་གུ་རི་ཞེས་པའི་གྲོང་བརྡལ་གྱི་བྱང་ཕྱོགས་སཱ་ལའི་ཤིང་དང་འཁྲི་ཤིང་གི་ར་བས་ཀུན་ནས་བསྐོར་ཞིང་ཆུ་བོ་ལྔ་ལྡན་ཞེས་པ་དལ་གྱིས་དབང་ཕྱོགས་ནས་འབབས་པའི་ཉེ་འགྲམ་བདེ་བར་གཤེགས་པའི་སྐུ་འབུམ་མཐོང་གྲོལ་ཆེན་མོའི་དྲུང་གི་རང་ཤག་ཏུ་ལེགས་པར་གྲུབ་པར་བགྱིས་པ་འདི་གང་གིས་མཐོང་བ་རྣམས་བློ་ཐེ་ཚོམ་དང་ལོག་རྟོག་གི་མུན་པ་སངས་ཏེ་དངོས་བྱུང་ཡིན་ལུགས་དྲང་པོའི་དོན་ལ་ངེས་ཤེས་བདེ་བླག་ཏུ་སྟེར་བའི་རྒྱུར་གྱུར་ཅིག རྒྱལ་ཆེན་མིང་གི་གཟིག་ལྤགས་གྱོན་པ་ཡི། །ཞེ་སྡང་འཁྲུལ་འདྲེ་གནོད་པའི་མགྲིན་བཟང་དེས། བསྟན་འགྲོའི་ཕན་བདེའི་ལོ་ཏོག་ཟོས་པའི་མཐར། །ལུང་རིགས་ཉག་


JSD005_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་སྦྱོར་བས་བསད་ལ་ལྟོས། །ཞེས་ཀྱང་སྨྲས་སོ།། །།


previousཉེས་སྡིག་ཚབས་ཆེན་སྤོང་བའི་གཞེན་བསྐུལ་གྱིས་མཇུག་བསྡུ་བ།no next