Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  collapse section
ཡོན་ཏན་རིན་པོའི་ཆེའི་མཛོད་ཀྱི་འགྲེལ་པ་རྒྱ་མཚོའི་ཆུ་ཐིགས་ནོར་བུའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཡོན་ཏན་རིན་པོའི་ཆེའི་མཛོད་ཀྱི་འགྲེལ་པ་རྒྱ་མཚོའི་ཆུ་ཐིགས་ནོར་བུའི་ཕྲེང་བ།next

ཡོན་ཏན་རིན་པོའི་ཆེའི་མཛོད་ཀྱི་འགྲེལ་པ་རྒྱ་མཚོའི་ཆུ་ཐིགས་ནོར་བུའི་ཕྲེང་བ།

ལེའུ་དང་པོ།

རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ་གླེགས་བམ་དང་པ་ོབཞུགས་སོ།།
གུཎཀོཤརརྣསུཔྲཏིསྟརིཡོབཱཨཔརཏམཎིཡོམཱལྱེབིཧརཏིསྨ།
ཡོན་ཏན་རིན་པོའི་ཆེའི་མཛོད་ཀྱི་འགྲེལ་པ་རྒྱ་མཚོའི་ཆུ་ཐིགས་ནོར་བུའི་ཕྲེང་བ་བཞུགས་སོ། །

མཁྱེན་རབ་འཇམ་དཔལ་རྣོན་པོའི་རྗེས་འགྲོ་ཞིང། །བྱམས་བརྩེའི་འོད་དཀར་ཟེར་ལྡན་སྤྱན་རས་གཟིགས། །མཐུ་སྟོབས་རང་བྱུང་གསང་བདག་རྡོ་རྗེ་འཛིན། །རིག་གསུམ་སྤྱི་གཟུགས་འཇིགས་མེད་གླིང་པར་འདུད། །གང་དེའི་བཞེད་གཞུང་མདོ་སྔགས་ཡོངས་འདུས་ཆོས། །སྐལ་བཟང་གདུལ་བྱའི་རེ་སྐོང་ཡིད་བཞིན་དབང། །འདི་ཀོ་ཐེག་དགུའི་དགོངས་མཛོད་བླ་ན་མེད། །དེ་ཕྱིར་དེ་ཡི་འབྲུ་འགྲེལ་གསལ་བར་བྱ། །དེ་ཡང་རིག་འཛིན་འཇིགས་མེད་གླིང་པའི་བཞེད་གཞུང་མདོ་སྔགས་ཀྱི་དགོངས་དོན་མ་ཚང་བ་མེད་པ་གཏན་ལ་ཕབ་པའི་བསྟན་བཅོས་འདི་ཉིད་ཀྱི་བསྡུས་འགྲེལ་ལམ་ཚིག་འགྲེལ་རང་བློས་དཔོགས་ཚོད་ཙམ་ཞིག་ཡི་གེའི་རིས་སུ་འགོད་པ་ལ། དང་པོ་རྒྱ་གར་སྐད་དུ་ནི། རྒྱ་དཀར་ནག་གཉིས་སུ་ཡོད་པ་ལས། དང་པོ་སངས་རྒྱས་སྟོང་གི་འབྱོན་བཞུགས་ཀྱི་ཡུལ་དང་དམ་པའི་ཆོས་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར་དང་རྟེན་འབྲེལ་དང་གོས་རྒྱན་སོགས་དཀར་པོ་ལ་དགའ་བས་དེ་སྐད་དུ་གྲགས་པ་ལ། དེ་ཡང་དཀར་པོ་ལ་གར་ཞེས་བསྒྱུར་བ་ནི་ལོ་ཙཱ་བ་རྣམས་ཀྱིས་སུམ་རྟགས་དང་མཐུན་པར་འཇུག་པ་བདེ་བའི་ཕྱིར། ཡིན་པ་གཞུང་ཁུངས་ལྡན་རྣམས་ནས་གསུང་པ་དང་། རྒྱ་ནག་ཅེས་པ་སྤྱིར་འཇིག་རྟེན་གྱི་ཁྲིམས་དང་ལུགས་ཀྱི་བྱ་བ་གཙིགས་སུ་བྱེད་པ་དང། གོས་རྒྱན་དང་རྟེན་འབྲེལ་ནག་པོ་བཟང་པོར་འཛིན་པས་དེ་སྐད་ཅེས་བཏགས་པའོ། །དེ་ལ་རྒྱ་གར་སྟེ་འཕགས་ཡུལ་བར་སྐད་རིགས་མི་འདྲ་བ་མང་དུ་ཡོད་ཀྱང། སཾ་སྐྲྀཾ་ཏ་ལྷའི་སྐད་ལྟར་ན། གུ་ཎ་ཡོན་ཏན། ཀོ་ཤ་མཛོད། རཏྣ་རིན་ཆེན། དེ་ཙམ་གྱིས་མཚན་ངོས་ཟིན་པར་བྱས་པའི་ཁོངས་སུ་ཐོག་མཐའ་བར་གསུམ་གྱི་དོན་ཚང་བར་བྱས་ཀྱང་རུང་མོད། འོན་ཀྱང་དེའི་གཤམ་དུ་པྲ་མོ་དྲ་པྲྀཥྚི་ཞེས་ཚུར་མཐོང་བྱིས་པའི་བློས་འཛུད་པར་བྱས་པ་དང་། མཇུག་ཏུ་ན་མཿསྟེ་ཀུན་བསྡོམས་པ་བོད་སྐད་དུ་བསྒྱུར་ན། ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ཡིན་ལ། དེ་ནི་རྒྱལ་བ་རྣམས་ཀྱི་གསང་བ་གསུམ་གྱི་དཔལ་ཡོན་གཅིག་ཏུ་དྲིལ་བ་རིན་པོ་ཆེའི་མཛོད་ལྟ་བུའི་བསྟན་བཅོས་བྱང་ཆུབ་མཆོག་གི་གཞུང་ལམ་རིམ་དགུའི་ཐེག་པའི་དགོངས་དོན་མ་ལུས་པ་ཚང་ཞིང་སྐལ་བཟང་རྗེས་འཇུག་རྣམས་དགའ་བར་བྱེད་པའི་ཞིང་པ་རྣམས་ཀྱི་ལོ་ཏོག་ལ་ཆར་བབ་པ་ལྟ་བུའི་དགའ་སྤྲོ་ཐོབ་བར་བྱེད་པ་ཞེས་བྱ་བ་མཚན་སྨོས་པའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཞེས་པའི་དོན་ནི། འཇིག་རྟེན་འདི་ན་གང་དཀོན་ན་ཨུ་དུམ་ཝཱ་རའི་མེ་ཏོག་དཀོན། དེ་བས་ཀྱང་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀོན། དེ་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་ལ་སོགས་དམ་པའི་ཆོས་སྟོན་པ་དཀོན་ཞིང་། དེ་འཛིན་པར་བྱེད་པའི་རིག་གྲོལ་གཉིས་ལྡན་གྱི་འཕགས་པའི་དགེ་འདུན་ཡང་དཀོན་ཏེ། དཔེར་ན་རིན་པོ་ཆེའི་རིགས་ཐམས་ཅད་དང་ཁྱད་པར་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་དཀོན་པ་དེ་ལས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་སྒྲིབ་པ་སྤྱངས་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་གོ་འཕངས་ཐོབ་དགོས་པ་ཡིན་པས་དེ་ལས་དཀོན་པའི་མཆོག་འཇིག་རྟེན་འདི་ན་གང་ཡང་ཡོད་པ་མ་ཡིན་ནོ། ཡུལ་དེ་གསུམ་ལ་ཕྱག་འཚལ་བའང་རྗེ་བཙུན་ཆོས་ཀྱི་རྒྱལ་པོས་བསྟན་བཅོས་རྩོམ་པ་ལ་བར་ཆད་མེད་པ་དང་མཐར་ཕྱིན་པའི་ཆེད་དུ་ཡིན་ཞིང་། ཕྱག་གི་སྒྲ་བཤད་ནི། དད་པ་དང་གུས་པའི་མངོན་རྟོགས་ཀྱིིས་ལག་པའི་ཕྱག་རྒྱ་པདྨ་ཁ་འབུས་པ་ལྟར་བཅས་ཏེ་གནས་གསུམ་དུ་བཞག་པས་སྒོ་གསུམ་གྱི་སྒྲིབ་པ་འདག་པར་འདོད་པ་ལ་འཚལ་ལོ་ཞེས་པའོ། །རིན་ཆེན་རྣམ་གསུམ་ནི། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། སྐྱོབས་པ་བླ་མེད༴ འདྲེན་པ༴ ཞེས་ཡོངས་སུ་གྲགས་པའི་སྤྲིངས་ཡིག་གིས་མི་ཁོམ་པའི་གནས་བརྒྱད་མ་གཏོགས་གཞན་ལས་དང་སྐལ་བར་ལྡན་པས་ཡུལ་ཀུན་ཏུ་ཁྱབ་པ་ཡིན་ཞིང་། དཔེར་ན་རྒྱལ་པོ་ཆེན་པོའི་བཀའ་རྟགས་ཀྱིས་སྤྲིངས་ཡིག་ཕྱག་རྒྱས་བཏབ་སྟེ་མངའ་ཞབས་པ་སུ་ལ་སྤྲིངས་ཀྱང་བཟློག་ཏུ་མེད་པའོ། །འདིའི་གཏམ་རྒྱུད་ནི། སྔོན་ཡུལ་ཝཱ་ར་ཎཱ་སིར་ནོར་ཆེན་ཞེས་པའི་ཚོང་དཔོན་ཞིག་ལ་ཆུང་མ་བསོད་ནམས་ཅན་རིན་ཆེན་ལྡན་ཞེས་བྱ་བ་ཡོད་པ་བདག་པོ་ལྔ་ལམ་དུ་གྱུར་ཚེ་བུད་མེད་དེའི་མཆོད་རྟེན་ཆེན་པོའི་རྩེར་དོ་ཤལ་གྱི་སྤུད་པར་བྱས་པའི་བསོད་ནམས་དང་རྣམ་སྨིན་གྱིས་སཾ་ག་ལའི་རྒྱལ་པོའི་བུ་མོར་སྐྱེས་པ་ཡིན་ལ། དེ་ཉིད་སྐྱི་བ་གཞན་འགར་ཕྱུག་པས་རྒྱགས་ཤིང་རྨོངས་པའི་དབང་གིས་མཆོད་སྦྱིན་ལ་སྨོད་ཅིང་སེར་སྣ་ཆེན་པོའི་ལས་འབྲས་ཀྱིས་ཡུན་རིང་པོར་འབངས་མོར་གྱུར་པ་ནི། ཤཱཀྱའི་ཁྱིམ་དུ་འབངས་མོ་རོ་ཧི་ཏ་ཞེས་བྱ་བར་གྱུར་ཚེ་ཤཱ་ཀྱ་མིང་ཅན་གྱི་ཆུང་མ་དང་འབངས་མོ་གཉིས་སྟོན་པས་ཆོས་གསུངས་པས་གྲལ་དུ་ཕྱིན་ཚེ་རྗེ་མོའི་མུ་ཏིག་གི་དོ་ཤལ་ཁྱིམ་དུ་ལུས་པ་བྲན་མོ་མངགས་ཚེ། དེ་ཆོས་ཉན་ལོངས་མེད་པར་འགྲོ་དགོས་པར་འགྱོད་པ་སྐྱེས་པ་སྟོན་པས་མཁྱེན་ནས་ཚིགས་སུ་བཅད་པ། གཅིག་གནང་བ་འདོན་བཞིན་ཕྱིན་པའི་ལམ་བར་དུ་བ་དྲུས་མ་ཞིག་གིས་བརྡུངས་ཏེ་ཤི་བ་སཾ་ག་ལའི་རྒྱལ་པོའི་བུ་མོར་སྐྱེས་པའི་ཚེ་མུ་ཏིག་གིས་ཆར་བབས་པ་མུ་ཏིག་ཅན་ནམ་མུ་ཏིག་འཁྲི་ཤིང་དུ་བཏགས་པའོ། དེ་ནས་རེ་ཞིག་ན་དེའི་བསོད་ནམས་ཀྱི་མཐུས་མཉན་ཡོད་ཀྱི་ཚོང་པ་རྣམས་རྒྱ་མཚོར་བརྒལ་ནས་སཾ་ག་ལར་སླེབས་ཚེ་མཚན་མོར་སངས་རྒྱས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་དག་གླུར་བླངས་པ་ཐོས་ཚེ་བུ་མོའི་ཡིད་ཕྲོགས་ཏེ་གླུ་དེ་ད་རུང་ལོངས་དང་ཟེར་བར། དེ་རྣམས་ཀྱིས་དེ་ནི་གླུ་མ་ཡིན། སྟོན་པ་སངས་རྒྱས་ཀྱི་གསུང་ཡིན་ཚུལ་བསྙད་པར་བུ་མོ་དད་པ་དང་དགའ་བ་ཆེར་སྐྱེས་ནས་སངས་རྒྱས་ཀྱི་ལོ་རྒྱུས་དྲིས་པས། ཚོང་པ་རྣམས་ཀྱིས་ཅི་ནུས་ཀྱི་ཡོན་ཏན་བརྗོད་པས་བུ་མོ་སྔོན་ལས་ཀྱང་དད་པ་དང་རབ་ཏུ་དགའ་བར་བྱས་ནས་བཅོམ་ལྡན་འདས་ལ་སྤྲིངས་ཡིག་འདི་ལྟར་ཕུལ་བ། ཀྱཻ་མ་བསོད་ནམས་ཚོངས་ཟོང་དག་གིས་རྙེད་པར་གྱུར་བ་ཁྱོད་ནི་དྲན་པ་ཉིད། རྒུད་དང་གདུང་བ་དང་ནི་སྲིད་པ་འཇོམས་པའི་སྲིད་པའི་སྨན་བཟང་ཅི་ཡང་ཡིན། བཅོམ་ལྡན་ལས་བྱུང་གཏམ་གྱིས་ཉེར་བསྐྲུན་ཡང་དག་རིག་པ་མྱོང་བའི་ས། བཅོམ་ལྡན་འདི་དེ་བདག་གི་བདུད་རྩི་ཅི་ཡང་བགོ་སྐལ་ཆེན་པོར་གྱུར་བ་ཡིན། ཞེས་ཕུལ་བར་སྟོན་པས་གཟིགས་བཞིན། རི་མོ་མཁན་གྱི་བྲིར་མ་ནུས་པའི་སྐུ་གཟུགས་རས་ལ་བཀོད་པའི་འོག་ཏུ་བཀའི་ཚིགས་བཅད་འགའ་དང་བཅས་ཏེ་དེ་ལ་སྤྲིངས་བ་མཐོང་བའི་མོད་ལ་དེ་ལས་བྱུང་བའི་བསམ་གཏན་དགོངས་པ་གཅིག་པ་ལྟ་བུ་ཉམས་སུ་མྱོང་ནས་སྐྱབས་སུ་འགྲོ་བ་གསུམ་དང་། བསླབ་པའི་གནས་ལྔ། རྟེན་འབྲེལ་བཅུ་གཉིས། འཕགས་ལམ་ཡན་ལག་བརྒྱད་སོགས་ཀྱི་རང་བཞིན་ཤེས་ནས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བོ། །བུ་མོས་ཡུལ་དེའི་མི་རྣམས་ནང་པའི་བསྟན་པའི་སྒོར་བཙུད་ཅིང་སྐུ་གཟུགས་དེ་ལ་ཐུབ་པ་འོད་ཟེར་མ་ཞེས་གྲགས་ཤིང་སྐུ་གཟུགས་ཀུན་གྱི་ཐོག་མ་ཡིན་ཞེས་བཤད་དོ། །སཾ་ག་ལའི་རྒྱལ་པོ་ནི་སྔོན་ཆད་ཕྱི་པའི་རྒྱུད་པ་འཛིན་ཞིང་བུ་མོ་ཡང་དེ་ལས་མ་འདས་པས། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཉན་རང་ལྟར་མ་སྤངས། བྱང་སེམས་ལྟར་གཉེན་པོས་མ་བཅིལ། གསང་སྔགས་ལྟར་རང་ངོར་མ་གྲོལ་བའི་ཉོན་མོངས་པ་རང་རྒྱུད་ལྡན་ཕྱིར་བདུད་ཀྱི་བུ་མོའི་ཞེས་སྨོད་པའི་སྒྲ་དང་། དེའི་བཞིན་རས་མེ་ཏོག་ཀུནྡྷའི་ཚལ་ལྟར་ཤིན་ཏུ་དཀར་ཡང་སྔོན་ཆད་ཕྱི་པས་བཀབ་བའི་སྐྱོན་སྐལ་བ་ངན་པར་བགྱི་ལ་མངོན་པར་ཕྱོགས་པ་ནི་སངས་རྒྱས་ཀྱི་མཐུ་ཁོ་ནས་སྐལ་བཟང་དུ་བྱས་པའོ། བློ་མཆོག་སངས་རྒྱས་བྱང་སེམས་རྣམས་དང། གཏད་རབས་བདུན། འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་སོགས་སྔོན་ཆད་འཕགས་བོད་དུ་མཁས་གྲུབ་ཇི་སྙེད་བྱོན་པ་རྣམས་ཀྱི་གསུངས་རབ་ཀྱིས་ཡོན་ཏན་དག་བྱེད་ཀྱི་གཏེར་ནི་རྒྱ་མཚོར་ཆེན་པོ་ལྟར་བོ་རལ་ཟག་གསུམ་གྱི་སྐྱོན་དང་བྲལ་ཞིང་གཞོམ་གཞིག་མེད་པར་གཅིག་ཏུ་བརླིངས་པར་གྱུར་ན། ད་དུས་ཀྱི་བསྟན་བཅོས་རྩོམ་འདོད་ཕལ་མོ་ཆེས་རྩོམ་པའི་སྐྱོན་དོན་མེད་པ་དང་། དོན་ལོག་པ་དང། ངན་གཡོ་དང་། སྙིང་པོ་དང་བྲལ་བ་དང། ཐོས་པ་ལྷུར་ལེན་པ་དང་། རྩོད་པ་ལྷུར་ལེན་པ་སྟེ་ཕྱི་པའི་ངན་པ་དྲུག་དང་མ་བྲལ་ཞིང་། དོན་དང་ལྡན་པ་དང་། སྡུག་བསྔལ་སྤོང་བ་དང། སྒྲུབ་པ་ལྷུར་ལེན་པ་སྟེ་ནང་པའི་ཚུལ་གསུམ་གྱི་ཡོན་ཏན་དང་མི་ལྡན་བཞིན་དུ་རྩོམ་པ་ལ་འཇུག་པ་ནི་སྤྱི་བརྟོལ་ངོ་ཚ་དང་བྲལ་ཞིང་དཔྲལ་ཀོ་འཐུག་པོས་བརྩོམ་པ་ནི་རྒྱ་མཚོར་རླུང་གི་སྐྱོན་གྱིས་རླབས་ཕྲེང་གི་ཅ་ཅོ་སྒྲོགས་པ་ལྟ་བུ་འདི་རིགས་སྔོན་ལས་ལྷག་པའི་མཛེས་པ་གང་ཡང་མི་ངོམ་ཡང་། དམ་ཆོས་ཀྱི་རིགས་གང་ཡང་བརྗོད་པ་ལ་བརྟེན་དགོས་པའི་སླད་དུ་ན་གཞུང་འདི་ཉིད་མཉན་པར་འོས་སོ་ཞེས་འགྲེལ་ཏོ། །དེ་ཡང་གང་འཆད་པར་བྱེད་པའི་ཆོས་ལ་རྣམ་པ་གཉིས་ཏེ་མདོ་ལམ་དང་སྔགས་ལམ་གཉིས་སུ་བྱས་ཏེ། དང་པོ་ནི་སྐས་ཐེམ་བཞིན་མས་ནས་འཆད་དགོས་པས་ཐོག་མར་དལ་འབྱོར་བཅུའི་རང་བཞིན་ངོས་བཟུང་བའི་དོན་དུ་དང་པོར་དལ་འབྱོར་གྱི་ཚོམས་རྣམ་པར་བཞག་པ་ལ་ལྔ། མི་ལུས་རྣམ་པར་དབྱེ་བ། འགལ་ཟླ་མི་ཁོམ་པ་བརྒྱད་བཤད་པ། དལ་འབྱོར་གྱི་རང་བཞིན་ངོས་བཟུང་བ། རྙེད་པར་དཀའ་བའི་རྒྱུ་མཚན་བཤད་པས་འདི་ལྟ་སྟེ། ཐོག་མ་མེད་པའི་དུས་ནས་ད་ལྟ་ལ་མ་ཐུག་བར་དུ་སྐྱེ་རྒ་ན་འཆིའི་རིམས་ཀྱིས་བཏབས་པར་གྱུར་པའི་བྲོ་འཚལ་བ་དག་ལ། སྨན་ཆེན་ཏེ་དཀར་པོ་གཅིག་ཐུབ་ལྟ་བུ་ནི་མྱོང་གྲོལ་བདུད་རྩིའི་རོ་བཅུད་དང་ལྡན་པ་དམ་པའི་ཆོས་ཡིན་ལ། དེ་ཉིད་ལག་ཏུ་མཆིས་པ་ཉམས་སུ་མི་ལེན་པར་ཅི་དགར་སྤོང་བར་བྱེད་པའི་སྐྱེ་བོ་ལས་སྐལ་ངན་པ་རྣམས་ལ་བདག་གིས་ཇི་ལྟར་འདོམ་ཞེས་སྐྱོ་ཤས་ཀྱི་གསུངས་སོ། །རིང་ནས་ཞེས་ཐོག་མ་མེད་པའི་དུས་ནས་སུ་དང་མཛའ་ཞིང་བཤེས་པ་འཁོར་བའི་གནས་རིགས་དྲུག་པོ་ནི། འབྲོག་དགོན་ཏེ་ལུས་སྲོག་ལ་ཉེ་ཞོ་ཡོད་པའི་གནས་ཡུལ་མ་རུང་པར་ཡང་ནས་ཡང་དུ་སྐྱེ་སྲིད་བཟུང་སྟེ། མགོ་དང་ཡན་ལག་བཅད་བའི་སྡུག་བསྔལ་གྱི་ཚོར་བས་ཡང་ནས་ཡང་དུ་གདུང་བར་བྱས་ཤིང་འདིར་ཡང་ངན་སོང་གསུམ་སོགས་མི་ཁོམ་པའི་གནས་བརྒྱད་དུ་མི་སྐྱེ་བའི་དགེ་བསྒྲུབ་སྡིག་སྤང་སོགས་རྒྱ་ཆེར་བགྱིས་པའི་གདེང་ཅི་ཡང་མི་འདུག་པས། སྐྱེ་སྔོན་བཞིན་ཕྱིན་ཆད་ཀྱང་གནས་ངན་རྣམས་སུ་སྡུག་བསྔལ་གྱིས་གདུང་བར་གྱུར་པ་ད་ལྟ་བལྟར་མི་མངོན་པར་ལྐོག་ཏུ་གྱུར་པ་རྣམས་ནི། རང་སྐྱོན་གྱི་མི་དགེ་བའི་ལས་ལ་ཅང་མི་སེམས་པར་ད་དུང་མཐོ་རིས་བདེ་བ་ལོས་ཐོབ་སྙམ་ནས་དེ་ལ་སྲེད་ཅིང་ཞེན་པ་ཤིན་ཏུ་བླུན་རྨོངས་ཡིན་པའི་ཕྱིར། རང་ཉིད་ཀྱི་བསམ་པ་གོ་ལོག་ཏུ་སོང་བས་ཐར་ལམ་གྱིས་འཐས་བཟང་བརླག་པར་བྱེད་པ་པོ་དེ་ནི་ཚེ་འདི་ནས་ཕྱི་མར་ཉིང་མཚམས་སྦྱོར་ཚེ་ཡང་འོག་ནས་འོག་ཏུ་ལྟུང་བར་འགྱུར་ལ། ངན་སོང་གསུམ་དང་འདུ་ཤེས་མེད་པའི་ལྷ། མཐའ་འཁོབ་དབང་པོ་མ་ཚང་ལྟ་བ་ལོག སངས་རྒྱས་འབྱུང་བ་མེད་པ་དག་ཏུ་འཁྱམས། ཞེས་སྨོས་ཏེ། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། ཀླ་ཀློ་ཚེ་རིང་ལྷ་དང་ནི། ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། ལྐུགས་པ་འདི་དང་མི་ཁོམ་བརྒྱད། ཅེས་པ་ལྟར་རོ། གནས་ངན་དེ་དག་ཏུ་སྐད་གཅིག་ཐང་གཅིག་ཙམ་ལའང་བདེ་བའི་གོ་སྐབས་བཙལ་ཏུ་ཡོད་པ་མ་ཡིན་ཞིང་ལྕགས་བསྲེགས་ཀྱི་ས་གཞི་མཚོན་ཆ་སྣ་ཚོགས་ཀྱིས་ཆད་པ་རྩུབ་མོས་ཡང་དང་ཡང་དུ་སྲོག་འཕྲོག་པར་བྱས་ཀྱང་ལས་མ་ཟད་བར་དུ་འཆི་བར་མི་ནུས་པའི་དམྱལ་བ་པ་དེ་དག་ད་དུང་ཁོང་ཁྲོའི་ལས་ངན་གྱིས་རྙི་ལ་ཐོགས་ནས་རྣམ་སྨིན་དེ་ནས་ཟད་པ་ན་ཚེ་ཚད་རྫོགས་པའོ། །དེ་བཞིན་དུ་ཡི་དྭགས་སུ་སྐྱེས་ན་རྣག་ཁྲག་ཕྱི་ས་སོགས་ཀྱི་བཟའ་བ་ཅུང་ཟད་ཀྱང་མི་རྙེད་པའི་སྐྱོན་གྱིས་ཡི་དྭགས་རྣམས་ཕོངས་ཤིང་དབུལ་བའི་ཉམ་ཐག་པ་སྨོས་ཅི་དགོས་ཏེ། ཆུ་ཀླུང་དང་ལྗོན་པ་ལ་སྲེད་དེ་བལྟས་པའི་མོད་ལ་སྐམ་པ་དང་། བཟའ་བཏུང་ཅུང་ཟད་ཙམ་ཡང་ཁོང་དུ་སོང་ཡང་མེ་རུ་འབར་ནས་ནང་ཁྲོལ་འཚིག་པའི་སྡུག་བསྔལ་ཟད་མི་ཤེས་ཏེ། སྔོན་ཚེ་ལས་ངན་གྱི་རྒྱུ་བསགས་ཡུན་རིང་ཐུང་གི་སྒྲིབ་པའི་མཐུས་བྱས་པས་ཚེ་ཚད་ལ་ངེས་པ་མེད་དོ། །དུད་འགྲོ་ལའང་ཤ་ཁྲག་གི་འཚོ་བ་རྣམས་ཀྱིས་གཅིག་ལ་གཅིག་བཟའ་ཞིང་རྔོན་པའི་དམ་བཞག་ནི་འཇམ་པོའི་ལས་དབེན་ཞིང་ཤིན་ཏུ་རྩུབ་མོས་སྲོག་འཕྲོག་ཅིང་། ཞོན་པ་དང་ཁལ་འགེལ་བ་ལ་བཀོལ་ཕྱིར་འདུལ་བ་འཛིན་སར་བསླབ་པས་ཉམ་ཐག་པས་གནས་རྣམས་སུ་སྐྱེ་བ་ཐོབ་པར་གྱུར་ན་ཅི་བྱར་ཡོད་ཅེས་མེད་ཚུལ་བསྟན་པའོ། འཚོ་བའི་ལས་མཐའ་སྟེ་ཚེ་ཤིན་ཏུ་རིང་པོས་བསྲེངས་ནའང་། འཁོར་བའི་སྡུག་བསྔལ་ལ་སྐྱོ་བའི་གོ་སྐབས་ཅུང་ཟད་ཀྱང་མི་དབྱེ་བས་གཟུགས་མེད་དང་། ཐོས་བསམ་གྱི་རྟེན་འགགས་པ་སྟེ་ལུས་དང་འདུ་ཤེས་མེད་པའི་ལྷ་དེ་ནི་གཉིད་འཐུག་དང་བརྒྱལ་བའི་སྐབས་ལྟར་གནས་ཤིང་། ནམ་ཞིག་འཆི་ཁར་བབས་ཚེ། དེར་སྐྱེ་བའི་རྒྱུ་དགེ་བ་བཅུ་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་ཡིན་པ་དང་། དེའི་ནུས་པ་ལས་གནས་ངན་དུ་སྐྱེ་བ་ལ་ལོག་པར་ལྟ་བས་ཁོམ་ལྡན་གྱི་ལུས་མིན་ཞེས་པའོ། །རྐང་པ་གཉིས་པའི་ཁྱོགས་ཏེ་བཏེགས་པ་ལ་རབ་ཏུ་བརྟེན་ཡང་། དེ་ཡི་འདུ་ཤེས་སམ་ཀུན་སློང་བསོད་ནམས་མ་ཡིན་པས་དམ་ལ་བཞག་ཅིང་མི་དགེ་བའི་དབང་དུ་གྱུར་ཞིང་གཞུངས་པ་སྟེ། དེའི་ལས་ཐབས་ལ་མཁས་པའི་ཀླ་ཀློ་རྣམས་ནི་བླང་བྱའི་དགེ་བ་སྤང་ཞིང་དོར་བྱའི་སྡིག་པ་དང་དུ་བླངས་ཏེ་ཤིན་ཏུ་རྨོངས་པས་ལས་བཟང་ངན་འཆོལ་བའི་ནགས་ཚལ་རྒྱུས་མེད་པའི་གནས་ན་བྱིས་པ་གྲོགས་མེད་འཁྱམས་པ་ལྟ་བུའོ། །དབང་པོའི་དམ་བཅའ་ཉམས་པ་སྟེ་ངག་ལྐུགས་པ་ཚིག་གི་བརྡ་མི་འཕྲོད་པ་དང་། ཡིད་ལྐུགས་པས་དགེ་སྡིག་ཤན་མི་འབྱེད་པ་རྣམས་ནི། །འཕགས་པའི་དེད་དཔོན་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་དགེ་བའི་བཤེས་གཉེན་དག་དང་འཕྲད་པར་གྱུར་ཀྱང་། བྲག་ཆའི་ཆོ་ག་བཟུང་བའི་བྲག་རིའི་དྲུང་དུ་དགེ་སྡིག་གི་སྐད་ཆ་ཇི་ཙམ་བཤད་ཀྱང་ཅ་ཅོ་ཙམ་ལས་ལན་ལྡོན་མི་ནུས་པ་བཞིན། དགེ་སྡིག་སོགས་ཀྱི་བརྡ་མི་འཕྲོད་པའི་འབྲོག་དགོན་ཆེན་པོར་སྟེ་འདུ་འཛི་དང་རྣམ་གཡེང་གིས་སེམས་བག་མི་ཕེབ་པས་གདུང་བའོ། །སྐྱེ་བའི་རྐྱེན་གྱིས་གཞན་གསུམ་གྱིས་རྒྱུར་གྱུར་བ་རྒྱ་མཚོ་ལྟ་བུ་བརྒལ་བའི་གྲུ་བོ་ཆེ་ལྟ་བུ་ལུས་རྟེན་རྣམ་རིག་གི་བ་དན་ག་ཡོ་བ་ཅན་འདི་ཐོབ་ནས། སླར་ཡང་ཐར་ལམ་མི་གཉེར་ཞིང་སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་ཅིང་། དགེ་བའི་བཤེས་གཉེན་གྱིས་བསླབས་པའི་དགེ་སྒྲུབ་སྡིག་སྤང་གི་བླང་དོར་ལ་ལོག་པར་ལྟ་བ་འཛིན་པ་དེ་ནི་བདུད་ཀྱིས་གཙེས་པ་ལྟ་བའི་དེའི་དབང་དུ་གྱུར་བའོ། །ཐུབ་པ་རྣམས་ཀྱིས་སྤངས་བའི་བསྐལ་བ་ནི་མུན་པའི་བསྐལ་བ་སྟེ། དེ་ནི་གཅོང་རོང་གི་གནས་སུ་མུན་ནག་འཐུག་པོར་ཞུགས་པ་གད་གཡང་དུ་ལྷུང་བ་དེ་ཉིད་སླར་ཡར་ལ་བདེ་བའི་སར་ཨེ་སླེབ་ཀྱིས་རེ་བས་ལྡང་བར་བརྩོན་ཀྱང་ལམ་མིན་རྒྱུན་ལྡན་ཏེ། ལས་ངན་གྱི་རྒྱུ་ལས་ཉམ་ངའི་གནས་སུ་ལྟུང་བར་འོག་ནས་འོག་ཏུ་འགྲོ་ཞིང་དེ་ཡང་སྡིག་པས་འཕང་བཞིན་སྡུག་བསྔལ་སྣ་ཚོགས་འཐོར་རླུང་འཁྲུགས་པའི་གནས་རིགས་རྣམས་སུ་ངལ་ཞིང་སྐྲག་པ་དང་བཅས་པའི་བསོད་ནམས་མ་ཡིན་པའི་ལས་རྙོག་པ་ཅན་སྟེ་ཆོས་ལ་མི་མཐུན་པར་ཕྲག་པ་དོག་པའི་མི་ཁོམ་པ་བརྒྱད་པོའི་སྐྱོན་ཆེན་ལ་བསམ་ནས་རང་གིས་རྙེད་པར་དཀའ་བའི་དལ་བ་དོན་ཡོད་པར་མཛོད་གཅིག་ཅེས་པའོ། །རང་རྒྱུད་རྟེན་གྱིས་མི་ཁོམ་པ་བརྒྱད་དུ་མ་སྐྱེས་ཤིང་མི་ལུས་ཐོབ་ནའང་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་དང་རིས་ཆད་བློའི་མི་ཁོམ་པ་བརྒྱད་ཀྱིས་ཆོས་ལ་བར་ཆད་བྱེད་པའི་ཚུལ་ཡང་ཡིད་བཞིན་རིན་པོ་ཆེར། དུག་ལྔ་འཁྲུགས་དང་བླུན་རྨོངས་བདུད་ཀྱི་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་བརྡོལ། །གཞན་དབང་འཇིགས་སྐྱོབས་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱི་མི་ཁོམ་རྣམ་པ་བརྒྱད། །ཅེས་དང་། འཆང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་རྩུབ། །འཁོར་བར་མི་སྐྱོ་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་བྲལ། །སྡོམ་དང་དམ་ཚིག་འཆལ་བ་ཞེས་བྱ་སྟེ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཅེས་མི་ཁོམ་པ་བརྒྱད་གཉིས་བཅུ་དྲུག་པོ་དེ་ལུས་ཐོབ་ཀྱང་འོང་ངེས་ཡིན་པ་གཞུང་གཞན་ན་འཐོར་བུའི་ཚུལ་དུ་ཡོད་ཀྱང་། འདིར་ཀུན་མཁྱེན་རྣམ་གཉིས་ཀྱིས་གོ་བདེའི་ཆེད་དུ་བསྡུས་ཏེ་བཀོད་པའོ། །འབྱོར་པ་བཅུ་ལས་དང་པོ་རང་འབྱོར་ལྔ་ནི། ཡུལ་དབུས་ས་གཞི་གཙང་མར་དབང་པོ་ཚང་། །ཡན་ལག་རབ་རྫོགས་དད་པའི་གནས་ལ་དད། །ལས་མཐའི་མེ་ཏོག་སྡིག་ཐོས་མ་བཅོམ་པའི། །མི་འགྱུར་དཔག་གསམ་ལྗོན་པ་ཤིན་ཏུ་དཀོན། །ཞེས་པ་ནི། ཇི་སྐད་དུ། མི་ཉིད་དབུས་སྐྱེས་དཔོང་ཚང་། ལས་མཐའ་མ་ལོག་གནས་ལ་དད། ཅེས་དང་། གཞན་འབྱོར་ལྔ་ནི། རྒྱལ་བ་ཨུ་དུམ་ཝཱ་ར་འཇིག་རྟེན་འབྱོན། །ཆོས་ཀྱི་མེ་ཏོག་ཁ་ཕྱེ་བསྟན་པའི་ཚལ། །ནུབ་པ་མེད་པའི་གནས་ལ་ཡང་དག་ཞུགས། །དམ་པའི་གྲིབ་བསིལ་ལ་བརྟེན་དེ་བས་ཉུང་། །གང་ཕྱིར་རང་ཉིད་འབྱོར་བའི་ལྗོན་པ་དང་། །གཞན་དབང་རྐྱེན་གྱིས་འབྱོར་བའི་ཨུ་དུམ་ཝཱ་ར། ཅེས་གསུངས་པ་སྟེ། སངས་རྒྱས་བྱོན་དང་དེས་ཆོས་གསུང་། བསྟན་པ་གནས་དང་དེའི་རྗེས་ཞུགས། གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཅེས་རང་འབྱོར་ནི་དཔག་བསམ་གྱི་ལྗོན་པ་ལྟ་བུ་དང་། དེ་ལ་གཞན་རྐྱེན་གྱིས་འབྱོར་བ་ཨུ་དུམ་ཝཱ་ར་ལྟ་བུ་སྟེ། གཉིས་ཀའི་ཡོན་ཏན་འབྱོར་བ་རྣམ་པ་བཅུས། །དལ་བ་བརྒྱད་ལ་འཁྱུད་འདི་སླར་མི་རྙེད། །ཅེས་པ་ནི་དལ་འབྱོར་རྙེད་པར་དཀའ་བའི་དཔེའོ། །དེ་ཡང་དལ་འབྱོར་རྙེད་པར་དཀའ་ཚུལ་ནི། །ཅིའི་ཕྱིར་རུས་སྦལ་གྱི་མགྲིན་པ་གཉའ་ཤིང་གི་བུ་གར་མ་འཕྲད་པའི་དཔེ་ཁྲིད་ཡིག་རྣམས་སུ་གསལ་བ་བཞིན་དང་། གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི། མི་དང་དུད་འགྲོ་ཉིན་མཚན་གྱི་སྐར་མས་ཕྱེ་བའི་དེ་སྙེད་ཡི་དྭགས་དང་དམྱལ་བ་རྣམས་ལ་རིམ་པས་སྦྱར་བས་ཤེས་པར་ཡང་འགྱུར་ལ། དེའི་ཕྱིར་ན་དལ་བའི་གྲུ་ཆེན་དེ། ལུས་རྟེན་འདི་སྲོག་དབང་གིས་འཛིན་པ་མ་བཏང་བའི་དུས་འདིར། འཁོར་བ་སྡུག་བསྔལ་གྱི་ཆུ་གཏེར་ཆེན་པོའི་ཕ་མཐའ་མ་བརྒལ་ན། མདོ་སྔགས་ཀྱི་ཆོས་ལམ་མགྲོན་པོས་དོན་གཉེར་བ་ལྟ་བུ་མང་དུ་འབྱུང་ཞིང་། ཆུའི་ཕར་ཁར་བགྲོད་འདོད་པས་སྐབས་བཙལ་བའི་དོན་མ་བསྒྲུབས་ན། མཉན་པ་འབྲས་མེད་བགྱིད་པ་ལ་ཕྱོགས་པ་ཡིན་པས་འདུ་འཛི་དང་། ལེ་ལོ་སྤངས་ནས་ཆོས་ལ་བརྩོན་པ་བསྐྱེད་དགོས་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་དང་པོའི་བསྡུས་འགྲེལ་ལོ།

ལེའུ་གཉིས་པ།

༈ སྲིད་པ་བརྟན་གཡོ་སྟེ་ཕྱི་སྣོད་འཇིག་རྟེན་དང་ནང་བཅུད་སེམས་ཅན་གཉིས་ཡིན་ལ། དེ་ཉིད་ཆགས་པ་ལ་བར་བསྐལ་ཉི་ཤུ་སྟེ། མི་རྣམས་ཚེ་ལོ་གྲངས་མེད་པ་ནས་རིམ་གྱིས་ཕྲི་སྟེ་ཚེ་ལོ་བཅུ་པ་ལ་ཐུག་གི་བར་དུ་འགྲིབ་ཅིང་། དེ་ནས་ཡར་ཡར་འཕེལ་ཏེ། བརྒྱད་ཁྲི་ལ་རྒྱལ་བ་བྱམས་པ་འཇིག་རྟེན་དུ་བྱོན་པར་བཤད་ཅིང་། དེ་བཞིན་དུ་མར་ཕྲིས་ནས་ཚེ་ལོ་བཅུ་བ་ལ་ཐུག་པ་དང་། དེ་ལྟར་གྱི་ཡར་འཕེལ་མར་འགྲིབ་བཅོོ་བརྒྱད་ལ་བར་ཁུག་བཅོ་བརྒྱད་དང་། བཅོ་བརྒྱད་རྗེས་མའི་སྐབས་ཚེ་ལོ་གྲངས་མེད་པའི་བར་དུ་འཕེལ་ཚེ་སངས་རྒྱས་མོས་པ་འཇིག་རྟེན་དུ་བྱོན་ནས་སྐུ་ཚེ་དང་བསྟན་པ་འགྲོ་དོན་རྣམས་སངས་རྒྱས་སྟོང་དང་མཉམ་པར་བཤད་པ་ཡོད་དོ། །མདོར་ན་བར་ཁུག་བཅོ་བརྒྱད་ཀྱི་གོང་དུ་ཚེ་ལོ་གྲངས་མེད་པ་ནས་བཅུ་པར་ཐུག་གི་བར་ལ་ཡ་ཐོག་རིང་མོ་དང་། བར་ཁུག་བཅོ་བརྒྱད་ཀྱི་རྗེས་སུ་ཡང་ཚེ་ལོ་གྲངས་མེད་པ་ནས་བཅུ་པ་ལ་ཐུག་གི་བར་ལ་མ་ཐོག་རིང་མོ་ཞེས་སུ་གྲགས་ཤིང་། ཡ་ཐོག་མ་ཐོག་གཉིས་དང་ཁུག་པ་བཅོ་བརྒྱད་བསྡམས་པ་ལ་བར་བསྐལ་ཉི་ཤུ་ཞེས་སུ་གྲགས་ལ། དེ་ལྟར་ཆགས་པ་དང་། གནས་པ་དང་འཇིག་པ་སྟོང་པ་བཞིའི་སོ་སོར་བར་བསྐལ་ཉི་ཤུ་རེ་བྱས་པའི་བར་བསྐལ་བརྒྱད་ཅུ་པོར་བསྐལ་པ་ཆེན་པོ་གཅིག་ཅེས་ངོ་བོས་བསྐལ་བས་ཚད་ཙམ་དུ་བཏགས་པ་ཡང་འཇིག་པ་ལ་བརྟེན་པའི་མིང་གི་སྨྲ་ཕབ་པའི་སྐྱོན་གྱིས། ཆད་པ་བཅོད་ལ་མེ་བདུན་ཆུ་གཅིག་འོང་ཞེས་ད་ལྟའི་ཉི་མ་འདི་ལ་གཞན་དྲུག་འཁོར་དུ་འོང་བ་དང་། འདི་གཅིག་པོ་ཉི་མ་བདུན་གྱི་ཚ་ཁྱད་ཡོད་པ་གཉིས་སུ་གསུང་ཡོད་པས། གང་ལྟར་ཡང་ཉི་མའི་དཀྱིལ་འཁོར་མེ་དཔུང་ཆེན་པོ་བཟོད་པར་དཀའ་བའི་དབལ་གྱིས་འཇིག་རྟེན་གྱིས་ཁམས་འདིའི་ས་དང་ཆུ་ལས་གྱུར་པའི་དངོས་པོར་གྱུར་ཚད་ལྷག་མ་མ་ལུས་པར་བསྲེགས་ནས་ཏིལ་འབྲུ་ཙམ་ཡང་མེད་པར་བྱེད་པའོ། །དེ་འཕྲལ་སྟེང་འོག་གི་ཆུའི་དཀྱིལ་འཁོར་ཆེན་པོ་རབ་ཏུ་འཁྲུགས་ཤིང་གཡོས་ནས། མེས་ཚིག་པའི་ལྷག་མ་ཐལ་བ་སོགས་ལན་ཚྭ་ཆུ་ལ་ཐིམ་པ་བཞིན་མེད་པར་བྱེད་པའོ་དེ་རྗེས་འོག་གཞི་རླུང་རྡོ་རྗེ་རྒྱ་གྲམ་ལངས་ཤིང་འཁྲུགས་ནས་འབྱུང་བའི་ལྷག་མ་རྡུལ་ཕྲ་རབ་ཙམ་ཡང་མེད་པར་གཏོར་ནས་འཇིག་རྟེན་གྱི་ཁམས་ནམ་མཁའ་སྟོང་པ་གཅིག་གི་རང་བཞིན་དུ་གྱུར་པའོ། །དེ་ལྟར་སྤྱིར་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་སེམས་ཅན་མི་རྟག་པའི་ཚུལ་མདོར་བསྟན་པ་ནི། ཁྱད་པར་ལྷ་མིའི་སྟོན་པ་ཞེས་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ་སོགས་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་པོ་དེ་དག་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཡིན་པའི་རྡོ་རྗེའི་སྐུ་མཆོག་ཏུ་གྲུབ་ཀྱང་རྟག་པར་ལྟ་བ་སུན་འབྱིན་ཕྱིར་སྐུ་མྱ་ངན་ལས་མི་འདའ་བ་ལ་གཟིགས་པ་ཡོལ་བ་ནི། ཞེས་མི་རྟག་པ་སྟོན་ཕྱིར་གཞོམ་གཞིག་དང་བྲལ་བའི་སྲི་ཞུ་ལྷོད་པར་གྱུར་ནས་ཞི་བའི་དབྱིངས་ལ་སྟེ་ལོངས་སྐུ་དང་ཆོས་སྐུའི་ཞིང་དུ་དགྱེས་པའི་མངོན་རྟོགས་ངོམ་བཞིན་བཞུགས་པའོ། །བསམ་གཏན་གྲུབ་ནས་ཞེས་པ་ཡང་གཟུགས་ཁམས་གནས་རིགས་བཅུ་བདུན་པོ་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའི་འབྲས་བུ་གཙང་རིས་ལྔ་སོགས་བསྐྲུན་པ་ཡིན་ཕྱིར་བསྐལ་པ་བརྒྱད་ཁྲིའི་བར་དུ་གནས་པ་མང་ཞིང་། དེ་སྲིད་དུ་འཚོ་བའི་ཁུར་ཐོབ་ཀྱང་དེར་སྐྱེ་བའི་རྒྱུ་ཟད་ཚེ་དགེ་འབྲས་དེ་དོན་མེད་པར་གྱུར་ཏེ་རང་རང་སོ་སོ་འཆི་བར་གྱུར་པ་དེ་མཐོང་ནས། ལྷ་གཞན་ཚངས་པ་དང་། དབང་པོ་དང་། བདེ་འབྱུང་དང་། མིའི་རྒྱལ་པོ་འཁོར་ལོར་བསྒྱུར་བ་རྣམས་སྡུག་བསྔལ་བཟོད་བརླག་མེད་ཀྱང་། འཆི་བདག་བདུད་ལས་བྲོས་ཤིང་གཟུར་བའི་ཐབས་མི་བསམས་ཤིང་དབང་མེད་དུ་འཆི་དགོས་སོ། །ཁྱད་པར་མིའི་འགྲོ་བ་རྣམས་ནི་མཐོ་རིས་སྨན་ལྗོངས་ཏེ། སྨན་ཤིང་དང་མེ་ཏོག་སྣ་ཚོགས་ཀྱིས་གང་བའི་ས་ཕྱོགས་ཉམས་དགའ་བར་རི་དྭགས་ཀྱི་ཁྱུ་བདེ་བར་འཚོ་བ་ལྟ་བུའི་འཁྲིགས་པའི་སྐྱེས་བུ་རྣམས་ཀྱི་ཚེ་སྲོག་དབང་མེད་དུ་འཕྲོག་པར་ཡིད་ལ་ཡང་ནས་ཡང་དུ་བགྱིད་ཅིང་སྐབས་བཙལ་བའི་རྔོན་པ་ལག་ན་བེ་ཅོན་ཅན་གཤིན་རྗེའི་ཕོ་ཉ་སྟེ། དོན་གཉེར་སྔོན་མ་གཅིག་པུ་ཉིད་ལས་གཞན་གང་ཡང་མི་སེམས་སོགས། རྒྱུ་དཀར་ནག་སོགས་ཡུལ་དྲོད་ཀྱི་སོས་ཀའི་ཚ་བའི་བར་དུ་གདུང་རབ་གྱུར་བའི་ཚེ་སྐྱེ་བོ་དག་རྣམས་ནི་སྟོན་ཟླ་གསལ་བའི་འོད་ལ་དགའ་བར་གྱུར་ནས། དེ་ལ་ཡིད་སྨོན་བྱེད་པ་རྨོངས་པ་ཡིན་ཏེ། ཉིན་ཞག་བརྒྱ་ཡིས་རང་གི་ཚེ་ཐལ་བའི་སྐྱོན་དུ་གྱུར་པ་མི་ཤེས་ཤིང་། དེ་ལྟའི་གནས་ལ་སེམས་ནས་ཅུང་ཟད་ཀྱང་སྐྲག་པར་གྱུར་པ་མེད་འདི་ནི་བླུན་པོའི་མངོན་རྟོགས་གོ། སྐྱེས་བུའི་ལག་པའི་རྩོལ་བས་བྱས་པའི་རིགས་ལ་ཉག་ཕྲན་གྱིས་མདའ་མྱུར་ཡང་། དེ་བས་ས་ལ་རྒྱུ་པའི་ཡི་དྭགས་དེ་བྱིང་གནས་རྣམས་དང་། དེ་བས་མཁའ་ལ་རྒྱུ་བ་རྣམས་མགྱོགས་ཤིང་། དེ་བས་ཉི་ཟླ་དང་ལྷ་དང་། དེ་དག་ཀུན་ལས་ཀྱང་མགྱོགས་པ་མིའི་ཚེ་འགྲོ་བ་ཡིན་ཞེས་གསུངས་པའོ། །མི་རྣམས་དར་ལ་བབ་པ་དག་ཀྱང་རྒ་བའི་ཆད་པས་འཚེ་བ་དང་། རླུང་མཁྲིས་བད་ཀུན་འདུ་བ་རྣམ་པ་བཞི་པོ་རྣལ་མར་གནས་པ་སྟེ་ཆ་སྙོམས་དུས་ནད་ཉུང་ཡང་དེ་བཞི་པོ་འཁྲུགས་པར་གྱུར་ཚེ་ན་བས་དཀྲུག་ཤིང་། འཇིག་རྟེན་གྱི་འབྱོར་བ་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པ་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་གྱིས་མངོན་པར་མཐོ་བ་ཕལ་མོ་ཆེ་ཡང་རྒུད་པར་འགྱུར་བས་འཇོམས་ཤིང་དུས་ལ་བབས་སམ་མ་བབ་ཀྱང་རུང་སྟེ་འཆི་བའི་སྲོག་ལ་རྒོལ་བ་ཤོལ་འགྱངས་མེད་པར་མྱུར་པོར་འོང་ཞིང་། གང་ཚེ་སྟེ་དེའི་ཚེ་གཤིན་རྗེའི་གཡུལ་ངོར་ཕམ་ནས་འཆི་བ་ལ་བབས་པ་དེ་ཉིད་སྐྱབས་མགོན་དང་དཔུང་གཉེན་བྲལ་བའི་གཡང་སར་རྒྱུག་པ་ལས་དབང་གིས་སྲིད་པ་བར་དོར་འཁྱམས་དགོས་པའོ། །སྐབས་དེར་འཚོ་བའི་མདངས་དང་དབང་པོའི་རྣམ་པར་སྤངས་ནས་མིག་གི་གཟུགས་དང་། རྣ་བས་སྒྲ་ སྣས་དྲི་ ལྕེས་རོ་ ལུས་ཀྱིས་རེག་བྱ་མི་འཛིན་པས་རྣམ་པར་སྤངས་ཞེས་པའོ། །དེ་ཡང་སྨན་གྱིས་ཕན་མ་ཐོགས་པ་དང་། སྨན་པ་དང་རིམ་གྲོ་གཞན་དག་ཀྱང་ཁ་སྐྱངས་ནས་དེ་ལ་འབྲོས་པ་ལྟ་བུ་ལས་གཞན་ཐབས་ཡང་བསམ་དུ་མེད་དེ། སྔ་མ་ལག་པའི་ལས་ཀ་དང་རྐང་པས་འགྲུལ་བགྲོད་སོགས་བྱེད་དུ་ཡོད་ཀྱང་སྐབས་འདིར་སྐྱོད་ལ་དལ་བ་ཐོབ་པའི་ཡན་ལག་རྣམས་དང་དབུགས་ནི་རང་དབང་མེད་པར་མཐུ་ཡིས་གཡོབ་ཅིང་ངར་བར་བྱེད་དུས་ཉེ་དུ་འབྲེལ་བས་མལ་མཐའ་བསྐོར་ཞིང་སྡུག་བསྔལ་གྱིས་གདུང་ན་ཡང་མི་འཆི་བའི་བཤོལ་འདེབས་ཀྱི་ལྕགས་ཀྱུས་བཟུང་ནས་སྡོད་པའི་བརྟན་པ་བྲལ་བར་འགྱུར་བའོ། །དེའི་དབུགས་ཀྱི་འགྱུ་བ་རྟ་རྔའི་རྩེ་ལྟ་བུ་དེ་འཆི་བདག་གི་དགྲ་སྟ་རྣོན་པོས་གཟས་པའི་བཀས་པར་གྱུར་པས་གསོན་པོའི་དུས་ལྟར་མ་ཡིན་པས་མཛེས་པ་སྤངས་པའི་སོ་ཞོ་ངོམ་པ་བཞིན་དུ་ལས་དབང་གི་དགེ་སྡིག་གང་ཡོད་ལྟར་སྲིད་པའི་མུན་ནག་སྟུག་པོར་འཇུག་དགོས་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་གཉིས་པའི་བསྡུས་འབྲེལ་ལོ།

ལེའུ་གསུམ་པ།

༈ དེ་ལྟར་འཇིག་རྟེན་ཕ་རོལ་ཏུ་སོན་པ་རྣམས་ནི། ལས་དཀར་ནག་གི་དབང་གིས་འགྲོ་བ་རིགས་དྲུག་པོའི་གོ་འཕང་གང་གིས་ཐ་གུས་འདོགས་པའི་ཚུལ་ཡང་། ཚེ་འདི་དགེ་བར་སྤྱད་པ་དང་སྡིག་པ་བྱས་པ་ལ་གོམས་ཤུགས་ཆེ་ཆུང་ཁོ་ནས་ཉེ་བར་ལེན་པ་སྟེ། ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་གི་བདེན་པ་བསླུ་བ་མེད་པ་ཡིན་ཞེས་རྒྱལ་བ་རྣམས་ཀྱིས་གསུངས་པའོ། །གང་ཞིག་ས་བོན་རྣམ་པ་སྣ་ཚོགས་མཐུ། ཞིང་པ་རྣམས་ཀྱིས་ཐོག་ལ་གསལ་བ་བཞིན། ཡིན་ལ། སྐྱེ་བ་གཞན་ཞེས་ཐོག་མའི་དུས་ནས་ད་ལྟའི་བར་དུ་དགེ་སྡིག་གང་ལ་འདྲིས་ཤིང་གོམས་པར་བྱས་པའི་ལས་བསགས་ཚུལ་མང་པོས་འགྲོ་བའི་གནས་རིགས་མཐོ་དམན་འདི་དག་སྣ་ཚོགས་བྱས་པའོ། །ས་བླ་མཐོན་པོ་སྟེ་ནམ་མཁར་གཤེགས་པའི་མཁའ་ལྡིང་ནི་བྱ་རིགས་ཕལ་མོ་ཆེ་ཡིན་ཞིང་། དེ་དག་གི་གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ན་ཡང་། གཟུགས་ཅན་གྱི་བྱ་དེ་ཉིད་དང་གྲིབ་མ་འདུ་འབྲལ་སྤངས་པ་བཞིན་དུ་ཚོགས་ཤིང་དུས་ལ་བབས་པ་ཞེས་བྱ་སར་བབས་ཚེ་གྲིབ་མ་ལྷག་པར་མངོན་པ་ལྟ་བུའོ། །བསོད་ནམས་མ་ཡིན་བྱ་བ་རྟ་གདོང་མེས། ལྷ་མི་གཉིས་སུ་སྐྱེ་བའི་རྒྱུ་བསོད་ནམས་ཆ་མཐུན་གྱི་དགེ་རྩ་མཐོ་རིས་རྒྱ་མཚོའི་རླབས་ཀྱང་སྐེམ་པར་ནུས་ཤིིང་། དེ་མ་ཟད་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པའི་རྟེན་མི་ལུས་རིན་པོ་ཆེ་ནི་གྲུ་གཟིངས་ལྟ་བུ་སྟེ། དེ་ཉིད་བཤིག་པར་བྱེད་པའི་དཔེ་དང་དོན་ནི། མདོ་སྡེ་ལས་བརྒྱ་བ་དང་རྒྱ་ཆེར་རོ་ལ་པ་ལས་བསྟན་པ་བཞིན་ནོ། མི་དགེ་བའི་རྒྱུས་འཕངས་པའི་འགྲོ་བ་གང་ཞིག་མནར་བ་ལ་ཤིན་ཏུ་དཔའ་ཞིང་བརྟུལ་ཕོད་པའི་ངན་སོང་གི་འཇིགས་པས། དགེ་བ་བཅུའི་དཔུང་པ་གོ་ཆ་བཙན་པའི་དཔའ་བོ་གནས་པའི་ཡུལ་དུ་གཡུལ་གྱི་ཕྲུ་མས་བཏབ་པ་སྟེ་ངན་སོང་གི་དམག་སྒར་བཏབ་པ་མ་མཆིས་ཏེ། དམ་བཅའ་ཉམས་པ་མཐའ་དག་ནི་སྡོམ་པ་གསུམ་དང་འགལ་བའི་ལས་བགྱིས་པ་རྣམས་ནི་ཁྱོད་ཀྱི་དབང་དུ་སོང་བ་ཡིན་ཞེས་སུན་འབྱིན་པ་དང་བཅས་པའོ། །དེ་ལས་སྲུང་སྡོམ་གྱི་རིགས་སྤྱི་ལ་བླང་དོར་འཛོལ་ནས་ལ་ལས་ཚུལ་ཁྲིམས་དང་གཞན་གནོད་རྒྱུ་དང་བཅས་པ་སྒྲུབ་མཁན་རྣམས་དང་། ལ་ལས་ཚེ་དང་སྲོག་གཏོང་ཞིང་། བཅས་རང་གི་སྡོམ་པ་ལ། ལ་ལས་དཀའ་ཐུབ་དང་ཡུལ་ཁམས་དཀྲུགས་པའི་རྒྱུ་རྐྱེན་སོགས་མི་དགེ་བའི་ཚོགས་མང་དུ་བསྒྲུབ་བ་དང་། ལ་ལས་ཆོས་བསྒྲུབ་རྒྱུ་བཤོལ་བ་དང་། ལ་ལས་ནོར་རྫས་བརླག་རྒྱུ་དང་། ལ་ལས་རང་ངོ་ལ་ལྟོས་པའི་ངོ་ཚ་དང་། ལ་ལས་གཞན་ངོ་ལ་ལྟོས་པའི་ཁྲེལ་ཡོད་རྣམས་ལ་བག་མི་ཚ་བར་སྡོམ་པ་གཏོང་རྐྱེན་སོགས་ཅང་མི་སེམས་པར། བསྲུང་སྡོམ་ཕལ་ཆེར་སྡིག་པའི་ཆེད་དུ་གཏོང་བ་ཤིན་ཏུ་མང་ངོ་། གང་གི་ཕྱིར་ན་རང་ཉིད་ཀྱི་བླ་མཆོད་སོགས་ཡོན་གནས་དང་ཉེ་དུ་འཁོར་འབངས་སོགས་དང་། བླ་དཔོན་ཆེ་ཀ་རྣམས་ཀྱི་ཡུལ་ཁམས་སོགས་བསྲུང་བའི་སླད་དུ་སྟོབས་ཆེན་གྱི་སྡིག་པའི་དཔེ་གཉིས་འཐུང་སྟེ་གླང་ཆེན་སྨྱོན་པ་སྣ་རྩེར་མཚོན་འཁོར་དཀྲིས་པ་བཏང་ནའང་། དེ་ཉིད་ཀྱི་བྱེད་པོ་གང་ཡིན་པ་དེ་མ་གཏོགས་རྣམ་སྨིན་གྱི་འབྲས་བུ་བགོ་བཤའ་བྱ་རྒྱུ་མེད་པ་ཡིན་ནོ། །ལུགས་ཟུང་གང་ཐད་ནས་ནོར་རྫས་སོགས་རྙེད་པ་ལ་བརྐམ་པ་སྟེ་ཆགས་ཞེན་ཆེ་ཞིང་རང་ཉིད་ཁོ་ན་བདེ་བའི་ཐབས་འབའ་ཞིག་ལ་སྲེད་པ་དང་། དེ་བཞིན་དུ་རང་གཞན་སུས་ཐད་ནས་སྙན་པའི་གཏམ་གྱི་རྣམ་པ་ཐོས་ན་ལྷུར་ལེན་ཞིང་བསྟོད་སྔགས་བརྗོད་པ་ཐོས་ན་ང་རྒྱལ་གྱི་སྣོན་པར་སོང་ནས་ཁེངས་པར་གྱུར་ལ། གང་ལས་ཞེས་སྔོན་མ་བཞི་པོའི་ལྡོག་ཕྱོགས་ཅིག་ཤོས་བཞི་ནི། མ་རྙེད་པ་དང་། མི་བདེ་བ་དང་། མི་སྙན་པ་དང་། སྨད་པ་སོགས་བཞི་ཡིས་སྨ་ཕབ་པའི་ཆོས་མིན་ཆོས་སུ་བརྫུས་པའི་བྱིས་པ་འདི་དག་འཇིག་རྟེན་ཆོས་བརྒྱད་ཀྱིས་བསླུས་སོ། །ཞེས་པའོ། རིགས་དང་གཟུགས་དང་དབང་ཐང་ལང་ཚོ་ཐོས་པས་རྒྱགས་པ་ལ་སོགས་ཕུན་སུམ་ཚོགས་པ་ལ་ཁེངས་སེམས་ཀྱི་དབང་གིས་རང་ཉིད་མགོ་འཕང་བསྟོད་ཅིང་། དགེ་བསྒྲུབ་སྡིག་སྤངས་ལ་སོགས་མི་བརྩོན་པར་སྙོམ་ལས་ཀྱིས་དུས་འདའ་བ་དཔེར་ན་མི་འཕྱེ་བོའི་ཞེས་མི་རྐང་པ་ཞ་བ་ཞིག་རང་གཞན་སུས་ཀྱང་ལས་ཀ་ལ་བཀོལ་འོས་སུ་མ་གྱུར་པ་བཞིན་སྐྱོན་གྱིས་ཕག་ཏུ་ཡིབས་པ་དང་། མངོན་པའི་ང་རྒྱལ་ནི་གཞན་གྱིས་མཐོང་ཐོས་ཡོད་པའི་ཁེངས་སེམས་མ་རུང་སློང་བ་རྣམས་ནི་དཀའ་ཐུབ་སྟེ་སྡོམ་པ་གསུམ་གའི་དཔལ་ཡོན་ལ་སྡང་བའི་སྲིན་པོར་གྱུར་པ་ནི་ཆགས་སྡང་ཡིན་ན་དེའི་རྒྱུ་རྐྱེན་དུ་གྱུར་པའོ། །བསྐམ་ཞེས་གཞན་གྱིས་ནོར་རྫས་ལ་བརྣབས་སེམས་དང་། ཆགས་སེམས་ཀྱིས་རང་གི་ཡོ་བྱད་ལ་སེར་སྣ་ཆེ་བའི་ནུས་པ་བརྟན་པོ་དེ་ཡིས་མཆོད་སྦྱིན་འགོགས་པ་སོགས་འཇུངས་སེམས་ཀྱི་ཟིལ་གྱིས་གནོན་པའི་གཡོ་སྒྱུའི་འཁྲི་ཤིང་གིས་གཞན་དག་མགོ་རྨོངས་པར་བྱས་ནས་བདག་ཉིད་བསྲུང་བའི་ཐབས་ལ་མཁས་ནའང་། ཐར་པ་དང་རྣམ་མཁྱེན་གྱི་ལམ་འགོགས་པའི་གནོད་ཆེན་དེ་ནི་རང་གི་ཁོངས་སུ་ཞུགས་པའོ། །འཁོར་བར་འདུ་བྱེད་དཀར་ནག་ལས་འབྲས་གཉིས་ཏེ། ས་བོན་ཉུང་ངུ་ལས་ཀྱང་འབྲས་བུར་སྨིན་པའི་གཟུགས་སྦོམ་པོར་བསྐྱེད་པ་ལ། མི་དབང་ང་ལས་ནུའམ། སྤྱི་བོར་སྐྱེས་པ་དེ་སྔོན་བྱིས་པ་ཞིག་ཏུ་གྱུར་ཚེ། སངས་རྒྱས་རྣམ་གཟིགས་ལ་སྲན་མ་སྤར་གང་གཏོར་བས་རྡོག་པོ་བདུན་ལྷུང་བཟེད་དུ་ཆགས་པའི་ལས་ཀྱིས་གསེར་གྱི་འཁོར་ལོས་བསྒྱུར་རྒྱལ་དུ་གྱུར་པ་བཞིན་ནོ། །གང་ཞིག་ས་བོན་ཡུངས་འབྲུ་ཙམ་པའི་ཤིང་ནི། ཨ་ཤོ་ཏ་ཡི་འབྲས་བུ་སྟེ་དེ་ཉིད་སར་བཙུགས་ནས་ལོ་དུས་སུ་འདས་ན་ཡལ་ག་རེ་ལའང་དཔག་ཚད་ཙམ་འཕེལ་བས་ན་དེ་ལས་ཀྱང་དགེ་སྡིག་གི་གཟུགས་བརྙན་འཕེལ་བའི་དཔེར་མི་ཕོད་དོ། དགེ་སྡིག་གང་ལའང་བྱེད་པ་མ་མཆིས་བཞིན་དུ་རང་བཞིན་མིན་གྱི་བདེ་སྡུག་སྲིད་པ་ཡིན་ཏེ། བསམ་པ་དཀར་ནག་གི་ཚོས་ཀྱིས་བཙོས་པའི་ཀུན་སློང་སྣ་ཚོགས་ཤིག །འཕྲལ་དུ་ལས་དགེ་སྡིག་གང་ཡིན་ལྟར་དང་ཕུགས་སུ་དེའི་འབྲས་བུ་མཐུ་ཆེན་པོར་བྱས་ཞེས་པའོ། །སྡིག་པ་བྱས་པའི་སྔོན་དུ་ཞེ་སྡང་དང་ཁོང་ཁྲོའི་སེམས་དང་བཅས་ཏེ། སྲོག་གཅོད་ལ་སྦྱོར་བ་དང་། རྗེས་སུ་སྡིག་པ་བྱས་པ་ལ་འགྱོད་པ་མེད་པའི་ཐོག་ཏུ་དགའ་བར་གྱུར་པ་སྟེ་སྔོན་རྗེས་གཉིས་པོ་དང་མི་ལྡན་ན་ནུས་པ་ཆུང་ཞིང་། རྩ་བ་ཕན་བྱེད་ཀྱི་སྨན་དུ་མཆིས་ན་མྱུ་གུ་ཡང་སྨན་ཡིན་ལ། རྩ་བ་དུག་ཡིན་ན་མྱུ་གུའང་དུག་ཡིན་པར་སྨོས་ཅི་དགོས། དེའི་དོན་ཡང་བསམ་པ་དགེ་དང་མི་དགའི་འཕེན་བྱེད་ལས། དགེ་སྡིག་གང་ཡིན་ཀྱང་གཟུགས་བརྙན་ཆེ་ཆུང་གི་རྗེས་སུ་མི་འགྲོ་སྟེ། དགེ་བ་དམ་པ་གསུམ་གྱིས་ཟིན་མིན་གྱི་ཁྱད་ཤེས་དགོས་པའི་ཕྱིར་དང་། འདི་ལྟར་སྡིག་པ་བྱེད་པ་ལ་རྟག་པའི་སེམས་དང་། མདོན་པར་ཞེན་ནས་ཡིད་ལ་བཅགས་པ་དང་འགྱོད་སེམས་ཀྱི་གཉེན་པོ་མེད་པ་དང་། ཡོ༷ན༷་ཏན༷་ག༷ཙོ་ལྡ༷ན་ནི་བླ་མ་དང་མཁན་པོ་བྱང་ཆུབ་སེམས་དཔའ་གཙོ་བོར་གྱུར་པ་ལ་བརྟེན་པའི་སྡིག་པ་དང་གཞི་ལས་བྱུང་བ་ཕ་མ་དང་དྲིན་ཆེན་རྣམས་ལ་ལོག་སྦྱོར་བྱས་པས་ལས་རྣམ་པ་ལྔ་པོ་དེ་དག་ལ་བརྟེན་པའི་དགེ་བ་ཡིན་ན་སྟོབས་ཆེ་ཞིང་སྡིག་པ་ལྕི་ལ་དེ་ལྟར་མ་ཡིན་པ་གཞན་དག་ཅུང་ཟད་ཡང་པ་དག་གི། ཉེ་བར་ལེན་པའི་རྣམ་རིག་ལེགས་པར་གསུངས་པའོ། །འཁོར་བ་ཀུན་གྱི་རྟེན་ཡུལ་བྱེད་པ་ཀུན་གཞི་དགེ་སྡིག་གང་དུ་ལུང་མ་བསྟན་པ་གཏི་མུག་གི་ས་པ་དེ་དང་། དེ་ལས་ཕྱི་རོལ་གྱི་ཆགས་སྡང་སོགས་ནང་དུ་འཛིན་བྱེད་ཀྱི་ཡིད་དང་། ཡུལ་ལྔའི་ཤེས་པ་ནི་དབང་པོའི་སྒོ་ལྔའི་ཤེས་པ་ལངས་པ་ཡིན་པ་ལས། དེ་རྣམས་ཀུན་ལ་ཁྱབ་བྱེད་ལྷན་སྐྱེས་དང་ཀུན་བརྟག་གི་མ་རིག་པའི་གདོན་ཆེན་གྱིས། འདོད་ཆགས་ཞེ་སྡང་གཏི་མུག་སྟེ་ཉོན་མོངས་པ་གསུམ་པོ་བདག་ཏུ་བཟུང་སྐྱོན་གྱི་འཁོར་བའི་གནས་རིགས་མཐོ་དམན་བྱས་པ་ཡིན་ནོ། །ཇི་ལྟར་ཡིན་ན་མེ་ནི་འབར་ཞིང་དངོས་རྫས་རྣམས་བསྲེག་པར་གྱུར་བ་དེའི་གཉེན་པོར་ཆས་པ་ནི་ཆུ་ལས་གཞན་གང་ཡང་མེད་པར་གྱུར་ན། སྐུ་གསུང་ཐུགས་རྟེན་ཟོང་དུ་བཙོང་པ་དང་། དཔང་དུ་བཙུགས་ནས་མནའ་ཟོས་པ་སོགས་ཀྱིས་དཀོན་མཆོག་གསུམ་པོ་བསླུས་ཤིང་སྤངས་པའི་ལས་ངན་སྡིག་ཆེན་དེ་ལ་སྡིག་པ་གང་གིས་ཀྱང་དོ་ཟླ་རྙེད་པ་མིན་ཞེས་པའོ། །དེ་ལས་གཞན་དུ་གྱུར་པའི་འགྲོ་བའི་ཀུན་རྟོགས་སྣ་ཚོགས་ལ་རང་བཞིན་དུ་འབྲེལ་པར་གྱུར་པའི་སེམས་དང་སེམས་བྱུང་གི་ལས་མཐའ་དག་མང་དུ་མཆིས་པའི་བློ་ཡིས་ཐུག་པ་མ་མཆིས་ཀྱང་། ལུས་དང་ངག་དང་ཡིད་ལ་རྟེན་དང་བརྟེན་པ་ཅན་ལྟར། སྤང་བར་བྱ་བའི་རྒྱུ་འབྲས་རྣམ་བ་བཅུར་གནས་པའི། ལུས་ཀྱི་གསུམ་པོ་ནི་སྲོག་གཅོད་པ་དང་། མ་བྱིན་བླང་བ་ལོག་པར་གཡེམ་པ་དང་གསུམ་ལས། དང་པོ་སྲོག་གཅོད་ནི། འདུ་ཤེས་མ་འཁྲུལ་བཞིན་དུ་མི་གཙོ་བོར་གྱུར་པའི་འགྲོ་བ་གཞན་གྱི་སྲོག་བསམ་བཞིན་གཅོད་པ་དང་། ཕྱོགས་མཐུན་དབྱུག་པ་སོགས་ཀྱིས་བརྡེག་པ་དང་བཙོག་པ་ལ་སོགས་འཚེ་བ་བགྱིད་པ་དང་། མ་བྱིན་བླང་བ་ནི་གཞན་ནོར་ཡིན་པར་ཤེས་བཞིན་དུ་བརྐུ་བ་དང་། ཕྱོགས་མཐུན་བྲེ་དང་སྲང་ལོག་པར་བཅོས་ཏེ་གཡོ་དང་སྒྱུ་ཡིས་ལེན་པའི་ཐབས་བྱས་པ་དང་། འདོད་ལོག་ནི་ཡུལ་འདི་ལས་གཞན་དུ་གྱུར་པའི་ཚོང་དུས་ཆེན་པོ་རྣམས་སུ་སྨད་འཚོང་མའི་རིགས་ལ་གླ་བརྔན་ཐོབ་པ་དག་ལ་དེ་མ་ཡིན་པའི་རེག་པ་སྤྲོད་པ་དང་། ཕྱོགས་མཐུན་བགྲོད་བྱ་མ་ཡིན་པར་འཁྲིགས་པའི་ཆོས་གཞན་ནི། མྱ་ངན་གྱིས་ནོན་པ་དང་། བང་མ་སངས་པ་དང་། ཟླ་མཚན་ཡོད་པ། སྨྱུངས་གནས་དང་བསྙེན་གནས་ལ་གནས་པ་དང་། མ་སྨིན་པའི་གཞོན་ནུ་མ་ལ་སོགས་པའོ། །ངག་གི་བཞི་ནི། ཕམ་པའི་རྫུན་དང་། རྫུན་ཆེན་པོ་དང་། ཆུང་ངུ་གང་ཡང་རུང་བ་སྨྲས་ནས་གཞན་དག་འཁྲུལ་དུ་བཅུག་པ་དང་། ཕྱོགས་མཐུན་གཡོ་སྒྱུས་འདུ་ཤེས་བསླད་ནས་གཞན་གྱི་སེམས་བསླུ་བ་ལ་ཞུགས་པ་དེ་དང་། ཕྲ་མ་ནི་ལུགས་ཟུང་གང་ཐད་ནས་མཛའ་ཞིང་མཐུན་ནམ་བཏང་སྙོམས་ལ་གནས་པ་རྣམས་དབྱེན་སྦྱོར་གྱིས་འདྲལ་བཅུག་པ་དང་། ཕྱོགས་མཐུན་དངོས་ཕྲ་སོགས་སྐྱོན་ཚིག་གཞན་ཟློས་མཁོན་དུ་འཆོས་པ་དང་། ངག་འཁྱལ་ནི། བྲེ་མོའི་གཏམ་སྟེ་ཀུ་རེ་རྩེད་མོ་སོགས་ལས་ཆགས་སྡང་བསྐྱེད་པ་དང་། ཕྱོགས་མཐུན་དམག་ཇག་དང་ཆོམ་རྐུན་སོགས་ཆོས་དང་འགལ་བའི་འབྲེལ་མེད་ཀྱི་གཏམ་སྨྲ་བ་དང་། ཚིག་རྩུབ་ནི་ཕ་རོལ་པོའི་ལྐོག་གྱུར་གྱི་སྐྱོན་མངོན་གྱུར་དུ་བརྗོད་ནས་སྙིང་ལ་འབིགས་པ་སྟེ་ཡིད་ཀྱི་ཚེར་མར་གྱུར་པ་ལྟ་བུ་དང་། ཕྱོགས་མཐུན་གཞན་དག་གང་ཡང་རུང་བའི་ཡིད་དབང་མི་བདེ་བའི་རྐྱེན་དང་སྤྲོད་ཐབས་བྱས་པའོ། །ཡིད་ཀྱི་གསུམ་ལས་དང་པོ་བརྣབ་སེམས་ནི། གཞན་མཆོག་དམན་གང་ཡང་རུང་བའི་ནོར་རྫས་སོགས་འབྱོར་བའི་དཔལ་ལ་རྔམས་ཤིང་ཁོ་རང་ལ་མི་ཐོབ་ཀྱང་ཐོབ་རློམ་གྱིས་བདག་གིར་བྱེད་པ་དང་ཕྱོགས་མཐུན་ཕ་རོལ་པོའི་ཟས་ནོར་ལོངས་སྤྱོད་སོགས་རྫས་དང་ཡོ་བྱད་ལ་བསྐམ་ཞིང་རོ་མྱང་བ་དང་། གནོད་སེམས་ནི་གཞན་ལ་བསམ་ངན་སྦྱོར་རྩུབ་ཀྱི་སྒོ་ནས་ཁོང་འཁྲུག་དང་འཚེ་བ་སློང་བ་དང་། ཕྱོགས་མཐུན་ཕན་པས་འབྲེལ་བ་ལ་འདུ་འབྲལ་བསྒོམ་ནས་དེའི་ཐབས་ལ་བརྩོན་པ་དང་། ལོག་ལྟ་ནི་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་སོགས་རྒྱུ་འབྲས་མེད་པར་འཛིན་པ་དང་། རྟག་ཆད་བལྟ་བ་དང་། ཕྱོགས་མཐུན་གནས་ལུགས་རྫོགས་པ་ཆེན་པོར་མེད་པ་ལ་སྒྲོ་འདོགས་པ་དང་། ཡོད་པ་ལ་སྐུར་བ་འདེབས་པའོ། །དེ་ལྟར་མི་དགེ་བ་བཅུ་པོ་ཀུན་ལ་འབྲས་བུ་བཞི་བཞིར་སྨིན་ཚུལ་ནི། རྣམ་སྨིན་རྒྱུ་མཐུན། དབང་དང་། བྱེད་པ་ལས། རྣམ་སྨིན་འབྲས་བུ་ཆོས་ལྔ་ལྡན་ནམ་མིན་ཞེས་པ། སྲོག་གཅོད་ལ་མཚོན་ན། གཞི་སེམས་ཅན་ཡིན་པར་ཤེས་པ་དང་། གསོད་སེམས་སྐྱེས་པ། བསད་ཐབས་བྱས་པ་བསད་པ། རྗེས་སུ་ཡི་རངས་སྟེ་ཆོས་ལྔ་ཚང་བའམ་མིན་ཀྱང་། ཀུན་སློང་གསུམ་གྱི་ཆུང་ངུས་ཏེ་གཏི་མུག་གིས་དུད་འགྲོ་དང་། འབྲིང་འདོད་ཆགས་ཀྱི་དབང་གིས་ཡི་དྭགས། ཆེན་པོ་ཞེས་ཞེ་སྡང་གིས་དམྱལ་བར་འཕེན་པ་དང་། རྒྱུ་མཐུན་གྱི་འབྲས་བུ་རྣམ་པ་གཉིས་སུ་གྲུབ་སྟེ། བྱེད་པ་རྒྱུ་མཐུན་གྱི་སྲོག་གཅོད་ལ་མཚོན་ན། གསོད་ལ་དགའ་བ་སོགས་བྱེད་ལས་མཐུན་པར་སྐྱེ་ཞིང་། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་མཐོ་རིས་མི་ལུས་ཐོབ་པར་གྱུར་ཡང་། རིམ་པ་བཞིན་དུ་མི་དགེ་བ་བཅུ་ལ་འབྲས་བུ་གཉིས་གཉིས་དང་ལྡན་ཏེ། འཚོ་བ་ཐུང་ལ་ནད་ཀྱང་རྣམ་གྲགས་མང་པོས་མནར་ཞིང་། ཡོ་བྱད་ཉུང་ཞིང་དགྲ་དང་ཐུན་མོང་ཅན་དང་། ཁྱིམ་ཐབས་མི་མཛེས་ཤིང་དགྲ་ཟླར་འབྲེལ་བ་དང་། ངན་བསྐུར་འདེབས་པའི་གདུང་ཞིང་གཞན་གྱིས་བསླུ་བ་དང་། མགོ་བསྐོར་མང་བ་དང་། འཁོར་གཡོག་ངན་ཞིང་འདུམ་པར་དཀའ་བ་དང་། ཚིག་ལ་འཆོལ་ནས་བཟུང་བར་མི་འོས་པ་དང་། གཞན་གྱིས་ཡིད་ཆེས་ཞན་པ་དང་། མི་སྙན་པ་མང་དུ་ཐོས་ཤིང་རང་གི་སྨྲ་བ་འཐབ་མོའི་ཚིག་ཏུ་འདྲུལ་བ། ཚིག་དོན་གང་ཡང་གཟུང་བར་མི་ནུས་ཤིང་ཁོ་རང་གི་ཚིག་ལའང་གཞན་དག་ཡིད་ཆེས་ཞན་པས་དོན་མེད་དུ་འགྱུར་བ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང་ཆོག་མི་ཤེས་པ་དང་། ཡིད་ལ་འདོད་པས་རབ་ཏུ་གདུང་བ་དང་། གནོད་པ་འདུ་ཞིང་ཕན་པ་འདྲལ་བ་དང་། རྟག་ཆད་སོགས་ལྟ་བ་ངན་པ་དང་གཡོ་སྒྱུས་སེམས་མི་གཟོ་བས་འཁྲུགས་པ་དང་བཅས་པའོ། །དབང་གི་འབྲས་བུའམ་བདག་པོའི་འབྲས་བུ་ནི། གང་དུ་སྐྱེ་བའི་ཡུལ་དང་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་འོང་སྟེ། སྲོག་གཅོད་ཀྱི་ལས་ལ་དགའ་ཞིང་སྡིག་ཏོའི་ཁུར་གྱིས་ནོན་པ་དེ་ཉིད་ས་ཕྱོགས་བག་ཆུང་ཞིང་སྨན་ཤིང་དང་མེ་ཏོག་ཉུང་ཞིང་། ལོ་འབྲས་དང་བཟའ་བཏུང་ལ་བཅུད་མེད་ཅིང་མཐུ་ཉམས་པས་འཇུ་དཀའ་ཞིང་ཉམས་མི་དགའ་བར་སྲོག་ལ་ཡ་ང་ཆེ་བའི་གནས་སུ་ཕྱིན་པར་འགྱུར་དགོས་པའོ། །མ་བྱིན་བླང་བའི་དབང་འབྲས་ནི། ཞིང་གི་ལོ་ཐོག་གི་མྱུ་གུ་རྣམས་འཇོམས་པར་སླ་ཞིང་བཟའ་ཤིང་ཡོད་ཀྱང་འབྲས་བུ་རྣམ་པར་སྨད་ཅིང་སད་ཀྱིས་གདུངས་ཤིང་སེར་བས་རྣམ་པར་འཐགས་པས་མུ་གེའི་སྡུག་བསྔལ་སྙིང་ལ་འཕོ་བར་སྐྱེ་བ་དང་། ལོག་པར་གཡེམ་པའི་དབང་འབྲས་ནི། གཤང་གཅིའི་འདམ་རྫབ་ཁྲོད་དུ་དྲི་ང་བའི་ཚོར་བ་རྩུབ་མོའི་དབུགས་མི་འབྱིན་པའི་སར་མི་གཙང་བའི་ལྗན་ལྗིན་དོག་ཅིང་ཉམས་མི་དགའ་བའི་ཡུལ་དུ་སྐྱེ་བའི་འཁྲི་ཤིང་དབང་མེད་དུ་འཛུགས་དགོས་པའོ། །རྫུན་གྱིས་འབྱོར་བ་གཡོ་ཞིང་མི་བརྟན་པ་དང་ཡུལ་དགྲ་ཟླ་ལྟ་བུ་མི་མཐུན་པ་ཁོ་ན་དང་འཕྲད་པ་དང་། གཞན་གྱིས་བསླུ་བ་མང་བ་དང་། འཇིགས་པ་སྣ་ཚོགས་ཀྱིས་རྟབས་ཤིང་སྐྲགས་པའོ། །ཕྲ་མས་ས་ཕྱོགས་ངམ་འགྲོགས་གཅོང་རོང་ཆེ་ཞིང་གདུག་པ་ཅན་དང་། བགྲོད་པར་དཀའ་བའི་ཡུལ་མཐོ་དམན་ཅན་གྱི་ཡུལ་ལ་གནས་དགོས་སོ། །བརྗོད་པ་རྩུབ་མོའི་རྡོ་གསེག་མང་བ་དང་ཚེར་མ་ཅན་དང་། སྡོང་དུམ་འབྲས་ངན་རྩུབ་པ་དང་ཉམས་མི་བདེ་བ་དང་། ཚྭ་སྒོ་ཅན་དང་རྡུལ་མང་བ་ཉལ་ཉིལ་གྱི་ཁྲོད་དུ་སྐྱེ་ཞིང་ཡིད་མི་བདེ་བའི་ཚོར་བ་ཉམས་སུ་མྱོང་བའོ། །ངག་འཁྱལ་ལམ་ཀྱལ་ཀས་སོ་ནམས་ལ་བརྩོན་པ་དང་ངལ་བ་དང་དུབ་པའི་ལས་ཅི་ཙམ་བྱས་ཀྱང་དེའི་འབྲས་བུ་མེད་ཅིང་ཚ་གྲང་གོ་ལྡོག་པ་ལྟ་བུའི་དུས་ཀྱི་རྗེས་སུ་མི་འགྲོ་ཞིང་མི་བརྟན་པར་འགྱུར་བའོ། །བརྣབ་སེམས་ཀྱིས་སྤུན་པ་དང་འབྲས་བུ་གོ་ལྡོག་ཅིང་གནས་དང་དུས་འཕོ་འགྱུར་ལྟ་བུའི་གདུག་པའི་བསམ་སྦྱོར་གྱིས་སྐབས་བཙལ་མཐོང་བར་སྐྱེ་བའོ། །གནོད་སེམས་ཀྱིས་སྡིག་སྤྱོད་ཀྱི་རྒྱལ་པོ་དང་འབྲེལ་ཞིང་། དེར་ཡང་ཆོམ་རྐུན་དང་སྦྲུལ་གདུག་དང་མི་རྒོད་གཅན་གཟན་རྩུབ་སྤྱོད་ཅན་མ་རུང་པའི་འཚེ་བ་མང་ཞིང་ལོ་ཏོག་དང་འབྲས་བུའི་རོ་ཡང་ཚ་ཞིང་ཁ་བ་སོགས་རང་བཞིན་གྱིས་གནོད་པས་བཀབ་པའི་ཡུལ་དུ་སྐྱེ་བའོ། །ལོག་པར་ལྟ་བས་རིན་པོ་ཆེ་སོགས་ཕུན་ཚོགས་ཀྱིས་འབྱོར་བས་ཀུན་ནས་སྤོང་ཞིང་དབུལ་བ་དང་སྨན་ཤིང་གི་འབྲས་བུ་ཉུང་བ་དང་མེ་ཏོག་འབྲས་བུ་དག་ཀྱང་ནུས་པ་ཞན་པས་མཐུ་ཆུང་ལ། སྐྱབས་དང་སྐྱོབས་པ་དཔུང་གཉན་མེད་པར་སྐྱེ་བའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ཚེ་འདིར་གང་བྱས་ཀྱི་མི་དགེ་བའི་ལས་ཕྱིར་ཞིང་མང་པོ་འཕེལ་བའི་སྡུག་བསྔལ་གྱི་རྒྱུ་འབྲས་མཐའ་དག་བསྐྱེད་པའོ། །འདི་ལྟར་འཁོར་གནས་མུན་པ་འདྲ་བ་ལས་ཀྱང་མི་དགེ་བ་མུན་ནག་འཐིབ་པོ་ཅན་ལྟ་བུ་ནི་འཁོར་བའི་བཙོར་རར་ཤིན་ཏུ་བརྣག་དཀའ་བར་ཉེར་ལེན་ཕུང་པོའི་སྟེང་དུ་རིགས་དྲུག་གི་སྡུག་བསྔལ་སྣ་ཚོགས་ཀྱི་དབལ་བཟོད་པར་དཀའ་བའི་ཚོར་བ་ཐོབ་པར་བྱས་པ་འདི་སྡིག་པའི་སྐྱོན་གྱིས་བྱས་པ་ཡིན་ལ། དེའི་ཕྱིར་ན་མ་དག་པའི་གཞན་དབང་སྲིད་པ་འདིར་གནས་པའི་སྐབས་ན་སྒོ་གསུམ་རྣམ་དཀར་གྱིས་ལས་སུ་བསྒྱུར་ཏེ། མཐོ་རིས་འཕེན་བྱེད་དགེ་བའི་ལས་ལམ་བཅུ་པོ་ལ་སྤང་བྱ་མི་དགེ་བ་བཅུ་ལས་ཕྱི་རོལ་ཏུ་ཕྱོགས་པ་དེ་ལྡོག་པའི་ཆ། རྣམ་དཀར་དགེ་བའི་ལས་བཅུ་པོ་བླངས་བྱ་དེ་ལ་ཡང་དག་པར་བསྙེན་པར་མཛོད་ཅེས་པའོ། །དེའི་བསྙེན་པར་གྱུར་པའི་ལས་ནི་བསོད་ནམས་ཆ་མཐུན་ཞེས་ལྷ་མིའི་དགེ་འབྲས་བཅུ་པོས་བདེ་འགྲོར་འཕེན་ཅིང་། མི་དགེ་བ་རྣམ་པ་བཅུའི་ལས་འབྲས་ཀྱིས་ངན་འགྲོར་འཕེན་པའི་དཀར་ནག་གི་རྒྱུ་འབྲས་ལ་བླང་དོར་བགྱིད་པ་ནི་སྐྱེས་བུ་ཆུང་ངུའི་ལམ་ཡིན་ནོ། །དམ་པ་གསུམ་གྱིས་ཟིན་པའི་རྣམ་དཀར་གྱི་ལས་ཐར་པ་ཆ་མཐུན་ཟག་མེད་དམ་པ་མྱ་ངན་ལས་འདས་པའི་རྒྱུ་སྟེ་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། སྦྱིན་པ་ལ་སོགས་ཕར་ཕྱིན་དྲུག་དང་བཅས་པ་རྣམས་ནི། ཚོགས་ལམ་དང་སྦྱོར་ལམ་མཐོང་ལམ་སྒོམ་ལམ་མི་སློབ་པའི་ལམ་དང་རྣམ་པ་ལྔས་བསྡུས་པ་ཡིན་ལ། དེའང་གང་ཟག་གི་བདག་འཛིན་པ་རང་བཞིན་མེད་པར་ཤེས་པ་དང་། ཆོས་ཀྱི་བདག་བཟུང་བ་རང་བཞིན་མེད་པར་ཤེས་པ་གཉིས་ཀྱི་དོན་རྟོགས་ན། ཐབས་སྤྱོད་པའི་ཕྱོགས་ཀྱི་ཆོས་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་པ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ཆོས་གཉིས་ཡ་བྲལ་དུ་མ་སོང་བཞིན་ཟུང་འབྲེལ་གྱི་དགེ་བ་གསེར་འགྱུར་གྱི་རྩིས། སྲིད་པ་འཁྲུལ་བའི་མངོན་རྟོགས་དང་ནི་ཞི་བ་མྱ་འདས་འཁྲུལ་པ་སད་པའི་རང་བཞིན་ཅན་གཉིས་དངོས་འགལ་བའི་འཁོར་བའི་ལྕགས་ཁམས་ལ་བདག་མེད་གཉིས་ཀྱིས་ནུས་པ་ཐེབས་པས་མི་གནས་ཡེ་ཤེས་རྒྱལ་བའི་ཁམས་ཀྱི་ཡོན་ཏན་གྲུབ་པ་འཇིག་རྟེན་ལས་འདས་པའི་དགེ་བ་ཡིན་ཞེས་པའོ། །ལམ་ལྔའི་དུས་སུ་སྒོ་གསུམ་གྱི་དགེ་བ་དམིགས་པ་དང་བཅས་པ་རྒྱུ་བསོད་ནམས་ཀྱི་ཚོགས་དང་། སྣང་ལ་རང་བཞིན་མ་གྲུབ་པའི་དམིགས་པ་མེད་པའི་དོན་རྟོགས་པ་ནི་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཏེ། གཉིས་ཀ་ཟུང་འཇུག་གིས་ཉོན་སྒྲིབ་དང་ཤེས་བྱའི་སྒྲིབ་པ་གཉིས་སྦྱངས་ལོངས་སྐུ་དང་སྤྲུལ་སྐུ་གཉིས་མངོན་དུ་འཐོབ་པ་ནི་དག་པའི་རྒྱུ་འབྲས་ཟབ་མོ་འགྲུབ་པའི་རྟེན་ཅིང་འབྲེལ་འབྱུང་ལགས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་གསུམ་པའི་བསྡུས་འགྲེལ་ལོ།

ལེའུ་བཞི་པ།

༈ མངོན་མཐོའི་གྲུ་པོ་མཆོག་ནི། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཡིན་ལ། འདི་ལ་བརྟེན་པ་རྣམས་རེ་ཞིག་ངན་སོང་གསུམ་ཆུ་སྲིན་གདུག་པའི་ལྕེས་ཉེ་ཞོ་མ་རེག་པར་བཏང་ཡང་། ད་དུང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མ་བརྒལ་སྐྱོན་གྱིས་ཐར་པའི་སྐམ་སར་མ་ཕྱིན་པ་ཡིན་པས། དེའི་འགལ་རྐྱེན་སྤོང་ཞིང་མཐུན་རྐྱེན་འགྲུབ་པའི་ཆེད་དུ་འཕགས་པའི་བདེན་པ་བཞིའི་དེད་དཔོན་མགོན་དང་སྐྱབས་སུ་བརྟེན་དགོས་པ་ཡིན་སྟེ། དེ་ལ་སྡུག་བསྔལ་གྱི་བདེན་པ་ཤེས་པར་བྱ་བ་ནི། འཁོར་བའི་གནས་རིགས་དྲུག་པོ་དམའ་བ་ངན་སོང་གསུམ་པོའམ། མཐོ་བ་ལྷ་མི་གཉིས་ལྷ་མིན་གང་ཡང་རུང་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ནི་སྡུག་བསྔལ་གཅིག་གི་མི་ཆོག་པར་བརྩེགས་མར་བྱུང་བ་ལྟ་བུ་དང་། མཐོན་པོའི་བདེ་སྐྱིད་ཕུན་སུམ་ཚོགས་པ་མྱོང་བ་གང་ཞིག་རྨི་ལམ་སད་པ་བཞིན་དུ་འགྱུར་བ་དང་། ཁྱབ་པ་འདུ་བྱེད་ནི་ཚོ་འདིའི་བདེ་སྐྱིད་ཀྱི་ཕུན་སུམ་ཚོགས་པ་ཕལ་མོ་ཚེ་སྡིག་པ་ཁོ་ནས་འགྲུབ་པ་ཡིན་ཕྱིར་ད་ལྟ་སྡུག་བསྔལ་བ་ལྟར་མི་མངོན་ཡང་ཕྱིས་ནི་མངོན་གྱུར་ལ་སྤྱོད་པའོ། །དེ་ལྟར་སྡུག་བསྔལ་གསུམ་གྱིས་དམ་ལ་མ་བཞག་པའི་འཁོར་བ་གཞན་སུ་ཡང་ཡོད་པ་མ་ཡིན་ཞིང་། འཕྲལ་ཕུགས་གཉིས་ཀར་ཕུང་དཀྲོལ་བསྐྱེད་པ་ལ་མགོ་འཕང་བསྟོད་པའི་མ་རུང་འདོད་པའི་གདོན་དང་ཡུལ་གྱི་དུག་རྣམས་ཕན་ཚུན་འཛིངས་ཤིང་གཏུག་པ་ནི་འདོད་པ་ལ་ཆགས་པ་དང་། ཡུལ་ལྔའི་སྣང་བ་ལ་ཆགས་སྡང་ཤོར་ནས་རང་དབང་མེད་པའི་བཙོན་ར་ལྟ་བུ་ནས་ཐར་པའི་སྐབས་མེད་ཅིང་ཉམ་ཐག་སྐྱོ་བ་འཕེལ་ཞེས་པའོ། །བདེ་བ་འདོད་པ་ལ་མངོན་པར་སྦྱོར་བར་རེ་ནས་བརྩོན་པ་ཆེན་པོ་བསྐྱེད་པ་དག །གཏི་མུག་གི་མཐུས་ནོན་པ་སྡུག་བསྔལ་རྒྱུ་འབྲས་ཀྱི་རང་བཞིན་ལྡོག་ཏུ་མེད་པའི་བཙོན་པ་མཚོན་ཆ་རྣོན་པོའི་དབལ་ལ་བརྟེན་པར་བྱས་པའི་གནོད་པའི་གནས་སུ་རང་ཉིད་ཡང་དག་པར་ཏེ་ངེས་པར་སྦྱར་བའི་དཔེ་ཡང་འདི་བཞིན་ཏེ། མར་མེའི་གཟུགས་དང་བྱེ་མ་ལེབ་འཕྲད་པ་ཙམ་གྱིས་འཚིག་པ་བཞིན་དུ། སྒྲ་དང་དྲི་རོ་རེག་བྱས་བསླུ་བ་ནི། རི་དྭགས་སྒྲ་ལ་ཆགས་ནས་བསད་པ་དང་། བུང་བ་དྲིར་ཆགས་པས་ཤི་བ། ཉ་ལྕགས་ཀྱུའི་ཤ་ལ་སྲེད་པས་གཟུང་བ་དང་། གླང་པོ་ཆེ་དགའ་མའི་རེག་བྱར་ཆགས་པས་མཚོར་ལྷུང་ནས་ཤི་བ་སྟེ། འདོད་པའི་ཡུལ་ལྔ་དག་དང་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཅིའི་ཕྱིར་ཞེ་ན། སྲིད་པའི་ཡུལ་ལ་འཕྲད་པ་ཙམ་གྱིས་གཞོམ་པ་ལ་ཐུ་བ་གཏུམ་པོའི་མེ་དང་། ཁྲོ་བོའི་མངོན་སྤྱོད་ནི་དྲག་ཤུལ་གྱིས་ལས་རྩུབ་མོ་སྟོན་པ་གཅན་གཟན་དང་། མི་རྒོད་རྒྱལ་པོས་ཆད་པ་ལས་མྱུར་བས་སྡུག་བསྔལ་སྔ་མ་མ་སངས་གོང་ནས་ཕྱི་མ་སླེབས་ཤིང་བརྒྱུད་མས་འགྲོ་བ་འདི་རྣམས་མནར་ཞེས་པའོ། །བདག་ལ་མཛའ་བཤེས་སམ་མི་མཐུན་པ་དང་། ཉེ་དུ་དང་། འཁོན་ཟླ་སོགས་བསམ་པར་མི་ནུས་ཤིང་། མཐའ་དག་སེམས་དང་ལྡན་པའི་འགྲོ་བ་ཐམས་ཅད་ཀྱིས་རེས་འགའ་དགྲ་དང་། རེས་འགའ་མཛའ་བཤེས་རེས་འགའ་བར་མའི་ཕྱོགས་བཟུང་ནས་ཕན་པ་དང་གནོད་པ་སྦྱིན་པ་སོགས་བསམ་ལས་འདས་ཤིང་སེམས་ཅན་ཕྲ་མོ་རྡུལ་ཕྲན་ལྟ་བུའི་ལུས་ཀྱི་བདག་གཅིག་པུའི་སྲོག་རྟེན་པ་དང་། གཟུགས་སུ་གྱུར་པ་གཞན་གྱི་ཤ་ཁྲག་དང་ལྤགས་པ་འདོད་པའི་ཕྱིར་མགོ་དང་། ཡན་ལག་བཅད་གཏུབས་བགྱིས་སོ་ཅོག་མཉམ་དུ་སྤུངས་ན་ལྷུན་པོའི་ཆེ་ཐང་ཉམས་པར་འགྱུར་ཞིང་དེ་ལས་ཀྱང་མཐོ་ཞེས་པའོ། །དམྱལ་གནས་སུ་སྐྱེས་དུས་ཟངས་ཞུན་ཁོལ་མ་དབང་མེད་དུ་འཐུང་བ་དང་། ཡི་དྭགས་ཀྱི་ལུས་སུ་གྱུར་དུས་རྣག་ཁྲག་དང་མི་གཙང་བ་ཟོས་པ་དུས་རྣམས་ཀུན་ཏུ་སྡུག་བསྔལ་གྱི་རྒྱུ་ལས་མཆི་མ་ཟག་པ་གཅིག་ཏུ་བསྡོམས་ན་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཐའ་ལ་གཏུགས་པའི་ཆུ་ཀླུང་དག་ལས་མང་ཞེས་པའོ། །འགྲོ་བ་གཞན་ལས་ཁྱད་པར་དམྱལ་བའི་སྡུག་བསྔལ་ཚད་བཟུང་མེད་དེ། ཕན་ཚུན་གཅིག་གི་གཅིག་ལས་མཚོན་ཆ་སྣ་ཚོགས་ཀྱིས་གསོད་པ་ཡང་ཤི་ཡང་སོས་ལ། དེ་བཞིན་དུ་ལུས་ལ་ཐིག་ནག་པོ་གྲགས་ངེས་མ་ངེས་མང་དུ་བཏབ་ནས་དེར་སོག་ལེས་གཤོག་འཕྲལ་འབྱར་བ་རྒྱུན་མི་ཆད་པ་དང་། བསྡུས་འཇོམས་ནི་རི་ཕན་ཚུན་རྣམས་སྲོག་ཆགས་འཇིགས་པའི་མགོ་བརྙན་ཅན་དུ་གྱུར་ནས་རི་བར་དུ་བཅར་བ་དང་ཐོ་བས་འཐགས་པ་དང་། ངུ་འབོད་ཆུང་ངུ་ནི་ལྕགས་ཁྱིམ་རིམ་པ་གཅིག་གི་ནང་དུ་ལྕགས་ཀྱི་ཡོལ་གོར་ལྕགས་ཞུན་བསྐོལ་བར་འཚོད་ཅིང་ཕྱི་རོལ་ནས་མཚོན་ཆས་དབད་པ་དང་། ངུ་འབོད་ཆེན་པོའམ་འབོད་སྒྲོག་ཆེན་པོ་ནི་ལྕགས་ཁྱིམ་འབར་བ་ཉིས་རིམ་དུ་བསྲེགས་པ་དང་། ཚ་བ་ནི་གསལ་ཤིང་འབར་བས་ལུས་ལ་འབིགས་པ་དང་། རབ་ཏུ་ཚ་བ་ནི་མདུང་ཐུང་རྩེ་གསུམ་པས་ལུས་ཀྱི་གཞུང་འབིགས་ཤིང་ཕྱི་ནས་ལྕགས་བསྲེགས་སྣམ་བུ་ལྟ་བུས་དཀྲིས་པ་དང་། ཁྲོ་ཆུ་ཁོལ་མར་འཚོད་པ་དང་བཅས་ཏེ་སྡུག་བསྔལ་བའོ། །མནར་མེད་པ་ནི། ལྕགས་ཁྱིམ་འབར་བར་མེ་དང་དེར་སྐྱེ་བའི་འགྲོ་བའི་ལུས་གཉིས་སུ་མེད་པར་བསྲེག་ཚེ་སྡུག་བསྔལ་དེ་ཉིད་ལས་དབུགས་འབྱིན་ཏེ་བདེ་བ་སྐབས་བཙལ་བའི་ཀུན་རྟོག་གིས་ཉེ་འཁོར་གྱི་སྒོ་འཕར་ད་བྱེ་བའི་སྐབས་སུ། དང་པོ་མདག་མའི་འོབས་དང་། གཉིས་པ་རོ་མྱ་གས་ཀྱི་འདམ་རྫབ་སྟུག་པོ་དང་། གསུམ་པ་རལ་གྲི་ལོ་མའི་ནགས་ཚལ་དང་། བཞི་པ་ཐལ་ཚན་གྱི་ཆུ་བོ་རབ་མེད་ཀྱི་ནང་དུ་འཚོད་པ་གཤིན་རྗེ་འཕྲད་འཇོམས་ཀྱི་ཁ་བས་ཐུ་ཞིང་། ཤལ་མ་རིའི་སྡོང་པོ་ནི། དེར་སྐྱེ་བའི་འགྲོ་བས་གསོན་ཚེ་མཛའ་གཅུགས་ཀྱི་དམ་བཅའ་དྲན་ནས་འཕྲད་ལ་རེ་བ་ཕོ་ཡིན་ན་མོས་འབོད་པ་དང་། མོ་ཡིན་ན་ཕོས་འབོད་པ་མཐོང་ནས་བསྙེགས་པའི་ལམ་དེར་ཚེར་མ་རྣོན་པོས་ཚབས་ཆེན་ཕུག་པའི་བག་ཆགས་ཀྱི་ལུས་དེ་ལ་འབར་ཞིང་རྩུབ་པའི་ལྕགས་ཀྱི་སྐྱེས་པ་བུད་མེད་ཀྱིས་འཁྱུད་ནས་སྡུག་བསྔལ་མྱོང་མཐར་ཁྭ་དང་བྱ་རྒོད་སྣ་ཚོགས་ཀྱིས་མིག་ལ་འདྲུ་བའོ། །གྲངས་དམྱལ་ནི་བུ་ཡུག་སྟེ་རླུང་གི་རེག་བྱ་རྩུབ་མོས་སྦྲེབས་པ་གྲང་ཆེ་བའི་སྐྱོན་གྱིས་བག་ཆགས་ཀྱི་ལུས་པོ་ཤིན་ཏུ་འདར་བས་ཐག་པ་ཡིས། བཅིངས་ཏེ་བསྐྱོད་པར་མི་ནུས་པར་བཞིན་གསོན་པོར་སྣང་ཡང་། རླུང་གི་མཚོན་ཆས་རུས་པའི་གཏིང་ཕུག་པའི་རྐྱེན་གྱིས། གྲང་བའི་རེག་བྱ་སོའི་བར་དུ་འཚིར་ལྟར་གདུངས་པས་ཉམ་ཐག་པའོ། །དེ་ལས་ཀྱང་ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། ཨ་ཆུའི་སྨྲེ་སྔགས་དང་། ཀྱེ་ཧུད་ཀྱི་སྒྲ་འདོན་པ་དང་། སོ་འཐམས་པ་ཅན་དང་། ཨུད་པ་ལ་ལྟར་པགས་པ་དྲུག་ཚལ་དུ་གས་པ་དང་། པདྨ་དང་ནི་པདྨ་ཆེན་པོ་ལྟར་བརྒྱད་དང་བཅུ་དྲུག་གྲངས་མེད་གས་པའི་རྨ་ལ་སྲོག་ཆགས་མཆུ་རྣོན་ཅན་གྱིས་ལུས་ལ་འབིགས་ཤིང་བཟའ་བའོ། །ཉི་ཚེ་བ་ནི། འགལ་དུམ་ལམ་ཤིང་སྡོང་ཆེ་ཆུང་ལ་བཅད་གཏུབས་བྱས་པ་ཁོ་རང་གི་ལུས་ཡིན་པར་སྙམས་པ་དང་། སྒོ་འཕར་མེད་པའི་རྡོ་དང་བྲག་ལ་སོགས་པའི་ནང་དུ་འཐུམས་པ་དང་། ཁོ་རང་གི་ལུས་སྒོ་དང་ཀ་བ་དང་ཐབ་ཀ་དང་ཐགས་པ་སོགས་སྣ་ཚོགས་ལས་ཀྱིས་སྤྲུལ་པའི་རང་གཟུགས་ལ་འཁྲུལ་སྣང་དུ་ཤར་ཏེ་ཉེ་བར་ལེན་པའི་སྡུག་བསྔལ་ཟད་མི་ཤེས་པ་ལ་སྤྱོད་དགོས་པའོ། །སེར་སྣའི་རྒྱུས་འཕངས་པའི་ཡི་དྭགས་ཀྱི་ཡུལ་ནའང་འདོད་པ་དང་ཆགས་པས་ཕོངས་པའི་རྒྱུས་བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ་སྟེ། བར་མ་ཆད་པ་ལྟ་བུའི་བཀྲེས་སྐོམ་དང་གྲང་དྲོ་དང་ངལ་དུབ་དང་འཇིགས་པ་བསྐྱེད་པ་ཤིན་ཏུ་མི་བཟོད་པ་བརྟེན་འཚལ་ལོ། །ཞེས་པ་དེ་བཞིན་དུ་གོ་དགོས་པའོ། །ཉོན་མོངས་པ་གཏི་མུག་གི་རྒྱུས་དུད་འགྲོར་སྐྱེས་ཤིང་གནས་ན་ཡང་། མི་ལ་སོགས་པས་གསོད་པ་དང་། ཐག་སྒྲོགས་ལ་སོགས་པས་བཅིངས་པ་དང་། རྡོ་དང་ཤིང་ལ་སོགས་པའི་བརྡེག་པ་དང་བཙོག་པ་སོགས་སྡུག་བསྔལ་སྣ་ཚོགས་པ་ཉམས་སུ་མྱོང་དགོས་ཤིང་། ཁྱད་པར་བྱིང་གནས་ལ། ཞི་འགྱུར་དགེ་བ་སྤང་བ་སྟེ། བསོད་ནམས་ཆ་མཐུན་ཙམ་ལ་བློ་མ་ཕྱོགས་པ་རྣམས་ལ་ནི་ཉི་ཟླའི་སྣང་བ་ཙམ་ཡང་མེད་པའི་གནས་སུ་གཅིག་ལ་གཅིག་ཟ་ཞིང་དུད་འགྲོའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པ་སྣ་ཚོགས་མྱོང་དགོས་པ་ཁྲིད་ཡིག་རྣམས་ལས་གསལ་བ་ལྟར་རོ། །དེའི་ཕྱིར་ན་སྐྱེ་བའི་ཤྭ་འོད་ཅེས་ཆུ་ལོག་གིས་ཉེན་བཞིན་དེའི་རྒྱུ་རྐྱེན་སྡུག་བསྔལ་གྱི་རྦ་རླབས་ཅ་ཅོ་སྒྲོག་པ་ལྟ་བུ་འདི་ག་མ་བཟློག་ན། ལྷ་བས་ལྷག་པའི་ལུས་རྟེན་ནི། མི་ལུས་རིན་པོ་ཆེ་ཡིན་ཏེ། ཆུ་ལོན་ཡང་ཞེས་ར་བས་བཀག་པ་གཟུགས་ཅན་གྱི་རྒྱན་དུ་བཀོད་ན་ས་སྐྱེ་བའི་སྐྱོན་ཉམས་ལེན་གྱིས་བཟློག་པར་མ་བྱས་ན་བརྟན་པ་བྲལ་བའི་མྱ་ངན་ཐང་དུ་འཁྱམས་ཞེས་པའོ། །གཟུགས་མེད་ཀྱི་ཏེང་ངེ་འཛིན་ནི་ལུང་མ་བསྟན་པའི་ལས་ཡིན་ཕྱིར། དེར་སྐྱེ་བའི་རྒྱུ་མི་གཡོ་བའི་རྒྱུ་འབྲས་ཡིན་པས་དེ་ཟད་ནས་སྲིད་པ་ཕྱི་མར་འདུ་བྱེད་པ་དང་། གཟུགས་ཁམས་སུ་སྐྱེ་བའི་རྒྱུ་ཡང་དགེ་བ་བཅུ་དང་བསམ་གཏན་བཞི་གང་རུང་གི་འཕེན་བྱེད་ཀྱི་སྔ་མའི་ལས་ཟད་དེ། འོག་ཏུ་མར་ལྟུང་བར་འགྱུར་བའི་སྡུག་བསྔལ་མྱོང་དགོས་པའོ། །ཚངས་པ་དང་། ལྷའི་དབང་པོ་དང་། འཁོར་ལོས་སྒྱུར་བ་རྣམས་ཡང་། མངོན་པར་མཐོ་བའི་ལུས་རྟེན་དེ་རྣམས་སྤྲིན་བར་གྱི་ཉི་མ་སྣང་བ་བཞིན། སྔོན་བསགས་དཀར་པོའི་རྣམ་སྨིན་གྱིས་རེ་ཞིག་བདེ་བའི་སྐབས་བཙལ་བ་ལྟར་ཡང་དེར་སྐྱེ་བའི་རྒྱུ་དེས་སྤངས་པའི་མོད་ལ་མར་མེའི་ལྕེས་འཐུངས་པའི་ཞུན་མར་བཞིན་དུ་ཉམས་པར་འགྱུར་ཞེས་པའོ། །འདོད་པའི་ཁམས་སུ་རྐང་པས་མནན་ན་ནེ་མས་བྱེད་པའི་རེག་པ་རྩུབ་མོ་མ་ཡིན་པར་ཤིན་ཏུ་འཇམ་པོ་དང་། ལྷ་དང་ཀླུ་དང་མིའམ་ཅིའི་ལ་ཐོད་ཀྱིས་ལྷ་དབང་གི་ཞབས་ལ་བཏུད་པས་རྐང་པའི་ཆུ་སྐྱེས་ཏེ་ཞབས་པད་དམར་པོར་བསྒྱུར་བར་བྱས་པའི། ལྷའི་གཙོ་བོའི་དབང་པོ་དེ་ཡང་ལྕགས་ཀྱི་གསལ་ཤིང་འབར་བའི་རྩེ་མོར་གདུང་དགོས་སོ། །མཐོ་རིས་བུ་མོའི་ནུ་མ་གསར་པ་ལ་རེག་པའི་འཁྲི་ཤིང་བརྟེན་པར་གྱུར་ཏེ། ལྷ་གཞོན་ནུ་རྣམས་དང་འཁྲིལ་སྦྱོར་བྱེད་ཡུལ་གྱི་དགའ་ཚལ་དང་། གཞལ་མེད་ཁང་མཛེས་ཀྱི་མུ་ཏིག་དྲྭ་ཕྱེད་ཅན་སོགས་རང་རང་གི་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྤངས་ནས་མེ་མུར་གྱི་འོབས་ནང་ལ་སོགས་པར་སྤྱི་ཚུགས་སུ་ལྟུང་ནས་སྡུག་བསྔལ་ལ་སྤྱོད་དགོས་པའོ། །གོས་དང་སྟན་དང་མེ་ཏོག་གི་རྒྱན་སོགས་རྙིངས་པས་འཆི་བའི་ལྟས་བྱུང་བའི་ལྷ་མོ་དག་ནི་སྔ་མ་རྔུལ་ཆུ་དང་གདོང་པ་སོགས་ཀྱི་དྲི་མ་བཀྲུ་བ་ཡིན་ཞིང་སྐབས་དེར་དེའི་ཟོལ་ཞིག་ནས་རང་རང་གི་ཉེ་དུ་རྣམས་ལ་བལྟ་ཞིང་ངུ་བའི་ཕ་མ་ལྟུང་དང་འཆི་འཕོའི་སྡུག་བསྔལ་དེ་ལྟ་བུ་མི་ལ་མེད་དོ། །གཉའ་ཤིང་འཛིན་རིའི་ས་བླ་སྟེ་བར་སྣང་གི་ལམ་འགགས་ནུས་པའི་གླིང་བཞིའི་གདུགས་སུ་གྱུར་པའི་སྣང་བྱེད་ཆེན་པོ་ཉི་ཟླ་གཉིས་ཀྱང་སླན་ཆད་སྣོད་བཅུད་འཇིག་པ་ལ་ཕྱོགས་ཚེ་མུན་པའི་སྨག་གི་བཙོན་ཏུ་ཚུད་པ་ལྟར་གྱུར་དུས་འགྲོ་བ་ཕལ་མོ་ཆེ་ལོང་པ་ཆེན་པོའི་གནས་སྐབས་འཐོབ་པར་འགྱུར་བའོ། །ལྷ་མིན་ནི་ལྷ་རྣམས་ཀྱི་དཔལ་དང་མངོན་པར་མཐོ་བ་ལ་སྡང་བའི་ཕྲག་དོག་གི་དགྲ་སྟས་རང་སྙིང་ཚལ་པར་བཀས་ནས་སླར་ཡང་དྲག་ཤུལ་གྱིས་དཔུང་པ་གཏུམ་པོའི་གཡུལ་ཆེན་པོ་བཤམས་པའི་ངོར་བདག་ཉིད་ཀྱི་མགོ་དང་ཡན་ལག་རྣམས་གཏུབ་པས་ལྷ་མིན་མནར་པའོ། །འཚོ་བ་སྟེ་ཚེ་སྲོག་ཆུ་བུར་ལྟ་བུར་གཡོ་བའི་མི་དག་ནི་ཡིད་མི་བདེ་དང་འཁྲུགས་པ་སོགས་སྡུག་བསྔལ་སྔ་མས་ཕྱི་མ་ཉེ་བར་ལེན་དགོས་སོ། །དཔེར་ན་མཛེ་ཅན་ཕོ་ལ་མིག་གི་ཐོག་ཏུ་རྨས་གཏུགས་པ་བཞིན་ལ། དེར་མ་ཟད་མངོན་མཐོའི་ཡོན་ཏན་རྫོགས་པའི་སྐྱེད་མོས་ཚལ་དུ་འདོད་པའི་ལོངས་སྤྱོད་ཀྱི་རོ་ལ་གདུང་བ་དུག་ཅན་གྱིས་བཟའ་བས་སྲོག་ལ་ཉེ་ཞོའི་རྒྱུ་བྱེད་པས་ན་རྣམ་པར་སྨ་ཕབ་སྟེ། ནད་ཀྱི་ཉེ་བར་འཚོ་བས་དཀའ་ཐུབ་ལུས་མིག་འཁྲུལ་ལྟ་བུར་ཐོབ་འདི་འགྱུར་བ་ཅན་ཡིན་ཞིང་། རྐང་པའི་རེག་པ་ཁུར་དུ་མི་བཟོད་པས་སྐྱོ་བས་ངལ་དུབ་དང་བཅས་པས་སེམས་ཀྱིས་གླང་པོ་ཆེའི་གཉའ་བར་འཛེགས་ཀྱང་གླང་མོའི་དྲི་ཕོག་པ་ཙམ་གྱིས་དེའི་་བསམ་པ་རྩེ་དགའི་རྒོད་པར་གྱུར་ནས་བརྒྱུགས་པས་གཡང་སར་ལྷུང་ཞིང་སྨད་པས་འདུ་བྱེད་སྡུག་བསྔལ་དུ་ཤར་བ་མཚོན་ནོ། །འདིའི་གཏམ་རྒྱུད་ནི། དོན་འདི་ལ་སྐྱེས་རབས་ཀྱི་རྒྱུད་སྡེ་དང་དཔེ་སྦྱར་ཏེ། འོད་ལྡན་ཞེས་བྱ་བའི་རྒྱལ་པོའི་ཁབ་ཏུ་རྒྱལ་པོ་རབ་གསལ་གླང་པོའི་གཉའ་བ་ལ་འཛེགས་པར་སྤྲོ་བ་བཏེགས་ནས་གླང་པོ་ཆེ་འདུལ་སྦྱོང་མཁན་ལ་སྨྲས་པ། ཀ་ཡེ་ཤེས་པར་གྱིས་ཤིག གླང་པོའི་མཆོག་འདི་ནི་བདག་ཅག་གི་རྐང་པས་ལ་རེག་པར་མི་བཟོད་པའི་བསོད་ནམས་ཀྱིས་མཐུས་འཐོབ་ན་ཁྱོད་ཀྱིས་འདི་ཉིད་འདུལ་བ་འཛིན་དུ་ཆུག་ཅིག །དེས་ཀྱང་ལྷ་བཀའ་བཞིན་འཚལ་ལོ་ཞེས་ཁས་བླངས་ནས་ལྕགས་ཀྱི་ཐོ་ལུམ་མེ་འབར་བའང་སྣས་ཚམ་ཚོམ་མེད་པར་ལེན་པ་བསྒོབ་མཉན་པ་དེ་སྲིད་དུ་འདུལ་བ་འཛིན་པར་བྱས་སོ། །དེ་ནས་རྗེ་འབངས་གཉིས་གླང་པོའི་གཉའ་བ་ལ་ཞོན་ནས་ཡུལ་ཉེ་བར་སྤྱོད་པའི་སྐྱོ་བསངས་ལ་སྦྲོ་བཞིན་དུ་བཏེགས་པ་ན་བདག་ཉིད་ལ་སྡུག་བསྔལ་བསྒྲུབ་པའི་རྒྱུ་ཐམས་ཅད་བལྟར་མི་མངོན་པ་འདུ་བྱས་པ་ཉིད་ཀྱི་ཕྱིར་དང་། གླང་པོ་ཆེ་གང་དག་ནི་ཐུབ་པ་མཆོག་གིས་ཉོན་མོངས་པ་འདུལ་བའི་སྡོམ་པས་སེམས་མ་དུལ་ལ། འདུལ་སྦྱོང་མཁན་གྱིས་ལྕགས་ཀྱུས་ལུས་དུལ་བ་ཙམ་དུ་གྱུར་པའི་ཕྱིར་གླང་མོའི་དྲི་བསྣོམས་པའི་རྩེ་དགས་ཡིད་རབ་ཏུ་རྒོད་པར་གྱུར་ནས། ས་གཞི་ཐམས་ཅད་ཤིང་རྟའི་འཁོར་ལོས་བསྐོར་བ་ཉིད་དང་འཁྲུལ་བ་བསྐྱེད་པ་ཙམ་དུ་རྒྱུག་པས་རྒྱལ་པོ་རབ་གསལ་ཉིད་སྲོག་དང་བྲལ་བ་ལ་ཉེ་བའི་སྡུག་བསྔལ་ཐོབ་པ་ལྟ་བུ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་འདི་ན་སེམས་ཅན་ཐམས་ཅད་ལ་བལྟར་མི་མངོན་པ་ཉིད་དུ་ཤས་ཆེ་བར་རིག་པར་བྱའོ། །དེ་ལྟར་སྡུག་བསྔལ་ཉིད་གསུམ་འབྲོག་དགོན་ན་ཞེས་ཐར་པ་དང་རྣམ་མཁྱེན་གྱི་དཔུང་གྲོགས་ཉུང་བའི་སར་སྐྱེ་བའི་སྡུག་བསྔལ་དང་། ན་བ་དང་འཆི་བའི་སྡུག་བསྔལ་གྱི་ཚོར་བ་རྣམ་པར་འཁྱམས་བཞིན། མཐོང་ན་སྨོན་པ་མེད་པའི་མི་སྡུག་པའི་དགྲ་དང་འཕྲད་ཅིང་། འབྲལ་དུ་མི་ཕོད་པའི་གཅེས་ཤིང་སྡུག་པ་ཡིད་ལ་གོམས་པར་བྱས་པ་དག་གནས་མིན་ཏེ་ཕ་རོལ་དུ་ཕྱོགས་ཤིང་། འདོད་པའི་ཡུལ་ཀུན་ལ་འབྱོར་བས་ངོ་ཚར་བྱས་བཞིན་འབྲོས་ལ་རིངས་པ་སོགས་ཉེར་ལེན་ཕུང་པོའི་སྟེང་དུ་དཀའ་ཐུབ་འདུས་པའོ། །དེ་ལྟར་རྣམ་པ་བརྒྱད་པོ་ནི་བཤད་མ་ཐག་པ་ལྟར་གྱི་སྡུག་བསྔལ་བརྟུལ་ཕོད་པས་མནར་ཞིང་གདུང་བས་མིའི་སྐྱེ་བའི་འཁྲི་ཤིང་རྟག་ཏུ་གཙེར་ནས་སྡུག་བསྔལ་བའོ། །སྐྱེ་བའི་སྡུག་བསྔལ་ནི་ཤིན་ཏུ་དྲི་ང་མི་གཙང་བ་དང་ལྷན་ཅིག་གནས་དགོས་ཤིང་སྐྱུགས་བྲོ་བའི་རྙོག་མ་ཅན། ཀུན་ནས་དོག་པ་སྣང་བའི་ཆ་མེད་པའི་མུན་ནག་འཐིབ་པོའི་ཁྲོད་མངལ་གནས་ལྕགས་ཀྱི་ཁྱིམ་སྒོ་འཕར་སྤུངས་པ་ལྟ་བུའི་ནང་དུ་མ་རིག་པའི་རྣམ་པར་ཤེས་པ་ཕའི་ཁུ་བ་དང་མའི་ཁྲག་གི་དབུས་ན་བརྟེན་པར་བྱས་ཤིང་། མེར་མེར་པོ་དང་ནུར་ནུར་པོ་ལྟར་ལྟར་པོ་མཁྲང་གྱུར་དང་གོར་གོར་པོ་དང་ཉ་དང་རུས་སྦལ་བཞིན་གཟུགས་རྣམ་པར་འགྱུར་ཏེ་བདུན་ཕྲག་སུམ་ཅུ་རྩ་དྲུག་གི་གྲངས་སུ་གནས་འགྱུར་ཡིད་མི་འོང་བའི་རྣམ་པ་དེ་སྙེད་ཀྱི་གྲངས་ཚད་ལ། དབང་པོ་དང་ཡན་ལག་བ་སྤུ་ལ་སོགས་འགྲུབ་ཅིང། བདུན་ཕྲག་སུམ་ཅུ་རྩ་བདུན་གྲངས་སྙེད་ཀྱི་སྐབས་ལ་བབས་ཚེ་མངལ་དུ་གནས་པ་དེ་ཉིད་བརྟས་དང་ཆེར་བསྐྱེད་གཡོ་ཞིང་འགུལ་བའི་ཚོར་བས་གདུང་བ་དང་མའི་སྤྱོད་ལམ་བཀྲེས་སྐོམ་ཚ་གྲང་དང་བཟའ་བཏུང་གི་རྣམ་འགྱུར་ལས་བྱུང་བའི་སྡུག་བསྔལ་དཔག་ཏུ་མེད་དོ། །བཙའ་བའི་དུས་ཀྱི་རྗེས་སུ་འགྲོ་དགོས་པས་ཆུང་ངུ་དེའི་ལུས་བཟོད་པར་དཀའ་བའི་བསྡུས་འཇོམས་ཁུར་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་ཉེ་བར་སྤྱད་པས་ཐོ་བརྩམས་ནས་མ་བུ་གཉིས་ཀ་དེའི་མོད་ལ་སྲོག་འདོར་རམ་གཅིག་ཤོས་དེ་བྱིས་པ་ཉིད་གནོད་པ་བདོ་བའི་ཁུར་དང་བཅས་པའི་ཚུལ་གྱིས་བཙལ་བའོ། །མངའ་གནས་རློན་པ་དེར་བསྟི་རིང་ལ་ཤིན་ཏུ་བཙོག་པས་དཀྲིས་ཤིང་དྲི་ང་བ་ལ་སྲན་ཏུ་མི་བཟོད་པ་ཤ་རྨེན་ཞིག་པ་ལྟ་བུའི་སྐབས་ལ་བབས་ཚེ་སྔོན་གྱི་དྲན་པའི་སྟོབས་རྣམས་ཡོངས་སུ་ཉམས་པར་བྱས་ཤིང་རེག་པའི་རྣམ་པས་གཟིར་བས་སྡུག་བསྔལ་ཉམས་སུ་མྱོང་བའོ། །རྒ་བའི་རྒས་པའི་ཆད་པས་ནོན་པའི་ལང་ཚོ་ལ། ཉམས་འཁྲུགས་པ་དང་། ཡིད་མི་བདེ་བའི་ཁུར་བབས་པས་ལུས་བསྐྱོད་པའི་མཐུ་ཉམས་སྐྱོན་གྱི་མཁར་བའི་གཞན་དབང་ཅན་དེ་འགྲོ་ཞིང་ལྡོག་པའི་གཡོ་འགུལ་གྱིས་བྱ་བའི་ལུས་ལམ་དུ་འགྲོ་དཀའ་ཞིང་ལྷུ་ཚིགས་རྣམ་པར་འགྱུར་བ་དང་། དབང་པོ་ཀུན་ནས་འདོད་པའི་ཡོན་ཏན་ལྔ་དང་ཡུལ་གྱི་ཕུན་སུམ་ཚོགས་པའི་ལོངས་སྤྱོད་སྤྲིན་གྱིས་བཀབ་པའི་ཚ་ཟེར་བཞིན་དུ་གྱུར་པས་ཤེས་བྱར་རྨོངས་པ་དང་། བློ་གྲོས་ཀྱི་མཐུ་ཉམས་པས་འདུ་ཤེས་འཁྲུགས་པའི་མལ་དུ་ཤིན་ཏུ་འཁྱམས་པའོ། །དེ་ཡང་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་སྟེ་བཞི་པོ་རང་བཞིན་སྙོམས་ལྡན་དུ་གནས་ཚེ་ན་བར་མི་འགྱུར། འཁྲུགས་ཚེ་འདུ་བའི་རྫིང་བུ་ནི་རྙོག་མ་ཅན་གྱི་ན་བའི་ཚོར་བས་ཕུང་པོ་ལྔའི་ཉེ་བར་ལེན་པ་དུབ་པར་བྱས་ཏེ། ཚེ་སྲོག་འཚོ་བའི་བརྟན་པ་དང་བྲལ་བའི་དོགས་པས་སྐྲག་པར་འགྱུར་ལ། དེ་ཡང་སྲིད་པ་འདི་ན་རང་སྲོག་གི་རིན་ཐང་ལ་ནོར་རྫས་རི་ཙམ་སྤུངས་ཡང་ཐུག་པ་མེད་པའི་འཆི་བའི་སྡུག་བསྔལ་ཐོག་ཏུ་བབ་པའི་ཉེར་ལེན་གྱིས་ཕ་རོལ་ཏུ་ཉིང་མཚམས་སྦྱོར་བ་ལ་རྣམ་པར་གཏུགས་པའི་སྐྱེས་བུ་གང་ཡིན་པ་དེ་ནི་གཉེན་འདུན་དང་། ལོངས་སྤྱོད་དང་བྲལ་ཞིང་ཚེ་འདིའི་སྣང་བ་ལས་ཐལ་ཏེ་ས་ཚུགས་མེད་པར་འགྲོ་དགོས་ཤིང་། མི་སྡུག་པའི་ཡུལ་ནི་བར་དོའི་འཇིགས་སྐྲགས་དང་འཆི་བདག་གི་ཞགས་པས་ཟིན་པ་ལ་བྱ་སྟེ། དེ་དག་དང་འཕྲད་པའི་སྡུག་བསྔལ་གྱི་ཕོ་ཉས་རྣམ་པར་གཟིར་ཞིང་སྨད་པ་རྣམས་ནི། ཚེ་འདིའི་སྣང་བ་ནུབ་རྐྱེན་གྱིས་བདེ་བའི་འབབ་སྟེགས་ཞིག་པའི་ངལ་གསོ་ལྟར་གནས་པ་དེ་བདེ་བར་དབུགས་འབྱིན་ཐོབ་པ་མེད་པས་ལྷག་པར་ཉེན་ཞིང་། ཉེ་དུ་ཉེ་འབྲེལ་སོགས་བྱམས་སྡུག་རྣམས་དང་གློ་བུར་དུ་འདུ་འབྲལ་གསར་བར་བཀོད་པའི་ཚུལ་ཡང་། སྡུག་བསྔལ་གྱིས་གདུང་བས་ཉམས་པའི་དཀའ་ཐུབ་གཟུགས་སུ་གྱུར་ན། རྒྱལ་སྲས་ནོར་བུ་བཟང་པོ་དྲི་ཟ་མོ་དང་བྲལ་བའི་སྡུག་བསྔལ་གྱིས་དབང་དུ་གྱུར་པས་མོ་རང་གི་རྗེས་སུ་སྙེགས་ཏེ་ཕྱིན་པའི་ལམ་འཕྲང་འཚེ་བ་སྣ་ཚོགས་ཀྱིས་བཀབ་པ་ལས་ཕྱི་མའི་ལས་མཐའ་རིང་ཞེས་སྨྲེང་ན། སྤྱིར་ཡང་འདོད་པས་ཕོངས་པ་དང་སྔོན་གྱི་བསོད་ནམས་ཞན་པའི་སྟོབས་ཀྱིས་དབུལ་བའི་སྡུག་བསྔལ་ཐོག་ཏུ་བབས་པའི་སྐྱེས་བུ་རྣམས་ནི། བཀྲེས་པ་ཟས་དང་སྐོམ་པ་བཏུང་བའི་དོན་མ་གྲུབ་པའི་རེ་དོགས་ཀྱི་གཞན་དབང་ཁོ་ནར་ལུས་ངག་ཆུད་གསོན་པའི་མི་རྣམས་སྡུག་བསྔལ་བའི་ཚུལ། ས་ལ་རྒྱུ་བའི་ཡི་དྭགས་དངོས་དང་མཚུངས་ཞེས་པའོ། དེ་ཡང་རང་ཉིད་ཀྱི་གཟུགས་ལ་རྟེན་བཅས་ཤིང་། ཚོར་བས་བདེ་སྡུག་སོགས་ཀྱི་རང་བཞིན་ཤེས། འདུ་ཤེས་ལས་བཟང་ངན་གང་ཡིན་དེ་རྒྱུན་ཆགས་ཤིང་། འདུ་བྱེད་ཀྱིས་ལས་དཀར་ནག་གི་རྗེས་སུ་འགྲོ་བའི་ཕྱིན་ཆད་ཀྱི་ས་བོན་བསྐྲུན་པ་དང་། རྣམ་ཤེས་ཀྱི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བའི་ལས་ཉེ་བར་ལེན་པའོ། །དེ་ལྟ་བུའི་ཕུང་པོ་ལྔ་པོ་འདི་དག་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀུན་གྱི་འབྱུང་གནས་དང་། ཀུན་གྱི་རྟེན་དང་། སྣོད་དང་ཀུན་གྱི་རྒྱུ་འབྲས་དང་བདག་པོར་མཁྱེན་པར་འཚལ་ནས། རྒྱུ་ཀུན་འབྱུང་སྟེ་ལས་དང་ཉོན་མོངས་པའི་ཚོགས་སྤངས་པར་འཚལ་ལོ། དེ་ལྟར་སྤངས་ནས་སྐྱེས་བུ་འབྲིང་པོ་ཉན་རང་གི་ལམ་སྡུག་བསྔལ་ཤེས་བྱ་ཀུན་འབྱུང་སྤང་བྱ་ལམ་རྒྱུད་ལ་བརྟེན་བྱ་འགོག་པ་མངོན་དུ་ཐོབ་བྱ་སྟེ་བདེན་པ་བཞིའི་ཤིང་རྟ་ལ་ཞོན་པ་རྣམས་འགོག་པ་མངོན་གྱུར་མྱ་ངན་འདས་པའི་ཁམས་ཏེ་ཐར་པ་མཆོག་གི་གོ་འཕང་ཉིད་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞེས་པའོ། །རྟེན་མཆོག་དམན་ཀུན་དང་གཉིས་ཆོས་ཀུན་གྱི་རྩ་བ་ལྷན་སྐྱེས་དང་ཀུན་བརྟག་གི་མ་རིག་པ་དེ་ལས་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དེ་ལས་སྐྱེ་ཞིང་མཆེད་བ་རྣམ་པ་དྲུག་དང་། དེ་ལས་རེག་པ་དང་ རེག་པ་ལས་ཚོར་བ་སྟེ། དེ་ལས་སྲེད་པ་སྲེད་པ་ལས་ལེན་པ་དང་། དེ་ལས་སྲིད་པ་ སྲིད་པ་ལས་སྐྱེ་བ་སྟེ། སྐྱེ་བ་ཡོད་ཕན་ཆད་ན་འདོད་པས་ཕོངས་པ་དང་། མྱ་ངན་དང་ ན་བ་དང་ རྒ་བ་དང་ འཆི་བ་སོགས་སྡུག་བསྔལ་གྱི་ཕུང་པོ་ཤིན་ཏུ་ཆེ་བ་གྲུབ་པའི་ཕྱིར་ན། སྐྱེ་བ་འགག་ན་འཁོར་བའི་རྟེན་འབྱུང་གཞན་ཐམས་ཅད་འགག་པར་འགྱུར་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་འབྲས་ཟབ་མོ་ནི་རྒྱལ་བ་བདེན་པར་སྨྲ་བ་རྣམས་ཀྱི་གསུང་གི་མཛོད་ཡིན་པར་ངེས་ལ། དེ་ལྟ་མོད་ཀྱི་སྲིད་པ་འདུ་བྱེད་པའི་མཐོ་དམན་ལས་ནི་བསོད་ནམས་ཀྱི་ལས་འབྲས་དགེ་བ་བཅུ་དང་། བསོད་ནམས་མ་ཡིན་པའི་ལས་མི་དགེ་བ་བཅུ་མི་གཡོ་བའི་ལས་བསམ་གཏན་བཞི་དང་། གཟུགས་མེད་བཞི་སོགས་དཀར་ནག་རྒྱུ་འབྲས་ཆོས་རྣམས་ཀུན་ལས་འདས་པ་ནི་ཞི་བ་དམ་པའི་དངོས་ཞེས་པ། སྐྱེ་བ་མེད་པའི་ཆོས་ཉིད་རྟོགས་ལས་བྱུང་བ་ཡིན་ནོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཞི་པའི་བསྡུས་འགྲེལ་ལོ།

ལེའུ་ལྔ་པ།

༈ དེ་ཡང་ཐེག་པ་གསུམ་པོ་གང་གི་ལམ་དུ་ཞུགས་ཀྱང་ཐོས་བསམ་སྒོམ་གསུམ་ལ་འཇུག་དགོས་པའི་ཕྱིར། དེའི་ཡུལ་ནི་མི་མཐུན་པའི་ཚོགས་སྤང་སྟེ་མཐུན་པར་གྱུར་པ་དག་ལ་བརྟེན་དགོས་པའི་ཕྱིར། སྡིག་པའི་གྲོགས་དང་བྱིས་པའི་གྲོགས་སོགས་སྤང་ཤིང་། སྐྱེས་བུ་དམ་པ་ཕྱི་ནང་གསང་གསུམ་གྱི་དཔལ་ཡོན་དང་ལྡན་པ་དག་བརྟེན་པ་ལས་ཡོན་ཏན་འཐོབ་ཅེས་པ་དང་། ལེགས་པར་སྨོན་པ་ནི་ཐར་པ་དོན་གཉེར་དང་བསོད་ནམས་ཀྱི་རྒྱུ་འབྲས་ལ་བླང་དོར་འཛོལ་མེད་བྱེད་པ་རྣམ་མཁྱེན་གྱི་སར་སྐྱབས་འདུན་བྱེད་པ་ཡིན་ལ། དེ་བཞི་ཀ་ལ་འཁོར་ལོ་ཆེན་པོ་བཞི་ཞེས། འཕགས་པ་ཀླུའི་དབང་པོས་བཞེད་པ་ལེགས་སོ། །ཉོན་མོངས་པ་ཁ་མ་བྲི་བས་ལྟར་སྣང་གི་དགེ་འདུན་པ་ན་བཟའི་ཕག་ག་ཡར་བ་ཙམ་གྱི་ཚོགས་ཀྱི་དབུས་ན་དུག་ཅན་གྱི་ཟས་ཁོང་དུ་སོང་བ་ལྟ་བུའི་སྐྱོན་གྱིས་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་དང་། རྐྱེན་ཆགས་སྡང་བར་མ་གསུམ་གྱི་རྣམ་འགྱུར་ཤིན་ཏུ་རྒོད་པར་འགྱུར་བ་ཡིན་ན། དེ་ལས་འབྲོས་པའམ། བསྲིངས་ནས་དབེན་པའི་གནས་སུ་རང་ཉིད་གཅིག་པུར་རྣམ་རྟོག་ཞི་བའི་ཐབས་ལ་མོས་བཞིན་འདུ་འཛིན་སྤང་བ་གལ་ཆེ་ཞིང་། རྙེད་པ་ལ་ཆགས་ན་ཆོས་གང་ཡང་ལམ་དུ་འགྲོ་དཀའ་བར་ངེས། དེ་ལ་མ་ཆགས་པར་རླུང་ཐོགས་མེད་དུ་རྒྱུ་བ་དང་། མཁའ་ལྡིང་ཡང་དེ་ལྟར་བགྲོད་པའི་དཔེ་བཞིིན་དང་རི་དྭགས་གྲོང་དུ་མི་འབབ་པ་བཞིན་དབེན་པར་གནས་པ་དེ་ཉིད་སྒོ་གསུམ་བབ་ཅོལ་གྱི་སྤྱོད་པས་འཁྲུགས་པར་མི་འགྱུར་ལ། དེ་ལས་ལྡོག་ཏེག་ཞི་ལ་བརྟེན་ན་གཞན་ངོ་བསྲུང་བ་དང་། རང་ལས་ལྷག་པར་ཕྲག་པ་དོག་པ་དང་། གཞན་གྱིས་གནོད་པ་བཟོད་པའི་སྙིང་སྟོབས་བྲི་བར་འགྱུར་བར་ངེས་ལ། ཡིད་ནི་ཤིན་ཏུ་རིངས་པའི་བྱི་བ་སྡིག་ལྡན་གང་ཡང་ལྟར་སྣང་ལ་འགྲོ་འདུག་ཞི་ཞིང་སྤྱོད་ལམ་དེས་པ་ལྟར་སྣང་ཡང་ཡིད་ཆེས་མེད་པ་བཞིན་མི་དགེ་བའི་ལས་ཐབས་ལ་མཁས་པའི་སྡིག་པའི་གྲོགས་ཀྱི་གཡོ་དང་སྒྱུའི་སྒོ་ནས་ཁོ་རང་དང་བསམ་སྤྱོད་གཅིག་ཕྱིར་བག་ཕེབས་བསྟེན་པའི་ཡུལ་དུ་བཅོས་ན་ཡང་ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང་ཆོས་ལས་འཕྲལ་དུ་ཉམས་པའི་རྒྱུར་འགྱུར་ངེས་ན། དེ་ལས་ལྡོག་ཏེ་ཆགས་ཞེན་མེད་པའི་དཔེ་ནི་བསྐྱོད་པ་ཡང་བའི་ཉི་ཟླ་གཉིས་རེས་མོས་སྣང་བར་བྱེད་པས་ཀུན་དང་མཛའ་ཞིང་། འཁོན་འགྲས་མེད་པ་བཞིན། ཡུལ་གཅིག་ཏུ་རྟག་པར་བསྡད་ནས་མཆོག་དམན་ཀུན་དང་འདྲིས་ཤིང་གཉུག་མར་གནས་པ་དག་འདྲིས་སུན་ཁུར་བའི་སྐྱོན་གྱིས་ཕན་ཚུན་ཁྲོ་བས་གདུང་ནའང་གསར་པ་གསར་པར་གྱུར་བའི་ཡུལ་དང་། མི་རྣམས་འཇམ་ཞིང་སྐྱེ་བོ་གཞན་ཀུན་དང་མཛའ་ཞིང་བཤེས་པར་གྱུར་པ་མཐོང་ཞིང་ཐོས་པ་ལྟར་མོད། དེ་ཡང་སེམས་ལྡན་ལྟ་བུར་གཞན་གྱི་རྗེས་སུ་བཟློ་བ་ལྟར་ཅ་ཅོ་སྒྲོག་པར་གྱུར་ཡང་བརྗོད་པ་བཟང་པོ་ལ་དགའ་བ་དང་ངན་པ་ལ་མི་དགའ་བའི་རྗེས་སུ་དེའི་སེམས་འགྲོ་བ་མ་ཡིན་པའི་བྲག་ཆ་ལྟ་བུའི་ཀུན་སྤྱོད་ཅན་ནི་གཉིས་འཛིན་དབྱིངས་སུ་ཡལ་བ་དག་ཡིན་ཏེ། དེ་འདྲ་ལ་ཡུལ་བཟང་ངན་དང་དབེན་མིན་གྱི་དམ་བཅའ་བྲལ་བའོ། །སོ་ཐར་ལ་ཡི་དམ་དུ་བྱེད་པའི་སྐྱེས་སུ་ཚངས་པར་སྤྱོད་པ་རྣམས་དང་། བསམ་གཏན་གྱི་དོན་ལ་གཅིག་ཏུ་སེམས་པའི་ཏིང་ངེ་འཛིན་དོན་དུ་གཉེར་བ་གང་ཞིག་བརྟུལ་ཞུགས་ཏེ་ཉམས་མྱོང་བརྟན་པར་མ་སོན་པ་གང་དང་གང་ཞེས་མཆོག་དམན་སུ་ཡང་རུང་སྟེ། ཆགས་སྡང་སྐྱེ་བའི་ཡུལ་དང་གྲོགས་ཆོས་དང་མཐུན་མིན་ལ་བརྟེན་ནས་རང་གི་དགེ་སྦྱོར་ལ་མཐོ་དམན་བྱེད་ཅེས་པའོ། །སྤྱིར་ཡང་སྟོན་པས་གནང་བས་གཞན་ལ་བསོད་ནམས་བསྐྱེད་པའི་ཐབས་དང་། བདག་ཀྱང་དཀའ་ཐུབ་སྟེ་སྡོམ་པ་ཉམས་པར་མི་འགྱུར་ལ། སློབ་པ་རྣམས་ཀྱིས་རེ་བ་སྐོངས་བའི་ཡིད་བཞིན་ནོར་བུར་བལྟ་ཞིང་སྡེ་སྣོད་གསུམ་དང་མཐུན་པར་གྱུར་བའི་སྤྱོད་ཡུལ་ནི་བསོད་སྙམས་ཁོ་ན་ཡིན་ཞེས་པའོ། །འཚོ་བ་ཤིན་ཏུ་མ་དག་པ་ནི་རང་ཕྱོགས་ཐབས་ཀྱིས་བསྟོད་ཅིང་གཞན་ཕྱོགས་སྨད་པའི་ལས་སོགས་གཡོ་སྒྱུས་མ་བྱིན་པ་ལེན་པ་ནི་བརྐུ་བ་དང་མཚུངས་པའོ། །རྙེད་པས་རྙེད་འཚོལ་ནི་ཕར་སྟོན་མོ་སོགས་ནོར་རྫས་ཆུང་ངུ་བཏང་ནས་འབུལ་སྡུད་སོགས་ཀྱིས་རྙེད་པ་འཚོལ་བའོ། །ཁ་གསག་ནི། རྟེན་གསུམ་སོགས་རྣམ་དཀར་གྱི་བྱ་བ་རྒྱ་ཆེན་དགོས་ཚུལ་ལ་བརྫུས་ཏེ་རྙེད་པ་འཚོལ་བའོ། །ཚུལ་འཆོས་ནི། རང་ཉིད་སོ་ཐར་རབ་བྱུང་ཁྱད་པར་དུ་འཆོས་པ་དང་། ཡང་ན་བསྐྱེད་རྫོགས་བསྒོམ་བཟླས་དང་ལྟ་སྒོམ་སྤྱོད་གསུམ་གྱི་ཉམས་མྱོང་དང་མི་ལྡན་བཞིན་དུ་རྣལ་འབྱོར་དབང་ཕྱུག་གི་ཟོལ་གྱིས་མི་མགོ་བསྐོར་བ་དང་། ཐོབ་ཀྱིས་འཇལ་བ་ནི། སྦྱིན་བདག་ཕྱུག་པོ་དང་འབྲེལ་འདྲིས་ཡོད་པའི་ཐབས་བྱས་ནས་ཆོ་ག་ཆོས་སྤྱོད་སོགས་ཀྱི་ཡོན་འབུལ་ཆེ་དགོས་ཚུལ་གྱིས་གཡོ་སྒྱུ་བྱེད་པ་སྟེ་ལོག་འཚོ་རྣམ་པ་ལྔ་པོ་དེ། དྲང་སྲོང་རྣམས་ཀྱི་ཞེས་སྔོན་བྱོན་རྒྱལ་བ་སྲས་བཅས་ཀྱི་བརྟུལ་ཞུགས་སྨ་ཕབ་པར་འགྱུར་བའོ། །དེའི་ཕྱིར་ན་གནས་མལ་བཟང་པོ་ཆོས་ལ་བར་ཆད་མེད་ཅིང་མཐུན་རྐྱེན་འཛོམས་པའི་དབེན་རི་སོགས་དང་། འཚོ་བ་བཟང་པོ་སྨན་ཤིང་མེ་ཏོག་སོགས་ཀྱི་བཅུད་ལེན་དང་། དེ་ལྟར་མིན་ཀྱང་གོང་གསལ་ལྟར་སློང་མོ་འཚོ་བ་དང་། ཆོས་དང་ཤིན་ཏུ་མཐུན་པའི་གྲོགས་དང་སྤྱོད་བ་བཟང་པོ་ནི། ཐོས་བསམ་སྒོམ་གསུམ་སོགས་ལ་མཐུན་སྦྱོར་གྱི་སྟོབས་བསྐྱེད་ཅིང་སློང་བའོ། །སོ་སོར་ཐར་བ་དང་། བྱང་ཆུབ་སེམས་དཔའ་དང་། རིག་འཛིན་སྔགས་ཀྱི་དམ་ཚིག་སོགས་བསླབ་པ་ཀུན་གྱི་ཡོན་ཏན་རྫོགས་པར་བྱ་བའི་ཕྱིར་དུ་སྐྱེས་བུ་དམ་པ་སྟེ་ཤེས་བྱ་ཀུན་ལ་མ་རྨོངས་ཤིང་སྟོང་ཉིད་སྙིང་རྗེ་ཡ་བྲལ་དུ་མ་སོང་བའི་བཤེས་གཉེན་དག་ལ་བརྟེན་པར་བགྱིད་ཅེས་པའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ནི། ཇི་ལྟར་མ་ལ་ཡའི་ནགས་ཀྱི་ཀླུང་དུ་ཤིང་གཞན་རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་པའང་ཡུན་རིང་པོར་འགྲོགས་ཤིང་ཡལ་འདབ་དྲི་བཟང་གིས་ཡང་ཡང་བརླན་པས་ཙནྜན་གྱི་དྲི་བསུང་གིས་གོས་པ་ལྟར་གང་ལ་བརྟེན་པའི་སྐྱེས་བུ་དེའི་རྗེས་སུ་འགྲོ་ཞེས་པའོ། །དེ་ཡང་དམ་པའི་ཆོས་ཚུལ་ཡོན་ཏན་མཐའ་དག་རྫོགས་པའི་བཤེས་གཉེན་དམ་པ་ནི། སྙིགས་མ་ལྔ་བདོའི་མཐུས་སྐྱོན་བྱས་རྙེད་པར་དཀའ་ནའང་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ། སྡོམ་གསུམ་གནང་བཀག་གཙང་མའི་ས་གཞི་ལྟ་བུ་ལ། ཐོས་བསམ་དང་སྙིང་རྗེ་ཆེན་པོས་ཐུགས་བརྒྱུད་རབ་ཏུ་བརླན་ཞིང་། སྡེ་སྣོད་གསུམ་དང་སྔགས་རྒྱུད་རྒྱ་མཚོའི་ཆོ་ག་ལག་ལེན་མཁས་ཤིང་། སྤངས་པ་དང་རྟོགས་པའི་ཡེ་ཤེས་དྲི་མ་མེད་པའི་འབྲས་བུས་ཕྱུག་པ། མཁོ་བ་སྦྱིན་པ་སྙན་པར་སྨ་བ་དང་། འཇིག་རྟེན་གྱི་དོན་དང་མཐུན་པ་དང་། གདུལ་བྱའི་དོན་ལ་སྤྱོད་པ་སྟེ་བསྡུ་བའི་དངོས་པོ་བཞིའི་མེ་ཏོག་རྣམ་པར་བཀྲ་བས། སྐལ་བ་བཟང་པོ་ལྡན་ཞིང་དད་དམ་གྱི་ནོར་བུ་གཅེས་ནོར་དུ་བྱེད་པའི་སློབ་མའི་བུང་བ་སྡུད་པ་ལ་བརྟེན་དགོས་པར་གསུངས་པའོ། །ཁྱད་པར་རྒྱུད་ལུང་སོགས་བཀའ་རྒྱ་ཆེ་བ་རྟོགས་སླ་བའི་ཆེད་དུ་མན་ངག་གནད་དུ་དྲིལ་བ་སྟོན་པའི་བླ་མ་དམ་པ་ནི། གསང་སྔགས་རྡོ་རྗེ་ཐེག་པའི་དབང་བཞི་ཐོབ་ཅིང་དེ་དག་སོ་སོའི་དམ་ཚིག་ལ་གནས་པ་ཤིན་ཏུ་ཞི་ཞིང་གཞི་རྒྱུད་བདེ་གཤེགས་སྙིང་པོ། ལམ་རྒྱུད་བསྐྱེད་རྫོགས་བསྒོམ་བཟླས་འབྲས་བུའི་རྒྱུད་སྐུ་དང་ཡེ་ཤེས་སོགས་ཀྱི་དོན་ཁོང་དུ་ཆུད་ཅིང་བསྙེན་པ་དང་བསྒྲུབ་པའི་རྟགས་རྫོགས་ཤིང་ལྟ་སྒོམ་ཇི་བཞིན་རྟོགས་པའི་བདག་རྒྱུད་གྲོལ་བ་དང་། ལས་རབ་འབྱམས་ཀྱི་སྒོ་ནས་སྙིང་རྗེའི་འཇུག་པ་ཚད་མེད་པས་གཞན་དོན་འབའ་ཞིག་གཉེར་བ། འཇིག་རྟེན་ཆོས་བརྒྱད་སོགས་ཀྱི་བྱ་བ་ཉུང་ཞིང་ཐོས་བསམ་སྒོམ་གསུམ་ལ་ནན་ཏན་བྱེད་ཅིང་ཆོས་ལ་རྟག་པར་སེམས་པ་དང་མི་འབྲལ་ཞིང་། འཁོར་བའི་སྡུག་བསྔལ་གྱི་སྐྱོ་ཤས་རྒྱ་ཆེར་ལྡན་ཞིང་གཞན་ཡང་ཚུལ་དེ་ལ་བསྐུལ་བ་དང་། རང་གཞན་དོན་གཉིས་བསྒྲུབ་པའི་ཐབས་ལ་མཁས་ཤིང་བརྒྱུད་པ་གོང་མའི་བྱིན་རླབས་དང་ལྡན་པ་དེ་ལྟ་བུའི་བླ་མ་དམ་པ་ལ་བརྟེན་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་མྱུར་ཞེས་པའོ། །བྲམ་ཟེ་རང་ལུགས་ཀྱི་ཆོས་བསྲུང་བ་ལ་མཁས་པ་བཞིན་དུ་ཆོ་སྟེ་ཞང་པོའི་ཕྱོགས་དང་། རིགས་ནི་ཕའི་རིགས་ཡིན་ལ་དེ་གཉིས་མི་ཉམས་པར་བསྲུང་བའམ། བསྟི་གནས་ཏེ་རང་གི་གནས་དགོན་སོགས་ཉམས་པར་དོགས་པའི་རྫིང་བུ་རུ་སྐྱེས་བུ་གསུམ་གྱི་གཉེར་བྱའི་ལམ་གང་ཡང་མིན་པའི། ཐོས་བསམ་འབྲས་བུ་ཚེ་འདིི་ཁོ་ནའི་ཆེད་དུ་གནས་མིན་གྱི་ཁྲུས་ལ་ཞུགས་ཅེས་པའོ། །ཤིང་གི་རང་འཐག་གིས་འབྲས་བུའི་རིགས་གང་ཡང་མི་ཆོམ་པ་ལྟ་བུའི་རང་རྒྱུད་ཐ་མལ་དུ་ལུས་པས་སློབ་དཔོན་ཡོན་ཏན་གྱི་དབེན་པའི་ལམ་སྟོན་དང་། སོ་སོའི་སྐྱེ་བོའི་རང་བཞིན་ཏེ་བསམ་སྦྱོར་གང་ཡང་ཐ་མལ་པ་རྣམས་དང་ཅུང་ཟད་ཀྱང་མ་འགལ་ཡང་། རང་རང་གི་ཉེ་དུ་སོགས་བླུན་པོའི་དད་པས་བབ་ཅོལ་གནས་ལ་སྦྱར་ཞེས་པའོ། །གཞན་མ་འགའི་རྨོངས་ཞེན་གྱི་རྙེད་པ་དང་བཀུར་སྟིའི་མཆོད་པས་ཁེངས་པར་གྱུར་པ་དང་། རང་མཐོང་ཤིན་ཏུ་ཆེ་བས་ཁྲོན་པས་ལག་འགྲོའི་གཏམ་རྒྱུད་ལྟ་བུའི་བཤེས་གཉེན་ང་རྒྱལ་གྱིས་སྦོས་པ་དག་དང་། ཐོས་པ་སྤྱི་དང་ཁྱད་པར་རང་ལུགས་ཀྱི་ལོ་རྒྱུས་སོགས་ལ་གོམས་འདྲིས་ཉུང་ཞིང་སྡོམ་གསུམ་སྤྱི་དང་ཁྱད་པར་དམ་ཚིག་ཉམས་འགལ་རལ་གསུམ་དུ་གྱུར་པས་འཆལ་ནས། རྒྱུད་ཚོད་ཤིན་ཏུ་དམའ་བ་ཐ་མལ་པ་དང་ཆོས་མཚུངས་ཀྱང་རྒྱན་ཆས་གཟི་བྱིན་ཨང་རྡིར་སོགས་ཐབས་ཀྱིས་བསྒྲུབ་ནས་ཀུན་སྤྱོད་ས་བླར་གཤེགས་པ་འདྲ་མོའི་ཆེ་བཅོས་དང་། ཡུལ་དམན་པའི་རིགས་གང་ལ་ཡང་བྱམས་པ་དང་སྙིང་རྗེའི་དཔྱང་ཐག་ཆད་པའི་སྨྱོན་པའི་ལམ་མཁན་ལྟ་བུའི་མི་དགེའི་བཤེས་གཉེན་རྣམས་ལས་སྡིག་པ་འཕེལ་ཞེས་པ་དང་། ཁྱད་པར་ཐོས་བསམ་སྒོམ་གསུམ་སྤྱི་དང་། བྱེ་བྲག་གཞན་ཕན་གྱི་ལྷག་བསམ་རང་དང་མཉམ་པ་ཙམ་ལས་ཡོན་ཏན་གང་ཡང་ལྷག་བཅས་མིན་པ་དང་། བྱང་ཆུབ་ཀྱི་སེམས་དང་བྲལ་ཡང་གྲགས་པ་ཆེ་བས་མཐུས་བརྟེན་པར་གྱུར་ན་ལོང་བའི་མི་ཞིག་དེད་དཔོན་ནམ་ལམ་མཁན་དུ་རེ་ནས་ལམ་འཁྲིད་བྱེད་བཅུག་ན་ནོར་བ་ཆེན་པོ་སྟེ་ཡིད་ཆེས་དང་བྲལ་བཞིན་ཟོལ་གྱི་འགྲོགས་པས་མུན་པའི་སྨག་ཏུ་འཁྱམས་པར་གྱུར་ཞེས་པའོ། །དེ་ཕྱིར་ལམ་སྟོན་དུ་རེ་བའི་དམ་པ་ཤིན་ཏུ་མ་བརྟགས་ན། བླུན་པོ་དད་པ་ཅན་གྱི་དགེ་བའི་ཚོགས་ཆུད་གསན་ཞིང་དལ་བ་སྐབས་ཤིག་སྟེ། ལན་ཅིག་ཙམ་རྙེད་པ། གཏམ་རྒྱུད་དང་སྦྱར་ན་སྔོོན་མི་ཞིག་གི་ཁུར་ཆེན་པོ་ཁུར་ནས་ཟླ་དཀར་མིན་གྱི་ངོགས་སུ་ཕྱིན་པའི་ནགས་འདབ་ཞིག་ན་སྦྲུལ་གདུག་ཆེན་པོ་ཞིག་ཤད་བརྐྱང་ས་ཏེ་ཡོད་པ་དང་། ཤིང་སྡོང་གི་གྲིབ་མ་གཉིས་མི་དེས་ནོར་ནས་འཕྲད་འཇོམས་བྱས་པ་བཞིན་བསླུ་བར་འགྱུར་རོ། །མདོ་རྒྱུད་ནས་བཤད་པའི་སྐྱོན་ཀུན་ཟད་མཐའ་དག་ཡོན་ཏན་འབྱོར་བའི་བླ་མ་ནི། སངས་རྒྱས་ཀུན་གྱི་མཁྱེན་པའི་ཡེ་ཤེས་དང་། བརྩེ་བའི་ཐུགས་རྗེའི་ཁམས་གཅིག་ཏུ་དྲིལ་བའི་སྤྱི་གཟུགས་གདུལ་བྱའི་འགྲོ་བ་རྣམས་ཀྱི་ཡུལ་ལ་སྐྱེས་བུའི་གཟུགས་ཀྱི་བྱོན་པ་ཡིན་ཕྱིར་མཆོག་དང་ཐུན་མོང་སོགས་དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད་པ་ཡིན་ལ། དྲང་བའི་དོན་དུ་མཛད་སྤྱོད་སོགས་ཀུན་དང་ཕྱོགས་མཐུན་ཡིན་ན། ངེས་པའི་དོན་དུ་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་སྤྱོད་ཅན་ཀུན་དང་རྣམ་བཞག་འགལ་ཞིང་། དགོངས་པ་ཅན་ཕྱིར་ཐ་སྙད་ཀྱི་གནས་ལ་གོམས་པ་ཀུན་ལས་ཁྱད་པར་འཕགས་ཤིང་ཐེ་ཚོམ་གྱི་གཉིས་འཛིན་གཅོད་པ་ལ་མཁས་ཤིང་གཞན་མས་ལོག་སྒྲུབ་དང་དཀའ་ཐུབ་ཀྱི་སྐྱོ་ངལ་བཟོད་པ་ལ་དམ་པའི་མགོན་དེ་ལྟ་བུ་ནི་སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ་ལྟ་བུ་དང་། ཐར་པ་དང་རྣམ་མཁྱེན་གྱི་ལམ་མཆོག་འཁྲུལ་པར་མི་འགྱུར་བས་རྒྱ་མཚོའི་གླིང་དུ་བགྲོད་པའི་ཚོང་པའི་དེད་དཔོན་དངོས་དང་མཚུངས་ཤིང་། ལས་དང་ཉོན་མོངས་པའི་མེ་ཚོགས་འཛོམས་པའི་བདུད་རྩིའི་ཆར་ཆེན་པོ་ལྟ་བུ། མ་རིག་པའི་མུན་པ་སེལ་བའི་ཉི་ཟླར་མཚུངས་ལ། ཐེག་པ་སྟེ་ཁུར་སྟོབས་ཤིན་ཏུ་ཆེ་བས་ས་གཞི་དང་འདྲ་ཞིང་། ཕན་དང་བདེ་བའི་འབྱུང་གནས་དཔག་བསམ་ཤིང་ལྟ་བུ། མདོ་དང་སྔགས་ཀྱི་ཆོས་རྣམས་ཀུན་གྱི་མཛོད་ལྡན་བུམ་པ་བཟང་པོ་ལྟ་བུ་སྟེ། དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་ཅིང་། མཆོག་དམན་ཀུན་ལ་ཉེ་རིང་ཆགས་སྔང་དང་བྲལ་ཞིང་སྙོམས་པར་བྱམས་པས་ཕ་མ་ཡིན་ཞིང་། འདོད་པའི་བྱམས་བརྩེ་ལས་འཕགས་པས་ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུང་དང་མཚུངས་ལ། ང་རྒྱལ་ཙམ་མ་ཡིན་པས་འཕོ་འགྱུར་མེད་པའི་དགའ་བ་རི་དབང་འདྲ་ཞིང་ཉེ་རིང་ཆགས་སྡང་གི་ཀུན་རྟོག་གིས་འཁྲུགས་པ་མེད་པའི་བཏང་སྙོམས་ཆར་སྤྲིན་བཞིན་ལ། དེ་འདྲ་བའི་བླ་མ་དགེ་བའི་བཤེས་གཉེན་དེ་ཉིད་གསང་བ་གསུམ་གྱི་ཡོན་ཏན་སངས་རྒྱས་ཀུན་དང་མཉམ་པར་འགྱུར་ན། དེ་ལ་གནོད་པ་བྱས་ཀྱང་བདེ་བ་ཐོབ་པའི་ལམ་དང་འབྲེལ་ན་གཡོ་ཟོལ་མེད་པར་དད་དང་གུས་པའི་སེམས་ཀྱིས་བསྟེན་པའི་སྐྱེས་བུ་དེ་ལ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དཔལ་དང་ཡོན་ཏན་གྱི་འབྲས་བཟང་ཆར་བཞིན་འབབ་པར་ངེས་ཤིང་། དེ་ཡང་ཐར་ལམ་མཆོག་སྟོན་བླ་མ་དེ་ནི། ནད་པ ས་སྨན་པ་དང་། མགྲོན་པོས་སྐྱེལ་མ་དང་། འཇིགས་པས་ར་མདའ་དང་། ཚོང་པས་དེད་དཔོན་དང་། གྲུ་བས་མཉན་པ་བཞིན་དུ་སྐྱེ་ཤི་དང་ཉོན་མོངས་པའི་དགྲའི་འཇིགས་པས་མི་ཚུགས་ཕྱིར་སྐྱབས་སུ་བསྟེན་པར་བྱ་ཞེས་པའོ། །དེ་ལས་ཉེ་བར་ལེན་པ་སྐལ་ལྡན་གྱི་སློབ་མ་སྟེ། དེ་ལས་ལོག་པ་རྣམས་མ་ཡིན་ཏེ། སྣོད་གས་ཆག་དང་ལྡན་བཞིན་སློབ་མ་དམ་བྲལ་ལ་བཅུད་ཅེས་པ་ཆོས་ཀྱིས་ཕན་མི་ཐོགས་ཤིང་། སློབ་མ་ལས་སྐལ་ངན་པ་དག་ནི་ཟང་ཟིང་ཙམ་གྱི་ནོར་རྫས་ཅུང་ཟད་བྱིན་པས་ཚིམ་པ་ཐོབ་པར་གྱུར་ནས་ཞེས་པ། སྐབས་དེར་བཅོས་མའི་སྒོ་ནས་དད་པ་མོས་གུས་ཡོད་ཡོད་འདྲ་ཡང་། སླར་དབྱར་དགུན་སྟོན་དཔྱིད་འགྱུར་བ་ལྟ་བུའི་དུས་བཞི་འགྱུར་ལྡོག་ངོམ་པ་དང་འདྲ་ཞེས་པའོ། །སྤངས་བྱའི་སློབ་མ་དག་གི་མཚན་ཉིད་ནི། དང་པོ་དགེ་བསྒྲུབ་སྡིག་སྤངས་གིས་ལམ་དུ་བཙུད་ཀྱང་བློ་ངན་ལིང་ཤོར་གྱིས་ཆོས་ལམ་དུ་མི་ཚུད་པ་གཡག་རྒོད་ར་བར་བཙུད་པ་བཞིན། བར་དུ་ཐོས་བསམ་ལ་སློབ་དགོས་ཞེས་བསྐུལ་ཡང་། དཀའ་ཐུབ་ལ་སྡང་ཞིང་། ཚེ་འདི་ཁོ་ནར་གཉེར་བ་ལ་འདུན་ཞིང་། ཐ་མར་སྡིག་པའི་གྲོགས་རྣམས་ཀྱིས་མི་དགེ་ལ་སྤྱོད་པའི་ལད་མོ་བྱེད་ཅིང་དེའི་ཕྱོགས་བཟུང་ནས་ལས་ཀྱི་མཐའ་ལོག་པ་ནགས་མཐའི་མི་རྒོད་དང་འདྲ་ཞེས་པའོ། །སློབ་མ་ཡིད་གཉིས་ལྡན་པ་རྣམས་ནི་བླ་མ་དམ་པའི་དྲུང་ན་གནས་ཚེ་ཡུལ་གཞན་ཞིག་ཏུ་འབྲོས་ལ་རིངས་ཞིང་ཡུལ་གང་སྟེ་གཞན་དུ་བགྲོད་པ་ལ་མངོན་པར་ཕྱོགས་ན་སྡིག་པའི་འཛིན་ཞེས་པའོ། །དམ་པའི་མགོན་གྱིས་དབེན་པར་སོང་ལ་བསྒྲུབ་ལ་བརྩོན་དགོས་ཞེས་ཆེད་དུ་བསྐུལ་ན་ཆོས་ཚུགས་ཞིག་ནས་ཅི་བྱར་གཏོལ་མེད་ལ་ཐུག་ནས་རླུང་གི་རྗེས་སུ་འགྲོ་བའི་ཀུ་ཤའི་རྩེ་མོ་ལན་རེ་ཤར་དང་། ལན་རེ་ནུབ་ཕྱོགས་སུ་བསྐྱོད་བཞིན་གུག་པ་དང་མཚུངས་ཤིང་། ལུགས་ཟུང་གང་ལའང་ཚུགས་མ་ཟིན་པའི་མི་གཞི་ངན་པའི་གཡོ་ཟོལ་གྱིས་སྦྱོར་བ་ཐ་གུས་བརྐྱང་བསྐུམ་ལྟ་བུའི་དབྱེན་སྦྱོར་གྱི་ལྕེས་བླ་མ་སྤོས་ཀྱི་གླང་པོ་སྟེ། གླ་བ་ལྟར་བརྫུ་བག་གིས་བསྙེན་ནས་སྨིན་གྲོལ་གྱི་གདམས་པ་སོགས་དམ་ཆོས་གླ་རྩིའི་རྙེད་པ་རྫུན་རིས་གྱིས་ཐོབ་པར་བྱས་ནས་སླར་ཡང་བླ་མ་ལ་གཤེ་བསྐུར་དང་ལོག་ལྟ་སོགས་རྔོོན་ལ་ཡང་དག་པར་དགའ་ཞིང་སྤྲོ་བའི་དམ་ཚིག་གི་རིམ་པ་ཆུ་ལ་རྡོ་བསྐུར་བ་བཞིན་འཕེན་པ་དག་མི་དགེ་བ་ཤུགས་ཆེ་བས་རང་གི་བློ་སྣ་ཉམས་འོག་ཏུ་མ་ཚུད་པ་མཐའ་དག་ནི་བསྐྱེད་རྫོགས་ཀྱི་གདམས་པའི་གནད་འགག་ཐོབ་པ་རྣམས་སླར་བཏང་ནས་ཞེས་ཡལ་བར་དོར་ནས་ད་དུང་སྣ་ཚོགས་ཡིག་སྣ་མང་པོ་འཚོལ་བས། ངལ་དུབ་བྱས་པའི་མཐར་རང་རྒྱུད་ལ་ཕན་ཐོགས་པ་གསར་པ་ཅི་ཡང་མ་མཐོང་ཞིང་སྔོན་མ་མཐའ་དག་ཉམས་པར་འགྱུར་ལ། དེ་ཡང་ཡང་དག་པའི་དོན་ལ་སྦྱོར་བའི་དད་པ་དང་། ལྟར་སྣང་ཚེ་འདིར་བསྒྲུབ་པའི་འདོད་པ་དང་། དེ་གཉིས་ཀར་ལུང་དུ་མ་བསྟན་པ་སྟེ་ལུགས་ཟུང་གཉིས་ཀར་ཕན་པ་མ་ཡིན་པའི་གཟུ་ལམ་ཅན་དང་། གསུམ་དུ་གནས་པའི་མཚན་ཉིད་བརྟགས་ནས་སོ་སོར་འབྱེད་པ་གཅེས་ཞེས་པའོ། །བརྩོན་འགྲུས་རྣམ་པ་གསུམ་ལས་འདིར་གོ་ཆའི་བརྩོན་འགྲུས་ལེ་ལོའི་དབང་དུ་སྐད་གཅིག་ཀྱང་མི་གཏོང་བར་ཆོས་ལ་བརྩོན་འགྲུས་ཆེ་ལ་བློ་གྲོས་ཤིན་ཏུ་བརྟན་པ་དང་། ལུས་དང་སྲོག་ལ་མི་བལྟ་ཞིང་བླ་མ་ཁོ་ནར་སྲི་ཞུའི་ཆེད་དུ་རིམ་གྲོ་བགྱིད་པར་མི་ལྷོད་ཅིང་ཅི་གསུངས་དང་དུ་བླང་བ་རྒྱལ་བའི་བཀའ་དང་མཚུངས་པར་དཀྲི་ཞིང་བདག་ཉིད་ཀྱིས་མི་ལྕོགས་མི་འགྲུབ་བསྙམས་ནས་ཞོ་ཤའི་ངལ་དུབ་མི་བསྲུང་བའི་སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ་ཞེས་པའོ། །དད་པ་དང་། ཤེས་རབ་དང་། ཐོས་པ་དང་། སྙིང་རྗེ་ཆེ་བ་སྡོམ་པ་གསུམ་དང་དམ་ཚིག་གི་གནས་ལ་གུས་ཤིང་སྒོ་གསུམ་དུལ་བའི་མངོན་རྟོག་ཟོལ་ཟོག་བྲལ་ཞིང་། ཁོངས་ཡངས་ཤིང་གཏོང་ཕོད་ཆེ་བ་དག་སྣང་དང་ཁྲེལ་ཡོད་ལྡན་པ། བླ་མའི་གསང་བ་གསུམ་དང་འགལ་བའི་བསམ་སྦྱོར་ཤིན་ཏུ་བསྲུངས་བས་འཛངས་པ་དང་། བླ་མས་བཀའ་བཀྱོན་ཇི་ལྟར་མཛད་ཀྱང་དེ་དག་ལ་མི་ཁྲོ་བའི་དཔེ་རྟ་མཆོག་ལྕགས་གིས་ཇི་ལྟར་བྲབ་ཀྱང་ལན་མི་བྱེད་པ་བཞིན་དང་། བང་མི་སོགས་ལ་ལན་མང་མངག་ཀྱང་གྲུ་ལྟར་འགྲོ་འོང་གི་གནས་ལ་སྐྱོ་ངལ་སྤངས་པ་ལྟ་བུའི་འཇུག་ལྡོག་ཅང་མི་སེམས་པ་དང་། མཆོག་དམན་སུས་ཐད་ནས་བྱ་བ་བཟང་ངན་བརྙས་བཅོས་ལྟ་བུའི་ལས་ཞིག་ཐོག་ཏུ་བཀལ་ཡང་ཟམ་པ་ལྟ་བུར་བཟང་ངན་ཐམས་ཅད་ཐེག་པ་དང། ལས་འཇམ་རྩུབ་ཇི་ལྟ་བུ་ཞིག་བསྒྲུབ་དགོས་ཞེས་གསུངས་ནའང་། དར་གོས་རས་འཕྲུག་བཟོ་སྟེགས་ཀྱི་སྟེང་དུ་ལྕགས་བསྲེག་དང་མེ་ཆུ་སོགས་ཀྱིས་གཅར་བཞར་བྱས་པ་བཞིན་དུ་གཙེས་ཀྱང་ཚ་གྲང་གང་ཡང་བཟོད་པའོ། །བཀའ་ཇི་ལྟར་ཕེབ་བཞིན་ཉན་པ་རང་གི་བྲན་ཁོལ་ལྟ་བུ་དང། རང་མཐོང་དང་ང་རྒྱལ་སྤངས་ནས་དམན་ས་འཛིན་པ་རྡུལ་ཕྱགས་པའམ་ཕྱགས་དར་ཁྲོད་པ་ལྟ་བུ་དང་། དྲེགས་པ་སྤངས་པ་ཁྱུ་མཆོག་རྭ་ཆད་པ་ལྟ་བུས་བླ་མ་བསྟེན་ཞེས་སྡེ་སྣོད་དག་ལས་གསུངས་པ་བཞིན་གལ་ཆེ། རང་ཉིད་ལ་འབྱོར་བ་ཡོད་ན་དཀོན་མཆོག་བཞི་པ་བླ་མ་མཆོད་ཅིང་། ཞབས་ཏོག་སྲི་ཞུ་སོགས་ནམ་དགོས་དུས་སུ་ལུས་ངག་བཀོལ་བའི་ལས་མཐའ་དག་ནམ་ཡང་ཆུད་ཟོས་སུ་གྱུར་པ་མེད་དེ། ཟང་ཟིང་གི་འབུལ་བ་དང་། ལུས་ངག་གི་ཞབས་ཏོག་དང། བསྒྲུབ་པ་སྟེ་མཉེས་པ་གསུམ་གྱི་ནང་ནས་བསྒྲུབ་པ་མཆོག་ཏུ་གསུངས་པའོ། །བླ་མའི་མཛད་པ་སྤྱོད་པ་གང་ལ་ཡང་ལོག་པར་མི་བལྟ་སྟེ། འཕགས་པའི་ཡུལ་གྱི་རྣལ་འབྱོར་དབང་ཕྱུག་ཕལ་མོ་ཆེ་རྣམས་ལ་ལ་ཙམ་ལས་གདོལ་པ་སྟེ་གཙང་རྩོག་མེད་པར་ཟ་ཞིང་རིགས་འཚོལ་བ་དང་གཡུང་པོ་དང་བྲན་གཡོག་སོགས་ཞོ་ཤས་འཚོ་བའི་ལས་ཁོ་ན་ལ་བརྩོན་པ་དང་། གཞན་ཡང་རྔོན་པ་དང་ཉ་བ་དང་བྱ་བྱིའུ་བསོད་པའི་ལས་ལ་འཇུག་པའི་སྡིག་སྤྱོད་ཕལ་པའི་ཚུལ་བཟུང་བའི། ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པར་གྱུར་པ་དག་ཡོད་མོད། འོན་ཀྱང་རང་གི་ཉེར་ལེན་ཀུན་བྱེད་རྒྱལ་པོས་དབང་དུ་མ་གྱུར་གྱི་བར། གཞན་གྱི་འཁྲུལ་པ་བརྟགས་པའི་ཉེས་པ་ཚད་མེད་ཡིན་ཏེ། སྡེ་སྣོད་བཅུ་གཉིས་བློ་ལ་བྱང་ཞིང་ཆུབ་པ་དགེ་སློང་ལེགས་སྐར་རམ་སྐར་བཟང་སྡིག་པའི་དབང་དུ་གྱུར་པ་ལ་མཐུས་བཏབ་ནས་ཞེས། སྟོན་པས་མཛད་པ་རྣམ་པར་དག་ཀྱང་ཁོས་གཡོ་སྒྱུར་མཐོང་བའི་ཚུལ་ལེགས་བར་བསམས་པས་རང་གི་རང་ཉིད་ལོག་རྟོག་ངན་པ་སོགས་ཀྱིས་དབང་དུ་མི་འགྱུར་ཐབས་སུ་འཆོས་ཤིང་། གལ་ཏེ་བདག་ལ་བླ་མ་སྡང་བའི་བྱམས་བརྩེ་ཆུང་བར་མངོན་པར་གྱུར་ན། དམ་པའི་མགོན་གྱིས་བདག་གི་ཕྱི་ནང་གསང་གསུམ་གྱི་སྐྱོན་ལྐོག་གྱུར་རྣམས་གཟིགས་ནས་སྤྱོ་བས་འདུལ་བའི་དུས་ལ་བབ་པར་རིག་ནས་དྲག་ཤུལ་གྱིས་གདུལ་ཐབས་བྱས་པར་རྗེས་སུ་ཡི་རང་དང་བཤགས་སྡོམ་བྱ་བའི་ཅང་ཤེས་སྐྱེས་བུ་དེ་ལྟ་བུ་ནི་བདུད་ཀྱི་དབང་དུ་མི་འགྲོའོ། །ཞེས་པའོ། །བླ་མ་བཞེངས་པའི་ཚེ་རང་ཉིད་འཕྲལ་དུ་ལྡང་བ་ལས་སྟན་ལ་འདུག་པ་མིན་ཞིང་། བཞུགས་པའི་དུས་ན་མདུན་སར་སླེབ་ཚེ་སྙུན་འདྲི་བ་དང་། མཁོ་བའི་ཉེར་སྤྱོད་ཅི་ཡང་དབུལ་བ་དང་། བཞུད་ཅེས་གཤེགས་ན་ཞབས་འབྲིང་དུ་ཕྱིན་ཚེ་སྔོན་ནས་རྒྱབ་བསྟན་བཞིན་མི་འགྲོ་བ་དང་། རྗེས་སམ་རྒྱབ་ནས་ཞབས་རྗེས་བརྫི་མི་རུང་བ་དང་། གཡས་གྲལ་མགོ་ཡིན་པས་དེ་གསུམ་ནས་བགྲོད་པ་མིན་པ་དང་སྟན་དང་བཞོན་པ་ནི་ཆིབས་པ་སྨད་པ་སྟེ། རང་རང་གིས་ཆིབས་པ་སོགས་ཀྱིས་བསོད་ནམས་ཉམས་ཞེས་པའོ། །གཞན་ཡང་སྒོ་འཕར་འབྱེད་གཅོད་ཀྱི་སྐབས་སུ་སྒོ་བརྡེག་པ་དང་། སྒེག་ཆོས་ཏེ་གོས་རྒྱན་སོགས་ཚད་ལས་ཐལ་བ་དང་། ངོ་འཛུམ་མ་ཡིན་པར་གནག་ཅིང་ཁྲོ་ཚུལ་སྟོན་པ་དང་། རྫུན་དང་བབ་ཅོལ་གྱི་བཞད་གད་དང་། འབྲེལ་མེད་ཀྱི་གཏམ་བྱུང་རྒྱལ་དུ་སྨྲ་བ་བླ་མ་ལ་གུས་པ་དང་། འཇིགས་བཅས་མ་ཡིན་པར་འདྲིས་སུན་ཁུར་ནས་ཅི་མི་སྙམ་པ་རྣམས་སྤངས་ལ་སྒོ་གསུམ་ཉེ་བར་ཞི་ནས་བསྟེན་པ་གལ་ཆེ་ཞིང་། བླ་མ་ལ་འབར་ཞིང་གཤེ་བསྐུར་འདེབས་པ་ནི་དམོད་ཅིང་སྡང་བའི་གང་ཟག་ཡིན་པས་དེ་དང་། མཛའ་ཞིང་བཤེས་པར་མི་བྱ་ཞིང་སྤོབས་པ་ཡོད་ན་ནུས་པས་དེའི་རྒོལ་བ་བཟློག་ཅིང་དེ་ལས་ལྡོག་སྟེ་བག་ཕེབས་སྨྲ་ན་ཉམས་པ་དེའི་སྡིག་པའི་གཞན་དབང་ནི་ལྷག་པར་མཐུ་ཆེ་བས་རང་གི་དམ་ཚིག་སྐྱོན་ཅན་དུ་བྱེད་པ་ལ་དོགས་ཟོན་གལ་ཆེ་ཞིང་། དེ་ལས་དེམ་ཚིག་གི་རྣམ་གྲངས་ནི་མཆེད་ལྕམ་སུ་དང་འགྲོགས་པར་བདེ་བ་སྐེ་རགས་ལྟ་བུར་འདྲིས་སུན་མེད་པ་དང་། མཆོག་དམན་འབྲིང་གསུམ་སུ་ལའང་བསམ་སྤྱོད་མཐུན་པར་འཇུག་པ་བདེ་བ་ལན་ཚྭ་བཟའ་བཏུང་གང་ལའང་རོ་བཅུད་བདའ་བར་བྱེད་པ་ལྟ་བུ་དང་། གཞན་གནོད་དང་ཁྱད་པར་བླ་མས་བཀའ་བཀྱོན་སོགས་ལ་བཟོད་སྲན་ཆེ་བ་ཀ་བ་ལྟ་བུའི་དཀའ་ཐུབ་ཀྱིས་བླ་མའི་འཁོར་ཉེ་དུ་ལྟོས་བཅས་རྣམས་དང་། རྡོ་རྗེའི་སྤུན་སྲིང་རྣམས་ལ་བསྙེན་ཞིང་བཤེས་པར་བྱ་དགོས་པ་ཡང་། རྫིང་བུ་མཆོག་ལ་བརྟེན་པའི་ཞེས། འཇིག་རྟེན་ན་ཆུ་མཚོ་ཆེ་ཆུང་དུ་གྲགས་པ་རྣམས་ལ་བརྟེན་པའི་ངང་པ་སོགས་ཆུ་བྱ་རྣམས་དང་། བུང་བས་མེ་ཏོག་སྣ་ཚོགས་ཀྱི་ཚལ་ལ་དགའ་ཞིང་། རྩི་བཅུད་ལ་རོ་མྱོང་བ་བཞིན། སྐྱེས་བུ་དམ་པ་ལ་རྟག་ཏུ་འགྲོགས་པའི་དགའ་དང་གུས་དང་དད་པའི་མཆོག་ནི་ཉེ་བར་བཞག་པའི་སྤྱོད་པ་ངོ་མཚར་ཅན་ལ་གཞིར་བཅས་ཏེ་སྐྱོ་སེམས་དང་ངལ་དུབ་མེད་པས་བླ་མའི་ཐུགས་བཀའ་བཞིནའཛོལ་མེད་དུ་བཟུང་ནས་དད་པས་ཉེ་བར་ལེན་པས་བླ་མའི་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་དང་ཡོན་ཏན་རང་རྒྱུད་ལ་འདྲིས་པའི་རོ་མྱོང་བར་བྱ་ཞིང་། བླ་མའི་རྗེས་སུ་འཇུག་པའི་སྤྱོད་པ་ལ་ངེས་པར་ཞུགས་པའི་སློབ་བུ་དམ་ལྡན་གྱིས་དམ་པ་མཆོག་གི་བསོ༷ད་ནམ༷ས་ཀྱི་ཚོ༷གས་ཡར་མཆོད་མར་སྦྱིན་དང་ཡེ༷་ཤེས༷་ཀྱི་ཚོ༷གས་ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་ལ་ཐོས་བསམ་སྒོམ་གསུམ་དང་བསྐྱེད་རྫོགས་གང་གི་ཁྲོད་དུའང་བླ་མ་དང་དོན་མཐུན་པའི་སྤྱོད་པ་གཅིག་དྲིལ་དང་། མངག་གཞུག་དང་བང་མིར་ཕྱིན་པ་དང་གཟིམ་ཁང་ཕྱི་ནང་བྱི་དོར་བྱེད་པ་ཚུན་ཆོད་ཀྱང་ངལ་བ་དོན་ལྡན་འབྲས་བུ་དང་བཅས་ཏེ་ཚོགས་ཀྱི་ལམ་མཆོག་ཏུ་འགྲོ་བ་ཡིན་ཏེ། ཅིའི་ཕྱིར་ན་སྐྱབས་སུ་འགྲོ་བ་དང་། ཚོགས་གཉིས་བསགས་པའི་ཐབས་ཀྱི་ཞིང་གི་རབ་དང་ཕུལ་དུ་གྱུར་པའི་བླ་མ་བསྒྲུབས་པའི་རྣལ་འབྱོར་ཕྱི་ལྟར་བསྒྲུབ་ནས་ལམ་དབང་བླང་བའི་རྟེན་བྱེད་པ་དང་། ནང་ལྟར་རང་གི་སྒོ་གསུམ་བླ་མའི་གསང་བ་གསུམ་དུ་བསྒྲུབ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱིན་རླབས་འཇུག་པའི་ཐབས་ལ་བརྩོན་པ་དང་གཉིས་པོ་བསྐྱེད་རྫོགས་དང་བསྒྲུབ་བྱའི་ངོ་བོ་ཐམས་ཅད་འདིར་འདུས་པའི་ཕྱིར་ན་མདོ་རྒྱུད་ཀུན་ན་སངས་རྒྱས་ཉིད་དུ་བསྟན་པ་ཡིན་ལ། རྨོངས་པ་ཕལ་ཆེར་བླ་མའི་གཟུགས་བརྙན་འདྲི་ཞིང་བསྒོམ་པར་བྱེད་ནའང་། དངོས་སུ་བཞུགས་པ་ལ་སྲི་ཞུ་དང་རིམ་གྲོ་བགྱིད་བ་མེད་ཅིང་། གནས་ལུགས་བསྒོམ་པ་ཡིན་ཟེར་ནའང་། བླ་མའི་ཐུགས་ཀྱི་དེ་ཉིད་མི་ཤེས་པ་དག །བསྒྲུབ་པ་དང་། བསྒྲུབ་པར་བྱ་བ་གཉིས་འགལ་བ་ཉོན་རེ་མོངས་ཞེས་པའོ། །དངོས་སུ་བཞུགས་ཚེ་དད་པ་དང་མོས་གུས་ཅི་ཡང་མེད་བཞིན་བར་དོའི་སྐབས་སུ་མཇལ་བར་རློམ་པ་རྫུན་རེ་ཡིན་པས་ངོ་མཚར་ཞེས་པའོ། །དང་པོ་བླ་མ་གཞན་ཕན་གྱི་མཁྱེན་བརྩེ་ནུས་པ་ལྡན་པ་དང་། དེ་ལས་གཞན་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་འཁོར་ལོ་བསྐོར་བ་གཉིས་གང་ཡིན་བརྟགས་པ་ལ་མཁས་པ་དང་། བར་དུ་ཇི་མཛད་ལེགས་མཐོང་གི་མོས་གུས་དང་ལྡན་པས་བླ་མ་བསྟེན་པ་ལ་མཁས་པ་དང་། ཐ་མར་བླ་མའི་དགོངས་པ་དགོངས་གཞི་སོགས་དང་ཕྲིན་ལས་རྣམ་བཞིའི་སྤྱོད་ཚུལ་བསླབ་པ་ལ་མཁས་པའི་སྐྱེས་བུ་དེ་ནི་ཡང་དག་པའི་ལམ་དུ་འགྲོ་ཞེས་པའོ། །བླ་སློབ་ལྷན་ཅིག་གནས་པ་གང་གི་ཚེ་སྟེ་དེའི་ཚེ་ཞི་ལ་སྡང་བའི་འབྱུང་པོ་ཞེས་བྱང་ཆུབ་བསྒྲུབ་པ་ལ་མི་མོས་པའི་འབྱུང་པོའི་བསམ་པ་མི་དགེ་བ་སྐྱེས་བུའི་གཟུགས་སུ་འོང་བ་དང་། དེ་ཡང་གཡོ་ཞེས་རང་རྒྱུད་དྲང་པོར་མི་གནས་པ་དང་སྒྱུས་སྤྱོད་ཅེས་གཞན་མགོ་བསྐོར་བའི་ཐབས་ནག་པོའི་ཆོས་བཞི་ལ་བརྟེན་ཞིང་། དམ་པར་དམོད་པ་སོགས་དཀར་པོའི་ཆོས་ལ་སྡང་ཞིང་ཅི་ཙམ་དུ་འགྲོགས་བཞིན་དེ་ཙམ་སྡིག་སྤྱོད་སྣ་ཚོགས་ཀྱི་འཐོར་རླུང་འཚུབས་བཞིན་རྣམ་དཀར་གྱི་དགེ་བའི་ལོ་ཏོག་ཡོངས་སུ་འཇོམས་པའི་སྡིག་གྲོགས་ལས་ངན་ལ་བསྟེན་པའི་བློ་གྲོས་དམན་པའི་བླུན་པོ་གང་ཡིན་བ་དེ་ཉིད་བདུད་སྡེས་བཅོམ་པ་ཡིན་ཞེས་བསྟན་ཞིང་། དགེ་ཚོགས་ལམ་དུ་འགྲོ་བ་ལ་སློབ་དགོས་ཏེ། དེའི་ཕྱིར་ན་བླ་མ་དགེ་བའི་བཤེས་གཉེན་དང་ཆོས་ཀྱི་གྲོགས་པོ་དག་ལ་བསྟེན་པས་འཕྲལ་ཕུགས་ཀྱི་བདེ་ལེགས་ཡོན་ཏན་ཐམས་ཅད་མཐོང་བའི་ཆོས་ལ་མངོན་སུམ་དུ་ཟིན་ཞེས་པ་དང་། རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་རྟག་ཏུ་དགོངས་ཤིང་བྱིན་གྱིས་རློབས་པར་གོར་མ་ཆག་ལ་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཀུན་གྱིས་འབྱོར་ཞིང་། ཚོགས་ཆེན་རྣམ་པ་གཉིས་རྫོགས་ཤིང་སྒྲིབ་པ་རྣམ་པ་གཉིས་དག་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་འཐོབ་ཅིང་། ས་དང་ལམ་གྱི་ཡོན་ཏན་རྣམས་གོང་ནས་གོང་དུ་འཕེལ་བའམ། བླ་ནས་བླར་འགྲོ་བའི་ཐབས་དང་ཡང་དག་པའི་བླ་མའི་རྣལ་འབྱོར་བསྒོམ་ཞིང་བསྒྲུབ་པ་བསོད་ནམས་ཀྱི་ཚོགས་དང་། བླ་མ་དང་ཐུགས་རྒྱུད་བསྲེ་པ་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གཉིས་འབྲས་བུའི་ཐུས་ཀ་ནི་དེར་བསྐྱལ་བའམ་དབྱེར་མེད་བྱས་པ་ཡིན་པའི་ཕྱིར་རོ། དེ་ཡང་བསྐལ་པའི་བར་དུ་རྒྱལ་དང་རྒྱལ་སྲས་བསྙེན་བཀུར་རྒྱ་ཆེར་བགྱིས་ཤིང་། བསྐྱེད་རིམ་བརྒྱ་ཕྲག་བསྒོམ་པ་ལས་བླ་མ་མཆོག་ནི་སྐད་ཅིག་དྲན་པ་ཁོ་ན་མཆོག། ཅེས་རྒྱལ་བས་གསུངས་པ་ཤེས་པར་བྱ་བ་གཅེས་ཤིང་། དམ་ཆོས་བདུད་རྩིའི་ཆུ་ཀླུང་དཔག་མེད་ནི་མདོ་སྔགས་ཀྱི་ཆོས་སོ་ཅོག་སྟེ་དམ་པ་ཆོས་ཀྱི་མཛོད་རྒྱ་མཚོ་ལྟ་བུ་རང་རྒྱུད་ལ་འདྲོངས་པའི་དམིགས་པ་བཟང་པོ་རྣམས་ཏེ། དང་པོ་ཐོས་བསམ་བསྒོམ་གསུམ་དང་། བར་དུ་གོ་མྱོང་རྟོགས་གསུམ་གྱི་དོན་སྟོན་པར་བྱེད་པའི་བླ་མ་བཟང་པོར་རྟེན་ཅིང་འབྲེལ་བ་དང་། དེས་ཐབས་བཟང་བ་ལ་བརྟེན་ནས་བྱང་ཆུབ་བསྒྲུབ་པའི་མན་ངག་དོན་མེད་དུ་འཁྱམས་པར་མི་འགྱུར་ཞེས་དང་། འཁོར་བའི་སྡུག་བསྔལ་ལ་སྐྱོ་ཤས་དང་། ཐར་པའི་ཕན་ཡོན་ལ་ངེས་འབྱུང་བཟང་པོའི་རིགས་སྔགས་ནུས་པ་ཅན་ནི་ས་བཅུའི་ལམ་ལྔའི་སྤངས་རྟོགས་ཀྱི་ནུས་པ་འཁོར་བར་སྐྱོ་བ་མེད་པའི་གདོན་ལ་ཐེབས་ཞེས་པ་ཡིན། དེ་ཉིད་བཟང་པོ་བཞི་དང་ལྡན་པའི་ལེགས་སྨོན་ཡིན་ཞིང་། དེ་ཡང་ཆོས་སྒོར་ཞུགས་ཀྱང་མོད་ལ་སུན་ནས་དད་པ་སྣུམ་དྲེད་ཁྱེར་བ་དང་། ཀུན་སློང་དུག་ཅན་ཏེ། འཇིག་རྟེན་ཆོས་བརྒྱད་དང་། འདྲེས་པའི་ཐོས་བསམ་བསྒོམ་པ་ཡང་། འཕྲལ་དུ་ཆོས་ལས་བློ་ཉམས་ཤིང་བསྲུང་བྱའི་སྡོམ་པ་སོགས་ཁུར་དུ་སོང་ཞིང་ཆོས་བརྒྱད་དམོད་པས་ཐེག་པ་ཆེན་པོའི་བརྟུལ་ཞུགས་དོན་མེད་དུ་འཁྱམས་པ་ཡིན་ལ། དེར་མ་ཟད་ལེགས་པར་སྨོན་པའི་དཀའ་ཐུབ་བཤིག་པས་རྙོགས་པ་ཡིན་ཞེས་དང་། དེ་ལ་གློ་བུར་དུ་བྱུང་བའི་ཐད་ཀ་ཐད་ཀའི་ཉོན་མོངས་དུག་ཆེན་ལྔའི་གཉེན་པོར་ཆེ་བ་སྐྱེས་བུ་ཆུང་ངུ་དང་། འབྲིང་པོ་དང་། ཆེན་པོ་སྟེ་རྣམ་པ་གསུམ་གྱི་ཤིང་རྟ་སྟེ་ལྷ་མི་དང་། ཉན་རང་གཉིས་ཐེག་ཆེན་སྟེ་གསུམ་གྱི་ལམ་དུ་ཞུགས་པའི་དེར་འཛེག་པ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟ་དང་། དུས་གསུམ་མཉམ་པ་ཉིད་དེ། དུས་བཞིར་སྐྱོ་བ་མེད་ཅེས་དང་། ཚོགས་དྲུག་གི་ཡུལ་གྱི་སྣང་བ་མཐའ་དག་ཆོས་དང་བླ་མར་ཤར་ན་རྣམ་མཁྱེན་སངས་རྒྱས་ཀྱི་རྒྱུར་སོང་ཞིང་ལེགས་སྨོན་གྲུབ་པ་ཡིན་ནོ། །དེ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་ནི། སྔོན་བསོད་ནམས་རྒྱ་མཚོ་ཆེན་པོ་བར་མ་ཆད་པ་འདུ་བྱས་པ་དག་ནི་ད་རེས་ཀྱི་སྲིད་པ་འདི་རིགས་གཟུགས་དང་།༡ འབྱོར་པ་༢ དབང་ཕྱུག་༣ ཤེས་རབ་༤ ཚེ་རིང་བ་༥ ནད་མེད་པ༦་ བདེ་སྐྱིད་༧དང་ལྡན་པའི་དགའ་བ་དང་། དལ་བ་ཡང་དག་མཐོ་བ་ནི་ལུས་རྟེན་འདི་ལ་ནད་མེད་ཅིང་། ཏིང་ངེ་འཛིན་དང་། རྣམ་འབྱེད་ཤེས་རབ་དང་ལྔ་པོ་སྔོོན་ཆད་བསོད་ནམས་བསགས་པ་ལ་གུས་པའི་མངོན་རྟགས་ཡིན་ནོ། །ཐོས་པས་རིག་གནས་ཀུན་ལ་སྦྱངས་ཤིང་། བསམ་པས་དྲང་ངེས་ཀྱི་དགོངས་དོན་རྟོགས་བཞིན། བསྒོམས་པས་ཉམས་སུ་ལེན་དགོས་པ་དོར་ནས་མ་བསྒོམ་པས་ནི་བླུན་རྨོངས་ཀྱི་གཉེན་པོ་རིག་པ་འཇོམས་ཤིང་འོང་བ་དང་། མི་ཤེས་བཞིན་དུ་རང་མཐོང་དང་ང་རྒྱལ་གྱིས་རྒྱགས་པས་དཔལ་འབྱོར་འཇོམས་ཤིང་འོང་བ་དང་། རྣམ་པར་སྡང་བ་སྟེ་ཁོང་ཁྲོས་ཆ་ལས་གྱུར་པས་མི་དགེ་བས་ལེགས་པའི་ཚོགས་རྣམས་འཇོམས་ཞིང་འོང་བ་དང་། ཆགས་པ་སྤྱི་དང་བྱེ་བྲག་བུད་མེད་ལ་ཆགས་པས་ཡང་དག་མཐོ་བ་སྟེ་མི་ལུས་ཐོབ་པ་འཇོམས་ཤིང་འོང་། ཞེས་འགྲེལ་ལོ། དེ་གང་གི་ཕྱིར་ན་ལས་མི་དགེ་བ་དང་ཉོན་མོངས་དུག་ལྔ་དུག་གསུམ་ལས་གྱུར་པའི་སྡིག་པས་རྣམ་པར་དཀྲུགས་པ་མ་ཡིན་པའི་བློ་གྲོས་ནི་ཤེས་རབ་ཀྱི་མཐུ་དང་རང་གི་བསོད་ནམས་ཀྱི་སྐལ་བས་བཀོལ་ཐུབ་པ་ནི་ཚེ་སྔོན་བསོད་ནམས་བསགས་པའི་རྟགས་སུ་མདོ་སྡེ་རྒྱན་ལས་བཤད་པ་ལྟར་རོ། །ཆོས་ཉམས་སུ་ལེན་པའི་ཐབས་ལ་སེམས་པའི་གོ་ཆ་རྣམ་པར་སྲ་ཞིང་ཟབ་རྒྱས་ཆོས་ཁམས་རྒྱ་མཚོ་ནི། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟེ། དབང་པོའི་མཚོན་ཞེས་ལྷའི་དབང་པོའི་གཞུ་གྱད་སྟོབས་པོ་ཆེ་གང་གིས་ཀྱང་འགུག་པར་ནུས་པ་མ་ཡིན་པ་དེ་ཉིད་བདུང་བར་བློ་ཡིས་སྤོབས་སམ་མི་སྤོབས་པའི་གང་ཟག་ངེས་མེད་ཀུན་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པའི་སྙིང་སྟོབས་མི་དམན་ཞིང་གཞན་ཕན་གྱི་བློ་གྲོས་གཉེན་པོའི་དབང་དུ་གཏོང་བ་རྣམས་ནི་ལམ་སྐད་ཅིག་ཀྱང་མི་འཆུག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྟེང་དུ་འགྲོ་བ་ཡིན་ཏེ། དེའི་མཐུན་ཕྱོགས་ཕྱག་འཚལ་བ་དང་། དངོས་བཤམས་ཡིད་སྤྲུལ་གྱི་མཆོད་ཚོགས་འབུལ་བ་དང་། དུས་གསུམ་གྱི་དགེ་བའི་ཉམས་ཆགས་ཉེས་ལྟུང་བཤགས་པ་དང་། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་དགེ་བའི་ཚོགས་རྒྱ་ཆེན་པོ་དང་། རང་གཞན་གྱི་རྣམ་དཀར་གྱི་དགེ་རྩ་ལ་རྗེས་སུ་ཡི་རང་བ་། རྒྱལ་བ་སྲས་བཅས་དང་བླ་མ་དགེ་བའི་བཤེས་གཉེན་གྱི་ཚོགས་དང་བཅས་པ་རྣམས་ལ་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། འགྲོ་བའི་དོན་དུ་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་སྟེ་ཡན་ལག་བདུན་པ་བཟང་སྤྱོད་ལས་བྱུང་ལྟར་དང་། ཆུ་གཏོར་ལ་སོགས་བསགས་སྦྱངས་མཐའ་དག་ཡིན་གསུངས་པ་ལྟར་བསྒྲུབ་ན་མི་མཐུན་ཕྱོགས་ཀྱིས་དེ་ལ་མི་བརྗི་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་བཅས་ཏེ་ལམ་ལྔར་རིམ་བཞིན་དུ་འགྲོ་བ་བསོད་ནམས་བསགས་པ་དག་ལ་བསྟེན་ཞེས་འགྲེལ་ནས་འདི་ནི་སྐྱེས་བུ་ཆེན་པོ་སྟེ་ཐེག་པ་མཆོག་གི་རྣལ་འབྱོར་པ་རྣམས་ཀྱི་ལམ་སྟེགས་ཡིན་ཞེས་སྨོས་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་ལྔ་པའི་བསྡུས་འགྲེལ་ལོ།

ལེའུ་དྲུག་པ།

༈ སྐྱབས་སུ་འགྲོ་བ་ནི། འཇིགས་པ་གསུམ་སྟེ། སྦྱིར་འཁོར་བའི་སྡུག་བསྔལ་དང་། སྒོས་རང་དོན་ཡིད་བྱེད་དང་། ཉིང་དགོས་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པའི་ཆུ་གཏེར་འཁྲུགས་པ་དང་འདྲ་བ་ལ་གཞན་སུས་ཀྱང་སྐྱོབ་པར་མི་ནུས་ཀྱང་སྐྱབས་སུ་འོས་པར་ཡིད་ཆེས་ཤིང་སྲོག་བརྟེན་པའི་སྐྱབས་དང་མགོན་དུ་གྱུར་པའི་དཀོན་མཆོག་གསུམ་གྱི་གྲགས་པའི་གདུགས་དཀར་པོ་ནི་ནམ་མཁར་སྤྲིན་དཀར་གྱིས་ཕུང་པོའི་ཁྱབ་པ་དང་མཚུངས་པས་ནང་པའི་བསྟན་པ་ལ་འཇུག་པའི་ཐོག་མ་ཉིད་དུ་འཛིན་དགོས་ཞེས་པའོ། །ཐར་བར་འགྲོ་བའི་ལམ་རྣམས་དང་ཡོན་ཏན་གྱི་རྟེན་མཆོག་དང་སྣོད་དུ་ཞེས་སྐྱབས་ཡུལ་གྱི་འབྱུང་གནས་སུ་དམ་བཅས་ཀྱང་མི་བསླུ་བ་སྐྱབས་སུ་འགྲོ་བ་ཁོ་ན་ཉིད་ཡིན་ཏེ། དེའི་སྔོན་དུ་ཡང་སྟོན་པ་སངས་རྒྱས་རྣམས་དང་། བསྟན་པ་དམ་པའི་ཆོས་ཀྱི་ཡོན་ཏན་ཤེས་པར་གཅེས་ན། ཆོས་རྣམས་ཀུན་གྱིས་རྩ་བའམ་གཞི་དད་པ་ནི། སྐྱེས་བུ་ཕལ་མོ་ཆེའི་སེམས་ལ་ལུང་དུ་མ་བསྟན་པར་གནས་པ། སྟོན་པ་དགེ་བའི་བཤེས་གཉེན་མཐོང་བ་དང་། སྡེ་སྣོད་ཀྱི་ཆོས་བཀླག་པའི་མོད་ལ་བ་སྤུའི་འཁྲི་ཤིང་སློང་བཞིན་ལྡང་བ་ནི། དེ་ལ་དད་པ་དང་པོ་སྟེ། དེ་བཞིན་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ཐོབ་པར་འདོད་པའི་ཆེད་དུ་དཀོན་མཆོག་གསུམ་ལ་སྙིང་ནས་དད་པ་གཉིས་པ་དང་། མཆོག་གསུམ་རིན་པོ་ཆེར་དད་པས་བརྟེན་ན་སྡུག་བསྔལ་ཀུན་ལས་སྐྱོབས་པར་ནུས་པ་ཡིན་ཆེས་ཀྱི་དད་པ་གསུམ། གཞན་མཆོག་དམན་སུས་ཀྱང་མཆོག་གསུམ་རིན་པོ་ཆེར་དད་པ་ལྡོག་པའི་ཐབས་སྣ་ཚོགས་འཇམ་རྩུབ་གང་གི་སྒོ་ནས་བྱས་ཀྱང་ཕྱིར་མི་ལྡོག་པའི་དད་པ་རྣམ་པ་བཞི་ལས། སྐྱབས་འགྲོ་ནི་གནས་སྐབས་འདིར་སྲོག་ལ་བབ་ཀྱང་ཕྱིར་མི་ལྡོག་པ་དགོས་ཞེས་པའོ། །དད་པ་སྐྱེ་བའི་རྒྱུ་དང་ཐབས་ནི་རྣམ་པ་བཞི་ཡིན་ཏེ། སྐྱེས་བུ་དམ་པ་བསྟེན་པ་དང་དམ་པའི་གྲོགས་དགེ་བ་གོང་འཕེལ་དུ་འགྱུར་བ་དང་འགྲོགས་ཤིང་། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པ་དང་། འཁོར་བ་ལ་སྙིང་པོ་ཅི་ཡང་མེད་པའི་ཉེས་དམིགས་བསམ་པ་ལས་སྐྱེས་ཞེས་པའོ། །ཐུབ་པ་སངས་རྒྱས་བཅོམ་ལྡ་འདས་རྣམས་ཀྱི་ཡོན་ཏན་མཐའ་ཡས་པ་ཡིན་ཏེ། མཐོང་སྤངས་དང་བསྒོམ་པས་སྤངས་པ་གཉིས་ཀྱིས་ཉོན་སྒྲིབ་དང་ཤེས་བྱའི་སྒྲིབ་པ་བཅོམ་པའོ། །དེའི་ཚེ་སྤྱན་ལྔ་ལ་སོགས་ཡོན་ཏན་རིམ་པར་ཐོབ་པ་ཡིན་ཏེ། སྤྱན་ལྔ་ནི། སངས་རྒྱས་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། ཤེས་རབ་ཀྱི༴ ལྷའི་སྤྱན༴ ཤའི་སྤྱན་ནོ། །མངོན་པར་ཤེས་པ་དྲུག་ནི། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི༴ གཞན་སེམས་ཤེས་པའི༴ སྔོན་གནས་རྗེས་དྲན༴ ལྷའི་མིག་གི༴ ཟག་པ་ཟད་པའི་མངོན་པར་ཤེས་པའོ། །དབང་བཅུ་ནི་ ཚེ་ལ་དབང་བ་ སེམས་ལ་དབང་༴ ཡོ་བྱད་ལ༴ ལས་ལ༴ སྐྱེ་བ་ལ༴ མོས་པ་ལ༴ སྨོན་ལམ་ལ༴ རྫུ་འཕྲུལ་ལ༴ ཡེ་ཤེས་ལ༴ ཆོས་ལ་དབང་པའོ། །གཟུངས་ཀྱི་སྒོ་ནི་དྲན་པ་མ་ཉམས་པ། རྟོགས་པ་མ་གཡེངས་པ བློ་གྲོས་མ་རྨོངས་པ་ ཤེས་རབ་མངོན་དུ་བྱེད་པ ཆོས་ཐམས་ཅད་ཀྱི་ཚིག་ཐ་དད་པ་ཤེས་པའོ། །སྟོབས་བཅུ་ནི། གནས་དང་གནས་མིན་མཁྱེན་པའི་སྟོབས་དང་། དེ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་དང་། མོས་པ་སྣ་ཚོགས་ཐུགས་སུ་ཆུད་པ་དང་། སྣ་ཚོགས་ཁམས་ཀྱི་མཁྱེན༴ དེ་བཞིན་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན༴ ཐམས་ཅད་དུ་འགྲོ་བའི་ལམ༴ ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ༴ སྔོན་གྱི་གནས་རྗེས་སུ་དྲན་པ༴ འཆི་འཕོ་བ་དང་སྐྱེ་བ་ཤེས་པ༴ ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སོ། །མི་འཇིགས་པ་བཞི་ནི། རང་དོན་སྤངས་པ་དམ་བཅས་པ་ལས་མི་འཇིགས་པ། རྟོགས་པ་དམ་བཅས་པ་ལས་མི༴ གཞན་དོན་མ་སྤངས་པ་དམ་བཅས་པ༴ གཉེན་པོ་དམ་བཅས་ལས་མི་འཇིགས་པ་དང་བཞིའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི། ཆོས་སོ་སོ་ཡང་དག་པར་རིག་པ༴ དོན་སོ་སོ༴ ངེས་ཚིག་སོ་སོ༴ སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །མ་འདྲེས་པ་བཅྭོ་བརྒྱད་ནི། སྐུའི་སྤྱོད་པ་ལ་འཁྲུལ་པ་མི་མངའ་བ༴ ཐུགས་ལ་འཁྲུལ་པ་མི་མངའ་བ༴ གསུང་ལ་ཅ་ཅོ༴ མཉམ་པར་མ་བཞག་པ་མི༴ སོ་སོར་མ་བརྟགས་པའི་བཏང་སྙོམས་མི༴ འདུན་པ་ཉམས་པ༴ བརྩོན་འགྲུས་ཉམས་པ༴ དྲན་པ་ཉམས་པ༴ ཏིང་ངེ་འཛིན་ཉམས་པ༴ ཤེས་རབ་ཉམས་པ༴ རྣམ་པར་གྲོལ་བ་ཉམས༴ སྐུ་ཡི་ཕྲིན་ལས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲང་བ་གསུང་གི་ཕྲིན་ལས་ཡེ་ཤེས༴ ཐུགས་ཀྱི་ཕྲིན་ལས་ཡེ་ཤེས༴ འདས་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་འཇུག་པ། མ་འོངས་པ་ལ་མ་ཆགས༴ ད་ལྟ་བ་ལ་མ་ཆགས་མ་ཐོགས་པ་རྣམས་སོ། །རྫོགས་པའི་སངས་རྒྱས་ཏེ་ཞེས་སངས་རྒྱས་ཀྱི་སྐུའི་ཆེ་བའི་ཡོན་ཏན་རྣམས་བསྟན་ཏེ། རྣམ་པ་ཀུན་གྱི་མཆོག་ལྡན་ཆོས་ཀྱི་སྐུ་སྟེ། བྱང་སེམས་ས་བཅུའི་འཁོར་རྣམས་ལ་སྐུ་ལོངས་སྤྱོད་རྫོགས་པར་བཞེངས་པའི་ཚུལ་གྱིས་ཆོས་སྟོན་པ་སྟེ། དམ་པའི་ཆོས་ནི་བསོད་ནམས་བསགས་པའི་ཐབས་དང་ལམ་ལྔ་བགྲོད་པའི་ཐེམ་སྐས་དང་། མྱ་ངན་ལས་འདའ་བར་བྱེད་པའི་གདམ་པའོ། །དེའང་བརྗོད་བྱའི་དོན་ཏེ་དེ་ལའང་འབྲས་བུ་དང་། བྱ་བའི་རང་བཞིན་གཉིས་སུ་གནས་པ་ལ་དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་ལ་བདེན་གཉིས་ཞེས་བྱ་སྟེ། འགོགས་པ་དང་ལམ་རྣམ་པ་གཉིས་ཡིན་ནོ། །དེ་ཡང་བརྗོད་བྱ་ནི་དོན་དང་རྗོད་བྱེད་ཚིག་ཡིན་ཏེ། དེ་གཉིས་ཀ་ལ་ལྟོས་པའི་ལུངས་དང་རྟོགས་པའི་ཆོས་གཉིས་ལས་ལུང་ནི་གསུང་རབ་ཡན་ལག་བཅུ་གཉིས་དང་། གཉེན་པོའི་སྒོ་ནས་སྡེ་སྣོད་གསུམ་དུ་ཤར་ཞེས་པ། ཉོན་མོངས་པ་འདོད་ཆགས་འདུལ་བའི་གཉེན་པོར་འདུལ་བ་ཉི་ཁྲི་ཆིག་སྟོང་དང་། དེ་བཞིན་དུ་ཞེ་སྡང་གི་གཉེན་པོར་མདོ་སྡེ་ཉི་ཁྲི་ཆིག་སྟོང་དང་། གཏི་མུག་གི་གཉེན་པོར་མངོན་པ་ཉི་ཁྲི་ཆིག་སྟོང་། དུག་གསུམ་ཆ་མཉམ་སྤྱིའི་གཉེན་པོར་གསང་སྔགས་ཉི་ཁྲི་ཆིག་སྟོང་སྟེ། དེ་ལས་ཐབས་ཀྱི་ཆེ་བ་རིག་འཛིན་སྡེ་སྣོད་ཡིན་ཏེ། ཐབས་མང་བ་དང་དཀའ་བ་མེད་པ་སོགས་ཀྱིས་སོ། །གླེགས་བམ་ཡི་གེར་བྲིས་འཆང་ཞིང་གནས་པ་དམ་ཚིག་གི་རྟེན་ཡིན་ལ། རྟོགས་པའི་ཆོས་ནི། དྲན་པ་ཉེ་བར་བཞག་པ་ནས་གཟུང་སྟེ། རིམ་པ་བཞིན་དུ་ཚོགས་ལམ་དང་། སྦྱོར་ལམ་ མཐོང་ལམ༴ སྒོམ་ལམ༴ མི་སློབ་པའི་ལམ་སྟེ། ལམ་ལྔའི་ཡོན་ཏན་མཐའ་དག་དང་། འཕགས་པ་རྣམས་ཀྱི་སྤངས་པ་དང་རྟོགས་པའི་ཡེ་ཤེས་བདེ་གཤེགས་སྙིང་པོ་ཅན་ལགས་མོད། དེ་ཡང་བསྐྱེད་པ་དང་ རྫོགས་པ་དང་ གཟུངས་དང་། ཟད་པར་དང་། སློབ་ལམ་བཞི་དང་མི་སློབ་པའི་ལམ་གྱི་དངོས་གཞི་རྒྱུའི་ཐེག་པའི་ས་བཅུ་དང་འབྲས༷་བུའི་ཐེག་པའི་བཅུ་གསུམ་སོགས་རྡོ་རྗེ་ཐེག་པའི་ས་ལམ་གྱི་རིགས་དབྱེ་དཔག་ཏུ་མེད་ཅིང་། གང་གི་ཡེ་ཤེས་ནི་སའི་རྩེ་མོ་རྣམས་ཀྱི་འབྲས་བུ་ལ་རེག་པས་ན་རྒྱུད་ལ་བརྟེན་ཅེས་བའོ། །དགེ་འདུན་ངོ་བོ་རིག་གྲོལ་གཉིས་ལྡན་ཏེ། ཞེས་པ་ཇི་ལྟར་བ་རིག་པ་དང་། ཇི་སྙེད་པ་རིག་པ་ཤེས་བྱ་གཟིགས་པ་སྟེ་རིག་པའི་ཡོན་ཏན་གསུམ་དང་། ཆགས་སྒྲིབ་ལས་གྲོལ་བ་ཐོགས་སྒྲིབ་ལས་གྲོལ་བ་ དམན་སྒྲིབ་ལས་གྲོལ་བ་སྟེ། གྲོལ་བའི་ཡོན་ཏན་གསུམ་དང་ལྡན་པ་དང་། ཉན་རང་ཞུགས་གནས་སྐྱེས་བུ་ཟུང་བཞིའམ་ཞེས་པ་ནི། རྒྱུན་དུ་ཞུགས་པ་དང་གནས་པ་གཉིས། དེ་བཞིན་དུ་ཕྱིར་འོང་ཞུགས་པ་དང་གནས་པ་གཉིས། ཕྱིར་མི་འོང་བ་ཞུགས་གནས་གཉིས། དགྲ་བཅོམ་ཞུགས་གནས་གཉིས་ཏེ། ཡ་བརྒྱད་རྒྱལ་སྲས་ས་ལ་གནས་པ་མཐའ་དག་པའི་རང་སའི་ཡོན་ཏན་བརྗོད་ཀྱི་མི་ལང་ལྟར་ཡང་ལམ་ལ་འཇུག་ཡུལ་དང་སྐྱོབ་པར་བྱེད་པའི་ངོ་བོ་དམ་པའི་ཆོས་ཡིན་ཏེ། ཆོས་ནི་སྟོན་པ་ལས་བྱུང་བ་ཡིན་ཞིང་དེ་བསྒྲུབ་པའི་གྲོགས་སམ་བསླབ་པ་ཆགས་པའི་བརྟེན་གནས་དགེ་འདུན་པ་ཡིན་ཕྱིར། དཀོན་མཆོག་གསུམ་ཞེས་སྐྱབས་ཀྱི་ཡུལ་མཆོག་ཏུ་འགྲུབ་པའོ། །དེ་ལ་རྒྱུ་དང་འབྲས་བུའི་སྐྱབས་འགྲོ་ཡི་དམ་བཅའ་གཉིས་ལས། སྐྱེས་བུ་ཆུང་ངུས༵་སྐྱབས་སོང་གི་འབྲས་བུ་ངན་སོང་གསུམ་དུ་མི་ལྟུང་བ་དང་། འབྲིང་པོ༵འི་འཁོར་བའི་གནས་མཆོག་དམན་གང་དུའང་མི་ལྟུང་བ་དང་། ཆེ༵ན་པོ༵ས་འགྲོ་རྣམས་སངས་རྒྱས་ཀྱི་སར་འགོད་ནུས་ཏེ། དུས་གཞན་འགྲུབ་འདོད་རྒྱུའི་སྐྱབས་འགྲོའོ། །དེ་ལྟར་གྲུབ་པ་ན་རང་གི་སེམས་ཀྱི་གནས་ལུགས་ངོ༵་བོ༵་སྟོང་པ་སངས་རྒྱས་དང་། རང་བ༵ཞིན་གསལ་བ་ཆོས་ཐུག༵ས་རྗེ་ཀུན་ཁྱབ་དགེ་འདུན་ཏེ་འབྲས་བུའི་སྐྱབས་འགྲོ་ཡིན་ཕྱིར་རྡོ་རྗེ་ཐེག་པ་དག་གི་ཁྱད་ཆོས་ཡིན་ནོ། །རྒྱུའི་སྐྱབས་འགྲོའི་ཡུལ་ནི་དཀོན་མཆོག་རྣམ་པ་གསུམ་ཡིན་ཀྱང་། སྔགས་སུ་དེའི་ངོ་བོ་བླ་མར་འདུས་པ་ཡིན་ཞིང་། ཉི་ཚེ་མཆོག་དང་བླ་ན་མེད་པ་ཡི་ཀུན་སློང་གསུམ་ལས། སྐྱེས་བུ་ཆུང་ངུ་ནི། ངན་འགྲོའི་སྡུག་བསྔལ་ལ་འཇིགས་ནས་མངོན་མཐོའི་གོ་འཕང་ཐོབ་ཀྱི་བར་དུ་འགྲོ། འབྲིང་ཉན་རང་གཉིས་སྲིད་པའི་སྡུག་བསྔལ་གྱིས་འཇིགས་ནས་ཐར་པ་དོན་དུ་གཉེར་ཞིང་གནས་སྐབས་ཇི་སྲིད་འཚོའི་བར་དང་མཐར་ཐུག་ནི་ཉན་རང་གི་འབྲས་བུ་ཐོབ་པའི་བར་འགྲོ། སྐྱེས་བུ་ཆེན་པོའི་གཞན་དོན་སྤངས་པས་རང་ཉིད་ཞི་བདེར་གཞོལ་བས་འཇིགས་ཤིང་འཁོར་བའི་འགྲོ་རྣམས་རྣམ་མཁྱེན་གྱི་སར་དབུགས་འབྱིན་ཆེན་པོ་ལ་བསྒྲལ་ཕྱིར་བྱང་ཆུབ་བར་འགྲོ། དེ་ཡང་རང་གི་སེམས་ལས་གཞན་དུ་མ་མཆིས་ཤིང་དེ་ལ་སྐྱབས་དང་བྲལ་རྒྱུའི་དོགས་པ་དང་། ཐོབ་རྒྱུའི་རེ་བ་ཡང་མེད་པ་བསླུ་བ་སྤངས་པ་འབྲས་བུའི་སྐྱབས་ཅེས་པའོ། །ལམ་བགྲོད་པའི་དུས་སུ་སངས་རྒྱས་རྣམས་ནི་སེམས་ཅན་གྱི་ཁམས་ལ་ཐུགས་རྗེ་འཇུག་པ་དུས་ལས་ཡོལ་བ་མེད་ཅིང་། སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་ཡང་མཐའ་དག་བརྗོད་པས་མ་ཐུག་ནམ་མཁར་ལྡིང་ཞེས་དཔགས་ཀྱིས་མི་ལོངས་པར་བསྟན་ཞིང་། བྱ་རྣམས་ནམ་མཁར་ལམ་བྱས་ནས་མཐའ་ཚོལ་བ་ལ་གྲུབ་པའི་མཐའ་མ་གཏུགས་སླར་རང་སར་འབབས་པ་དང་འདྲ་བའོ། །འདི་ན་འཁོར་བའི་འཁོར་ལོར་ཞེས་འགྲོ་བ་རིགས་དྲུག་གི་གནས་རིགས་མཐོ་དམན་ཀུན་ཏུ་ཡང་ནས་ཡང་དུ་བརྒྱུད་དེ་ལས་ངན་བསགས་པའི་སྐྱོན་གྱིས་མཚང་ཅན་རྣམས་ནི། མིའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་དང། དབང་ཕྱུག་ཆེན་པོ། ལ་སོགས་པ་མཐུ་སྟོབས་ཀྱི་སྙེམས་པས་སྐྱབས་གཞན་གང་གིས་ཀྱང་བསླུ་བར་མཐོང་ནས་ནི། འཁོར་བའི་སྡུག་བསྔལ་ལ་འཇིགས་པ་དང་། ཐར་པའི་ཕན་ཡོན་ལ་དད་པ་དང་། ཡོངས་ཀྱི་འགྲོ་བ་ལ་སྙིང་རྗེ་བ་དང་རྣམ་པ་གསུམ་གྱི་སྒོ་ནས་གཞན་དོན་དུ་སེམས་བསྐྱེད་པ་སྐྱེས་བུ་ཆེན་པོའི་བློས་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་དྲན་པས་སྐྱབས་སུ་འགྲོ་བ་སྟེ། ཇི་ལྟར་ན་ནམ་མཁའ་ལ་ཚད་བཟུང་མེད་པ་ལྟར་དཀོན་མཆོག་གསུམ་ལ་བརྟེན་པའི་དཀར་པོ་དགེ་བའི་ལས་དང་ནག་པོ་སྡིག་པའི་ལས་འབྲས་ཀྱི་ཕ་མཐའ་མི་དཔོག་ཞེས་མང་ཤིང་། སྐྱབས་སུ་སོང་བ་འདི་ལ་རྫས་དང་གཟུགས་ཤིག་ཡོད་པར་གྱུར་ན་ནམ་མཁའི་སྣོད་ཀྱི་ནང་དུ་མི་ཤོང་ཞིང་བརྟེན་པར་ནུས་པ་མ་ཡིན་ཞེས་པའོ། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནང་པ་སངས་རྒྱས་པའི་ཁྱུར་འགྲོ་བ་དང་། སྡོམ་པ་མཐའ་དག་གི་བརྟེན་གཞིར་གྱུར་པ་སྡིག་སྒྲིབ་ཀུན་འཛད་གནོད་པའི་ཕྱོགས་ཀྱིས་སྤོངས་པ་བཞིན་དུ་འགྱུར་ཞིང་། ངན་འགྲོའི་གཡང་སར་མི་ལྟུང་བའི་བསྲུངས་སྐྱོབས་དང་དཀོན་མཆོག་གསུམ་དང་མི་འབྲལ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་མཐོང་བའི་ཆོས་ལ་འོངས་པ་དང་། རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་གཟུགས་ཀྱི་སྐུ་གཉིས་ཏེ་ལོངས་སྐུ་དང་སྤྲུལ་སྐུའི་གོ་འཕང་འགྲུབ་པར་གདོན་མི་ཟ་ཞིང་། རྒྱུ་ལས་འདས་པ་འབྲས་བུའི་སྐྱབས་འགྲོ་བསླུ་བ་མེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གསུམ་སྟེ། དེ་དག་སྤྲོས་བྲལ་ཆོས་སྐུའི་ངང་དུ་ལ་བཟླ་བས་སྨོན་པ་མེད་པའི་དབྱིངས་སུ་བྱང་ཆུབ་པ་ནི་གནས་ལུགས་རྡོ་རྗེ་འདུས་མ་བྱས་པ་ཡིན་ལ། དེའི་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཏེ་དག་པ་གཉིས་ལྡན་ཞེས་ཡེ་ནས་དག་པ་དང་། གློ་བུར་གྱི་དྲི་མ་དག་པའི་གོ་ས་འཐོབ་པའོ། །དེ་ཡང་བསླབ་བྱ་རྒྱུ་དང་འབྲས་བུ་གཉིས་ལས། དང་པོ་ནི་མངའ་རིས་འབྱོར་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་སོགས་བྱ་དགའི་ཞེས་དཀོན་མཆོག་གསུམ་གྱི་རྗེས་སུ་འཇུག་པ་སྤངས་ནས་ཕྱི་རོལ་པའམ། འཇིག་རྟེན་པའི་སྐྱེ་བོ་དྲེགས་པ་ཅན་རྣམས་ཀྱི་རྗེས་སུ་འབྲངས་ཤིང་། མི་དགེ་བའི་ལས་ལ་ཞུགས་ནས་གླ་རྔན་ཅི་ཙམ་སྟེར་བར་བྱས་ཀྱང་དེའི་སླད་དུ་སྐྱབས་འགྲོ་གཏོང་བ་སྨོས་ཅི་དགོས། སྲོག་གི་ཕྱིར་ཡང་དཀོན་མཆོག་གཏོང་བ་མིན། ཞེས་པ་དང་། དེའི་ངོ་བོ་བླ་མ་ལ་སྐྱབས་སུ་སོང་ནས། དམ་པ་བསླུ་བ་དང་མི་སྙན་སྒྲོགས་པ་སོགས་ནག་པོའི་ཆོས་རྣམས་སྤང་ཞིང་། དེ་བཞིན་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ནས་རིམ་པ་བཞིན་དུ་བདག་ཉིད་ནི་འཁོར་བར་འཁོར་བའི་ལྷ་སྟོབས་པོ་ཆེ་ཅི་འདྲ་ཡིན་ཀྱང་དེ་ལ་ཕྱག་མི་འཚལ་ཞིང་། གཞན་ལ་མི་འཚེ་བ་དང་གྲོགས་མུ་སྟེགས་ཅན་ལ་མི་འགྲོགས་པ་དང་། དཀོན་མཆོག་གསུམ་གྱི་རྟེན་ལ་དད་པས་བསྙེན་བཀུར་དང་སྲི་ཞུ་བྱ་ཞིང་ཉིན་མཚན་གྱི་ཐུན་རྣམས་སུ་དཀོན་མཆོག་གསུམ་བརྗེད་པ་སྤངས་ནས་དྲན་པས་གསོས་བཏབ་ནས་སྐྱབས་སུ་འགྲོ་བར་བྱ་བ་དང་། འབྲས་བའི་བསླབ་བྱ་ནི། ཐུབ་པ་ཆོས་ཀྱི་སྐུ་ཡིན་པས་དེ་ཉིད་བྲལ་བ་དང་ཐོབ་རྒྱུ་སྤངས་པའི་དབྱིངས་འགྱུར་བ་མེད་པ་ལ་བྱང་ཆུབ་པས་སྐྱོབས་དང་སྐྱབས་བྱར་མི་འཛིན་ཞིང་ཐ་སྙད་ལས་འདས་པ་ཡིན་ཕྱིར་སྐྱབས་འགྲོའི་སྡོམ་པ་གཏོང་རྒྱུའང་བཏགས་པ་བླ་དགས་ཡིན། རྒྱུའི་བསྲུང་སྡོམ་གཏོང་མཚམས་སྐྱབས་འགྲོ་མཚན་ཉིད་པ་འགྲོ་བའི་ཡུལ་ལ་ལོག་ལྟ་སྐྱེས་པས་གཏོང་བ་ཡིན་ལ། བསླབ་བྱའི་བསྲུང་སྡོམ་ཉམས་ན་ཐ་མལ་དམན་པའི་སར་ལྷུང་བའི་ཕྱིར་ན་རྨའི་བག་བཞིན་བསྒྲིམས་ཏེ་བསྲུངས་བར་བྱ་བ་དང་། མི་དགེ་བའི་ལས་ངན་གྱི་ཐབས་ལ་བརྩོན་པའི་ཅེ་སྤྱང་གི་སེམས་ལྡན་གདུག་པས་སྐབས་བཙལ་བ་རྣམས་ཚིག་གྲིམ་ཡང་དོན་མ་རྟོགས་པར་འཛོལ་བའི་ཡིད་གཉིས་དང་ཐེ་ཚོམ་གྱིིས་སྣོད་ངན་དུ་མཆོག་གསུམ་རིན་པོ་ཆེ་བསླུ་བ་མེད་པའི་ངེས་ཤེས་བྲི་བའི་རྟགས་སུ་གདུག་འདྲེ་ཁོག་ཞུགས་སོགས་མཁའ་རྒྱུའི་ཡི་དྭགས་ལེགས་ཉེས་སྟོན་རློམ་རྣམས་ལ་བརྟེན་པས་ཚེ་འདི་ཉིད་ལ་ཉམས་པར་འགྱུར་ཞེས་པའོ། །འཇིག་རྟེན་འདི་ནས་ས་དང་ནམ་མཁའ་རི་རབ་དང་བཅས་པ་རྣམས། ཡན་མན་གནས་འགྱུར་ཞིང་གོ་ལྡོག་ཏུ་འགྱུར་བ་དང་། ཉི་ཟླ་ཐང་དུ་ལྷུང་བའི་སྐབས་སྲིད་མོད་ཀྱང་། དཀོན་མཆོག་གསུམ་གྱི་བསླུ་བར་མི་སྲིད་ངེས་ཅན་ལགས་པས། དེ་ལྟ་བུའི་ངེས་ཤེས་བརྟན་པ་ཀུན་ཏུ་དོན་ཆེན་པོ་ཡོད་པ་ཡིན་ཞིང་། དེ་ལྟར་ཡིད་ཆེས་ཐོབ་པ་དག་ལ་རྨི་ལམ་ན་ཡང་དཀོན་མཆོག་གསུམ་མཐོངབ་དང་། བག་མེད་ཀྱི་སྤྱོད་པ་དོར་ནས་བག་ཡོད་པ་དྲན་ཞིང་། ལུགས་ཟུང་གི་ཡོན་ཏན་ཀུན་གྱིས་འབྱོར་པ་དང་། ཚེ་རབས་དྲན་ཞིང་བར་དོའི་འཇིགས་པའི་འཕྲང་ལས་བགྲོད་པར་སླ་བ་སོགས་ལས་ཅན་ཀུན་གྱི་དཔུང་གྲོགས་དང་གཉེན་དུ་འགྱུར་བར་ངེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་དྲུག་པའི་བསྡུས་འགྲེལ་ལོ། །

ལེའུ་བདུན་པ།

༈ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། ཐེག་དམན་ཏེ་ཉན་རང་གི་བསམ་སྤྱོད་རྫིང་བུ་ལྟར་འཁྱིལ་བ་ལ་བྱང་ཆུབ་སེམས་ཀྱི་ཁམས་ཐེག་པ་ཆེན་པོའི་རིགས་ལས་ཉམས་པའི་ཉན་རང་སྐྱེས་བུའི་སེམས་གཉིད་དུ་སོང་བ་ལྟ་བུ། སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་དེད་དཔོན་དང་མཚུངས་པའི་མཐུས་སད་པར་བྱས་ནས་ཐེག་པ་ཆེན་པོ་རྒྱ་མཚོ་ལྟ་བུའི་ཀུན་མཁྱེན་རྒྱལ་བའི་གླིང་དུ་འགྲོ་བར་འདོད་པ་ལ་སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་པ་རྣམ་པ་ལྔའི། ངོ་བོ་ལུང་དུ་མ་བསྟན་ཞེས་པ་ནི་ཚིག་ཙམ་ལས་དོན་མ་རྟོགས་པ་དག་ལྕགས་ཁམས་ལྟར་ལ་དོན་བྱེད་མ་ནུས་པ་ཐ་མལ་གྱི་ལུས་སུ་རྣམ་པར་གྱུར་པ་ཐབས་དང་ཤེས་རབ་ཡ་མ་བྲལ་བའི་དགེ་བ་གསེར་འགྱུར་གྱི་རྩི་ལྟ་བུས་ཐེབས་པའི་མོད་ལ་ཐེག་ཆེན་དུ་གནས་འགྱུར་ནས་རིན་ཐང་ཆེན་པོར་བྱེད་པའོ། །གང་གི་ཕྱིར་ན་སྙིང་རྗེ་ཐབས་ཀྱི་ཆ་ལས་གྱུར་པའི་དགེ་བའི་རྩ་བ་དང་། དེ་ལ་སྟོང་ཉིད་ཀྱིས་རྒྱས་ཐེབས་པ་ནི་ཤེས་རབ་སྟེ་དེ་གཉིས་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྦྱོར་བ་ཚད་མེད་པ་རྣམ་པ་བཞིའི་ས་མཁན་ཡིད་ཆེས་ལྡན་པ་ཉིད་ཀྱི་བྱང་ཆུབ་སྨོན་པའི་སེམས་དང་འཇུག་པའི་སེམས་གཉིས་དང་བཅས་པའི་བསླབ་བྱའི་རིམ་པ་རྣམས་སློབ་མ་ལས་སྐྱེ་བ་ཡིན་ཞེས་པའོ། །དེ་ཡང་བྱམས་པའི་ངོ་བོ་ནི། གཞན་ཉེ་རིང་མེད་པའི་སེམས་ཅན་དུ་གྱུར་པ་ཐམས་ཅད་བདེ་བར་འདོད་པ་ཡིན་ཞིང་། དཔེར་ན། སྙིང་ཤིན་ཏུ་ཉེ་ཤིང་ཡིད་ལ་སྡུག་བའི་མ་ཡི་བུ་ལ་བརྩེ་ཞིང་བྱམས་པར་བྱེད་པ་ཇི་བཞིན་དུ། ལུས་དང་ལོངས་སྤྱོད་སོགས་རྣམ་དཀར་གྱི་དགེ་བ་ཀུན་གཅིག་ཏུ་སྤུང་ནས་ཕན་པ་རྒྱ་ཆེ་རྒྱུན་མི་ཆད་པར་འདོགས་ཤིང་ལོག་སྒྲུབ་དང་གནོད་པ་བཟོད་པ་ལ་བསླབ་དགོས་པའོ། །སྙིང་རྗེའི་ངོ་བོ་ནི། གཞན་ཉེ་རིང་མེད་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ། བཟོད་མི་ཕོད་པའི་སྐྱོ་ཤེས་དང་སྙིང་རྗེའི་སེམས་སྟོབས་དྲག་པོ་དང་། དེ་ལས་ཀྱང་འགྲོ་བ་རིགས་དྲུག་གི་སེམས་ཅན་མཐའ་དག་སྡུག་བསྔལ་རྣམ་པ་སྣ་ཚོགས་པའི་རྒྱུ་འབྲས་ཀྱི་མཐའ་ལ་གཅུར་བར་མཐོང་ནས་མཆི་མ་སློང་བ་ཡིན་ནོ། །དགའ་བའི་ངོ་བོ་ནི། གཞན་ཕྲག་དོག་གི་ཡུལ་དུ་གྱུར་བ་མཐའ་དག་འབྱོར་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་དགའ་ཞིང་སྤྲོ་བའི་སེམས་འཇུག་པའི་ཐབས་ལ་བརྩོན་ཞིང་ཀུན་ལ་ལེགས་སྨོན་བསྒོམ་ཞིང་ད་ལྟའི་བསོད་ནམས་ནི་རང་རང་གི་སྔོན་བསགས་ཀྱི་མཐུས་ཐོབ་པ་ལ་དགའ་བར་བྱེད་ཅིང་། ཕྱིན་ཆད་དེ་མི་འབྲལ་བར་སྨོན་པ་ཡིན་ནོ། །བཏང་སྙོམས་ངོ་བོ་ནི། བྱམས་སྡང་འདྲལ་བ་སྟེ། གཉེན་བྱམས་པ་པོ་དང་དགྲ་སྡང་བ་གཉིས་ལ་ཆགས་སྡང་བཏང་སྙོམས་པ་ཡིན་ཏེ། རང་ཕྱོགས་དང་གཞན་ཕྱོགས་དེ་གཉིས་ལ་ཕྱོགས་དང་རིས་སུ་ཆད་པ་མ་ཡིན་པར་མཉམ་པ་ཉིད་དུ་བརྡལ་ནས་དགྲ་དང་གཉེན་བར་མའི་འདུ་ཤེས་གསུམ་པོ་ཕན་འདོགས་པའི་ཡུལ་ལ་ཁྱད་པར་ཅི་ཡང་མེད་པར་མཉམ་པར་རབ་ཏུ་སྤྱད་ཅིང་རྣམ་པའི་སྟེ་དམིགས་བཅས་ཟང་ཟིང་དངོས་པོ་མངོན་གྱུར་དུ་ཕན་བཏགས་པ་དང་། དམིགས་མེད་ཅེས་པ་དགེ་སྡིག་གཏོང་ལེན་སོགས་ཀྱི་སྒོ་ནས་ཕན་འདོགས་པ་ལ་རྩིས་སྦྱར་ཞེས་པའོ། །དེ་ལ་ཡང་འདོད་པའི་བྱམས་པ་ནི་རང་ཕྱོགས་ལ་ཤིན་ཏུ་བྱམས་ཤིང་གཞན་ལ་མི་བྱམས་པ་དང་། སེར་སྣའི་སྙིང་རྗེ་ནི། རང་གི་འཁོར་དང་ཆིབས་རྟ་བཀལ་མཛོ་བཞོ་མ་སོགས་ལ་ཤིན་ཏུ་སྙིང་རྗེ་ཡང་གཞན་ལ་དེ་ལྟར་མ་ཡིན་པ་དང་། ང་རྒྱལ་དགའ་བ་ནི། རང་གི་རིགས་རུས་དང་འབྱོར་བ་ལོངས་སྤྱོད་སོགས་ཀྱིས་ཁེངས་ནས་དགའ་བ་དང་། གཏི་མུག་བཏང་སྙོམས་ནི། རང་གཞན་སུ་ལའང་ཕན་བཏགས་དགོས་ཀྱང་དེ་ལྟར་མི་བྱེད་པ་དང་། སྡིག་པ་ལས་བཟློག་ཐུབ་ཀྱང་མི་བཟློག་པ་སོགས་མདོར་ན་བཟང་མེད་ངན་མེད་དུ་གནས་པ་བཞི་སྟེ། དེ་ལྟ་བུའི་ཚད་མེད་རྣམ་བཞི་དམན་པ་ནི་ཐར་པའི་ལམ་མིན་ཞིང་ཚངས་པའི་གནས་པ་བཞིའི་ཕྱོགས་དང་ཉེ་བ་ཡིན་པས་དེ་ལྟ་བུའི་དམིགས་བཅས་རྣམ་པར་སྤང་དགོས་ཞེས་པའོ། །དེ་ཡང་གནས་སྐབས་འདི་ནི་ཞི་བ་མྱང་འདས་ཀྱི་ལམ་དང་འབྲེལ་བའི་དམིགས་པའི་ཡུལ་ནི་ཕྱོགས་དང་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ཡིན་ཀྱང་དེ་སྒྱུ་མ་དང་རྨི་ལམ་གྱི་སྐབས་བཞིན་སྣང་ལ་རང་བཞིན་མེད་པའི་ཆོས་ཐམས་ཅད་ཀྱི་རྣམ་པའི་བསྒོམ་ཚུལ་སྟོབས་སུ་གྱུར་པ་ལས་བྱང་ཆུབ་སེམས་གཉིས་སྐྱེ་བའི་རྒྱུར་འགྲོ་བའི་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་ཚད་མེད་ཁྱད་ཆོས་བཞི་དང་ལྡན་པའི་ཁྱད་ཆོས་བཞི་རུ་འདོད། ཚངས་པའི་གནས་པ་བཞི་ཡི་དབེན་པར་མཛད་པའོ། །ཞེས་པས་ཚད་མེད་རྣམ་པ་བཞི་པོ་དེ་ཡང་སྒོམ་ཚུལ་གོ་རིམ་ཅན་དང་ངེས་པ་མེད་པར་གསུངས་དེ་ཡང་དམིགས་པའི་ཡུལ་གང་ཡང་རུང་བ་སྐྱེ་བར་སླ་བ་དེ་ལ་གཏད་དགོས་ནའང་། འོན་ཀྱང་བྱམས་པ་བསྒོམ་ཐལ་ཆེས་པས་ཆགས་པའི་རྟེན་དུ་གྱུར་ནའང་། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་བསྒོམ་པར་སྤོ་བར་བྱས་ན་ཆགས་པའི་གེགས་ལས་གྲོལ་ཞིང་། བཏང་སྙོམས་བསྒོམ་ཐལ་བས་དེ་ཉིད་རྨོངས་ནས་ལུང་མ་བསྟན་དུ་གྱུར་ན་སྙིང་རྗེ་བསྒོམ་པས་སྡུག་བསྔལ་གྱི་རྒྱུ་འབྲས་འགོག་ལ། སྙིང་རྗེའི་སྟོབས་ཞན་ནས་སེམས་ཅན་རིས་སུ་ཆད་པ་ན། དགའ་བ་བསྒོམ་པར་སྤོས་པས་དམན་པའི་སེམས་སྐྱ྄ེ་བ་འགོག་ཅིང་། དགའ་བ་བསྒོམས་ཐལ་བས་སེམས་རྒོད་ཅིང་སྤྲོས་པའི་ཡུལ་དུ་འགྱུར་ན། བྱམས་པ་སོགས་མཐའ་དབུས་བརྗེས་ནས་སྤེལ་མར་བསྒོམ་པ་གལ་ཆེ་ཞིང་། དེ་ལྟར་བསྒོམས་པས་རྣམ་སྨིན་གྱི་འབྲས་བུ་མངོན་པར་མཐོ་ཞིང་འདོད་པར་ལྷ་མིའི་ལུས་རྟེན་ཐོབ་པ་དང་། དེ་ལ་བརྟེན་ནས་ངེས་ལེགས་ཀྱི་གོ་འཕང་ཐོབ་པ་གཉིས། རྒྱུ་མཐུན་དང་བྱེད་པའི་འབྲས་བུ་དེ་འདྲ་མྱོང་བས་ན་འཕྲལ་ཕུགས་གང་དུའང་། མི་མཐུན་པའི་ཕྱོགས་དང་བྲལ་ཞིང་བདེ་བ་ཐོབ་པ་དང་། དབང་གི་འབྲས་བུ་ཡུལ་ཡིད་དུ་འོང་ཞིང་བདེ་ཞིང་དགའ་བའི་ཡུལ་ལ་སྤྱོད་པའོ། །ཚད་མེད་བཞིའི་བྱེད་པ་བཞི་པོ་སྟོབས་སུ་གྱུར་པས་རང་གཞན་གྱིས་དོན་གཉིས་འབྱོར་བའི་ཡོན་ཏན་སྣ་ཚོགས་འཐོབ་པར་གྱུར་ཏེ། བྱམས་པ་འབྱོངས་བས་འགྲོ་བ་རྣམས་ལ་བུ་ལྟར་བརྩེ་བ་དང་། ཞེ་སྡང་མེད་ཅིང་གཞན་གྱི་ཡིད་དུ་འོང་བ་དང་། བྱམས་པའི་ངོ་བོ་སྤྲོས་པ་ཀུན་དང་བྲལ་ཞིང་སྟོང་ལ་རང་བཞིན་མེད་ཅིང་། མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པའོ། །དེ་བཞིན་དུ་སྙིང་རྗེ་འབྱོངས་བས་གཞན་རྣམས་ཀྱི་སྡུག་བསྔལ་གང་ཡིན་ཀྱང་བདག་གི་ཁུར་དུ་འགྲོ་ཞིང་གཞན་སུ་ལའང་འཚེ་བ་བྲལ་བའི་སེམས་ཐོབ་ཅིང་འདོད་ཆགས་དང་བྲལ་ནས་སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་ཞིང་། སོ་སོར་རྟོགས་པའི་ཡེ་ཤེས་ཆོས་ཀྱི་སྐུ་འགྲུབ་པའོ། །དགའ་བ་འབྱོངས་བས་ཕྲག་དོག་གི་རྩ་བ་ཆོད་ཅིང་ཆོས་སྲིད་འབྱོར་བ་བརྟན་ཞིང་ཞི་བདེ་རྒྱུན་མི་འཆད་ཅིང་སེམས་ལས་སུ་རུང་ནས་བསམ་གཏན་གྱི་དགའ་བ་ལ་དམིགས་པ་མེད་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་སྤྲུལ་པའི་སྐུ་མཆོག་ཐོབ་པའོ། །བཏང་སྙོམས་འབྱོངས་བས་བདག་གཞན་དང་དགྲ་གཉེན་སོགས་ལ་ཆགས་སྡང་གི་རྟོག་ངན་མི་སྐྱེ་ཞིང་མཉམ་པ་ཉིད་དུ་རྟོགས་ཤིང་ང་རྒྱལ་མེད་ཅིང་ཟབ་ཞིའི་རྟོགས་པ་རྒྱུད་ལ་སྐྱེ་བ་དང་། གཏི་མུག་གིས་བསྐྱེད་པའི་རྨོངས་པ་མེད་ཅིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ངོ་བོ་ཉིད་སྐུ་མངོན་དུ་འཐོབ་པར་འགྱུར་བའོ། །དེ་ལྟ་བུའི་ཚད་མེད་རྣམ་པ་བཞིའི་ཡོན་ཏན་ནི། རྒྱུ་འབྲས་དཔག་པར་དཀའ་ཞིང་ཤིན་ཏུ་མཐའ་ཡས་པའི་ཕྱིར་བསླུ་བ་མེད་པའོ། །ལམ་ངན་མ་རྟོགས་པའི་འགྲོ་བ་གཞན་རྣམས་དང་། ལོག་པར་རྟོགས་པ་ཕྱི་རོལ་པ་ཕྱོགས་ཙམ་རྟོགས་པ་ཉན་རང་སོགས་ཀྱིི་གྲུབ་མཐའ་སྲིད་པའི་རྒྱུ་ཡིན་ན། སྟོང་ཉིད་སྙིང་རྗེར་འགལ་ལ་མི་བརྟེན་པར། ཐར་པ་དྲི་མེད་ནི་ཐེག་པ་ཆེན་པོ་ཡིན་ཏེ། རྒྱལ་སྲས་དམ་པའི་ལམ་རྨད་དུ་བྱུང་བ་ཡིན་པས་རྙོག་པ་ཞི་བ་ནི། རང་དོན་ཡིད་བྱེད་དང་བྲལ་བ་ཡིན་པས་དེ་ལྟ་བུའི་དགེ་བ་ལ་ཡང་ཡང་བརྩོན་པས་གོམས་པར་འཚལ་ལོ། ཞེས་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བདུན་པའི་བསྡུས་འགྲེལ་ལོ། །

ལེའུ་བརྒྱད་པ།

༈ རྙེད་པ་གང་གི་དོན་ལ་ཞེས་རྙེད་པ་དོན་དུ་གཉེར་བས་དེ་ལ་དམིགས་པའི་ཡོན་གྱི་མཆོག་སྟོབས་པ་བཞིན། ཚད་མེད་པ་རྣམ་པ་བཞིའི་རྒྱུ་བྱས་ཏེ། ཐོབ་པའི་འབྲས་བུ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྨོན་པ་དང་འཇུག་པའི་ཤིང་རྟའི་སྒྱུ་མའི་འཕྲུལ་ལམ་ཐབས་ལ་དྲངས་པའི་ཞི་བདེས་ནི་ཉན་རང་གི་གཞན་དོན་སྤང་པའི་ལྟ་བ་ངན་པ་ཉམས་པར་བྱེད། ཅེས་པའོ། །སྡིག་པ་ནི་ལས་ཏེ་མི་དགེ་བ་བཅུས་བསྐྱེད་པའི་རྒྱུ་རྐྱེན་ལས་གྱུར་པ་དང་། སྡུག་བསྔལ་ནི་ལས་ཀྱི་འབྲས་བུ་འཕང་བའི་འཁོར་བར་རང་དབང་མེད་པར་བཙོན་རར་བཅིངས་པ་རྣམས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་མོད་ལ་སྟེ། དེ་མ་ཐག་ཏུ་རྒྱལ་བའི་སྲས་ཀྱི་མིང་གི་ཅོད་པན་འཐོབ་པ་ལ་རབ་ཏུ་དགའ་ནས་འཇིག་རྟེན་གྱི་བདག་པོར་ལྷ་དང་མིར་བཅས་པས་ཀྱང་བསྟི་སྟང་དུ་བྱེད་པའོ། །ལས་མི་དགེ་བ་དང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་མུན་ནག་འཁྲིགས་པ་ལྟ་བུའི་སྤྲིན་གྱི་བར་ནས་གཏུམ་པའི་གློག་འོད་སྐད་གཅིག་ཙམ་འཁྱུག་ལྟའི། དམ་པ་གསུམ་གྱིས་མ་ཟིན་པའི་དགེ་བ་ལ་སྐབས་འགར་གོམས་པའི་བསོད་ནམས་ཙམ་པོ་བ་སྟེ། སྦྱོར་དངོས་རྗེས་གསུམ་མ་ཚང་བའི་དགེ་བ་གང་ཡང་རུང་བ་ཆུ་ཤིང་བཞིན་དུ་འབྲས་བུའི་རྩ་བ་སྨད་ཅེས་པའོ། །ས་གཞི་བཟང་པོས་བརྟེན་པའི་ཞིང་ས་གང་ཡང་རུང་བ་ལ་དགེ་བའི་ལོ་ཏོག་ཅི་འདྲ་ཞིག་བཏབ་ཀྱང་ཆུད་མི་ཟོས་པར་ཕུན་སུམ་ཚོགས་པ་སྐྱེད་འཁྱུངས་བྱེད་པ་ལྟར། གཞན་ཕན་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་སྲིད་པའི་ཁམས་འདི་ན་དགེ་པའི་འབྲས་བུ་མང་ཞིང་ཞི་བའི་བར་དུ་སྟེ། ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་མ་ཐོབ་ཀྱི་བར་དུ་གོང་ནས་གོང་དུ་འཕེལ་བར་འགྱུར་ཞེས་པའོ། །ལས་དང་ཉོན་མོངས་པ་འདུ་བར་བྱེད་པའི་སྡུག་བསྔལ་ཀུན་གྱི་སྣོད་དུ་གྱུར་པ་ལྟ་བུ་ནི། འཁོར་བའི་རྒྱ་མཚོ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་རྣམ་རྟོག་རྒྱུན་ཆད་མེད་པའི་རྦ་རླབས་གཡོ་བ་ཅན་དེ་ནི་སེམས་ཅན་རྣམས་ཀྱི་སྡོད་ཡུལ་གྱི་ཁྱིམ་ལྟར་རབ་ཏུ་བཟུང་བ་ལས་གདོན་པར་བྱེད་པའི་སྙིང་སྟོབས་ཆེན་པོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ཏེ། གང་ལ་རང་དོན་ཡིད་བྱེད་ཀྱི་སེམས་པ་ཡོད་མ་ཡིན་ཞིང་། བཀྲེས་པ་ཟས་དང་སྐོམ་པ་ཆུ་ལ་གདུང་བ་བཞིན་དུ། སེམས་ཅན་འབའ་ཞིག་གི་དོན་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་གཉེར་བ་ལ་བྱང་ཆུབ་ཀྱི་སེམས་ཞེས་གྲགས། དེའང་འབྲས་བུར་དམ་བཅའ་བ་སྨོན་པའི་སེམས་བསྐྱེད་ཡིན་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བགྱིའོ་བསྙམ་པའི་འབྲས་བུར་དམ་བཅའ་བ་ཡིན་ཞིང་། དེའི་བསླབ་བྱ་ནི་བདག་གཞན་མཉམ་པ་སྟེ། ཕན་ཚུན་གཉིས་ཀ་གང་གིས་ཀྱང་བདེ་བ་འདོད། སྡུག་བསྔལ་མི་འདོད་པ་མཉམ་བཞིན་དེའི་དོན་ལ་གོམས་པར་བྱེད་པ་དང་། བརྗེ་བ་ནི། བདག་དགེ་མ་ལུས་འགྲོ་ལ་གཏོང་ཞིང་། འགྲོ་བའི་སྡུག་བསྔལ་བདག་ཉིད་ཀྱིས་ལེན་པ་དང་། བདག་བས་གཞན་གཅེས་ནི། བདག་ངན་སོང་གསུམ་སོགས་སྡུག་བསྔལ་གྱི་གནས་གང་དུ་གནས་དགོས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རང་ཐོག་ཏུ་སྨིན་པར་ཤོག་ཅིག་བསམ་པ་གསུམ་དུ་བཞག་པའང་། བསླབ་པ་མདོར་བསྡུས་ཡིན་གྱི་དེའི་ངོ་བོ་བྱམས་པ་ལ་སོགས་ཚད་མེད་བཞི་ལ་ཡང་དག་པར་གནས་པ་ཡིན་ནོ། །རྒྱུ་ལ་དམ་བཅའ་བྱེད་པ་ནི་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ཏེ། དེའི་བསླབ་བྱ་ཕ་རོལ་དུ་ཕྱིན་པ་དྲུག་ཡིན་ལ་སྤྱོད་ཡུལ་ཡོངས་སུ་དག་པ་རྣམས་ལ་བསྟེན་པ་ཡིན་ཏེ། དབྱེ་བའི་སྒོ་ནས་སོ་སྐྱེས་དང་། འཕགས་པའི་སེམས་བསྐྱེད་གཉིས་དང་ཚུལ་ཁྲིམས་གསུམ་གྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ཀྱི་བསླབ་པ་སྟེ། བསླབ་པ་གསུམ་ལ་ལྟོས་པའི་སེམས་བསྐྱེད་གསུམ་ཡོད་པ་ལས། ཁྱད་པར་ཚོགས་སྦྱོར་གྱི་ལམ་ན་མོས་པས་སྤྱོད་པའི་སེམས་བསྐྱེད། དང་པོའི་ས་ནས་བདུན་པའི་བར་ལྷག་བསམ་རྣམ་དག་གི་སེམས་བསྐྱེད། དག་པ་གསུམ་ན་རྣམ་པར་སྨིན་པའི་སེམས་བསྐྱེད་དང་། སངས་རྒྱས་ས་ན་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེེ་བཞི། དེ་བཞིན་ཚོགས་ལམ་དང་། སྦྱོར་ལམ་ མཐོང་ལམ་ བསྒོམ་ལམ་ མི་སློབ་པའི་ལམ་དང་ལྔའི་རྗེས་སུ་འགྲོ་བའི་སེམས་བསྐྱེད་ལྔ། ཕ་རོལ་དུ་ཕྱིན་པ་དྲུག་ལ་ལྟོས་པའི་དེ་སྙེད་གྲངས་ནི་སེམས་བསྐྱེད་རྣམ་པ་དྲུག་སྟེ། ས་མཚམས་དབྱེ་བས་ཉི་ཤུ་རྩ་གཉིས་ནི། འཕགས་པ་བྱམས་པས། དེ་ཡང་ས་གསེར་ཟླ་བ་མེ། གཏེར་དང་རིན་ཆེན་འབྱུང་གནས་མཚོ། རྡོ་རྗེ་རི་སྨན་བཤེས་གཉེན་དང་། ཡིད་བཞིན་ནོར་བུ་ཉི་མ་གླུ། རྒྱལ་པོ་མཛོད་དང་ལམ་པོ་ཆེ། བཞོན་པ་བཀོད་མའི་ཆུ་དང་ནི། སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །དེ་སོགས་བསམ་པས་སྨོན་པ་དང་འཇུག་པས་ཁྱབ་ལ་འདུ་ཞེས་པའོ། །གང་སུ་ཞིག་རང་ཉིད་ལེགས་པ་དོན་དུ་གཉེར་ནས། རྟག་ཏུ་གཅོད་པ་མེད་པའི་སྒོ་འཕར་ནང་དུ། དུས་རེ་འགའ་ཙམ་མ་ཡིན་པར་སློང་བ་པོའི་ཡིད་ལ་འཁྲུགས་པ་མི་སྟེར་བར་རྒྱུན་དུ་ཚིམ་པར་བྱེད་པ་དེ་ལ་གཏན་པ་མེད་པའི་མཆོད་སྦྱིན་ཞེས་བསྟོད་ཅིང་བསྔགས་པར་འོས་ན་མཐའ་དག་སེམས་ཅན་རྣམས་ཀྱི་དོན་དུ་ཕན་པའི་སྨོན་སེམས་ཐང་ག་ཅིག་སྐྱེས་པ་ཙམ་གྱིས་ཀྱང་། ངན་སོང་གསུམ་གྱི་སྒོ་གཅོད་ཅིང་ལྷ་དང་མིའི་གནས་རིགས་སུ་དགའ་བ་དང་བདེ་བ་བསྟེན་ཅིང་འཕོ་འགྱུར་མེད་པའི་ཡོན་ཏན་ཟད་མི་ཤེས་པ་འཐོབ་ཅིང་། ཁྱད་པར་འཇུག་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་སྟེ་དངོས་སུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཉིས་སྦྱོར་བས་ཁྱབ་པའི་ཆོ་ག་ལ། གང་ནས་བཟུང་སྟེ་ཞེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བསླབ་པ་བླང་བ་དེ་ནས་བཟུང་སྟེ་ནམ་ཡང་ལྡོག་པ་མེད་པའི་སེམས་ཀྱིས་འགྲོ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་སྒྲོལ་བའི་དམ་བཅའ་བར་ཤིན་ཏུ་ཡིད་བརྟན་པ། དེ་ནས་བཟུང་སྟེ་བག་མེད་ཀྱིས་སེམས་ལས་སུ་མི་རུང་བའི་སྐབས་རྣམས་དང་། རྟག་པར་གཉིད་ལོག་ཀྱང་བྱང་ཆུབ་སེམས་ཀྱི་བསོད་ནམས་རྒྱུན་ཆགས་ཞེས་བར་མ་ཆད་པ་ཉིད་དུ་འབྲེལ་བར་འགྱུར་བ། བྱང་ཆུབ་སྤྱོད་པའི་ས་ལས་འཐད་པ་དང་བཅས་བཤད་པ་ལྟར་རོ། །དེའི་ཕན་ཡོན་ནི་བསྐལ་པ་མང་པོའི་ཚོགས་ཀྱང་འདུམ་པར་འགྱུར་བ་དང་། ཕྱུགས་དང་གླང་པོ་ཤིང་རྟ་ཉི་ཟླ་སོགས་ ཞེས་པ་ནི། ལྷ་མའི་ཐེག་པ་པ་དང་། ཉན་རང་གི་ཐེག་པ་པ་དང་། ཐེག་པ་ཆེན་པོ་པ་རྣམས་བློ་སྟོབས་ཀྱི་ཤུགས་ཆེ་ཆུང་གི་ཁྱད་པར་གྱིས་བགྲོད་པའི་བརྟུལ་ཞུགས་མྱུར་བུལ་མཐའ་ཡས་པ་ལྟར་བློ་སྟོབས་ཆེན་པོ་སྟེ། ཐེག་པ་ཆེན་པོ་པས་ཐབས་ཀྱི་རིམ་པ་མཐའ་མ་བཀག་པ་ལ་བརྩོན་བཞིན་ཤེས་རབ་ཀྱི་མཐའ་བཞིི་བརྒྱད་ཀྱི་དྲི་མ་བསལ་ནས་ཉམས་སུ་བླངས་འབྲས་ཀྱིས་བསྐལ་བ་ཆེན་པོ་གྲངས་མེད་པ་གསུམ་མ་རྫོགས་ཀྱི་བར་དུ་སངས་རྒྱས་མི་ཐོབ་ཅེས་དམ་བཅའ་བྱས་པའི་ཐ་ཚིག་འཇིག་པ་ཡིན་ལ། དེ་ཡང་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང་། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་ལས་ཕྱིར་ལྡོག་གོ། །ཉི་ཟླ་ལྟ་བུས་འགྲོ་བ་དང་། ཉན་ཐོས་ཀྱི་རྫུ་འཕྲུལ་དང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུའི་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །ཇི་ལྟར་ས་བོན་གྱི་རིམ་པ་ས་ལ་བཏབ་ཅིང་ལྟུང་བ་བཞིན་དུ་ཁ་ཙམ་གྱི་སེམས་མཆོག་བསྐྱེད་པ་མི་གཙོ་ཞིང་། སྙིང་ཐག་པ་ནས་སྔོན་སྨོན་དུས་བབ་ལྟ་བུས་སེམས་མཆོག་རང་བཞིན་གྱི་སྐྱེས་པ་གཙོ་ཆེ་བ་ཡིན་ཞིང་། དེ་ཡང་སྟོབས་གསུམ་ལས་ནི་བྱང་ཆུབ་ཀྱི་སེམས་སྐྱེས་སླ་བས་སྙིང་རྗེ་ཆེ་བ་དང་། ཚོགས་བསགས་པ་དང་། སྐྱབས་སུ་འགྲོ་བ་སྟེ། བསམ་དང་སྦྱོར་བ་གཉིས་ཡ་མ་བྲལ་བར་ཐེག་ཆེན་གྱི་ལམ་དུ་སོང་བ་རྒྱུའི་སྟོབས་སུ་བཤད་པ་དང་། རྟེན་གྱི་གང་ཟག་ཀྱང་རྣམ་པ་གཉིས་སུ་བསྟན་ཏེ། སོ་སོར་ཐར་པ་རིགས་བདུན་གང་རུང་གི་སྡོམ་ལྡན་ནམ། དཀོན་མཆོག་ཏཱ་ལར་བསམ་པའི་རྟེན་གཙོ་ཆེ་བར་གསུངས་ཕྱིར། དེའི་རྗེས་སུ་ཕྱོགས་པའི་དབུ་མའི་ལམ་སྲོལ་འཇུག་པ་ཡངས་པ་ཡིན་ཏེ། ཚོགས་རྒྱ་ཆེར་བསགས་པ་ནི་བྱང་ཆུབ་ཀྱི་སེམས་ལྷག་པར་སྐྱེ་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་ནོ་དེ་ཡང་སངས་རྒྱས་ཀྱི་རྒྱུ་ནི་འཁོར་འདས་ཀུན་ཀྱང་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་ཞིང་། དེ་རྟོགས་པའི་ཐབས་སམ་རྐྱེན་ནི་དགེ་བའི་བཤེས་གཉེན་ལ་རབ་ཏུ་བརྟེན་པའི་དོན་ཆེད་ཐོས་བསམ་ཡོངས་ཀྱི་འབྱུང་གནས་ཡིད་བཞིན་ནོར་བུའི་བླ་མ་མཆོག་ནི་མདོ་སྔགས་སྤྱི་དང་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་ཡོངས་སུ་གང་ཞིང་གཞན་ཕན་ལ་རྟག་ཏུ་བརྩོན་པ་དེས། ཐོག་མཐའ་བར་དུ་དགེ་བའི་ཆོས་རྣམས་དང་མདོ་སྡེ་རྒྱན་དང་སྡོང་པོ་བཀོད་པའི་མདོ་ལས་ལེགས་པར་གསུངས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་དཔག་ཡས་བརྗོད་ཅིང་། དེ་ཡང་བྱང་ཆུབ་སེམས་དཔའི་བསླབ་པ་རིན་པོ་ཆེ་བླང་བའི་གནས་དེ་ཉིད་དྲི་བཟངས་ཀྱི་ཆག་ཆག་དང་། སྐྱང་ནུལ་ཏེ་བྱི་དོར་གྱིས་མཛེས་ཤིང་སྡུག་པའི་བཞིན་མདངས་ངོམ་པ་གཞལ་ཡས་ཁང་གནས་ཁང་གང་རུང་བར་གུར་གུམ་སྤོས་ཆུ་སོགས་ཀྱིས་བྲན་པ་དང་བཅས་ཏེ། བསླབ་པ་བླང་བ་པོས་ཀྱང་གདོང་སོགས་ཡན་ལག་དག་པར་བཀྲུ་ཞིང་། དཀོན་མཆོག་གསུམ་འབའ་ཞིག་ཡིད་ལ་སེམས་པའི་ངང་ནས། ཕྱི་ནང་གི་མཆོད་ཚོགས་མཐོང་བ་དང་བརྒྱུད་པ་བཞིན་དུ་སྣ་ཚོགས་ཕྲུ་མ་འདེབས་ལ་ཞེས་མང་པོ་བཤམས་པ་ལ་དགའ་ཞིང་དགོད་པའོ། །དེ་ལྟར་མཎྜལ་གྱི་བཀོད་པ་ཕུན་སུམ་ཚོགས་པར་བྱས་པའི་སྟེང་དུ་དམ་ཚིག་གི་གཟུགས་བརྙན་ཞེས་སྐུ་གསུང་ཐུགས་རྟེན་གྱི་རིགས་མཐའ་དག་དེར་བོས་ནས་ཞེས་གདན་དྲངས་ཤིང་བཞུགས་སུ་གསོལ་བར་བྱས་ནས་སྐུ་གསུམ་རྒྱལ་བའི་ཞིང་ན་བཞུགས་པའི་ཡེ་ཤེས་སེམས་དཔའ་རྣམས་དབྱིངས་ནས་དགུགས་པ་དང་། དམ་ཚིག་གི་རྟེན་ལ་གཞུག་པའི་ཆོ་ག་ནི། མཛའ་གཅུགས་ཀྱི་དུས་བཏབ་པའི་དམ་བཅའ་དྲན་པ་ལས་མྱུར་བས་ཐུགས་རྗེ་འཇུག་པ་བདག་ཁོ་ནར་དགོངས་བཞིན་རྒྱལ་བ་སྲས་དང་བཅས་པ་རྣམས་ཞིང་ཁམས་གཞན་དུ་གཟིགས་པ་ཡོལ་ནས་གནས་འདི་ཁོ་ནར་དགྱེས་ཤིང་བརྩེ་བའོ། །དེ་ལ་དད་པས་སྤྱན་འདྲེན་གྱི་ཡན་ལག་ནི། གང་ཞིག་ལུས་པ་མེད་པ་སྟེ་འཁོར་བའི་གནས་ན་ཡོད་དོ་ཅོག་གི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་དང་དཔུང་གཉེན་དུ་གྱུར་ཡང་། བདུད་བཞི་སོགས་ཆོས་ལ་སྡང་བའི་བདུད་རིགས་བྱེ་བ་བསམ་གྱིས་མི་ཁྱབ་པའི་སྡེ་དང་དཔུང་ཚོགས་ཀྱི་དགྲ་རུ་གྱུར་པ། ཇི་ལྟ་སྟེ་དོན་དམ་མཁྱེན་པ་དང་། ཇི་སྙེད་ཀུན་རྫོབ་ཀྱི་ཆོས་ལག་མཐིལ་དུ་རྫས་ཀྱི་དངོས་པོ་བཞག་པ་བཞིན་མི་སྒྲིབ་པར་མཁྱེན་ཅིང་གཟིགས་པའི་བཅོམ་ལྡན་འདས་འཁོར་དང་བཅས་པ་བདག་གིས་སྡུམ་པར་མཆིས་སུ་གསོལ། ཞེས་པ་ནི་གནས་ཁང་འདི་ཉིད་དུ་འབྱོར་པར་མཛད་དུ་གསོལ། ཞེས་སྤྱན་དྲངས་ཤིང་རྒྱན་དང་ཡོ་བྱད་སྟོབས་པ་ནི། ལས་ཀྱིས་རྣམ་པར་འཕྲུལ་པའི་སྤྲུལ་པ་མ་ཡིན་པར་རྒྱལ་བ་སྲས་དང་བཅས་པ་ཁྱེད་རྣམས་འབྱོན་པའི་ཤུལ་ལམ་དུ་བདག་སོགས་སེམས་ཅན་རྣམས་སྒོ་གསུམ་གྱི་དྲི་མ་བཀྲུ་ཕྱིར་སྐུ་ཁྲུས་ཀྱི་ཁང་བུ་བརྩེགས་པ་དྲི་བསུང་ཅན་དང་། ཤེལ་དང་ནོར་བུ་སྣ་ཚོགས་ཀྱི་ས་གཞི་དང་ཀ་བར་ལྡན་ཞིང་། གཡུ་དམར་དང་མུ་ཏིག་གི་བླ་བྲེ་དཔྱངས་ཤིང་མཛེས་པར་བྱས་པ་ཏེ། བདེ་གཤེགས་རིགས་ཀྱི་བུ་མཆོག་ནི། ཉེ་སྲས་བརྒྱད་དང་། བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་སོགས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ལ་སྤོས་ཆུས་གང་བའི་ནོར་བུ་སྣ་ཚོགས་ཀྱི་བུམ་པ་ནས། ཁྲུས་ཀྱི་རིམ་གྲོ་བགྱིད་པའི་བྱ་བ་ལ་མཁས་པའི་སྨིན་ལེགས་མ་སྟེ། ལྷ་མོ་རིན་པོ་ཆེའི་རྒྱན་ལྡན་རྣམས་ཀྱིས་གླུ་གར་དང་རོལ་མོའི་འགྱུར་བ་འགྲན་པ་ལ་བརྩོན་བཞིན་ཁྲུས་ཀྱི་བྱ་བ་བྱེད་ཅིང་། ཉེ་རེག་ཆོ་ག་མཁས་པའི་རི་དྭགས་མིག་ལྡན་ནི། འཆི་མེད་ནི་གུའི་ཚོགས་ཀྱིས་ཁྲུས་ཀྱིས་དྲི་མ་འདག་པའི་དྲི་ལ་ཕྱིས་དང་སྤོས་མར་གྱིས་བསྐུ་གཉེས་སོགས་སྲི་ཞུས་བྲེལ་ཞིང་། གཡེང་བའང་ཁ་དོག་གཅིག་ཏུ་མི་གནས་ཤིང་དབང་པོའི་མཚོན་ཏེ་རེག་བྱའི་རིགས་འཇའ་ཚོན་དང་མཚུངས་པའི་གོས་རྒྱན་སྣ་ཚོགས་པ་ཐ་མལ་གྱི་ཐགས་སུ་བཏགས་པ་མེད་པའི་ལྷ་རྫས་ཀྱི་རིགས་རྣམས་སྣང་བའི་རྫུ་འཕྲུལ་གྱིས་ཉོ་བར་བགྱིའོ། །དཔག་བསམ་གྱི་ལྗོན་པ་ལས་ལྷ་མིའི་ཡོ་བྱད་རྣམས་འབྱུང་བའི་ཁོངས་སུ་གྱུར་བཞིན་དེས་བཙོང་བའི་པཉྩ་ལི་ཀ་ཞེས་ཁ་དོག་ལྔ་པ་སྟེ་ལྕིིད་ཀྱི་སྐྱོན་མེད་པས་ནོན་པ་སྤངས་པའི་སྲབ་ལ་འཇམ་ཞིང་ཡང་བའི་གོས་དེ་ཉིད་ལ་དྲི་བཟང་དང་སྤོས་ཆུས་བགོས་ཤིང་བྱུགས་པ་དང་། སུས་ཀྱང་རིན་ཐང་དཔག་པར་མི་ནུས་བཞིན་བརྗོད་པ་ལ་ཁྲེལ་བའི་རིན་ཆེན་སྣ་ཚོགས་ཀྱི་རྒྱན་དང་། བྱེ་བྲག་གདུ་བུ་དཔུང་རྒྱན་སྙན་ཆ་ཅོད་པན་ལ་སོགས་པ་འདི་རྣམས་བདག་སོགས་འགྲོ་བའི་བསོད་ནམས་བསག་པའི་ཆེད་དུ་འབུལ་བར་བགྱི་ན་འདོད་པའི་ཡོན་ཏན་སྤངས་བའི་ཐུབ་དབང་འཁོར་དང་བཅས་པ་རྣམས་ཀྱང་བཀྲེན་ལྡན་སྟེ་དབུལ་ཞིང་ཕོངས་པའི་ཉམ་ཐག་པ་རྣམས་ལ་བསོད་ནམས་རྒྱ་ཆེན་པོ་ཐོབ་པའི་སླད་དུ་ཐུགས་རྗེའི་བདག་ཉིད་ཁྱེད་རྣམས་ཀྱིས་བདག་གིར་བཞེས་ཞེས་པའོ། །གཞན་ཡང་འཕགས་པ་འཇིག་རྟེན་དབང་ཕྱུག་ཉེ་བའི་སྲས་ཆེན་བརྒྱད་དང་། ངན་སོང་ཀུན་འདྲེན་ལ་སོགས་པ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་དང་། ཁྱིམ་པའི་ཚུལ་འཛིན་བའི་བྱང་ཆུབ་སེམས་དཔའ་ཆོས་འཕགས་དང་། རྟག་ཏུ་ངུ་དང་། ལི་ཙཱ་བཱི་དྲི་མ་མེད་པར་གྲགས་པ་ལ་སོགས་པ་ལའང་དབུལ་བར་བགྱིའོ། །སྟོང་གསུམ་གཅིག་ཆར་ཁྱབ་པའི་དྲིའི་བཞོན་པ་ནི་རླུང་ཡིན་ཏེ། དེ་ལ་འཁྱུད་པའི་ཙན་དན་དང་སྤོས་སྣ་ཚོགས་ཀྱི་བསུང་ཞིམ་དྲིས། བསོད་ནམས་བྱེ་བའི་འབྱུང་གནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དཔེའི་དཀྱིལ་འཁོར་ནི་སྐུའི་བྱད་དེ་དེ་ཉིད་ནི་གསེར་སྦྱངས་བཞུ་བཏུལ་བྱས་པ་སྟོང་ལས་ལྷག་པའི་དཔལ་ཡོན་ལྡན་པས་གསེར་གཞན་གྱི་བརྟན་པ་འཕྲོག་ཅེས་པས་བསྟོད་བསྔགས་བགྱི་བ་ལ་བྱུགས་པར་བགྱི་ཞེས་པའོ། །བཏང་སྙོམས་ཚད་མེད་ཀྱི་ཡངས་པའི་ཤེལ་གྱི་གཞི་དཔལ་ཡོན་ཕུན་སུམ་ཚོགས་ལ་བྱམས་པ་ཚད་མེད་ཀྱི་པདྨ་གེ་སར་སྟོང་བརྡལ་བར་སྙིང་རྗེ་ཚད་མེད་ཀྱི་ཉི་ཟླ་བཀྲག་ཏུ་འཚེར་བ་བསྟར་བར་དགའ་བ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་འཁོར་དང་བཅས་པ་བཞུགས་སུ་གསོལ། བབ་ཅོལ་གྱིས་གོམས་པ་ནི་མ་གུས་ཤིང་མ་དད་བཞིན་དུ་སྨྱོན་སྤྱོད་ཀྱི་ཚུལ་མ་ཡིན་པའི་དད་པ་དང་གུས་པས་ལུས་བཏུད་ཀྱི་རྣམ་པས་སྙིང་ཁར་གུས་བཅས་མངོན་རྟོགས་ངོམ་པ་ལ་ནི་ཐལ་མོ་སྦྱར་བར་དུ་མེ་ཏོག་དོག་པས་རབ་ཏུ་བཟུངས་སྙིམ་པའི་སྣོད་ནི་ཐལ་མོའི་ཕྱག་རྒྱ་གའུ་ཆུང་གི་བརྟུལ་ཞུགས་ངོམ་བཞིན་འཛིན་པ་ཡིན། རིག་པ་དང་ཞབས་སུ་ལྡན་པ་སོགས་བདེ་བར་གཤེགས་པ་རྣམས་ཀྱི་ཡོན་ཏན་མཐའ་དག་ནི་ཚང་ཞིང་ཚང་མ་སྟེ་ལྷག་མ་མེད་པར་གནས་ཀྱི་བསྐལ་པ་བཞིན་ནི། གཞན་གང་དུའང་འགྲོ་ལམ་རིང་ལྟ་བའི་དད་པའི་སྐྱིད་མོས་ཚལ་དུ་འོངས་པའི་མོད་ལ་སྐྱོ་ཤས་ཀྱི་སེམས་སློང་བ་མིན་པའི་དད་པའི་བ་སྤུ་གཅིག་ཏུ་གཟེངས་པའོ། །ཟླ་གཞོན་ཞེས་ཟླ་བ་སྤྲིན་བྲལ་ཆུར་སྣང་བ་ཁྲུས་ལ་འཇུག་པའི་རྫིང་བུའི་ནང་དུ་རྨ་བྱའི་བུ་མོའི་ཁྱུ་འཇོ་སྒེག་རོལ་པ་ལྟ་བུའི་ལང་ཚོ་སྟེ། ལུས་ཀྱི་གྲངས་སྙེད་རྡུལ་གྱི་རྣམ་གྲངས་དང་ཤིན་ཏུ་འཁྲུལ་པ་སྐྱེད་བྱེད་ཞེས་གྲངས་གང་མང་འགྲན་པ་ལྟ་བུའི་ཕྱག་གིས་བྲེལ་ཞེས་པའོ། །གཏོང་བའི་ཡན་ལག་རྫོགས་པའི་དངོས་འབྱོར་གྱི་མཆོད་སྦྱིན་གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ཀ་རྣམ་པར་དག་པ་དང་། དེས་ཀྱང་མཚོན་པར་དཔེ་མེད་ཡིད་ཀྱིིས་སྤྲུལ་བའི་མཆོད་ཚོགས་བླ་ན་མཆིས་པ་མ་ཡིན་པའི་ཕྱི་ནང་གསང་གསུམ་གྱི་མཆོད་པའི་སྤྲིན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་ཡོན་ཏན་ནི་འཇིག་རྟེན་གྱི་ཁམས་སུ་མི་ཤོང་བ་ཙམ་ཡིན་ནའང་བདག་གིས་ཀྱང་བླ་ན་མེད་པའི་མཆོད་སྤྲིན་རྒྱ་ཆེན་པོ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བསམ་གྱིས་མི་ཁྱབ་པར་སྤེལ་ནས། དེ་ལ་འགྲན་ནུས་པ་ཕུལ་ན་གོང་གསལ་ལ་ཕྲག་དོག་བགྱིད་པ་ལྟ་བུའོ། །མུ་ཅོར་སྨྲ་བ་ནི་ངག་གི་མི་དགེ་བཞི་ལ་བརྩོན་པའི་ལས་མི་དགེ་བ་དང་བག་ཆགས་བསགས་པའི་སྡིག་སྒྲིབ་བཅས་དགེ་བའི་ལས་ལ་འཇིགས་ནས་གཞན་དུ་བྲོས་པའི་གཟུགས་ནི། མི་དགེའི་ཉེས་བྱས་མཚང་འདོན་མི་བྱེད་པར་སྲིད་པའི་མུན་པ་མུན་ནག་སྟུག་པོ་སྟེ་མ་རིག་པ་གཏི་མུག་གི་ཀླུང་དུ་འཆབ་ཅིང་སྦེད་གསང་བྱེད་པ་ཀུན་ཀྱང་རྟེན་གྱི་སྟོབས་དང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། རྣམ་པར་སུན་འབྱིན་པའི་སྟོབས་དང་། ཉེས་པ་ལྡོག་པའི་སྟོབས་ཏེ། སྟོབས་བཞིའི་ཉིན་བྱེད་འབར་བས་སྦྱང་ཞིང་བཤགས་པའོ། །སྦྱོར་བ་གང་གིས་བདག་ཉིད་ཀྱི་སེམས་མ་འཁྲུགས་བཞིན་དུ་བསམ་པའི་ཁྱད་པར་ནི། གཞན་གྱིས་དགེ་བ་བསྒྲུབ་པ་ལ་དགའ་བ་བསམ་པའི་ཁྱད་པར་གཅིག་གིས་གཞན་དག་གི་རྣམ་དཀར་གྱི་དགེ་ཚོགས་ཡུད་ཙམ་ལ་འཕྲོག་པའི་ཆོམ་རྐུན་གྱི་བརྟུལ་ཞུགས་རྗེས་སུ་ཡིད་རང་བ་ཁོ་ནས་བྱས་པའོ། །ཐར་བ་མེད་པ་ལྟ་བུའི་འཁོར་བའི་སྤྱོད་བ་ནི་མ་དུལ་ཞིང་ལས་དང་ཉོན་མོངས་པའི་སྟོབས་ཀྱིས་རྣམ་པར་སྲ་ཞིང་མཁྲེགས་པ་ཐ་བ་སྟེ་གང་གི་ཀྱང་ཕེད་པར་དཀའ་བ་ལ་གདུལ་ཐབས་བརྟན་པ་བྲལ་བ་ལ་ཆོས་འཁོར་གྱིས་གཞན་དོན་མཐའ་ཡས་ལ་འཇུག་པའི་རྩིབས་རྣོན་ཕྲིན་ལས་སྣ་ཚོགས་ཀྱི་མི་ཁྱུད་འཛིན་པ་དེ་བསྐོར་བར་བསྐུལ་ཞེས་པའོ། །སྔོན་བྱོན་གྱི་རྒྱལ་བ་སྲས་བཅས་ཕལ་མོ་ཆེ་དང་དེ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤངས་པར་གྱུར་པའི་སྙིགས་མའི་དུས་ཀྱི་འགྲོ་བ་འདི་རྣམས་ཀྱི་སྡུག་བསྔལ་གནས་སྐབས་ཙམ་གྱིས་བསྟེན་པར་མཐོང་ནས་རྒྱལ་བ་སྲས་བཅས་མྱ་ངན་ལས་འདའ་བ་མིན་པའི་གདན་ཁྲི་ལ་བཞུགས་སུ་གསོལ་བའི་ཆེད་དུ་དངོས་པོ་ཀུན་གྱི་རིན་ཐང་གཅིག་ཏུ་སྤུངས་ནས་གསོལ་བ་གདབ་པ་ལགས་སོ། །བདག་ཏུ་ལྟ་བའི་འཛིན་པ་མ་བྲལ་བཞིན་དུ་དགེ་རྩ་ཅི་ཙམ་བསྐྱེད་ཀྱང་བདག་མེད་ཀྱི་དོན་མ་རྟོགས་པའི་ངར་འཛིན་དང་བཅས་པས་རང་མཐོང་གིས་འདར་བའི་རྣམ་དཀར་དེ་ཡང་སྲིད་པར་ལན་ཅིག་མཐོ་བའི་ཚེ་སྟེ་ཞེས་པ་ནི། བདག་འཛིན་དང་མ་བྲལ་བའི་དེ་ལྟའི་དགེ་བས་ལྷ་མིའི་ལུས་རྟེན་ཙམ་ཞིག་ཐོབ་ཀྱང་འཕྲལ་དུ་དེ་ལས་ཉམས་ནས་སྲིད་པ་འོག་མ་རྣམས་སུ་སྐྱེ་བར་འགྱུར་བ་དེ་ལྟ་ཕན་ངེས་ཀྱི་ཐབས་མཆོག་གྱུར་པ་ནི། བྱང་ཆུབ་བསྔོ་བ་སྟེ་དགེ་བའི་རྩ་བ་གང་ཡིན་ཀྱང་སངས་རྒྱས་པར་བསྔོ་བར་བྱས་ན་ལྕགས་ཀྱི་ཁམས་ཇི་སྙེད་པ་དངུལ་ཆུས་སྦྱོར་བས་གསེར་འགྱུར་རྩིས་ཐེབས་པ་བཞིན་དགེ་ཚོགས་གོང་འཕེལ་དུ་འགྱུར་བ་ཡིན་ལ། ཚུལ་འདི་ནི་ཕྱི་རོལ་པ་དང་ཉན་རང་སོགས་སྟོན་པ་གཞན་གྱི་ལུགས་ལ་མེད་པའོ། །རང་ཉིད་ཀྱི་འབྱོར་བ་དང་ལོངས་སྤྱོད་ལ་ཆོག་ཤེས་ཀྱི་བདུད་རྩིའི་བཏུང་བས་མ་ངོམས་པར་གྱུར་ན། སྐྱེས་བུ་རྣམས་ཀྱི་ཡིད་ལ་མ་བཟུང་བའི་བློས་སྤྲུལ་བར་རློམ་པའི་མཆོད་པའི་སྤྲིན་ཞེས་ངོ་མཚར་དུ་བྱེད་ཀྱང་ཁ་ཚིག་གིས་ཕ་མཐར་འཁྱམས་པ་ཙམ་ལས་དོན་ལག་ཏུ་བླང་རྒྱུའི་མཆོད་པའི་བྱེ་བྲག་གང་ཡང་མེད་པ་ལ་སྐྲག་པར་གྱུར་ནས་བདག་གི་ལུས་འདི་ཡང་ཕངས་པ་ཅུང་ཟད་ཀྱང་མེད་པའི་སེམས་ཀྱིས་རྒྱལ་བ་སྲས་བཅས་ལ་གཏན་དུ་དབུལ་བ་ལའང་དོ་གལ་ཆེན་པོ་བགྱིད་འཚལ་ལོ། དཀོན་མཆོག་གསུམ་གྱི་འབངས་སུ་དམ་བཅས་པའི་བདག་སོགས་དད་ལྡན་གྱི་འགྲོ་བ་སུ་ཡང་རུང་སྟེ་མཆོག་གསུམ་རིན་པོ་ཆེའི་སྐྱབས་གྲིབ་ཚ་དབལ་གྱིས་མི་འཚེ་བར་བསིལ་བའི་ཡོན་ཏན་གྱིས་བསྲིངས་པའི་སོས་ཀའི་མེ་ཏོག་ལང་ཚོའི་འཇོ་སྒེག་ཅན་འདི་ལྟ་བུ་རྣམ་པ་ཀུན་ཏུ་འཁྲུགས་པའི་མངོན་རྟོགས་མ་རུང་ངོམ་པའི་གཤིན་རྗེའི་མདུན་སར་ཡང་ཁྲོ་གཉེར་འཇིག་པའི་རིན་ཐང་དང་ཡོན་ཏན་ཟད་མི་ཤེས་པ་ཡིན་ལ། དེའི་ཕྱིར་ནི་བླུན་རྨོངས་དང་གཏི་མུག་གི་མཐུས་ནོན་པའི་སྡིག་ལྡན་བདག་དང་བདག་འདྲའི་ཚོགས་རྣམས་དྲི་མའི་སྐྱོན་དག་བྱི་དོར་ཤིན་ཏུ་བརྟེན་པའི་དྭངས་ཤེལ་ལྟར་ཡིན་ནའང་བསོད་ནམས་རྙོགས་པ་སྟེ་བསོད་ནམས་མ་ཡིན་པའི་ལས་རྒྱུ་འབྲས་དག་ཅིང་གཙང་མར་བྱེད་པའི་རང་སེམས་དྲི་མེད་ཀྱི་ནང་དུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཀྱི་ཆོ་གས་ཐོབ་པའི་གཟུགས་བརྙན་གྱི་སྨོན་འཇུག་བྱང་ཆུབ་ཀྱི་སེམས་ཡིན་ཕྱིར་དེ་ངོམ་པར་བྱའོ། །སྒོ་གསུམ་བྱ་བ་བག་མེད་པར་གྱུར་ཏེ་ཉེས་པ་བརྒྱ་ཕྲག་གི་གཡང་སར་ལྷུང་བའི་རིམས་ཀྱིས་ཤིན་ཏུ་བཏབ་པ་ལྟ་བུའི་ནད་ཀྱིས་ཉེས་པ་རྣམས་གསོ་དཔྱད་ཕལ་པ་དག་གི་མདུན་སར་དབུགས་མི་འབྱིན་མོད། སྨན་པ་མཆོག་ནི་མཆོག་གསུམ་ངོ་བོ་བླ་མ་དགེ་བའི་བཤེས་གཉེན་རིན་པོ་ཆེ་ཡིན་ཕྱིར་དེ་ལ་སྐྱབས་སུ་ལྷགས་པར་དོང་སྟེ་ཞེས་པའོ། །མོས་པ་གང་གི་སླད་དུ་ཚོགས་ཞིང་དུ་གྱུར་པ་རྣམས་འདིར་གཤེགས་ཤིང་བཞུགས་སུ་གསོལ་ནས་སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་དགོངས་པའི་སྟོན་པ་མཆོག་ནི་ཐེག་པ་ཆེན་པོའི་དགོངས་དོན་འཛིན་པའི་སྐྱེས་བུ་ཆེན་པོ་འབའ་ཞིག་པའི་ཚོགས་བསགས་ཀྱི་ཡུལ་དུ་གྱུར་པ་ཡིན་པའི་ཕྱིར་ཚོགས་ཀྱི་དབུས་ན་མཚན་དཔེའི་མངོན་རྟོགས་ལྷམ་མེར་མཛེས་པ་ལ་སྐྱབས་སུ་འགྲོ་བ་གསུམ་གྱི་གཞི་བཅས་ལ། དགོངས་སུ་གསོལ་བ་ལན་གསུམ་གྱིས་སད་པར་བྱས་ནས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་འགྲོ་བ་རྣམས་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་བརྟུལ་ཞུགས་མཐའ་དག་སྟེ་བྱང་ཆུབ་ཀྱི་སྤྱོད་པ་མ་ལུས་པ་བླང་བ་ཡིན་པར་ངེས་ན་ཉོན་མོངས་པའི་སྒྲིབ་པ་ནད་ཀྱི་ཟུག་རྔུ་ལྟ་བུའི་དུམ་བུ་བཅད་པར་གྱུར་ཡང་ཤེས་སྒྲིབ་ཡུལ་གྱི་རོ་སྟེ་གཟུང་བ་ཆོས་ཀྱི་བདག་དང་། འཛིན་པ་གང་ཟག་གི་བདག་གཉིས་རང་བཞིན་མེད་པར་མ་རྟོགས་པར་དངོས་མཚན་ཅན་དུ་བཟུང་བའི་རོ་ལ་བཅགས་པའི་ཉན་རང་དགྲ་བཅོམ་རྣམས་ཐེག་པ་ཆེན་པོའི་སར་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། སྒྲིབ་པ་གཉིས་ཀའི་འཆིང་བས་ཀུན་ནས་དཀྲིགས་ཤིང་དམ་པོར་གྱུར་བའི་ཚངས་པ་ལ་སོགས་པ་སོ་སོའི་སྐྱེ་བོ་ནས་སློབ་པ་འཕགས་པའི་བར་ལ་གནས་པའི་སེམས་ཅན་མ་གྲོལ་བ་རྣམས་གྲོལ་བར་བྱ་བ་དང་། ཤིན་དུ་སྡུག་བསྔལ་བ་ནི་དམྱལ་བ་ཚ་གྲང་ཡི་དྭགས་བཀྲེས་སྐོམ་དུད་འགྲོ་བཀོལ་སྤྱོད་སོགས་ཤིན་ཏུ་མང་ཞིང་བཟོད་པར་དཀའ་བའི་མནར་སྤྱོད་དྲག་པོའི་ཤུགས་རིང་ལས་དབུགས་འབྱིན་ཐོབ་པ་མེད་པའི་ངན་སོང་གསུམ་པོ་དབུགས་འབྱིན་ཆེན་པོ་སྟེ། ལྷ་དང་མིའི་གནས་ལ་སྦྱར་བ་ནི་གོ་འཕང་ལ་བཀོད་པ་དང་། མདོར་དྲིལ་ན་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཀྱི་འཁོར་ལོའི་རྒྱར་ཆུད་པའི་སེམས་ཅན་ཡོད་དོ་ཅོག་སྟེ་སེམས་ཅན་ཐམས་ཅད་མི་གནས་ཡེ་ཤེས་མྱ་ངན་ལས་འདས་པའི་གྲོང་ནི་ཆོས་སྐུའི་ཞིང་ཁམས་དེར་འགོད་བྱེད་ཆོ་ག་སྟེ་བྱང་ཆུབ་སེམས་དཔའི་བསླབ་པ་རིན་པོ་ཆེ་བླང་ཞིང་བཟུང་བའི་བརྗོད་པ་ནི་སྔོན་ཚེ་བྱོན་པའི་དྲང་སྲོང་རྣམས་ཏེ་རྒྱལ་བ་སྲས་བཅས་ལུགས་སྲོལ་འཛིན་པའི་གཞུང་རྣམ་པར་དག་པ་ལ་བསྟེན་པའོ། །བྱང་ཆུབ་སེམས་ཀྱི་བསླབ་པ་ཡིད་བཞིན་ནོར་བུ་འདི་ཉིད་ཐོབ་ཕྱིན་ཆད་རྟག་ཏུ་ཉིན་ལན་གསུམ་དང་མཚན་མོ་ལན་གསུམ་དུ་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ་ལ་བླ་མའི་དྲུང་དུ་བླང་བ་བཞིན་ནན་ཏན་བྱ་ཞིང་འདུན་པའི་རྩེ་ལ་ཆོས་རྣམས་ཀྱི་རྐྱེན་ཏེ་ཕན་ཡོན་ཆགས་པ་ཡིན་པའི་བརྗོད་པ་དང་པོའི་སྨོན་པ་དང་། གཉིས་པའི་འཇུག་པ་དང་། གསུམ་པས་གཉིས་ཀ་བརྟན་པ་འཐོབ་པ་ནི། པཎྜི་ཏ་རྒྱ་མཚོའི་སྤྲིན་གྱིས་བཞེད་པ་བླ་ན་མེད་པའི་ཆོས་སོ། །བྱང་ཆུབ་སེམས་དཔའི་བསླབ་པ་རིན་པོ་ཆེ་འདི་ལྟ་བུ་ནི་སྔོན་ཆད་གཞན་གྱི་དོན་ལ་ཐོབ་པ་ལྟ་ཅི་སྨོས། རང་དོན་ཉིད་དུ་རྨི་བའང་མ་མྱོང་བའི་རིན་ཆེན་སེམས་ཀྱི་ཁྱད་པར་འཕགས་པའི་ངོ་མཚར་གསར་པ་འདིས་དེ་སྔོན་བདག་གི་མི་ལུས་ཐོབ་པ་རང་མཐོང་ཆེན་བྱས་ཀྱང་བྱང་ཆུབ་སེམས་བསྐྱེད་ཀྱི་བསླབ་པ་བླངས་པས་སྲིད་པ་རིན་ཐང་མེད་པར་བྱས་པའོ། །རིགས་ལས་ཉམས་པ་གང་ཞིག་སྟེ། སྔོན་རྒྱལ་བུ་རྐང་འཁྱམས་པ་ཞིག་ཁྲོམ་ཆེན་པོའི་ནང་ནས་སྤྲང་པོའི་གྲལ་དུ་འཁྱམས་པ་སླར་གཞན་གྱི་མཐོང་ཐོས་ལ་བརྟེན་ནས་རྩད་བཅད་པ་སྔོན་གྱི་རྒྱལ་པོའི་ཕྱག་ཏུ་བྱུང་འཕྲལ་ཁྲུས་ཀྱི་ཆོ་གས་ལུས་ཀྱི་མགོ་མཇུག་ཀུན་ཁྲུས་བཀྲུས་ནས་དྲི་བསྲུངས་ཀྱིས་བདུག་ཅིང་རྒྱལ་པོའི་ཁྲི་ལ་མངའ་གསོལ་བྱས་པ་བཞིན་ཆོ༷་སྟེེ་ཞང་པོའི་ཕྱོགས་དང་རིགས་ཀྱི་ཁུངས་རྒྱལ་པོ་ལས་ལྷག་པར་བཙུན་པའི་གནས་ཐོབ་པ་ཇི་བཞིན་དུ་རྒྱལ་བ་ཀུན་གྱི་སྲས་སུ་དུས་དེ་རིང་ནས་གྱུར་པས་བྱང་ཆུབ་སེམས་དཔའི་མིང་གི་ཅོད་པན་ངོ་མཚར་རྨད་དུ་བྱུང་བ་འདི་ལྟ་བུ་ཐོབ་པ་ནི་རྙེད་པའི་མཆོག་ཡང་དག་པ་སྟེ། དེ་ཡང་སྲིད་གསུམ་བདག་པོ་བྱས་དང་ནི་ལྷའི་གཙོ་བོ་ཆེན་པོ་རྣམས་དང་དེ་དག་ཉིད་ཀྱི་དཔལ་དང་འབྱོར་པའི་དབང་ཐང་བྱིན་པ་ལྟ་བུས་གནམ་སྐོས་ཀྱི་རྒྱལ་པོ་ས་དབང་ས་ཆེན་ཆོས་བཞིན་སྐྱོང་བ་སོགས་རྨོངས་པའི་བླ་དགས་དཔྱངས་ལ་དགའ་བར་བྱེད་ན་དེ་དག་ལས་བསམ་གྱིས་མི་ཁྱབ་པའི་སྒོ་ནས་འཕགས་པ་བྱང་ཆུབ་སེམས་དཔའི་གནས་ཐོབ་པ་དེ་རིང་ཙམ་ཡིན་ན་དགའ་བའི་འཁྲི་ཤིང་ས་ལ་འགྱེལ་ནས་སློང་མ་མྱོང་བ་སློང་བ་ལ་ལྷ་རྣམས་ཀྱང་ཕྱོགས་སོ་ཞེས་པ་ལྟ་བུའོ། །འཆི་བདག་གི་བདུད་དཔུང་འཇོམས་པའི་བདུད་རྩི་མི་ཟད་པའི་གཏེར་ལྟ་བུ་དང་། དབུལ་བ་སེལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཚུངས་ཤིང་། ནད་རྣམས་ཞི་བའི་བདུད་རྩིའི་སྨན་མཆོག་ལྟ་བུ་སྲིད་པའི་ལམ་ནས་ཡུན་རིང་གཤར་བས་ངལ་ཞིང་དུབ་པའི་མགྲོན་པོའི་ངལ་སྟེགས་ཡིན་ཕྱིར་བདག་ནི་དེང་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཉེར་འཚོའི་དཔལ་ཡོན་བླ་ན་མེད་པར་གྱུར། །ཞེས་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བརྒྱད་པའི་བསྡུས་འགྲེལ་ལོ།

ལེའུ་དགུ་པ།

༈ དེ་ཡང་སྔོན་ཆད་ལེགས་པར་མ་བརྟགས་ཤིང་བརླང་པོར་སྤྱོད་པའི་བབ་ཅོལ་གྱིས་བྱང་ཆུབ་སེམས་དཔའི་བསླབ་པའི་དམ་བཅའ་གཏོང་བ་ལའང་ཡིད་གཉིས་ཀྱི་གནས་མཆིས་ན་རྒྱལ་དང་དེ་སྲས་རྣམས་ཀྱི་ཤེས་རབ་ཆེན་པོའི་མཐུས་གདོན་མི་ཟ་བར་བརྟགས་ཤིང་དཔྱད་པས་བླང་བ་དོར་བའི་གནས་གང་གསུངས་པ་དེ་ཉིད་བཏང་བདག་གིས་སེམས་ཅན་ཀུན་བསླུས་པས་མུ་མཐའ་མེད་པའི་ངན་འགྲོ་ནི་ངན་སོང་གསུམ་ཡིན་ཏེ་དེ་དག་རྣམས་སུ་འཁྱམས་པར་འགྱུར་རོ། །དེ་ཕྱིར་སེམས་ཅན་གཅིག་གི་བདེ་དང་སྐྱིད་པའང་བཤིག་ནས་བདག་ཉིད་ཉམས་པའི་ལས་གཞན་གནོད་རྒྱུ་དང་བཅས་པ་མི་བགྱིད་ཅེས་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བསླབ་པ་བླང་བ་ལ་ལྟུང་བ་དང་། བྱང་ཆུབ་སེམས་སྟོབས་གཉིས་ཀར་ལྡན་པ་གང་གིས་འཁོར་བར་རེས་ཀྱི་འདྲེ་ལྡོག་བྱེད་ཅེས་པ་ནི་རེས་འགའ་མཐོ་རིས་གསུམ་དང་། རེས་འགའ་ངན་སོང་གསུམ་སོགས་སུ་སྲིད་པ་བཟུང་དགོས་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་སེམས་དཔའི་ས་རྣམས་ཐོབ་པ་ལ་ཡུན་རིང་འཐོག་པར་འགྱུར་ན། ཐེག་པ་ཆེན་པོའི་བསླབ་བྱ་གཏོང་བའི་སྐྱེས་བུ་དེ་ནི་སྨྱོན་པ་མ་རུང་པ་ཡིན། གང་ཞིག་གནོད་པའི་རྒྱུ་འབྲས་མངོན་གྱུར་བ་དང་། ཤུགས་ཀྱི་འཚོ་བ་ཆུང་ངུ་ལའང་འཕྲལ་དུ་རྒོལ་ལན་གྱིས་ཁྲོས་བའི་ང་རྒྱལ་ཤིན་ཏུ་བདོ་བ་རྣམས་ནི་མདའ་མདུང་སོགས་མཚོན་གྱིས་ཆད་པ་བཟོད་པར་བྱས་ནས་དགྲ་ཟླ་དེ་ལ་ཐུབ་ཚོད་ཞིག་དོན་མ་གྲུབ་གྱི་བར་དུ་གདོང་ཕྱིར་ཕྱོགས་པར་མི་བྱེད་ན་དུས་དང་རྣམ་པ་ཀུན་ཏུ་བདག་ལ་དགྲར་གྱུར་པའི་ཉོན་མོངས་པ་དུག་གསུམ་སོགས་བརྒྱད་ཁྲི་བཞི་སྟོང་གི་དམག་དཔུང་སྟོབས་ཆེན་འདི་དང་གཡུལ་སྤྲད་ནས་འཁོན་དུ་བཟུང་བའི་ཆོ་ག་གཉེན་པོ་བསྒོམ་སྟོབས་ཀྱིས་མ་ཞིག་བར་དུ་བསླབ་པ་བསྲུང་བའི་བརྟུལ་ཞུགས་སུ་ཞིག་གཏོང་ཞེས་མི་གཏོང་བར་དམ་བཅས་པའོ། །འཇིག་རྟེན་འདི་ན་ཉོན་མོངས་པའི་བཙོན་རར་བསྡམས་པའི་གང་ཟག་རྣམས་བདག་གི་ཚོད་ཀྱང་རིག་པར་མི་འགྱུར་ན། མཐའ་དག་འགྲོ་བ་དེ་ལས་དབུགས་འབྱིན་ཞིང་། ལས་དང་ཉོན་མོངས་པའི་མཚོ་ལས་འགྲོ་རྣམས་སྒྲོལ་བའི་བརྟན་པ་མི་ཉམས་པའི་ཐེག་པ་ཆེན་པོའི་བརྟུལ་ཞུགས་བྲི་གང་མེད་པ་ག་ལ་ཞིག་ཅེས་བྱང་ཆུབ་སེམས་ཀྱི་བསླབ་སྡོམ་བསྲུང་བ་ཕན་ཡོན་ཤིན་ཏུ་ཆེ་ཡང་གང་ཟག་རྣམས་ལས་དང་སྐལ་བ་དམན་པས་ཉམས་པར་ཉེ་བ་ཡིན་ན་བསླབ་པ་རིན་པོ་ཆེ་རང་སྟོབས་ཀྱིས་ཡང་ཡང་བླང་ཞིང་ཉམས་པ་ཕྱིར་འཆོས་དགོས་པ་དང་། སྒོ་གསུམ་བག་མེད་ཀྱི་སྤྱོད་པ་ནི་ཐ་མལ་བའི་བསམ་སྤྱོད་ཡིན་པས་དེ་ལས་ལྡོག་ཏེ་བག་ཡོད་དང་ཤེས་བཞིན་ལྡན་པའི་ས་གཞི་བཟང་པོ་ལ་བྱང་ཆུབ་སེམས་ཀྱི་མྱུ་གུ་རང་གཞན་གྱི་དོན་གཉིས་འགྲུབ་པའི་ཐབས་བསྐྱེད་སླ་བའི་ཕྱིར་ན། ཇི་ལྟར་བླངས་པའི་བསླབ་པ་མི་ཉམས་པར་བཟུང་ཞིངགནས་པ་འདི་ཡིས་ཉམས་པའི་དྲི་མ་སྦྱོང་བ་དང་། གཞན་ལ་སྤེལ་བའི་ཐབས་ལ་ནན་ཏན་བགྱིད་པར་འཚལ་ལོ། །ཞེས་པའོ། །དེ་ལ་ཡང་ལྟུང་བའི་རབ་ཏུ་དབྱེ་བ་ཉི་ཤུ་ནི། རྒྱལ་པོ་གང་ཞིག་དཀོན་མཆོག་གི་དཀོར་མཆོད་རྟེན་གྱི་རྫས། དགེ་འདུན་གྱི་དཀོར་ཕྲོག་པ་དང་འཕྲོག་ཏུ་བཅུག་པ་ནི་ལྟུང་བ་དང་པོ་དང་། གང་ཡང་ཉན་ཐོས་ཀྱི་རང་ལམ་ནས་ལྡོག་ཏེ་འགོག་ཏུ་འཇུག་པ་དང་། ཐེག་པ་ཆེན་པོ་རང་ལམ་ནས་ལྡོག་ཅིང་འགོག་ཏུ་འཇུག་པ་ནི་གཉིས་པའོ། །གང་ཡང་རབ་བྱུང་གི་རྟགས་དང་ཆོ་ག་རྫོགས་པར་བྱས་ནས་བསླབ་པ་འཆལ་མིན་གང་ཡིན་ཀྱང་རུང་སྟེ། དེའི་ཆོས་གོས་ཕྲོག་ཅིང་ཁྱིམ་དུ་གནས་པར་བྱེད་པའམ། བརྡེག་བཙོག་གམ། ནོར་ཕྲོག་པ་བཙོན་རར་འཇུག་པ་ནི་གསུམ་པའོ། །རྒྱལ་པོ་གང་དག་ཕ་མ་དང་། ཉན་ཐོས་དགྲ་བཅོམ་པ་བསད་པ་དང་། དགེ་འདུན་བར་དབྱེན་བྱེད་པ་དང་སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་དང་བཞི་པོ་ནི་ལྟུང་བ་བཞི་པའོ། །རྒྱལ་རིགས་གང་དག་རང་ཡང་མི་དགེ་བ་བཅུའི་ལས་ལམ་ཡངདག་པར་བཟུང་བ་དང་གནས་ཤིང་། གཞན་དག་ཀྱང་དེ་ལ་འཇུག་ཅིང་འཛིན་དུ་བཅུག་པ་དང་། ཐེག་པ་གང་ལ་ཡང་ལོག་པར་འཛིན་དུ་བཅུག་པ་སོགས་ལྟུང་བ་ལྔ་པོ་འདི་ནི་རྒྱལ་པོ་ལས་བྱུང་བའི་ལྔའོ། །བློན་པོ་གང་ཡང་མཆོད་རྟེན་གྱིས་རྫས་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྫས་འཕྲོག་པ་འདི་ནི་དང་པོ་དང་། བློན་པོ་གང་ཡང་གྲོང་དང་། ལྗོངས་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་འཇོམས་པ་སོགས་དང་བཞི་ནི་གཉིས་པའོ། །གང་ཡང་ཉན་ཐོས་དང་། རང་རྒྱལ་དང་། ཐེག་པ་ཆེན་པོ་རྣམས་སྤོང་ཞིང་འགོག་ལ་བསུབས་པར་བྱེད་པ་འདི་ནི་གསུམ་པའོ། །བློན་པོ་གང་ཡང་བཅོམ་ལྡན་འདས་ཀྱི་རྗེས་སུ་ཞུགས་པའི་རབ་བྱུང་ཚུལ་ཁྲིམས་འཆལ་མིན་གང་ཡང་དེའི་ཆོས་གོས་འཕྲོག་པ་དང་། ཁྱིམ་དུ་གནས་པར་བྱེད་པ་དང་། བཙོན་རར་བཅུག་གམ། ནོར་འཕྲོག་གམ། གསོད་པ་སོགས་ནི་བཞི་པའོ། །བློན་པོ་གང་ཡང་མཚམས་མེད་ལྔ་ལས་གང་རུང་གཅིག་བྱེད་དུ་བཅུག་པ་འདི་ནི་ལྔ་པ་སྟེ། འདི་དག་ནི་བློན་པོ་ལས་བྱུང་བའི་ལྔའོ། །དེ་ཡང་གྲོང་ནི་ཁྱིམ་གཅིག་པ་དང་། ལྗོངས་ནི་མི་རིགས་བཞི་གནས་པ་དང་། གྲོང་ཁྱེར་ནི་བཟོ་སྣ་བཅོ་བརྒྱད་ཡོད་པ་དང་། གྲོང་རྡལ་ནི་ཚོང་པ་མང་པོ་འདུས་དང་། ཡུལ་འཁོར་ནི་ཡུལ་ཙམ་པ་ཀ་ཞེས་པ་ལྟ་བུའོ། །ཕལ་པའི་ལྟུང་བ་བརྒྱད་ནི་སྟོང་པ་ཉིད་ལ་བློོ་མ་སྦྱང་པའི་གང་ཟག་དཀྱུས་མ་དག་ལ་སྟོང་པ་ཉིད་སྒྲ་ཇི་བཞིན་པར་སྟོན་པ་དང་། ཐེག་ཆེན་ལམ་ལ་ཞུགས་པ་གང་ཞིག་དེར་ལྡོག་པའི་ཕྱིར་ཐེག་དམན་ལ་བསྔགས་པ་བརྗོད་ནས་ཐེག་དམན་ལ་སེམས་བསྐྱེད་དུ་འཇུག་པ་དང་། ཉན་ཐོས་པ་གང་ཞིག་སོ་ཐར་ལ་མོས་ཤིང་དོན་དུ་མི་འགྱུར་བཞིན་དུ་ཐེག་ཆེན་གྱི་སྟོང་པས་སྐྲག་ནས་གཉིས་ཀ་མིན་པར་འཆོས་པ་དང་། ལས་དང་པོ་པ་ཐེག་པ་ཆེན་པོར་ལུང་དུ་མ་བསྟན་པའི་གང་ཟག་གང་ཞིག་བློ་བསྒྱུར་ནས་ཐེག་ཆེན་ལ་བསྟོད་ནས་ཉན་རང་གི་ལམ་འདོར་དུ་འཇུག་པ་དང་། རྙེད་བཀུར་གྱིས་དོན་དུ་བདག་ལ་བསྟོད་ཅིང་ཕྲག་དོག་གི་དབང་གིས་གཞན་ལ་སྨོད་པ་དང་། གཞན་མ་དག་གིས་བདག་ཡོན་གནས་བཟང་པོར་མཐོང་སྟེ་བདག་གིས་ཡོན་ཏན་ཟབ་མོ་རྟོགས་སོ་ཞེས་གཞན་མགོ་བསྐོར་བ་དང་། རྒྱལ་པོ་དང་དབང་ཆེན་སོགས་ལ་བཤེས་པར་བྱས་ནས། དགེ་སྦྱོང་གཞན་ལ་འཕྲོག་དོག་བརྡེག་དང་། དཀོན་མཆོག་གི་སྦྱིན་བདག་འཕྲོག་ཅིང་དཀོར་ལ་ཅི་མི་སྙམ་པར་ལོངས་སྤྱོད་པ་དང་། སྤོང་བ་བསམ་གཏན་པའི་ལོངས་སྤྱོད་ལས་ཕྲི་ཞིང་ཕྲོག་ནས་ཁ་ཏོན་པའམ་ཀློག་པ་ལ་སྟེར་ཞིང་ཆོས་བཞིན་སྤྱོད་པའི་རྣལ་འབྱོར་འདོར་དུ་འཇུག་པ་སོགས་བརྒྱད་པོ་ཕལ་པའི་བརྒྱད་ཡིན་ལ། དེའི་སྟེང་དུ་སྨོན་སེམས་འཇུག་སེམས་གཏོང་བ་རྣམས་སྤངས་དགོས་པ་ཡིན། མདོར་དྲིལ་ན་རྨི་ལམ་ནང་དུ་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བའི་སྡིག་པའི་ལས་བྱེད་པ་མཐོང་ན་ཡང་དེ་མ་ཐག་ཏུ་འགྱོད་པ་དང་བཅས་པས་ཕུང་པོ་གསུམ་པ་གདོན་པས་བཤགས་ཤིང་ལྟུང་བ་ལས་ལྡང་ངོ་། །དེ་ཡང་རྟེན་གཞི་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱའོ་སྙམ་པའི་འབྲས་བུ་ལ་དམ་བཅའ་བ་སྨོན་སེམས་ཤོར་བ་དང་། འགལ་ཟླ་ནག་པོའི་ཆོས་བཞི་བྱུང་བ་དང། སྨོན་སེམས་སྤོང་རྐྱེན་བྱང་སེམས་བསྲུང་བར་དཀའ་བའི་རྟོག་ངན་ཤར་ནས་བསླབ་པ་ཉན་རང་གི་སྡོམ་པ་ཕུལ་བ་བཞིན་བྱས་པ་དང་གསུམ་དག་ལས། ཐུན་ཚོད་ནི་ཉིན་མཚན་ཆ་དྲུག་ལས་དབྱེ་བས་གང་རུང་ཞིག་ལ་ལྟུང་བ་བྱུང་ན་ཐུན་ཚོད་འོག་མ་ལས་ཐལ་ནས་ལྟུང་ཉམས་ཤོར་ན་འགྱོད་སེམས་ཀྱིས་ནམ་ཐོ་རངས་ལ་བབ་ཚེ་ལངས་ཏེ་ཡན་ལག་ལྔ་ཁྲུས་བྱ་ཞིང་སྐྱ་རེངས་མདུན་དུ་འཕགས་པ་ནམ་མཁའི་སྙིང་པོ་བོས་ནས་ཡན་ལག་བདུན་པས་ལྟུང་བ་ལས་ལྡང་ངོ་། བདག་གི་བདེ་བ་གཞན་ལ་ཡང་དག་པའི་སེམས་ཀྱིས་སྤོ་བ་དང་གཞན་གྱི་སྡུག་བསྔལ་བདག་གིས་ཁུར་བཟོད་པའི་སེམས་ཀྱིས་ལེན། དེ་ལྟའི་དགེ་སྡིག་གཏོང་ལེན་གྱི་སྙིང་སྟོབས་རྨད་དུ་བྱུང་བ་འདུ་བར་བྱེད་ཅིང་། དེ་ལྟར་བུའི་ལྷག་བསམ་དང་བྱང་ཆུབ་བར་དུ་མི་འབྲལ་བའི་སེམས་བསྐྱེད་ཀྱི་ཕྱིར་སྨོན་པའོ། །སྨོན་པའི་བསླབ་བྱ་ནི། བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞི་པོ་ལའང་། ཕན་ཐོགས་སོགས་ཀྱི་བྱས་པ་དྲིན་དུ་གཟོ་བ་ལས་བྱམས་པ་སྐྱེ་ཞིང་། བྱམས་པ་ལས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྐྱེ་བ་ནི་ཚད་མའི་ལུང་གིས་ཡང་དག་པར་གྲུབ་པའོ། །དེ་ལ་མའི་ལྷུམས་ནས་བཙས་མ་ཐག་པའི་སྐྱེས་བུ་བཞིན་གཟུགས་ངན་ཉ་ར་ཉོ་རེ་ལས་འགུལ་བསྐྱོད་མེད་པ་དེ་ག་མའི་པང་པའི་ཁྲུས་ཁང་ལྟར་བྱས་ནས་དེའི་ལུས་ལ་བགོས་པའི་མི་གཙང་བ་མཐའ་དག་ལག་པས་ཉེ་རེག་བྱས་ཤིང་ནུ་ཞོས་བརྙེན་བཀུར་ལུས་ཀྱི་རེག་བྱའི་གཡོགས་བཞིན་བུ་ཆུང་དེ་ཉིད་ཅུང་ཟད་ན་བ་ལས་མའི་བདག་ཉིད་འཆི་བར་འདམས་ཤིང་། སྡིག་པ་དང་སྡུག་བསྔལ་གཏམ་ངན་མཐའ་དག་བསྲན་པར་ནུས་པའི་དྲིན་དང་རི་མ་གྲོ་སོགས་བགྱིས་པའི་དྲིན་ལན་ཁྱད་དུ་གསོད་པར་བྱེད་པ་དག་ཡོད་ན། དེ་ཉིད་ལས་ལོད་པའི་ཆོ་ག་འཁྲུལ་བ་སུ་ཞིག་ཡོད་ཅེས་མེད་པར་བསྟན་པའོ། །ས་འདི་རི་དང་བཅས་པ་བདག་གིས་ཁུར་དགོས་མ་ཡིན་མོད་ཀྱང་ཕན་ཆེན་བཏགས་པའི་དྲིན་ལན་བྱས་པ་མ་གཟོ་བའི་ཁུར་ཆེན་འདི་རེག་ན་ཕུང་པའི་ཁ་ཟས་དུག་ལྡན་གྱིས་བཟའ་བ་ཁོང་དུ་ཟོས་པའི་སྐྱེ་བོ་བག་དང་མི་ལྡན་པ་བཞིན་ནོ། །དེའི་ཕྱིར་ན་ཕ་མཐའ་ཡས་པའི་སེམས་ཅན་ཚད་ལས་འདས་པ་ཀུན་ཀྱང་མ་རུ་གྱུར་ནས་ཕན་མང་དུ་བཏགས་པ་ལ་དམ་པའི་དྲིན་ཞེས་པ་སྟེ། དེ་ལྟར་དྲན་པས་བྱམས་པ་སྙིང་རྫེ་དགའ་བ་བཏང་སྙོམས་སོགས་བཞི་པོ་གོང་ནས་གོང་དུ་འཕེལ་ཞིང་། ཕན་བཏགས་པས་བྱས་པ་ཤེས་པ་དང་། དྲིན་དུ་གཟོ་བའི་སྐྱེས་བུ་གང་ལ་འཕགས་པའི་ནོར་བདུན་གྱིས་བསྙེན་ཅེས་པའོ། །དེ་ལ་ཡང་སྨོན་པ་སེམས་བསྐྱེད་སྟོན་ཀའི་ཟླ་བ་སྤྲིན་བྲལ་གསར་པའི་དཀྱིལ་འཁོར་རྒྱས་པ་ལ། སྒྲ་གཅན་གདོང་བའི་ཐུ་བའི་མི་མཐུན་ཕྱོགས། གཞན་ཕན་བྲལ་བའི་རང་འདོད་ཁོ་ནའི་དབང་དུ་ཤོར་བས་ནག་པོའི་ཆོས་བཞིའི་ཉེས་ཚོགས་རྒྱང་རིང་དུ་བསྐྲད་པར་བྱ་དགོས་པ་ཡིན་ན། དེ་ཡང་མཆོད་པར་འོས་པ་བླ་མ་དང་མཆོད་འོས་གཞན་ཡིན་ཡང་རུང་སྟེ་གཡོ་དང་སྒྱུའི་སྒོ་ནས་བསླུ་བ་དང་། གཞན་མཆོག་དམན་ཕལ་གྱི་མཆོད་སྦྱིན་གྱི་བསོད་ནམས་བསགས་པ་ལ་ཐེ་ཚོམ་བསྐྱེད་ནས་ཟས་ནོར་གང་མང་བཏང་བ་ལ་འགྱོད་པའི་གནས་ལ་སྦྱར་བ་དང་། སྐྱེས་བུ་དམ་པ་གང་སུ་ཡང་རུང་སྟེ་ཡུལ་ཁྱད་པར་བ་རྣམས་ལ་བསྐུར་བ་འདེབས་ཤིངམི་སྙན་སྒྲོགས་པ་དང་། རང་རྒྱུད་གཡོ་དང་ལྡན་ཞིང་དེ་ཉིད་ལ་བརྟེན་པའི་སྒྱུས་སྤྱོད་གཞན་དག་མགོ་བོ་བསྐོར་བ་སྟེ། དེ་ལྟ་བུའི་ཆོས་བཞི་པོ་གང་ཡང་རུང་བ་དང་། ཉམས་སུ་མྱོང་ཞེས་སྨོན་སེམས་ཤོར་པའི་མོད་ལ་འགྱོད་པ་དང་། གཉེན་པོའི་མ་སླེབ་པར་ཐུན་ཆོད་ལས་འདས་ཤིང་ཐལ་བར་གྱུར་ན་དེའི་མོད་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཀྱི་བསླབ་བྱ་སེམས་བསྐྱེད་འཚོར་བ་ཡིན་ན། དེའི་གཉེན་པོར་ཆེ་བ་དཀར་པོའི་ཆོས་བཞི་ནི། སྲོག་ལ་བབས་ཀྱང་བསམ་བཞིན་རྫུན་མི་སྨྲ་བ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་ལམ་སྟོན་པ་ཡིན་པར་གུས་ཤིང་བསྔགས་པ་བརྗོད་པ་དང་། གཡོ་དང་སྒྱུ་ཅུང་ཟད་ཀྱང་མེད་པས་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་གཉེར་བ་དང་། འགྲོ་བ་མཐའ་དག་བྱང་ཆུབ་སྟེ་སངས་རྒྱས་ཀྱི་ལམ་ལ་དཀྲི་བའོ། །བརྟེན་བྱའི་སྒོ་ནས་བསྲུང་བའི་འདུ་ཤེས་བཞི་བསྒོམ་དགོས་པ་སྟེ། དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་དང་། དེས་བསྟན་པའི་ཆོས་ལ་ལམ་གྱི་འདུ་ཤེས་དང་། དེ་བསྒྲུབ་པའི་དགེ་འདུན་རྣམས་ལ་གྲོགས་ཀྱི་འདུ་ཤེས་དང་། སེམས་ཅན་ཀུན་ལ་བུ་གཅིག་པ་ལྟ་བུའི་འདུ་ཤེས་ཏེ་འདི་དག་རྣམས་ནི་སྨོན་སེམས་བསླབ་བྱ་ཡང་དག་གོ། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་པ་ལས། དང་པོ་ནི། སྦྱིན་པ་ནས་ཚུལ་ཁྲིམས་བཟོད་པ། བརྩོན་འགྲུས། བསམ་གཏན་ལྔ་པོ་ནི་རྒྱུ་བསོད་ནམས་དམ་པའི་ཚོགས་ཡིན་ལ། ཕྱི་མ་གཅིག་ནི་ཤེས་རབ་སྟེ། དེ་ཉིད་ཡེ་ཤེས་དམ་པའི་ཚོགས་ཆེན་ཏེ། དེ་ལྟ་བུས་ཐབས་ཤེས་གཉིས་ལ་མ་བསྟེན་པའི་སངས་རྒྱས་འཇིག་རྟེན་འདི་ན་ཡོད་པ་མ་ཡིན་པས། ཐབས་དང་། སྟོབས། སྨོན་ལམ། ཡེ་ཤེས་དང་བཞི་བསྣན་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་བློ་སྟོབས་མཐུ་ཡིས་སྒྲུབ་བྱེད་ཐེག་པ་ཆེན་པའི་ལམ་དུ་ཞུགས་ནས་མཐར་ཕྱིན་པའི་རྒྱལ་སྲས་རྣམ་པ་གསུམ་སྟེ། རང་དོན་སྔོན་དུ་བྱས་ཟིན་ནས་རྗེས་སུ་འགྲོ་བ་རྣམ་སྒྲོལ་བར་འདོད་པ་ལ་སྐྱོ་ངལ་མེད་པ་རྒྱལ་པོ་ལྟ་བུས་འདོད་ཆེན་སེམས་བསྐྱེད་དང་། རང་དང་འགྲོ་བ་རྣམས་སྟབས་གཅིག་གིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་འདོད་པ་གྲུ་ བ་ལྟ་བུ་སྟེ་ཡེ་ཤེས་དམ་བའི་སེམས་བསྐྱེད། འཁོར་བར་འཁྱམས་པའི་འགྲོ་བ་རྣམས་སྔོན་དུ་བསྒྲལ་ནས་དེའི་རྗེས་ལ་རང་ཉིད་ཞི་བར་འདོད་པ་སྐྱོང་བྱེད་ལྟ་བུ་ནི་དཔེ་མེད་སེམས་བསྐྱེད་ཡིན་ཏེ། ཉན་ཐོས་ཀྱི་རིགས་ཅན་དབང་པོ་བརྟུལ་པོས་གྲངས་མེད་སུམ་བཅུ་རྩ་གསུམ་ན་སངས་རྒྱས་ཐོབ་པར་འདོད་པ་དང་འབྲིང་པོས་གྲངས་མེད་བདུན་དང་། རྣོན་པོས་གྲངས་མེད་གསུམ་ན་གྲོལ་བ་ཐོབ་པར་འདོད་པ་སོགས་མཚན་ཉིད་ཐེག་པའི་ལུགས་སོ། །ཕ་རོལ་དུ་ཕྱིན་པ་དྲུག་ལས་སྦྱིན་པའི་ངོ་བོ་ནི། དངོས་པོ་གང་ལའང་ཆགས་པ་མེད་པ་སྟེ། དབྱེ་ན་ཆོས་ཀྱི་སྦྱིན་པ་ཆོས་སྦྱོད་བཅུ་དོན་དུ་གཉེར་བའི་རེ་འདོད་སྐོང་བ་དང་། ཟང་ཟིང་ནི་ཆེ་བ་རྟ་གླང་རིན་པོ་ཆེ་མན་ཆད་ཆུང་བ་ཁབ་དང་སྐུད་པ་ཡན་ཆད་དངོས་རྫས་ཆེ་ཆུང་གང་སློང་མོ་བའི་ཡིད་ལ་འདོད་བཞིན་སྟེར་བ། མི་འཇིགས་པའི་སྦྱིན་པའམ་སྐྱབས་ཀྱི་སྦྱིན་པ་ནི། འཕྲལ་དུ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས་འཇིགས་པ་ཆེ་ཆུང་ཀུན་དང་ཕུགས་སུ་བར་དོ་དང་ངན་སོང་གསུམ་གྱི་འཇིགས་པ་ལས་སྐྱོབས་པ་དང་གསུམ་ལས། དབྱེ་ན། ཟང་ཟིང་ལའང་རྣམ་པ་གསུམ་ཡོད་པ་ཡིན་ཏེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་གསུམ་ཡོད་པ་ལས། གཏོང་བ་ཞེས་བྱ་བ་ནི། ཟས་དང་གོས་དང་ཤིང་རྟ་དང་གླང་པོ་དང་། ཡུལ་ཁམས་སོགས་རང་ལ་གང་དབང་ཚོད་རྣམས་གཞན་ལ་བྱིན་པའོ། །གཏོང་བ་ཆེན་པོ་ནི། སྔོན་རྒྱལ་སྲས་དྲི་མེད་ཀུན་ལྡན་བཞིན་བུ་དང་། བུ་མོ་དང་ཁྱིམ་ཐབས་སོགས་ཆགས་ཞེན་མེད་པའི་སེམས་ཀྱི་གཏོང་བ་ཡིན་པ་དང་། ཤིན་ཏུ་གཏོང་བ་ནི། བྱ་དཀའ་བའི་གནས་ཏེ་མདོར་ན་མགོ་འདོད་པ་ལ་མགོ་དང་། ཡན་ལག་འདོད་པ་ལ་ཡན་ལག་རྣམས་གཏོང་བ་དང་འདི་ནས་ཐོག་མར་སྦྱིན་གཏོང་ལ་གོམས་སུ་འཇུག་པ་རྣམས་ནི། སེར་སྣས་བསྡམས་པའི་སྐྱེས་བུའི་ལག་བ་ནས། གཅིག་ནི་སྦྱིན་པ་སྟེར་མཁན་དང་། དེ་ནས་གཅིག་ཤོས་སློང་མོ་བར་སྦྱིན་པར་བསམ་པའི་སེམས་ཡང་ཡང་སྤོས་པས་ཚོད་མ་ལ་སོགས་བཟའ་བཏུང་གང་ཡང་རུང་བ་ལ་བསྐམ་ཆགས་འཇིག་པ་སྟོབས་སུ་གྱུར་པ་ལ་བསླབ་དགོས་པ་ལགས་ཤིང་། མི་འཇིགས་པའི་སྦྱིན་པ་ནི། གཞན་དག་འཆི་ངེས་པ་རྣམས་ཀྱི་སྲོག་བསྲུང་བ་དང་། །འཇིགས་པའི་ཡུལ་གང་དག་ཅི་རུང་བ་ལས་བསྒྲལ་འདོན་དང་དབུགས་འབྱིན་གྱི་གནས་ལས་འཇིགས་པ་མེད་པ་དགོད་པའོ། །ལུས་སྲོག་བཏང་ཡང་འགྱོད་མེད་ཀྱི་ཞེ་སྡང་མེད་ན་མི་ནུས་བཞིན་དུ་བབ་ཅོལ་ཆོ་གས་རྣམ་པར་མ་དག་པ་དང་སྦྱར་བའི་སྦྱིན་པ་འང་སྨད་པའི་གནས་ཡིན་ཏེ། སྙིང་རྗེའི་བསམ་པ་ཤིན་ཏུ་མ་དག་གི་བར་དུ་ལུས་དང་སྲོག་གཏོང་བ་ནི་བསླབ་པ་ཀུན་ལས་བཏུས་ཉིད་ལས་བཀག་ཡོད་པ་བཞིན་དང་། ཁ་ན་མ་ཐོ་ཞེས་མི་དགེ་བ་བཅུས་ཟས་ནོར་བསྐྲུན་པའི་སྦྱིན་པ་ཡང་། གནས་མིན་སྨད་བའི་གནས་ཤིན་ཏུ་ལོད་པ་སྟེ་སྦྱིན་འབྲས་དོན་མེད་པས་དེ་བས་རང་གི་ཟས་ནོར་གྱི་དངོས་པོ་བདོག་པའི་རིགས་ལ་ཞེན་པ་དང་ཆགས་པ་བཏང་བ་ནི། སྦྱིན་པའི་མཐར་ཐུག་པའི་ཚད་དུ་བཞེད་པའོ། །ཆོས་ཀྱི་སྦྱིན་པ་རྣམ་པ་གསུམ་ཡོད་པ་ལས། ཆོས་སྦྱིན་དངོས་ནི། མོས་པས་སྤྱོད་པ་རྣམས་ལ་ཇི་བཞིན་པ་འདོམས་པར་དཀའ་ན། དེ་ལས་རང་གི་ཉོན་མོངས་པ་བསལ་བའི་ཆོ་ག་དང་། བྱམས་པ་དང་སྙིང་རྗེར་ལྡན་པའི་གསུང་རབ་དག་བཀླགས་པས་རང་གཞན་དཀར་པོའི་ཕྱོགས་ཀྱིས་རྒྱུད་གྲོལ་བའི་སྨོན་ལམ་གདབ་ཅིང་། རང་རྒྱུད་གྲོལ་ནས་འགྲོ་བའི་སྐལ་བ་དང་རང་གཞིན་འཚམས་པས་གཞན་དོན་གཙོ་བོར་བྱ་དགོས་པའོ། །ཚུལ་ཁྲིམས་ཀྱི་ངོ་བོ་ནི་མི་མཐུན་པ་སྡོོམ་པ་ཡིན་ཏེ། དབྱེ་ན་ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་གྱི་དོན་བྱེེད་དེ་རྣམ་པ་གསུམ་དུ་བཤད་པ། སྒོ་གསུམ་གྱི་མི་དགེ་བ་མཐའ་དག་སྡོམ་པ་ནི་ཉེས་སྤྱོད་སྡོམ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ངང་ནས་དགེ་ཆོས་སྡུད་པ། སྔོན་མ་གཉིས་ཀྱི་སྒོ་ནས་གཞན་ལ་ཕན་གདག་པ་སེམས་ཅན་དོན་བྱེད་ཡིན་ལ། ནང་གསེས་སོ་སོར་ཐར་པ་ལས་བྱང་ཆུབ་སེམས་དཔའ་ནི་ཁྱད་པར་བཞིའི་སྒོ་ནས་འཕགས་པ་འདི་བཞིན་ཏེ། སོ་སོར་ཐར་པ་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་ཙམ་ཡིན་ལ། བྱང་སེམས་གཞན་ལ་གནོད་པ་མི་བྱེད་པ་དེའི་སྟེང་དུ་ཕན་འདོགས་པ་སྣོོན་པ་སྟེ། སོ་ཐར་སྤང་བ་བདུན་བསྡུས་ལུས་དང་ངག་གཙོ་ཆེ་བར་བྱེད། བྱང་སེམས་ཀྱི་ལུས་ངག་ཡིད་གསུམ་གྱི་སྤང་བ་བཅུ་ཀ་གཙོ་བོར་བྱེད་པའོ། །ཁྱད་པར་བསླབ་པའི་གནས་ནི་སོ་སོར་ཐར་པའི་སྐབས་སུ་གཞན་གྱི་དོན་དུ་བཅས་པའི་སྡོམ་བ་མི་འདྲལ་ལ། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་འགྱུར་ན་ལུས་ངག་གཉིས་ཀྱི་མི་དགེ་བ་རྣམ་པ་བདུན་པོ་ཡང་གཞན་དོན་དུ་འགྱུར་བ་དང་། འགྱུར་བར་ཤེས་པ་དང་། རང་གི་དམིགས་བཅས་དམིགས་མེད་ཀྱི་དགེ་ཚོགས་མི་སྒྲིབ་ཅིང་འཕེལ་བའི་གནས་སྐབས་གསུམ་ཞིབ་ཏུ་བརྟགས་ན་གནང་བའི་སྐབས་ཡོད་དེ། ཚོང་དཔོན་སྙིང་སྟོབས་ཆེན་པོས་མི་ནག་མདུང་ཐུང་ཅན་བསྒྲལ་བ་དང་། བྲམ་ཟེ་ཁྱེའུ་སྐར་མ་ཞེས་བྱ་བ་ཚངས་སྤྱོད་ལ་བསྐལ་པ་མང་པོར་བཞུགས་པ་དེ་ཚོང་དཔོན་བུ་མོ་འདོད་པས་གདུང་བ་ལ་བཀྲོལ་པས་བསྐལ་པ་མང་པོའི་ཚོགས་འདུམ་པ་དཔེར་མཚོན་ནས་རྣམ་པའི་ཉེས་པ་དེ་གཉིས་ལྟ་བུ་ཡང་དོན་ལ་དགེ་བ་ཡིན་ཏེ། རྒྱུ་འབྲས་ཀྱི་མཐུ་ཆེ་ཆུང་ཅན་བསམ་པས་བྱས་བའི་ཕྱིར་ན། ཡིད་ཀྱི་གསུམ་པོ་ནི་ཐོག་མཐའ་བར་གསུམ་མི་དགེ་བ་ཁོ་ནའི་ཕྱིར་དེ་ལ་ནི་གནང་པའི་སྐབས་མེད་དོ། །དེ་ལྟ་ནའང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ། རང་དོན་དུ་སངས་རྒྱས་ཐོབ་འདོད་ལ་རེ་བས་ཞི་བདེ་དོན་དུ་གཉེར་བ་དང་། གཞན་དོན་དུ་བྱ་དཀའ་བའི་ལས་རང་གི་ལུས་སྲོག་ལའང་གཅེས་འཕང་མི་བྱེད་པ་སྤངས་ཤིང་། གཞན་གྱི་ཕྱིར་ཕན་པ་ཆེ་ཆུང་གང་ཡང་སེམས་ཞུམ་ནས་མི་བསྒྲུབ་པ་གང་དང་གང་ཡིན་ཀྱང་ལྟུང་བའི་རྒྱུ་རུ་གཅིག་པར་གསུངས་པ་ཡིན་ཞིང་། དང་པོའི་ལས་ཅན་ཐེག་ཆེན་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་བློ་ནི་གོང་ནས་གོང་དུ་སྤྱོད་པ་གཙོ་ཆེ་བས། ཐོག་མར་སོ་ཐར་སྡོམ་པའི་ཚུལ་ཁྲིམས་བླང་བ་དེ། མ་དག་པ་གཞན་ཐེག་ཆེན་རྣམས་གཉིས་བསྲུང་སྡོམ་གཙོ་བོར་གཉེར་ན་བར་ཆད་མང་བས་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ནི་ཁྱད་པར་ཅན་དུ་ཡིན་པར་མདོ་སྡེའི་རྒྱན་ལས་བཤད་ཅེས་པའོ། །བྱང་ཆུབ་སེམས་དཔའ་རང་སའི་ཞེས་ཐེག་པ་ཆེན་པོའི་གཞུང་ཕལ་མོ་ཆེར་སྡོམ་པ་ལ་སོ་སོར་ཐར་པའི་ཁྲིམས་མཚན་ཉིད་པ་ཆོ་གས་གསལ་བ་མེད་ཅིང་། སྡོམ་གསུམ་སོགས་སྦྱངས་བ་སྔོན་དུ་སོང་བའི་སེམས་སྟོབས་ཆེན་པོོ་དག་ནི་བསམ་པའི་རྟེན་གཙོ་སྟེ་ཆོས་རྒྱལ་ཨིནྡྲ་བྷུ་ཏི་བཞིན་ནོ། །གང་ཞིག་ཁྱིམ་པའི་ཚུལ་ཕྱོགས་ལ་བརྟེན་བའི་ཁྱིམ་གནས་ཀྱི་རིགས་རྣམས་ནི་དགེ་བསྙེན་དང་ནི་བསྙེན་གནས་ཀྱི་སྡོམ་པའི་སྟེང་དུ་སྨོན་པ་དང་འཇུག་པའི་བྱང་ཆུབ་སེམས་གཉིས་རྟག་ཏུ་བསྲུང་བ་ལ་དགེ་བསྙེན་བྱང་ཆུབ་སེམས་དཔའ་ཞེས་སུ་གྲགས་ཤིང་རབ་ཏུ་བྱུང་བ་རྣམས་ལ་དགེ་ཚུལ་དང་། དགེ་སློང་དང་། དགེ་སློང་མའི་སྡོམ་བ་གང་བླང་ཞིང་ལྡན་པར་གནས་སྟེང་དུ་སྨོན་པ་དང་འཇུག་པ་གཉིས་བསྲུང་བ་རང་སའི་ཚུལ་ཁྲིམས་ཡིན་ཞེས་སོ། །དབྱེ་ན། དགེ་བསྙེན་ལ་ཡང་རྣམ་པ་ལྔ་ཡིན་ཏེ། སྣ་གཅིག་བསྲུང་བ་ནི། སྲོག་གཅོད་པ་ལྟ་བུ་རྩ་བ་བཞི་གང་ཡང་རུང་བ་གཅིག་སྤང་པ་དང་། དེའི་སྟེང་དུ་མ་བྱིན་ལེན་སྤང་པ་ཕྱོགས་གཅིག་ལྡན་པ་དང་། དེའི་སྟེང་དུ་རྫུན་སྨྲ་སྤང་པ་ཕལ་ཆེར་བསྲུང་བའོ། །དེའི་སྟེང་དུ་འདོད་པའི་ལོག་པར་གཡེམས་པ་ཆ་དང་བཅས་པ་སྤང་ན་ཡོངས་རྫོགས་བསྲུང་བའི་དགེ་བསྙེན་དག་ཏུ་འདོད་པ་ཡིན་ཞིང་། རྩ་བ་བཞི་ཆང་དང་ལྔ་ག་སྤང་པ་ལ། ཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་སུ་གྲགས་པ་ཡིན་ལ། རབ་ཏུ་བྱུང་བའི་བསླབ་པའི་གནས་བཅུ་པོ་ལས་གསེར་དངུལ་ལེན་པ་དགེ་བསྙེན་ལ་བུ་སྨད་གསོ་ཕྱིར་གནང་བ་དང་། དེ་སྟེང་གར་དང་ཕྲེང་བ་གཉིས་པོ་མཚང་ཆུང་བའི་གཅིག་ཏུ་བགྲང་བ་ལ། ཡན་ལག་བརྒྱད་པའི་ཁྲིམས་ཞེས་གྲགས་པ། གང་ཞིག་བསྲུང་མཚམས་མེད་པར་ཇི་སྲིད་འཚོ་བའི་བར་རྟག་ཏུ་བསྲུང་བ་དེ་ནི་ཙནྡྲ་གོ་མི་ལྟ་བུའི་དགེ་བསྙེན་ཡིན་ཞིང་། དགེ་ཚུལ་སྲོག་གཅོད་པ་དང་།༡ གཞན་གྱི་ནོར་འཕྲོག་པ་དང་།༢ མི་ཚངས་བ་སྤྱོད་པ་དང་།༣ རྫུན་དང་།༤ བཅོས་པའི་ཆང་ལ་སོགས་དང་།༥ གར་བྱེད་པ་སོགས་དང་།༦ ཕྲེང་བ་རྒྱན་ལྡན་བཅངས་པ་སོགས་དང་།༧ མལ་ས་ཆེན་པོ་བཅོས་ཏེ་མཐོ་བར་བྱེད་པ་དང་།༨ གུང་གཅིག་ཟ་བ་ལས་ལྡོག་ཏེ་ཕྱི་དྲོ་ཡང་ཁ་ཟས་ཟ་བ་དང་།༩ གསེར་དངུལ་ལེན་པ་སོགས་༡༠སྤོང་བ་བསླབ་པའི་གནས་བཅུ་འཛིན་པའི་ཡན་ལག་བརྒྱད་ཀྱི་ཁྲིམས་ལས་ཁྱད་པར་འཕགས་པ་ཡིན་ཞིང་། དགེ་སློབ་མ་ནི་དེ་བཅུ་པོ་དེའི་སྟེང་དུ་སྐྱེས་པ་ལ་རེག་པ་ལ་སོགས་སྤྱོད་བྱེད་བཅུ་གཉིས་ཀྱི་གཉེན་པོ་དང་བཅས་བུད་མེད་རིགས་གང་ཡིན་ཀྱང་ཆགས་པ་སོགས་ཉོན་མོངས་ལ་ཆེ་བའི་ཕྱིར་ན་ལོ་གཉིས་ལ་སོགས་ཐུབ་བམ་མི་ཐུབ་ནན་དུ་བརྟག་དགོས་པ་གལ་ཆེ་ཞིང་། དགེ་སློང་ལ་ཡང་མི་ཚངས་སྤྱོད། སྲོག་གཅོད། མ་བྱིིན་བླངས། རྫུན། རྩ་བའི་ཕམ་པ་བཞི་དག་དང་། ལྷག་མ་བཅུ་གསུམ་པོ་འདི་བྱུང་བར་གྱུར་ན་མལ་སྟན་དང། ཟས་ལ་སོགས་བ། རྒན་པོ་དང་། བར་མ་དང་། གཞོན་ནུའི་རྗེས་ལ་ལྷག་མར་སྤྱོད་པའི་ན་དགེ་འདུན་ལྷག་མའོ། །དེའི་རྒྱུད་ལ་ད་དུང་སྡོམ་པ་རྣམ་དག་གི་ལྷག་ལུས་ཤིང་། དགེ་འདུན་ལ་བརྟེན་ནས་བཅས་འགལ་གྱི་ལྟུང་བ་གང་དག་ལྷག་མའི་མིང་གི་ཕྱིར་བཅོས་ན་དག་ཏུ་རུང་ཡང་། དགེ་འདུན་རྣམས་ཀྱི་གྲལ་གཤམ་ལ་གནས་ཤིང་། བཟའ་བཏུང་གི་ལྷག་མ་ལ་སྤྱོད་པས་དགེ་འདུན་ལྷག་མ་ཞེས་བྱའོ། །དང་པོ་འབྱིན་པའི་ལྷག་མ་ནི། རང་ངམ་གཞན་གྱི་ཡན་ལག་གི་གནས་སུ་འདོད་པའི་བདེ་བ་ཉམས་སུ་མྱོང་ཞིང་ཁུ་བ་འཕོས་པའོ། །གཉིས་པ་ནི་བུད་མེད་ལ་ཆགས་པར་འདོད་པས་དེའི་ལུས་དངོས་སམ་སྐྲ་སོགས་ལུས་ཀྱི་ཆ་ཤས་ལ་བར་དུ་ཆོད་པ་མེད་པར་རེག་པ་ལས་བྱུང་བས་བདེ་བ་ཉམས་སུ་བསྟར་བའོ། །གསུམ་པ་ནི་བརྡའ་འཕྲོད་པའི་བུད་མེད་ལ་ཆགས་སེམས་ཀྱིས་འཁྲིག་ཚིག་རྫེན་པར་སྨྲ་བ་དེས་གོ་བའོ། །བཞི་པ་ནི་ཆགས་སེམས་ཀྱི་བུད་མེད་ལ་འཁྲིག་པ་དོན་དུ་གཉེར་ཕྱིར་བསྙེན་བཀུར་གྱིི་ནང་ནས་བདག་དང་འདོད་པ་བསྟེན་པ་ནི་མཆོག་གོ་ཞེས་སྨྲས་ཕ་རོལ་པོས་གོ་ཞིང་བརྡའ་འཕྲོད་པའོ། །ལྔ་པ་ནི་རང་ལས་གཞན་པའི་ཕོ་མོ་སྤྲད་དུ་རུང་བ་ཕན་ཚུན་རེག་པ་འཕྲོད་འདོད་ཀྱིས་རང་ངམ་བསྐོས་པས་འཕྲིན་གསུམ་གྱི་སྒོ་ནས་སྨྱན་བྱས་ཤིང་དེ་གཉིས་འདུས་ཏེ་དབང་པོ་འཕྲད་པའོ། །དྲུག་པ་ནི་རང་དོན་དུ་ཁང་པ་རྩིག་པར་འདོད་ཅིང་དེ་ལ་ཁྲུ་བཅོ་བརྒྱད་པའི་སྲིད་དང་། ཞིང་ཕྱེད་དངབཅུ་གཅིག་པའི་ཚད་ལས་ལྷག་པའི་ཁང་པ་རང་ངམ་གཞན་ལ་བསྐོས་ཀྱང་རུང་སྟེ་བརྩིག་པས་བསྐོར་ཞིང་ཐོག་ཕུབ་པའོ། །བདུན་པ་ནི། གང་ཟག་བཞིར་ལོངས་པ་ཡན་ཆོད་ཀྱི་དོན་དུ་བརྩིག་པ་སྟེ། གཞན་ལས་འབད་པས་བླངས་པ་དང་། ཚད་ལས་ཐལ་བ་ཡན་ལག་ཏུ་འགྲོ་མི་དགོས་པའི་ཁྱད་པར་རོ། །བརྒྱད་པ་ནི་ཡུལ་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པ་ལ་བརྗོད་གཞི་མཐོང་ཐོས་དོགས་གསུམ་མེད་པར་ཕམ་པ་བཞི་གང་རུང་གི་སྒོ་ནས་བཀུར་འདེབས་ཀྱི་ཚིག་མངོན་དུ་བསྒྲག་པ་ཡུལ་གྱིས་གོ་བའོ། །དགུ་བ་ནི་ཡུལ་དགེ་སློང་གཞན་ལ་བསྙད་ཀ་བག་ཙམ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཚིག་ཟུར་གྱི་ཤུགས་ཀྱིས་ཕམ་པའི་སྒོ་ནས་བསྐུར་བ་བཏབ་པ་དེས་གོ་བའོ། །བཅུ་པ་ནི་འདུ་ས་གཅིག་ཏུ་བཅས་ལྡན་དགེ་སློང་གིས་རང་ལས་གཞན་པས་དབྱེ་བྱ་དགེ་འདུན་དུ་ལོངས་བ་གཉིས་ཆོས་མ་ཡིན་པས་ཕན་ཚུན་འབྱེད་པའོ། །བཅུ་གཅིག་པ་ནི་དགེ་སློང་གང་དག་དགེ་འདུན་གྱི་དབྱེན་བྱེད་པ་ལ་ཞུགས་པ་དེ་དང་བསམ་སྦྱོར་མཐུན་པར་བྱས་ནས་བཟློག་བྱེད་ལྔའི་མཐའ་ལ་མ་བཏང་བའོ། །བཅུ་གཉིས་པ་ནི་བུད་མེད་དང་ལྷན་གཅིག་རྩེད་མོ་དང། བཟའ་བཏུང་བྱེད་པ་ལ་སོགས་བསླབ་པ་དང་འགལ་བའི་སྤྱོད་ངན་གྱིས་ཁྱིམ་པ་སུན་འབྱིན་པར་བྱེད་པ་གནས་ནས་བསྐྲོད་དམ་སྐྲོད་བྱེད་ཀྱི་དགེ་འདུན་ལ་འགྲོ་མིན་བཞིའི་བསྐྲོད་ཚིག་གིས་བསྐུར་འདེབས་ལ་ཞུགས་ཤིང་བཟློག་བྱེད་ལྔའི་མཐར་མ་བཏང་བའོ། །བཅུ་གསུམ་པ་ནི་ལྟུང་བ་བྱུང་བ་ལ་གླེང་དྲན་བྱས་ལ་ཆགས་པའི་དགེ་སློང་ལ་དགེ་འདུན་གྱི་ཕྱིར་བཅོས་བྱ་བར་བསྐུལ་བ་ལ། ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་ཁོ་བོ་ཅག་ལ་ཅི་ཡང་མ་སྨྲ་ཞིག་ཅེས་བཀའ་བློ་མི་བདེ་བའི་གཞིར་ཞུགས་པ་ཉིད་བཟློག་བྱེད་ལྔ་པའི་མཐའ་མ་མ་བཏང་བ་ནི། དེ་ཡང་བཟློག་བྱེད་ལྔ་ནི། བཞམས་བསྒོ་དང་། དགེ་འདུན་གྱིས་གསོལ་བ་དང་། བརྗོད་པའི་ལས་གསུམ་དང་འབྲེལ་པའོ། །སྤང་ལྟུང་སུམ་ཅུ་ཐམ་པ་ལ་སོགས་པ་ཚིག་བསྡུས་པའི་ལུགས་ཀྱི་གྲངས་ཀ་ཚང་ཙམ་ལས་རྒྱས་པ་གཞུང་དུ་བལྟ་བ་ལས་འདིར་ཡི་གེས་འཇིགས་ནས་བཀྲོལ་བར་མ་ནུས་པ་དང་། དེ་ལས་གཞན་སྐབས་སུ་མ་བབ་མོད། འོན་ཀྱང་ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ་དང། སོར་བཤགས་སྡེ་བཞི་དང་། ཉེས་བྱས་བརྒྱ་དང་བཅུ་གཉིས་ལ་སོགས་པ་རྣམས་ཆབ་གཅིག་ཏུ་བསྡོམས་པས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་གྱི་རྣམ་གྲངས་དང་། དེ་ལས་ཀྱང་དགེ་སློང་མ་ལ་སུམ་བརྒྱ་དང་དྲུག་ཅུ་རྩ་བཞི་ཡོད་པ་ལས། སོ་སོའི་རྩ་བ་བཞི་བརྒྱད་ཕམ་པ་དང་། ཉེས་བྱས་སྤོམ་པོ་ལ་ཕྱོགས་མཐུན་གྱིས་ཁྱད་པར་ཡོད་པ་ཡིན་ལ། ཕམ་པ་སྡོམ་པ་ལྗོན་ཤིང་རྩ་བ་ནས་བཏོན་པ་ལྟར་གཏོང་བ་ཡིན་པས་ཕྱིན་ཆད་སྡོམ་པ་ཕྱིར་བཅོས་ཀྱི་སོར་ཆུད་རུང་དང་མི་རུང་གི་མཚམས་འཆབ་སེམས་ཏེ། སྡོམ་པ་གང་ཞིག་མངོན་གྱུར་སྒྲོགས་མིན་ལ་སྦེད་བསམ་སྐྱེས་དང་མ་སྐྱེས་དག་ལ་རག་ལས་པའོ། །བསྲུང་བྱ་མི་ཤེས་བཞིན་དུ་སྡོམ་པ་བསྲུང་བར་རློམ་པ་ཉམས་མཚར་ལ། ལྟུང་བ་ཤེས་པ་ཙམ་གྱི་ཉམས་པ་གསོ་བ་དང་། ལྟུང་བ་གསོ་སྦྱོང་སླ་ཞིང་། དེ་ཡང་ལྟུང་བ་འབྱུང་བའི་སྒོ་བཞི་ཡོད་པའི་ངོ་བོ། མི་ཤེས་པ་ཞེས་ཐོགས་མེད་བཞེད་པ་ཡིན་ལ། བསྒྲུབ་པའི་བསླབ་བྱ་ནི། གཞི་གསུམ་ཆོག་ལས་བྱུང་བའོ། །གཞུང་འདི་ན་ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་སྟེ་བསྡོམ་པའི་བཅུ་བདུན་མ་གཏོག་པའི། མི་རུང་ལོངས་སྤྱོད་བྱིན་གྱིས་སློབ་པ་ནི། དུས་མ་ཡིན་པའི་ཁ་ཟས་སྤྱོད་དགོས་པར་གྱུར་ན་རང་ཉིད་སྡོད་པ་དེ་ཉིད་སྒྲ་མི་སྙན་གྱི་གླིང་དུ་མོས་པ་དང་། དེ་བཞིན་དུ་ཁྲུས་ལྷག་མ་བྱེད་དགོས་པ་བྱུང་བ་ལ་ནད་པ་ཡིན་པས་འདུ་ཤེས་དང་། མདོག་པོ་མི་འོས་པ་སོགས་གོས་ལྷག་མ་རུང་བ་མ་ཡིན་པའི་བགོ་བ་དཀར་པོ་གྱོན་པ་དང་། ཀོ་ལྤགས་སོགས་འོས་མིན་བཅངས་དགོས་བྱུང་བ་ལ་དབུལ་ཞིང་ཕོངས་པས་ཉམ་ཐག་པར། སྲོག་བསྲུང་པའི་སླད་དུ་གནང་བ་ཡིན་སྙམ་པ་དང་། རིན་པོ་ཆེར་རེག་པ་དཀོན་མཆོག་མཆོད་པ་དང་། སེམས་ཅན་གསོ་བའི་སླད་དུ་གནང་བར་བསྒོམ་དགོས་པ་ཡིན་ལ། དེ་ལ་ཡང་གནང་བ་མེད་ལ་བཀག་པ་མེད་པའི་རིགས་རྣམས་དེ་གཉིས་ཀ་དང་རྗེས་སུ་མཐུན་པར་བརྩི་བ་ཡིན་ནོ། །ཐམས་ཅད་ཡོད་པར་སྨྲ་བ་དང་། ཕར་ཆེར་སྡེ་པ་དང་། གནས་བརྟེན་པ་དང་། མང་པོས་བཀུར་བའི་སྡེ་བ་སྟེ། སྡེ་བ་ཆེན་པོ་དེ་བཞི་ཀའི་བསླབ་པ་ཐམས་ཅད་ལ། སྟོན་པ་ཐམས་ཅད་མཁྱེན་པའི་བཅས་པས་མ་ཁྱབ་པ་མི་སྲིད་པས་ན། བསླབ་པ་ཀུན་ལ་དབང་ཐོབ་བྱེད་པ་ཡིན་ལ། མྱ་ངན་འདས་པར་བསྔོ་བས་ལྷག་པའི་ཚུལ་ཁྲིམས་ཡིན་ཞིང་། གཞན་ལ་ཕན་པས་བསྒྲུབ་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ལ། དབང་བསྐུར་རྣལ་མ་སྟེ་དབང་བཞིའི་རིམ་པ་བླ་མ་ཉམས་མྱོང་ཅན་གྱིས་སྒྲ་ཇི་བཞིན་པ་བསྐུར་བ་ཐོབ་ན་སྔགས་ཀྱི་སྡོམ་པ་ཐོབ་པ་ཡིན་ཏེ། དེ་ལྟར་སྡོམ་པ་གསུམ་ཀ་རྫོགས་ཚེ་བསླབ་བྱ་དང་། ཡོན་ཏན་མཐའ་དག་ཇེ་མང་དུ་སོང་བས་འཕགས་ཤིང་། ངོ་བོ་གཅིག་ལ་ཞེས་སྡོམ་གསུམ་ནང་འཛོམ་བྱུང་དུས་ངོ་བོ་རང་སེམས་ཁོ་ན་ལས་མ་འདས་ཤིང་ལྡོག་པ་སྡོམ་པ་གསུམ་པོ་ཐ་དད་དུ་གང་ཟག་གཅིག་གི་རྒྱུད་ལ་གནས་པ་ཡིན་ཞིང་ནང་འགལ་བྱུང་ན། སོ་ཐར་ལས་བྱང་སེམས་བྱང་སེམས་ལས། སྔགས་སྡོམ་སྟེ་གོང་མ་གཙོ་བོར་བཏོན་པ་ནི་སྔོན་བྱོན་གྱི་མཁས་གྲུབ་རྣམས་ཀྱི་ལུགས་ལ་གྲགས་པ་ཡིན་ཞིང་། འོག་མའི་སོ་ཐར་ལྟར་རྣམ་པ་འགལ་བ་ལྟར་སྣང་ཡང་། གནོད་པ་སྤོངས་དང་། ཕན་འདོགས་པ་གཉིས་དོན་ལ་དགོས་པ་མཐུན་ལ། གང་ཞིག་འགལ་བར་འགྱུར་ན་གནང་བར་མི་སྲིད་ལ། གནང་བར་འགྱུར་ན་འགལ་བར་མི་སྲིད་དེ་ཆོས་ཅན། འདི་ལྟར་ཉོན་ཐོས་སྡོམ་བར་གནས་པ་དག་ལ་ལྟུང་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པར་གནས་པ་ལ་སྔོན་མར་མཚུངས་ཤིང་ཕྱོགས་མཐུན་ཉེས་བྱས་སུ་འགྱུར་བའི་མྱོསབྱེད་ནི་གསང་སྔགས་ཀྱི་ཐེག་པའི་དམ་རྫས་སུ་སྤྱོད་པའི་སྐྱེས་བུའི་རྟོག་ཚོགས་སུམ་བརྒྱ་དང་དྲུག་ཅུ་ཞི་ཁྲོའི་ལྷར་ཤར་བས་གཞི་ཆང་དང་བསམ་པ་བཏུང་འདོད་ཀྱི་སེམས་གཉིས་ཀ་གཞན་དུ་འགྱུར་བཞིན་བླང་དོར་གྱི་རྟོག་ངན་དྲུང་ན་མི་གནས་པའི་ཚེ་གང་ཟག་དེ་ཉིད་དགེ་སློང་མ་ཡིན་ཞིང་བྱང་ཆུབ་སེམས་དཔའ་འང་མིན་ཞིང་། ཐབས་ཀྱི་གདམ་པ་དང་བྲལ་བའི་ཆགས་སྤོངས་དང་། ཉོན་མོངས་པའི་མཐུས་ནོན་པའང་མིན་ལ། སྣང་བ་མཐའ་དག་ལྷ་དང་དཀྱིལ་འཁོར་དང་། སྤྱད་པར་བྱ་བའི་དམ་རྫས་བདུད་རྩིའི་རང་བཞིན་དུ་འདུ་ཤེས་གནས་འགྱུར་གང་ལ་སྟེ། གང་ཟག་དེ་ཉིད་ལ་གནང་བ་ཡིན་ཅེས་པའོ། །སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའི་དགེ་སློང་དང་ནི་དགེ་འདུན་ལ་བྱིན་པ་ལས། ཡི་དམ་གྱི་དཀྱིལ་འཁོར་ལ་ཕུལ་བས་ཚོགས་ཀྱང་ཡར་ལྡན་དུ་འགྱུར་བའོ། །བསླབ་པའི་ཆ་ཤས་གཞན་རྣམས་ལ་ཡང་དེའི་འགྲེས་སུ་ཤེས་པར་བྱའོ། །འོན་ཀྱང་རང་ལྡོག་མ་འདྲེས་པ་ནི། སོ་ཐར་དང་། བྱང་སེམས། སྔགས་གསུམ་པོ། གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་བསམ་པ། ཇི་ལྟར་ལེན་པར་བྱེད་པའི་ཆོ་ག་བཅས་གཞི་མཐུན་པ་མི་སྲིད་ཅིང་མཚན་ཉིད་སོ་སོར་འཛིན་པས་རང་ལྡོག་མ་འདྲེས་པར་ཡོད་དོ། དགག་དགོས་ཚང་བ་ནི། དགག་བྱ་ཉོན་མོངས་པ་དང་། དགོས་པ་དེས་མི་འཆིང་བར་རང་ལམ་སོ་སོར་གཅིག་པའི་ཚུལ། སོ་ཐར་དུ་སྤོང་ བྱང་སེམས་སུ་བསྒྱུར་ སྔགས་སུ་ལམ་དུ་བྱེད་པའོ། །ངོ་བོ་གནས་འགྱུར་ནི་སྔགས་ཀྱི་སྐབས་སུ་གསལ་བའི་ཤེས་ཤིང་། ཡོན་ཏན་ཡར་ལྡན་ནི། སོ་བྱང་གི་བསླབ་བྱ་མཐའ་དག་སྔགས་ཀྱི་དུས་ན་སྤྱི་དང་བྱེ་བྲག་གི་དམ་ཚིག་ཏུ་འདུས་ཤིང་། ཐབས་དང་རྣམ་པར་དག་པའི་ཟིན་པ་ལ་ཤེས་བྱའི་སྟེང་དུ་འགལ་བ་འདུ་བའི་ཉེས་ལྟུང་གི་རྡུལ་ཕྲ་མོ་ཙམ་ཡང་མི་མངའ་བས་ཡོན་ཏན་མཐའ་དག་ཡར་ལྡན་དུ་ཚང་ཞིང་འདུས་པ་ཡིན་ནོ། གནད་ཀྱི་མི་འགལ་བ་ནི། སོ་ཐར་གྱི་ཚེ་རྩ་བཞི་སོགས་དེ་ལུགས་བཞིན་དུ་བསྲུང་བ་དང་། བྱང་སེམས་ཀྱི་ཚེ་གཞན་ཕན་གཙོ་བོར་བྱེད་དགོས་པས་བསྲུང་སྡོམ་ཡང་དེ་ལུགས་དང་། སྔགས་ཀྱི་ཚེ་འཁོར་གསུམ་དག་པ་བསྐྱེད་རྫོགས་ཀྱི་རང་བཞིན་དུ་ཤེས་དགོས་སོ། །དུས་སྐབས་ཀྱི་གང་དང་གང་གཙོ་བོར་སྤྱད་པ་ནི། སྤྱིར་ལས་དང་པོ་པ་ནས་རྣལ་འབྱོར་དབང་ཕྱུག་གི་བར་དུ་རང་ཉམས་ལ་དཔག་པས་སྤྱོད་པ་དུས་ཚོད་དང་འབྲེལ་བར་སྤྱད་དགོས་པ་ཡང་། མདོར་ན་ལས་དང་པོ་པ་དང་། ལམ་ལ་རྣལ་དུ་འབྱོར་བ་དང་། གྲུབ་པ་ཐོབ་པ་ཐམས་ཅད་མཁྱེན་པའི་གནས་སྐབས་དེ་དང་དེ་དག་གི་སྤྱོད་པ་མ་འདྲེས་པར་བླང་དོར་བྱའོ། །གཞན་གྲུབ་པའི་མཐའ་ལ་དཔྱད་པ་ཞུགས་པ་རྣམས་ནི་གནས་འགྱུར་ངོ་བོ་གཅིག་ཏུ་འདོད་པ་དང་། ཅེས་པ་ཡོངས་གྲུབ་ཆེན་པོའི་རྟོགས་པས་རྒྱུད་གྲོལ་བ་ལ་བྱ་ཞིང་གཅིག་ལ་མི་མཐུན་དུ་འདོད་པ་དང་ཞེས་ཤེས་རབ་ཀྱི་དོན་གཅིག་ཏུ་ཡོད་ཀྱང་། འདུ་ཤེས་ཀྱི་ཆ་ནས་གཞི་མི་མཐུན་པར་ཐ་དད་དུ་འདོད་པའོ། །གསུམ་ཀ་རྫས་འགལ་གོང་འཕེལ་དུ་འདོད་པ་དང་ཞེས་པ་ནི། སྡོམ་གསུམ་རྫོགས་པའི་གང་ཟག་དེ་བློའི་རིམ་པ་ལ་སོ་སོར་ཡོད་དོ་སྙམ་བྱེད་ཀྱི་ཤེས་ངོར་རྫས་འགལ་བས་གོང་མའི་ཐབས་ཤེས་ཀྱི་འོག་མའི་སྡོམ་པ་དངོས་པོར་འགལ་བ་ཟིལ་གྱིས་གནོན་པར་མི་ནུས་ཏེ། དམན་སེམས་ཀྱི་བླངས་པའི་སོ་ཐར་དེ་ཉིད་བྱང་སེམས་ཀྱི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་གནས་འགྱུར་བ་ཡིན་ལ། གཏོང་ཐོབ་མཚམས་ནས་རྣམ་པར་དབྱེ་བ་དང་། ཞེས་པ་ནི། གནས་དུས་ཀྱི་དགག་བྱ་དམིགས་གསལ་ལ་ངེས་པ་མེད་པ་ལ། ཐམས་ཅད་ནས་ཐམས་ཅད་དུ་ཀུན་ནས་ཀུན་ཏུ་དེ་ལྟར་འདོད་ནས་གོང་མ་ཐོབ་ཚེ་འོག་མ་གཏོང་བའི་ཤེས་བྱེད་དགོད་ན་ནི་སྔགས་ཀྱི་དགེ་སློང་རྡོ་རྗེ་འཛིན་པའང་མི་འབྱུང་ཞིང་དབང་བཞི་མ་རྫོགས་ན་སངས་རྒྱས་མི་ཐོབ་པ་དང་འགལ་ལོ། །དོང་རྩེ་བརྩེགས་བཞིན་མ་འདྲེས་འདོད་པ་དང་ཞེས་དང་པོ་གང་ཟག་གཅིག་གི་རྒྱུ་ཚོགས་ལས་སྐྱེས་པ་བར་དུ་སྡོམ་པ་གསུམ་གྱི་འགལ་བ་ལྟག་མི་སྤྲོད་པ། ཐ་མར་གྲུབ་སྡེ་གཅིག་པ་སྟེ་ཆོས་གསུམ་ཚང་བས་རྫས་ལྡོག་དང་སྔ་ཕྱི་ཐམས་ཅད་གཅིག་པ་མེད་པའི་དབང་དུ་འཐད་དུ་རུང་ངོ་། །ཉི་ཟླ་སྐར་གསུམ་རིམ་ཅན་ཚོགས་པ་ལྟར་ཞེས་པ་ནི། སྐར་མ་འོད་སྣང་ཡང་རང་འོད་མ་ཉམས་པར་ཡོད་པ་དང་། ཉི་ཟླ་གཉིས་ཀྱང་རང་ས་ན་འོད་མ་ཉམས་པར་ཡོད་པ་དེ་ནུས་པས་ཁྱད་ཞུགས་འདོད་པས་སོ། །དེ་ལ་སོགས་པའི་རྣམ་པས་ཁས་བླངས་པ་མཐའ་དག་ཀུན་ཀྱང་། རང་རང་གི་ཆོ་གའི་དུས་ལྟར་རང་ལྡོག་མ་འདྲེས་པ་དང་། བསྲུངས་མཚམས་དུས་ན་དགག་བྱ་དང་། དགོས་བྱ་ཚང་བ་དང་། གནས་འགྱུར་ངོ་བོ་ཡེ་ཤེས་མཐུས་བྱེད་པ་ཡིན་པས། སྤྱིར་བཏང་གནས་འགྱུར་འདོད་པ་དང་། དམིགས་པས་ཡེ་ཤེས་མཐོང་མིན་གྱི་དབྱེ་བསལ་ཕྱེད་པ་ཁྱད་པར་ཡིན། དེ་ཡང་གླེང་གཞི་སྡོམ་གསུམ་གནས་འགྱུར་འདོད་པ་དག་ལ་ཕྱིར་བཅོས་མེད་དེ། སོ་སོར་ཐར་པའི་ངོས་ནས་བྱུང་བའི་ལྟུང་བ་གཅིག་སོ་ཐར་རང་ངོ་ནས་འཆོས་ན་བྱང་སེམས་སུ་གནས་འགྱུར་ཟིན་པས་འགལ་ཞིང་། གོང་མ་གཉིས་ཀྱི་དེས་ནས་འཆོས་ན་དེ་ཉིད་ལའང་ལྟུང་བ་མ་བྱུང་བའི་ཕྱིར་ན་འཆོས་མི་དགོས་ཞེས་སྙོན་ནོ། །སོ་ཐར་ནི་ལུས་ངག་ལས་སྐྱེས་པའི་སྡོམ་པ་གཟུགས་ཅན་ནམ་ཉོན་མོངས་པ་སྤོང་སེམས་རྒྱུན་ཆགས་སུ་ཡོད་པ་དང་། དེའི་བག་ཆགས་ཀྱི་ས་བོན་བདེན་ཞེན་དང་ལྡན་ན་ཉོན་མོངས་པ་བསྒྱུར་བ་དང་། ཐེག་པ་ཆེན་པོའི་ལམ་འཁྱེར་སོགས་ཐབས་ཀྱིས་མ་ཟིན་བར་དུ། ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་དབང་བསྐུར་ཇི་བཞིན་པར་ནོད་ནའང་། སྡོམ་གསུམ་གནས་འགྱུར་ཐོབ་པའི་རྡོ་རྗེ་འཛིན་པ་མིན་ལ། སྡོམ་པ་དག་པར་བྱེད་པ་ཀུན་སློང་རྣམ་དག་གི་འདུ་ཤེས་དང་། འདུ་ཤེས་དག་པར་བྱེད་པ་ལྷའི་རྣལ་འབྱོར་ཡིན་ལ། དེ་ཉིད་དག་བྱེད་བསྐྱེད་རྫོགས་དབྱེར་མེད་ཀྱི་ཡེ་ཤེས་ལ་གོམས་པར་གྱུར་ན། བཅས་པའི་ལྟུང་བ་ཆོས་ཅན་ནི། གཞན་ལ་བརྟེན་ནས་བླང་དགོས་པས་སྐྱེ་བ་དང་། རྐྱེན་གྱིས་འཇིག་པས་འགྱུར་བ་ཅན་དང་། དེ་གཉིས་པོ་ཡང་རང་རང་གི་མཚན་ཉིད་རྟག་བརྟན་ཅན་དུ་མི་འཛིན་པས་ཐོབ་པ་དང་ཤོར་བ་མེད་ཅིང་། ཐོག་མཐའ་བར་གསུམ་གང་དུའང་མི་འགལ་བར་མི་གནས་པའི་སྡོམ་པའི་ངོ་བོ་ཀུན་རྫོབ་ཡིན་པས་གནས་འགྱུར་གྲུབ་ཟིན་ན། གཞི་སྡོམ་པ་དང་བསམ་པ་གནས་འགྱུར་གཉིས་ཀ་མངོན་གྱུར་ལྡན་ཕྱིར་མོས་པའི་སྤྱོད་པའི་སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། སྔགས་ཀྱི་སྡོམ་པ་སྟེ་གསུམ་ལྡན་གྱི་གང་ཟག་ལ། གནས་ན་གསུམ་པོ་བྱེ་བྲག་ཏུ་གནས་ཤིང་། བསྲུང་ན་འཆོལ་བར་བསྲུང་བ་ཡིན་ལ། མ་ཉམས་པར་ལྡན་ན་ཡར་ལྡན་དང་། འཆོལ་ན་གང་ཉམས་པའི་རང་ས་ནས་ཉམས་པ་ཁོལ་བུར་ཕྱུང་ནས་བཤགས་པས་ཕྱིར་བཅོས་གྲུབ་པ་ཡིན་ལ། དོན་ཅིའི་ཕྱིར་ན་ཉེས་པ་བསྐྱེད་རྒྱུར་སོང་ན་གང་ཡང་འགོག་ཅིང་། དགེ་བ་དང་ཡོན་ཏན་བསྐྱེད་པའི་རྒྱུ་རུ་འགྱུར་ན་གནང་བའི་ཕྱིར་དང་། གནང་བ་བཀག་པ་གཉིས་ཀ་དོན་གྱིས་དབྱེ་བ་ལས་ཚིག་གི་ལམ་ན་གནས་པ་མིན་མོད། གང་ཟག་སོ་སོའི་རང་རྒྱུད་དང་འབྲེལ་ནས་གྲུབ་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཆེན་རྣམ་པ་གཉིས་ཀྱི་ཡོན་ཏན་མ་སྐྱེས་པ་སྐྱེད་པར་བྱེད་པ་དང་། སྐྱེས་པ་སྤེལ་བར་བྱེད་པ་ལ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་བྱ་བ་སེམས་ཀྱི་བསླབ་པས་བསྡུས་པ་སྟེ། དེ་ཡང་བྱམས་པ་སྙིང་རྗེས་ཟིན་པའི་དགེ་བའི་དངོས་པོ་ནི། གང་དང་གང་དུ་སེམས་ཅན་དོན་བྱེད་པ་སྦྱིན་པ་ཡིན་ཞིང་། དེ་ལ་རང་འདོད་ཀྱི་འཁྲི་བ་མེད་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། གཞན་དོན་བསྒྲུབ་པ་ལ་སྐྱོ་ངལ་མེད་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དགེ་རྩ་ཆེ་ཆུང་གང་བསྒྲུབ་ཀྱང་ལྷག་པར་སྤྲོ་བཞིན་འཇུག་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། སེམས་ཅན་གྱི་དོན་ལ་གཡེལ་བ་མེད་པར་སྦྱིན་པ། ཚུལ་ཁྲིམས། བཟོད་པ་བརྩོན་སོགས་ལས་འདའ་བ་མེད་པ་རྩེ་གཅིག་ཏུ་བསྒྲུབ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། དངོས་པོ་དང་མཚན་མར་འཛིན་ཞེན་སྤང་པ་ཤེས་རབ་སྟེ། དེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དུས་ནམ་ཡང་འདུ་འབྲལ་མེད་པའོ། །སྤྱོད་ལམ་རྣམ་པ་བཞི་པོ་ཀུན་ལ་དྲན་པ་དང་ཤེས་བཞིན་ལྡན་པར་བྱ་བ་དང་། སྤྱོད་ཡུལ་ཡོངས་སུ་དག་པའི་དགེ་བའི་ཚོགས་ཀྱིས་ཟིན་པར་གྱུར་ན་གོམ་པ་འདེགས་པ་དང་འཇོག་པ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་དུ་ངེས་ན། རྩོལ་བ་མེད་པར་འཇུག་པས་ཚོགས་གཉིས་རྫོགས་པར་ཤིན་ཏུ་མྱུར་བའོ། །ཐབས་མཁས་པར་གྱུར་བས་དངོས་སམ་བརྒྱུད་མ་གང་ཡང་རུང་བ་ནས་སེམས་ཅན་ཀུན་ལ་ཕན་པའི་ཐབས་ལྷུར་ལེན་པར་བྱེད་ཅིང་གཞན་དོན་ཁོ་ནར་དམིགས་པའི་སྦྱིན་པ་རྣམ་པ་གསུམ་དང་། གཞན་དགའ་བར་བྱེད་པའི་གཏམ་སྙན་སྨྲ་བ་དང་། སེམས་ཅན་གང་དང་གང་གི་དོན་ཇི་ལྟར་རེ་བ་བཞིན་དེའི་དོན་སྒྲུབ་པ་ལ་སྤྱོད་པ་དང། འགྲོ་བ་གཞན་གྱི་བསམ་པ་དང་ད་ལྟ་སྣང་ཙམ་དུ་དོན་དང་མཐུན་པར་བྱ་བ་རྣམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་གཏན་པ་མེད་པའི་སྒོ་འཕར་ཡངས་པ་ལྟ་བུའོ། །གང་ལ་ཞེས་ཐེག་ཆེན་གྱི་ལམ་དུ་ཞུགས་པ་ལ་བསླབ་པ་བརྟགས་པ་དྲུག་ཏུ་གསུངས་པའང་རང་གི་ཆོས་ལ་འབྱོར་པ་དང་རྒུད་པ་ཅི་འདྲ་འདུག་བརྟགས་པར་འདུ་ཞིང་། རང་ཉིད་ཆོས་ལམ་ལ་ཞུགས་པའི་དོན་མ་ཉམས་པར་གཞན་གྱི་དོན་ཅི་འགྲུབ་བྱ། རང་དོན་ཉམས་པའི་སོ་སོའི་སྐྱེ་བོའི་འཁྲུལ་པ་ལ་བརྟགས་ནས། དེ་ལས་བཟློག་ཐབས་བཏང་བ་དང་། གཞན་ལ་ཕན་པ་རླབས་ཆེན་འགྲུབ་ཏུ་སྲིད་ན། བསླབ་སྡོམ་གྱི་བཅས་པ་ཆུང་ངུ་བག་ཡངས་སུ་གནང་བའི་སྐབས་ཡོད་དེ། གྲོང་ཁྱེར་ལ་འགལ་སྤོང་མཐུན་སྒྲུབ་ཀྱི་ཕྱིར་ན་གྲོང་རྡལ་བློས་བཏང་བ་དང་། བདག་བསྲུང་བའི་ཕྱིར་སྡོད་ཡུལ་གྱི་ས་གཏོང་ཞིང་ཡུལ་གཞན་དུ་སྤྱོད་པ་དང་། བདག་གི་སྒོ་གསུམ་གྱི་ཆོས་ལ་ཉམས་ཉེས་འགོག་པའི་ཕྱིར་བདག་གི་ཀྱང་ལུས་སྲོག་གཏོང་བ་ལ་ཅི་མི་སྙམས་པ་དང་། འདི་ན་མི་འཇེད་ཅེས་སྐྱིད་སྡུག་གང་ཡང་ཁུར་བཟོད་པའི་ས་གཞི་ལྟ་བུ་ལ་ཆོས་ཀྱི་དྲི་བཟང་རྒྱས་པ་མི་ཉམས་པར་རབ་ཏུ་བསྲུང་བའི་དོན་ལ་ཆོས་ཕྱིར་དཀའ་བ་སྣ་ཚོགས་དང་དུ་ལེན་པ་དང་། གཞན་གྱིས་གནོན་པ་བཟོད་པར་དཀའ་བ་ལ་ཇི་མི་སྙམ་པའི་བཟོད་པ་དང་། ཟབ་མོའི་དོན་ལ་འདི་ཤིན་ཏུ་རྟོགས་པར་དཀའ་བའི་གནས་སོ་བསྙམ་ནས་མི་སྐྲག་ཅིང་མི་འདོར་བ་དང་རྣམ་པ་གསུམ་མོ། །ཡིད་ནི་ཤིན་ཏུ་རེངས་པར་བྱས་པའི་ཁོང་ཁྲོ་དང་ཞེ་སྡང་གི་སྡིག་པའི་མངོན་རྟོགས་མུན་པའི་མདངས་ལས་ཀྱང་གནག་པའི་འཁྲི་ཤིང་ལྟ་བུས་འཁྱུད་པ་ཅན་ཐར་མེད་དམྱལ་བའི་བཙོན་ཁང་ནག་པོར་འཛུལ་བ་ལ་སྐྲག་པར་གྱུར་རྣམས་དུས་ནམ་དུ་ཡང་ཁྲོ་བའི་གོ་སྐབས་དབྱེ་བར་མི་བགྱིད་ཅེས་བཟོད་པའི་མི་མཐུན་ཕྱོགས་སྡོམ་པར་འཆད་ཅིང་དེ་ཡང་གནོད་པའི་ཡུལ་ནི་ནགས་ཀྱི་ཚེར་མས་ཀུན་གཏིབས་པ་བཞིན་ལགས་པས་དེ་དག་སོ་སོར་གདུལ་གྱིས་མི་ལངས་ཤིང་ཁ་ཤས་བཏུལ་ཡང་ཕྱིར་ཞིངཀུན་ནས་འཕེལ་བ་ཅན་ཡིན་ཕྱིར། དེ་བས་ན་འཁོན་དང་ཁྲོ་བའི་བྱེད་པོ་གཅིག་པུ་ནི་བདག་འཛིན་ཡིན་པས་དེ་བཏུལ་ན་བཟོད་པའི་དཀའ་ཐུབ་ནི་མྱང་འདས་ཀྱི་རྒྱུ་ཡང་དག་ཡིན་ཕྱིར་དེ་ཉིད་བདག་ལ་མཛའ་བར་འགྱུར་ཞེས་པའོ། །འདི་ལྟར་རེག་པ་ཤིན་ཏུ་རྩུབ་པའི་ཞེས་ཁྲོ་སྡང་དང་སུན་འབྱིན་སོགས་ཚིག་གི་མདའི་ཟུག་ངུ་སྐྱེས་བུའི་སྙིང་ལ་ཟུག་པ་ནི་མཆིའམ་ཞེས་མ་མཆིས་ནའང་ཚིག་རྩུབ་དེ་ཉིད་དང་དུ་བླང་བའི་ཉེར་ལེན་སྐྱོན་གྱིས་ཕན་ཚུན་རྟེན་དང་བརྟེན་པ་གཉིས་ཀ་འཁྲུགས་གཞིན་མནར་བའོ། །ཚེ་འདི་སྣང་གི་བྱ་བ་དབང་བཙན་པའི་སྐབས་འདི་ན་གནོད་པའི་རྒྱུ་དང་འབྲས་བུ་གཉིས་ཀ་མཐའ་ཡས་སུ་ཞེས་པ་མང་དུ་འབྱུང་བ་ཡང་བདག་ཉིད་ལས་བྱུང་བ་ཡིན་ཏེ་དཔེར་ན་བདག་གི་ཁ་ནས་སྒྲ་དང་ཚིག་མ་བྱུང་བར་བྲག་ཆ་ལས་སྒྲ་ཚིག་མི་འབྱུང་བ་བཞིན། བདག་ཉིད་ལས་བྱུང་ན་གནོད་པའི་ཡུལ་མེད་པས་རང་གི་འཁོན་ཚིག་སོགས་སྔོན་དུ་བྱས་ནས་གློ་བུར་རྐྱེན་གྱིས་བོས་ལ་ལྟོས་དང་། ཞིབ་ཏུ་བརྟགས་ན་གནོད་ཆེན་མ་ཡིན་ཕན་ཆེན་ཡིན་ཏེ་བཟོད་པ་བསྒོམ་ཡུལ་གྱི་འཚེ་སྦྱོར་གང་ལ་བརྟེན་ནས་བཟོད་པའི་རང་བཞིན་གྲུ་དང་གཟིངས་ལྟ་བུ་དེ་དག་ལ་གྲོགས་སུ་བྱས་ནས་བྱང་ཆུབ་སེམས་ཀྱི་ནོར་བུ་རིན་པོ་ཆེ་འཐོབ་པར་འགྱུར་བས་དེ་འདྲའི་འཕྲལ་གྱི་གནོད་པ་ཕུགས་སུ་བདེ་ཆེན་འགྱུར་མེད་ལ་སྦྱོར་བར་བྱེད་པ་དེ་ནི་དམ་པའི་ཆོས་ལྟར་མཆོད་ཅེས་པའོ། །མ་བརྟགས་ཚེ་གནོད་པ་རང་རྒྱུད་པ་ཞིག་ཡོད་ཡོད་འདྲ་ཡང་། ཤིན་ཏུ་བརྟགས་ན་གནོད་པའི་ངོ་བོ་སྟོང་པ་རང་བཞིན་གསལ་ལ་རྩལ་མ་འགགས་པ་ཙམ་ཞིག་ཡིན་ལ་མཚན་ཉིད་ཅི་ཡང་མེད་དེ་ཆུའི་རི་མོ་བཞིན་ཡིན་པས་རྣམ་རྟོག་ཁྲོ་གཉེར་རྩུབ་མོ་སྟེ་བཞིན་རས་མི་སྡུག་པའི་ཚུལ་ཅུང་ཟད་བསྟན་པ། ཞིག་པའམ་ཡལ་བའི་མོད་ལ་རྟེན་པའི་རང་བཞིན་ཚུགས་མི་ཐུབ་པར་མཁའ་བཞིན་རྣམ་པར་སྟོང་པར་གྱུར་པ་ལ་ཐོབ་དང་ཤོར་བ་མེད་པའོ། །སྤྱིར་ཡང་གང་ཅིའི་ཕྱིར་ན་བཟོད་པའི་དཀའ་ཐུབ་གསུམ་པོ་ཉམས་པར་གྱུར་ན་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་པོ་ཡང་ཕྱི་མཐའ་སྟེ་མགྲོན་པོའི་ཕྱི་ལམ་དགྲའི་བསྐོར་བའི་བཤུལ་ལམ་བཞིན་དུ། འདོད་པའི་གནས་སུ་སྟེ་ཐར་པ་དང་རྣམ་མཁྱེན་གྱི་གོ་སར་ཕྱིན་པར་དཀའ་ན་བློ་སྟོབས་ཅེས། སེམས་མཆོག་བསྐྱེད་ལ་བཟོད་པ་རྣམ་པ་གསུམ་ལ་བསླབ་པར་བྱ་བ་གལ་ཆེ་བར་བསྟན་པའོ། །དུས་ལས་སྐད་གཅིག་ཀྱང་ཡོལ་བ་མེད་པའི་བརྩོན་འགྲུས་ཀྱིས་གཞན་དབང་ལ་མ་ལྟོས་པའི་རང་དབང་ཉིད་དུ་དགེ་བའི་ཆོས་མཐའ་དག་རྣམས་སྐྱེད་མོས་ཚལ་དུ་ངང་པ་རྣམས་དགའ་ཞིང་འགྲོ་བ་བཞིན་ཐོས་བསམ་བསྒོམ་གསུམ་སོགས་ལ་ནན་གྱིས་འཇུག་ཅིང་ལེ་ལོའི་གཡང་ས་ལ་བརྩོན་འགྲུས་རྣམ་པ་གསུམ་བསྒྱུད་པ་མེད་པ་སྟེ་བརྗེད་པ་མེད་བར་མྱུར་དུ་སྤྲོ་སེམས་ཀྱིས་འཇུག་པ་གལ་ཆེ་ཞིང་། དེ་ཡང་འཇིག་རྟེན་ཆོས་བརྒྱད་ལ་སོགས་བྱ་བ་ང་ན་ཞེན་གྱི་འདུ་འཛིའི་ཐེག་པས་དཀྲིས་ཤིང་སྒྱིད་ལུགས་མཐུས་ནོན་ཏེ་ཆོས་ལ་འཇུག་པའི་སྒོ་དང་པོ་སྦྱོར་བའི་ནུས་པའང་བཏང་ཞིང་བདག་ཉིད་བརྙས་ནས་སེམས་ཞུམ་པའི་བརྟུལ་ཞུགས་བླངས་པ་དེ་འདྲའི་གང་ཟག་ཉེས་པའི་གཟིངས་ཞེས་གྲུ་སོགས་འཐོར་ལ་ཁད་དུ་ཞུགས་པ་ལ་ཞོན་ཞེས་སྨད་སྒྲ་ཞུགས་པའོ། །དེ་ལྟར་མ་ཡིན་པར་བདུད་ཞི་འཇོམས་པ་གོ་ཆའི་བརྩོན་འགྲུས་བགོ་བ་དང་། ས་བཅུའི་ལམ་ལ་འགྲོ་ཞིང་བགྲོད་པ་སྦྱོར་བའི་བརྩོན་འགྲུས་དང་མི་འགོང་ཞེས་དགེ་བ་རྣམས་ཆེ་རློམ་ཆུང་བརྙས་མི་བྱེད་པ་དང་། མི་ལྡོག་པ་ནི་ཆོས་ཉམས་སུ་བླངས་པ་གང་ཡིན་པ་དེ་ཉིད་མཐར་མ་ཕྱིན་པར་ཆོག་ཤེས་མེད་པའི་ངང་དུ་མཐར་སྐྱོལ་ཚེ་བརྩོན་འགྲུས་ཅན་གྱིས་སྨོན་པའི་དོན་ཀུན་གྲུབ་པའོ། །དེ་ཡང་མྱུར་བ་ཆོས་ལ་བརྩོན་འགྲུས་དྲག་པོ་མ་བསྐྱེད་ན་བདག་གི་ཚེ་ནི་ཉིན་མོའི་གྲངས་གཅིག་གི་མཐར་གྱུར་པ་དང་འདྲ་སྟེ་ཡུན་རིང་པོར་མི་སྡོད་པར་མྱུར་བ་མྱུར་བར་འཆི་བའི་མུན་ནག་གིས་གཏུགས་པར་གྱུར་ན་འཁོར་བའི་སྤྱོད་པ་སྟེ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་རྒྱུ་སྐར་ལས་རྣམ་གྲངས་མང་བས་དེས་དབུགས་མི་འབྱིན་ན་ལེ་ལོའི་ཆུའི་རྙོག་པ་དྭངས་པ་འདྲ་བའི་བརྩོན་འགྲུས་ཀྱི་དལ་འབབས་ཏེ་ཆུ་ཕྱོགས་གཅིག་ཁོ་ནར་འབབས་པའི་མཐར་ལྷུང་གིས་སྐྱོན་སྟོན་པ་མ་ཡིན་པར་རྣམ་པ་ཀུན་མཁྱེན་རྒྱ་མཚོར་མ་ཕྱིན་པ་དེ་སྲིད་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་སྤྱོད་པ་གཡོ་ཞིང་མྱུར་བའི་བརྟུལ་ཞུགས་ཉམས་པར་མི་བགྱིད་པའོ། །གནས་དབེན་པའི་རྒྱུ་མཚན་དང་ཡོན་ཏན་འདི་བཞིན་ཏེ་ནགས་ཚལ་དང་མེ་ཏོག་སྣ་ཚོགས་འཁྲིགས་པའི་སྨན་ལྗོངས་ཡིད་དུ་འོང་བ་དག་ནི་ངང་པ་ཤིན་ཏུ་ཞི་བས་བསྟེན་པར་བྱས་ཤིང་། དེ་ལྟ་བུའི་གནས་དེ་ནི་བལྟ་ན་སྡུག་པ་བྲག་རིའི་ཕ་གུ་དང། རྟ་བབས་རི་དྭགས་གཞོན་ནུའི་མཛེས་པ་ལྟར་ཡོད་པའི་ཉམས་དབང་ཤེས་ཀྱི་འཇུག་པ་མི་དགའ་བའི་ཡུལ་དག་ཉུང་ཞིང་དགའ་བའི་ནགས་ཚལ་ལྷ་མོའི་རྐེད་ཆིངས་ལྟ་བུ་ནི། ཤིང་བལ་གཞོན་ནུའི་དྲྭ་བ་དྲྭ་ཕྱེད་གཡོ་བ་ལྟ་བུ་ན་དོགས་པས་སྐྲགས་པའི་སྐད་ངན་བྱུང་བ་མིན་པའི་ཁུ་བྱུག་རྣམས་ཀྱང་འཁོར་བར་སྐྱོ་བའི་གཏམ་གྱི་སྤྲིངས་ཡིག་འགྲིམས་པ་བཞིན་དུ་རང་སྐད་སྒྲོགས་པ་ལ་སྐྱོ་ཤེས་དང་ངེས་འབྱུང་སྐྱེ་བའི་ས་དེ་རུ་གཤེགས་ཤིག་བསམ་གཏན་སྒོམ་པར་འདོད་པ་རྣམས་ཞེས་དམིགས་ཀྱིས་བསལ་བའོ། །འཇིག་རྟེན་འདིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྣམས་ནི་སྤྲིན་གྱིས་ཕུང་པོ་གཅིག་ཏུ་ཚོགས་པ་བླ་བྲེ་ལྟ་བའི་ནང་ཤེད་ན། ཞེས་མི་རྟག་པར་བསྟན་པ་ནི། དེ་ལས་ཀྱང་མྱུར་དུ་འགྱུར་བ་ཚེ་སྲོག་གི་རོལ་བའི་གློག་ནི་སྐད་ཅིག་གིས་གཡོ་ཞིང་འདར་བ་ལྟ་བུ་ལས། འགྱུར་བའི་སྡུག་བསྔལ་དང། སྡུག་བསྔལ་གྱི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱིས་ཆོམ་རྐུན་དཀྱུ་བ་ལྟ་བུའི་ཚེ་སྲོག་ལ་རྒོལ་བ་དང་། འཕྲལ་ཕུག་གཉིས་ཀར་ཕུང་དཀྲོལ་བསྐྱེད་པའི་ཆུ་ཀླུང་ཅ་ཅོ་ཅན་ལྟ་བུ་ནི། ཟས་ནོར་ལོངས་སྤྱོད་ཀྱི་དངོས་པོ་གསོག་དང་བསྲུང་དང་སྤེལ་བའི་འདོད་པས་རྟག་ཏུ་འཁྲུགས་ཤིང་དེ་ལ་བརྟེན་ནས་ཁེངས་སེམས་དང་འཇུངས་དང་སེར་སྣས་ཚེ་ཟད་པ་ལ་གཏུགས་ནས། དེའི་འོག་ཏུ་ངན་འགྲོའི་ཆུ་གཏེར་མུ་མཐའ་མེད་པའི་ནང་དུ་འཁྱམས་པར་འགྱུར་ལ། གཡོ་སྒྱུས་ཆར་སྤྲིན་རྟག་ཏུ་བརྣག་པའི་རིན་ཐང་ཅན་གྱི་ནོར་ནི་ཇི་ཙམ་འབྱོར་བ་བཞིན་དུ་སྡུག་བསྔལ་ཁོ་ནའི་རྒྱུ་ལས་མ་འདས་ཤིང་ཡོ་བྱད་ཅི་ཙམ་ཉུང་བ་རྣམས་དགྲ་རྐུན་དང་འཚེ་བས་སྤོང་བ་ཡིན་ཞིང་། དེ་ལས་ཀྱང་ཆོག་ཤེས་ཐོབ་པ་ནི་འབྱོར་བ་ཕུན་སུམ་ཚོགས་པའི་རྩེ་མོར་འགྲོ་བ་ཡིན་ལ། སོ་སོའི་སྐྱེ་བོ་རྣམས་ཀྱི་རང་བཞིན་ནི་བྱིས་པ་དང་འདྲ་སྟེ། བྱིས་པ་རྣམས་ནི་མི་དགེ་བའི་ཉེས་པའི་སྤྲིན་གྱི་འཁྲིགས་པ་ཡིན་ཕྱིར་བདག་ཉིད་ལ་ཐབས་ཀྱིས་བསྟོད་ཅིང་། གཞན་དག་ལ་དངོས་བརྒྱུད་གང་ནས་མི་སྙན་པར་སྒྲོགས་ཅིང་ཉོན་མོངས་པ་དུག་ལྔ་དུག་གསུམ་སོགས་ཀྱིས་གཞན་དབང་གིས་སྦྲུལ་ལྕེ་རྩུབ་མོའི་ཉམས་དང་བག་ལ་བསྟེན། དཔལ་དང་འབྱོར་བ་མི་རྟག་ཅིང་གཡོ་བ་དང་གང་ལའང་རྟག་པར་སེམས་ཤིང་། ཕན་ཆེན་བཏགས་པའི་བྱས་པ་མི་གཟོ་ཞིང་མི་དགའ་བའི་རྣམ་འགྱུར་གྱིས་མགུ་བའི་གཟུགས་བརྙན་འཁྱོགས་པོར་སྟོན་ཞིང་། ཀུན་སློང་འཚུབས་པའི་འཁོན་གྱི་མེ་ལྕེ་ཕྲ་མའི་རླུང་གིས་བསྐྱོད་ནས་སྤྲེའུ་བཞིན་དུ་གནོད་པ་སྣ་ཚོགས་སྟེར་བ་དང་། ཆུ་སྲིན་བཞིན་དུ་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་ཀྱི་ལྟོ་བ་ཡངས་ཤིང་ཤོང་ཆེ་བ་དང་། དམ་ཚིག་ལ་བརྩེ་གདུང་ཆུང་བས་སྤྲུལ་གདུག་པ་ཅན་བཞིན་དུ་སུ་དང་འཕྲད་པ་འཇོམས་པར་འགྱུར་ཞིང་། མེ་བཞིན་དུ་དགེ་བའི་ལྗོན་ཤིང་བསྲེག་པར་འགྱུར་བའི་སྐྱོན་འདུ་ན་བྱིས་པའི་གྲོགས་ལ་རྒྱང་རིང་དུ་བསྲིང་བར་བྱ་བ་གལ་ཆེ་འདོད་པའི་ཡུལ་ལྔ་ནི་དུག་ལས་ཐུ་སྟེ་རྣམ་སྨིན་རྩུབ་པ་ཡིན་ཏེ་ཆགས་སྲེད་ཀྱི་སྤྱད་པའི་མོད་ལ་བདའ་བར་རོ་བྲོ་བ་ལྟར་སྣང་ཡང་། ཚེ་རབས་གཅིག་པོ་འདི་ཁོ་ན་མིན་ཞིང་སྐྱེ་བ་ཐམས་ཅད་དུ་གསང་སྔགས་མཆོག་དང་སྨན་རིགས་སུམ་བརྒྱ་དྲུག་ཅུ་སོགས་ཀྱིས་གསོར་མི་རུང་ཞིང་བཅོས་པར་དཀའ་བའི་དོན་ནི་གང་ཞིག་སེམས་ཀྱི་གླང་པོ་མ་དུལ་གྱི་བར་དུ་བསླུ་བའི་རྫུ་འཕྲུལ་འདོད་པའི་ཡུལ་ལྔའི་ཆེ་བ་ལས་ཆོ་འཕྲུལ་གཞན་མེད་ལ། གདོས་བཅས་ཀྱི་ཕུང་པོ་འདི་ཉིད་འདུ་བྱེད་ཀྱི་ཁྱོགས་ལ་བཞག་པ་སྟེ་མེ་ཆུ་ས་གསུམ་སོགས་ཀྱི་མི་མངོན་པར་མ་བྱས་པ་དེ་སྲིད་དུ་ཞི་བའི་ནགས་མཐོངས་ནི་དབེན་གནས་ནགས་རིའི་ཚལ་དང་། བྲག་ཕུག་དག་ལ་བསྙེན་པར་མཛོད་ཅེས་པས། བས་མཐའ་དང་འབྲོག་ནི་སྟེ་མི་སོགས་ཀྱི་བསྟེན་པའི་ཡུལ་མ་ཡིན་པའི་ཡིད་དུ་འོང་བ་དང་། སྐྱོ་ཤས་འཕེལ་ཞིང་ཚོང་དང་སོ་ནམས་སྡིག་པའི་གྲོགས་པོ་སོགས་ཀྱིས་རིང་དུ་སྤངས་པས། དཔྱ་དང་ཁྲལ་སོགས་ལུས་བཀོལ་བའི་ཞོ་ཤའི་འཚོ་བས་མི་གདུང་ཞིང་བྱ་དང་རི་དྭགས་སོགས་ཀྱིས་མི་སྙན་པ་ཅི་ཡང་སྒྲོགས་པ་མེད་ལ། ཆུ་གཙང་དང་བཟའ་ཤིངགི་འབྲས་བུའི་ཉེར་སྤྱོད་རྒྱ་ཆེ་ལ་བྲག་རིའི་ཕུག་པ་དང་ལོ་མའི་ཁང་བཟང་ཡངས་ཤིང་། ལྗོན་པའི་ཤིང་གི་གྲིབ་བསིལ་འགྲོགས་ན་རབ་ཏུ་བདེ་བ་དང་། དུས་ནམ་ཞིག་ཙམ་ན་བདག་ནི་ལྷན་ཅིག་གནས་པར་འགྱུར། ཞེས་བསམ་ནས་སྤྲོ་བ་བསྐྱེད་པའོ། །གནས་དེ་ན་དབྱར་དགུན་སྟོན་དཔྱིད་དུས་བཞིའི་མགྲོན་པོ་གསར་པས་ཁ་དོག་དང་ལང་ཚོའི་འཕོ་འགྱུར་དང་མངོན་རྟོགས་ངོམ་པའི་ནགས་ཚལ་རྣམས་ཀྱིས་རང་ཉིད་ཉོན་མོངས་པས་དབེན་པར་བསྟི་བ་མ་ཡིན་པའི་གཏན་ཚིགས་སུ་འདུ་འཛིས་སྐྲག་སྟེ་དབེན་པར་གོམ་བདུན་ཕྱོགས་པའི་བསོད་ནམས་སྒྲོག་པ་ལ་ལྟོས་དང་། གང་དུ་ཞེས་དེ་གར་བསམ་གཏན་ཤིན་ཏུ་མི་གཡོ་ཞིང་བརྟེན་པ་ནི་ལྷག་པ་སེམས་ཀྱི་བསླབ་པའི་མཚན་ཉིད་ཡིན་ཏེ་རྟེན་ཅིང་འབྲེལ་འབྱུང་ཞེས་རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་བ་དེ་ཉིད་ཀྱི་ཐབས་དང་ཆོ་ག་ནི་རྣམ་པར་སྣང་མཛད་ཀྱི་ཆོས ་བདུན་དང་ལྡན་པའི་རྣམ་འགྱུར་ལ་སེམས་ཀྱི་སྲོག་ཤིང་ཅན་དེ་ཉིད་གཅིག་ལས་གཉིས་པ་ཅན་མ་ཡིན་པའི་མཉམ་བཞག་ལ་བརྩོན་པར་མཛོད་ཅེས་པའོ། །དམིགས་པ་གང་ཡང་རུང་བའི་སྟེ་སེམས་འཛིན་པའི་ཐབས་དང་དཔྱད་པའི་ཚུལ་གྱིིས་ཡིད་ཀྱི་ཤེས་པ་ནི་དགེ་བའི་དོན་ལ་རྣམ་པར་བཅིངས་ཏེ་གནས་ཚེ་སྤྲོས་པའི་སྣང་བ་ཐམས་ཅད་ཆོས་ཉིད་གཅིག་ཏུ་ནུབ་ཅིང་སྣང་ཡུལ་མ་འགགས་ལ་དེར་འཛིན་མེད་པ་ཡིན། དེ་ཡང་ཤེས་པ་ཡུལ་ལ་མི་རྟོག་པར་མཉམ་བཞག་ལ་ངོ་བོ་གཅིག་པའི་སྟེ་མཉམ་པར་བཞག་བཞིན་ཏུ་རྣམ་རྟོག་གི་ཕྲེང་བ་ཅི་ཙམ་ཤར་ཡང་གཡེང་བར་མི་འགྱུར་བ་ནི་རྗེས་ལ་ཐོབ་པའི་ལྷག་མཐོང་སྟེ། དབྱེ་ན་བྱིས་པ་ཉེར་སྤྱོད་ཡི་བསམ་གཏན་དང་། དོན་རབ་འབྱེད་པའི་བསམ་གཏན་དང་། དེ་བཞིན་གཤེགས་དགེའི་བསམ་གཏན་རྣམ་པ་གསུམ་དང་། བསམ་གཏན་དང་པོར་རྟོག་དཔྱོད་གཉིས་ཀ་ཡོད་པ་དང་། གཉིས་པར་རྟོག་པ་ཡོད་པ་ལ་དཔྱོད་པ་མེད་པ་དང་། གསུམ་པ་དཔྱོད་པ་ཡོད་ལ་རྟོག་པ་མེད་པ་དང་། བཞི་པ་རྟོག་དཔྱོད་གཉིས་ཀ་མེད་པ་སྟེ། མུ་བཞིའི་བསམ་གཏན་དང་བཞི། དེ་བཞིན་དུ་གཟུགས་མེད་བཞི་སྟེ་ཞེས་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཡོད་མིན་མེད་མིན་གྱི་སྐྱེ་མཆེད། ཅི་ཡང་མེད་པའི་སྐྱེ་མཆེད་དེ་རྣམས་པའི་གྲངས་སོ། །ལམ་དུ་མ་ཞུགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་གྱི་ནུས་པ་སྟེ། རྒྱུ་བསོད་ནམས་ཀྱི་ཚོགས་ཡར་མཆོད་མར་སྦྱིན་སོགས་ལ་བརྩོན་པ་དང་། དེའི་མཐུ་ལས་སྦྱོར་བའི་ལམ་དུ་ཞི་ལྷག་གི་ཏིང་ངེ་འཛིན་གྱི་ནུས་པ་བརྟན་པར་བྱས་ནས་ཐར་པའི་ལམ་མངོན་སུམ་འབྱེད་པ་དོན་རབ་འབྱེད་པའི་བསམ་གཏན། ཞེས་སུ་གྲགས་ལ། དང་པོའི་ས་ཡན་ཏེ་འཕགས་པའི་ཏིང་ངེ་འཛིན་དེ་ནི་ཀུན་གཞི་ལུང་མ་བསྟན་པའི་ཆ་སྟེ་བསམ་གཏན་བཞི་དང་གཟུགས་མེད་བཞི་རྣམས། ཟག་པ་མེད་པས་དེ་བཞིན་གཤེགས་དགེའི་བསམ་གཏན་ཡིན་ཞིང་དེ་ཀུན་ངོ་བོ་ནི་ནང་དུ་སེམས་དྲན་པས་ཡང་ཡང་དུ་འཛིན་པ་ཡིན་ལ། དེ་དག་འགྲུབ་པའི་རྒྱུ་ནི་དྲན་པ་རྒྱུན་ཆགས་ཞེས་དྲན་རྒྱུན་མི་ལྷོད་པའི་བརྩོན་འགྲུས་ཅན་གྱི་དབང་པོའི་ཡུལ་ལྔ་སོགས་ལ་རྣམ་པར་གཡེང་ན་སླར་ཡང་དེར་བསླན་པར་བྱས་ནས། དེའི་བྱེད་ལས་ཀྱིས་ལུས་སེམས་ལ་བདེ་བ་བསྐྱེད་ཅིང་རང་གི་ནུས་པའི་ཚོད་ཀྱི་རྫུ་འཕྲུལ་ཀྱང་འགྲུབ་པའོ། །འབྲས་བུ་ཉན་ཐོས་ཀྱི་མངོན་པར་ཤེས་པ་ལ་སོགས་ཐོབ་པ་ཡིན། ཞེས་པའོ། །བསམ་གཏན་དང་པོའི་ཉེར་བསྡོགས་སམ་སྟ་གོན་ནི་བདེ་གསལ་མི་རྟོག་གི་ཉམས་གང་རུང་ལ་འདིའོ་ཞེས་རྟོག་ཅིང་དེའི་རང་བཞིན་ལ་དཔྱོད་པ་ཙམ་དང་། དེ་ཉིད་ཀློང་དུ་གྱུར་ནས་དངོས་གཞིའི་སྐབས་ལ་བབས་ཚེ་རྟོག་པ་མེད་ལ་དཔྱོད་པ་དགའ་བ་དང་། བདེ་བ་དང་ལྡན་པ་ཙམ་ཡོད་པ་དང་། ལྷག་མ་གསུམ་པོར་རིམ་གྱིས་རང་སའི་ཞེན་འཛིན་དང་བྲལ་ནས་བཞི་པའི་སྐབས་གང་ཡང་ཡིད་ལ་མི་འཛིན་པ་སྟེ་རྟོག་དཔྱོད་གཉིས་ཀ་མེད་ཅེས་པའོ། །དེ་ཡང་སྔ་མ་སྔ་མས་ཞེས་པ་ནི། བསམ་གཏན་དང་པོས་གཉིས་པ་དང་། དགའ་བ་དང་བདེ་བ་དང་། ནང་ཡོངས་སུ་དང་པ་དང་ལྡན་པར་གྱུར་པ་དེའི་ཚེ། གཉིས་པས་གསུམ་པ་དང་། བདེ་བ་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་ལྡན་པ་གསུམ་པ་དང་། གསུམ་པས་བཞི་པ། སྡུག་བསྔལ་མ་ཡིན་ བདེ་བ་མ་ཡིན་ བཏང་སྙོམས་ཡིན་ བཏང་སྙོམས་དང་དྲན་པ་དང་ལྡན་བཞི་པ་ཕྱི་མའི་ཉེར་བསྡོགས་བྱེད་པ་ལ་འཕགས་པའི་ལམ་གྱི་བརྟེན་གཞི་ཞེས་སུ་གྲགས་ཤིང་། དེ་ལ་ཡོན་ཏན་ཐམས་ཅད་བསྐྱེད་པའི་བསམ་གཏན་ནི། ཐབས་སྙིང་རྗེ་ཆེན་པོ་དང་ནི་ཡེ་ཤེས་ཀྱིས་ཟིན་པ་ཡིན་ཏེ། དེས་ནི་ཏིང་ངེ་འཛིན་མང་པོ་ལྡན་པར་བྱེད་ཅིང་རྣམ་པ་ཐམས་ཅད་ཀྱི་དོན་མངོན་དུ་བསྒྲུབ་ཅིང་བློ་དང་རྫས་གཅིག་པའི་མཉམ་བཞག་དང་རྗེས་ཐོབ་ཀྱི་ཞེན་པ་དང་གཟུང་འཛིན་ཕྲ་མོ་སྤང་བའོ། །མཉམ་བཞག་ལས་ལངས་པའི་རྗེས་ཐོབ་རྒྱ་ཡན་པ་ནི། ས་བདུན་པ་ཚུན་ཆད་ཀུན་ལ་ཡོད་པ་ཡིན། ཞེས་པ་སྔོན་བྱོན་པ་རྣམས་ཀྱིས་བཞེད་པ་ཡིན་ནོ། །དེ་ལྟར་གང་ཟག་རྣམས་ཀྱིས་སྒོམ་པའི་བསམ་གཏན་གྱི་རིམ་པ་བཤད་ཟིན་ལ། ལྷག་པ་ཤེས་རབ་བསླབ་པའི་ངེས་འབྱེད་ནི། ཏིང་ངེ་འཛིན་རྣམས་བསམ་གཏན་གྱི་སྦྱོར་བ་ལས་སྐྱེས་ཤིང་། དངོས་དང་རྗེས་ལས་བྱུང་བའི་ཤེས་རབ་བམ། ཐོས་པ་དང་བསམ་པ་དང་། བསྒོམ་པ་ལས་བྱུང་བའི་ཤེས་རབ་སྟེ། རྣམ་པ་གསུམ་གྱི་ལྷག་མཐོང་ཡང་དག་པ་འགྲུབ་པའི་ཕྱིར། དེའི་དོན་གྱིས་ཉོན་མོངས་པའི་ཚོགས་འཇོམས་ཤིང་ཆོས་དང་ཆོས་ཤེས་པ་སྟེ། ཀུན་རྫོབ་བདེན་པ་དང་། སྲིད་པའི་གྲོང་ལས་མྱ་ངན་མེད་པར་འདའ་ཞིང་སྦྱིན་པ་ལ་སོགས་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་པོའང་གོང་ནས་གོང་དུ་ཁྱད་ཞུགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་མཆོག་ཡིན་ཞིང་། དེའང་འདི་ན་སོ་སོའི་སྐྱེ་བོའི་ས་ལས་མ་འདས་བར་དུ། ཐོས་པ་ལས་བྱུང་ཤེས་རབ་མ་བརྟེན་ན། བསམ་པ་དང་སྒོམ་པའི་ཡོན་ཏན་གནས་མིན་ཞེས་གེགས་དང་གོལ་སའི་ལམ་དུ་འཁྱམས་པར་འགྱུར་བས་ན། ཐོས་པའི་ཤེས་རབ་ཀུན་གྱི་རྒྱུ་རུ་གསུངས་ཞེས་པའོ། །གཞལ་བྱའི་ཆོས་ཏེ་གསུང་རབ་ཡན་ལག་བཅུ་གཉིས་དང་། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་རྣམ་གྲངས་ཡང་འཇལ་བྱེད་ཤེས་རབ་གསུམ་གྱིས། དྲང་དོན། ངེས་དོན་རྣམ་པ་གཉིས་དང་། ལྡེམ་དགོངས་རྣམ་པ་བཞིར་གཞལ་དགོས་པ་ཡིན་ཏེ། དེ་ཡང་ཆོས་རྣམས་ཀུན་གྱི་ངོ་བོ་དེ་བཞིན་ཉིད་ཅེས་པ་ནི་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ངོ་བོ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་སྟེ་གསུམ་དུ་གནས་པ་ངེས་དོན་ཡིན་ལ། ཆོས་ཅན་ཏེ་ཀུན་རྫོབ་སྣང་ཚོད་ཀྱི་ལམ་ལ་འཇུག་པའི་ཕྱིར་རིག་པས་གཞལ་ནས་འདི་འདྲ། འདི་བཞིན་ཞེས་སྒྲོ་བཏགས་པ་དྲང་བས་ལམ་ཡིན་ལ། དེ་ལྟར་གཉིས་པོས་དྲང་དོན་དང་ངེས་དོན་གང་ལ་ཡིད་རྟོན་མི་རྟོན་ཅེས་པ་ནི། དེ་གཉིས་གང་གི་དོན་དུ་ངེས་པར་ཤེས་པ་དེ་གསུངས་རབ་ཀུན་ལ་བལྟ་བའི་ལྡེ་མིག་ཡིན་ཞེས་པ་དང་། དེ་དག་གི་རང་བཞིན་གསལ་བར་བྱ་བ་དང་། དོན་གྱི་དགོངས་པ་རྟོགས་པར་བྱ་བའི་ཕྱིར་དུ། དགོངས་པ་ཅན་དང་ལྡེམ་པོར་དགོངས་པ་གཉིས་བཤད་པ་ལ། དང་པོ་དགོངས་པ་ཅན་ནི། ཅུང་ཟད་སྒྲོ་བཏགས་ཏེ་ཟུར་ཙམ་བཤད་དུ་ཡང་ཡོད་ལ། གདུལ་བར་བྱ་བའི་ཡུལ་རྣམས་རེ་ཞིག་ཁ་དྲངས་པ་གཅིག་པུའི་སླད་དུ་མ་ཡིན་པ་དང་། སྡིག་པ་སྟོབས་ཆེན་བྱེད་པའི་གང་ཟག་གཅིག་ལ་ཁྱོད་ཀྱི་ལས་འདི་བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་བཟང་བར་འདུག་ཀྱང་ཞེས་ཐེ་ཚོམ་ཅུང་ཟད་སྐྱེ་རུ་བཅུག་པ་དགོངས་པ་ཅན་གཅིག་པུ་དང་། དགོས་ཆེད་སྡིག་པ་ལས་ལྡོག་དགེ་བ་ལ་འཇུག་ཐབས་དང་བཅས་ནས་དགོངས་པ་རྣམ་པ་བཞིར་སྟོན་པ་སྟེ། མཉམ་པ་ཉིད་དགོངས་འགལ་བའང་གཅིག་ཏུ་བསྟན། ཞེས་པ་ནི། ཆོས་ཐམས་ཅད་ངོ་བོས་སྟོང་ཞིང་། རང་བཞིན་གསལ་བ་དང་། རྩལ་འཁོར་འདས་གཉིས་སུ་སྣང་བ་ལྟར་ཤར་ཡང་དེ་དག་ཀུན་ངོ་བོ་མཉམ་པ་ཉིད་ལས་མ་འདས་ན་རྩལ་སྣང་དུ་འགལ་བ་ལྟར་ཤར་ཡང་དོན་ལ་རོ་གཅིག་ཏུ་བསྟན་པ་དང་། དོན་གཞན་ལ་དགོངས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་འཁྲུལ་ངོར་ཡོད་པ་ལྟར་སྣང་ཡང་དོན་ལ་དཔྱད་ན་མ་གྲུབ་པར་བསྟན་པ་དང་། དུས་གཞན་ལ་དགོངས་པ་ནི། ཐོག་མེད་དུས་ནས་ད་ལ་ཐུག་གི་བར་དུ་ཕར་ཕྱིན་དྲུག་སོགས་ཟག་བཅས་དང་ཟག་མེད་ཀྱི་དགེ་རྩ་སྔོན་དུ་སོང་བ་ཞིག་གིས་ད་ལྟ་ཡུན་ཐུང་ངུས་འབད་པ་མེད་པར་འཚང་རྒྱ་བར་བསྟན་པ་དང་། གང་ཟག་ལ་དགོངས་པ་ནི། ཉན་རང་གི་རིགས་ཅན་དེ་ལ་རང་ལམ་དེའི་མཆོག་ཏུ་འཛིན་ཞིང་གཞན་དག་སྨད་པ་དང་། གཞན་ཡང་རང་ཉིད་ལམ་གང་ལ་ཞུགས་པ་དེ་ཉིད་མཆོག་ཏུ་འཛིན་ན་དེ་ཉིད་ཐར་པ་དང་རྣམ་མཁྱེན་གྱི་ལམ་ལ་སྒྲིབ་བྱེད་དུ་འགྱུར་བ་འགོག་ཕྱིར་སྨད་པའོ། །ལྡེམ་པོར་དགོངས་པ་ནི་གདུལ་བར་བྱ་བའི་ཡུལ་གང་ཞིག་གི་བློ་ལ་མི་ཆུད་པའི་ཡིད་གཉིས་ཀྱི་གནས་ཐོབ་སྟེ། ཐེ་ཚོམ་བསལ་བའི་རྒྱུ་ཉན་རང་གི་ཐེག་པ་ལ་ཞུགས་པའི་གང་ཟག་རྒྱུ་འབྲས་དངོས་པོར་འཛིན་པ་རྣམས་ལ། འཁོར་ལོ་བར་བའི་དགོངས་པ་ཐད་དྲངས་སུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་དོན་ལ་མེད་པ་ཡིན་ཡང་། གདུལ་བྱ་བློ་དམན་དེ་ཉིད་དགའ་བའི་མིང་དང་ཆ་ལྡན་ཏེ། དྲང་ངེས་ཀྱི་ཆོས་རྣམས་མཚན་མ་དང་བཅས་པའོ། །ཞེས་རྣམ་པར་ཀྱོག་ནས་ཡང་དག་པའི་ལམ་ལ་གཟུད་པའི་ཕྱིར། ཚིག་ཐེག་དམན་པ་དང་མཐུན་ཡང་དོན་མི་མཐུན་པར་བཤད་པ་སྟེ། འཆད་པོ་རྨི་ལམ་སྒྱུ་མའི་ཚུལ་གྱིས་བསྟན་པར་སེམས་པའོ། །དབྱེ་ན་ཞུགས་པ་ལྡེམ་པོར་དགོངས་པ་དང་། དེ་བཞིན་དུ་མཚན་ཉིད་དང་། གཉེན་པོ་དང་བསྒྱུར་བ་ལྡེམ་སོགས་དགོངས་པ་བཞི་སྟེ། ཞུགས་པ་ལྡེམ་པོར་དགོངས་པ་ནི། གང་ཞིག་ཉན་ཐོས་པ་དག་ཆོས་ཐམས་ཅད་སྟོང་པར་འཆད་པས་སྐྲག་ནས་ཐེག་ཆེན། སྤོང་བར་བྱེད་པ་ལ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཡོད་པར་སྨོས་པས་གྲུབ་པའམ་བདེན་པར་གོ་ནས་ད་གདོད་འཇུག་པ་ཡིན་ལ་སྣང་ཚོད་ནི་རྨི་ལམ་ལྟ་བུར་དགོངས་པའོ། །མཚན་ཉིད་ལྡེམ་པོར་དགོངས་པ་ནི་ཀུན་རྫོབ་ཀྱི་ཆོས་རྣམས་ལ་ངོ་བོ་ཉིད་མེད་པའི་དོན་ཤེས་པའི་དོན་དུ་རིམ་བཞིན་ཀུན་བརྟགས་ངོ་བོ་ཉིད་མེད་པ་དང་། གཞན་དབང་ངོ་བོ་ཉིད་མེད་པ་དང་། ཡོངས་གྲུབ་ངོ་བོ་ཉིད་མེད་པ་སྟེ། རྣམ་པ་གསུམ་དག་ལས། དང་པོ་མཚན་ཉིད་མེད་པ་དང་། གཉིས་པར་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། གསུམ་པར་དོན་དམ་ངོ་བོ་ཉིད་མེད་པ་སྟེ། ཆོས་རྣམས་ཐམས་ཅད་ཚིག་ཉུང་ངུ་ཙམ་གྱིས་དོན་དཔག་ནུས་པ་མ་ཡིན་ཏེ། བརྗོད་པ་ཟབ་པ་དག་ཏུ་སྟོན་ཞེས་པའོ། །གཉེན་པོ་ལྡེམ་པོར་དགོངས་པ་ནི། གཞན་གྱི་ལོག་པར་རྟོག་པ་ལྡོག་པ་སྟེ་སྐུ་ཚེའི་རིང་ཐུང་དང་རིགས་དང་སྐུ་བོངས་ཚད་ཀྱིས་མཆོག་དམན་དུ་དབྱེ་བ་མིན། སངས་རྒྱས་ཐམས་ཅད་ཀྱི་གཟུགས་སྐུ་གཉིས་ཀྱི་ཆོས་སྐུར་མཉམ་སྟེ། ཚོགས་བསགས་ཀྱི་ཡུལ་ལའང་མཉམ་པ་ལྟ་བུར་དགོངས་པ་སྟེ། ངོ་བོ༷་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས༷་རྗེ་ཀུན༷་ཁྱབ་སྤྲུལ་སྐུ་ཡིན་པའི་ཕྱིར་རོ། བསྒྱུར་བ་ལྡེམ་པོར་དགོངས་པ་ནི། བསད་བྱ་མ་ཡིན་པའི་ཕ་མ་གསོད་པ་དང་། དེ་བཞིན་དུ་བཅོམ་བྱ་མིན་པ། རྒྱལ་པོ་དང་ནི་གཙང་སྦྲ་ཅན་གཉིས་བཅོམ་པ་སོགས་གསུངས་པ་འདི་ལྟར་ཡིན་ཏེ། ཕ་ནི་སྲིད་པ་དང་མ་ནི་ལེན་པ་སྟེ། དེ་གཉིས་ལས་རླུང་དང་འགྲོག་པ་དབུ་མར་ཚུད་ནས་དག་པར་བྱས་པ་ལ་བསད་པའི་སྒྲར་ཞུགས་པ་དང་། ཀུན་གཞི་ནི་རྒྱལ་པོ་དང་། དེ་བཞིན་དུ་བྲམ་ཟེ་འཇིགས་ཚོགས་ལ་བལྟ་བ་དང་དགེ་སྦྱོང་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་འཛིན་གྱི་བལྟ་བའི་གཙང་སྦྲ་ཅན་གཉིས་ཡིན་ལ་ནང་གི་སྐྱེ་མཆེད་གཟུང་འཛིན་གྱིས་བསྡུས་པའི་རྣམ་ཤེས་ཚོགས་བརྒྱད་ནི་ཡུལ་འཁོར་བསྐོར་བཅས་ཏེ། དེ་དག་ལ་སོགས་རང་རྒྱུད་ལ་མི་གནས་དག་པར་བྱེད་པ་ལ་བཅོམ་པའི་ཐ་སྙད་དུ་བཏགས་པ་ཙམ་གྱི་དོན་ལས་རྣལ་མར་བཟུང་ན་ནོར་བ་ཆེན་པོ་ཡིན་ཞེས་པའོ། །མདོར་ན་དགོངས་པ་ཅན་དང་ལྡེམ་པོའི་ཁྱད་པར་ནི། དགོངས་པ་ནི་གདུལ་བྱ་གང་ཞིག་སྡིག་པ་ལས་ལྡོག་ཐབས་དང་། དགེ་བ་ལ་སྦྱོར་ཐབས་ཡིད་ལ་རྣམ་པར་བཞག་པ་ཙམ་ཡིན་གྱི། ཕ་རོལ་པོ་བཟུང་པའི་ཐབས་མངོན་གྱུར་པ་ལ་སོགས་པར་ལྟོས་པ་མིན་པའོ། །ལྡེམ་པོར་དགོངས་པ་ནི། གདུལ་བྱའི་ཡུལ་ཕ་རོལ་པོ་གང་ཡིན་དེ་ཉིད་གཟུང་པ་ལ་ལྟོས་པའི་བསམ་སྦྱོར་དང་། རྣམ་འབྱེད་ནི་གསུང་རབ་ཀུན་ལ་བལྟ་བའི་མིག་དང་མཚུངས་ཤིང་། གཞལ་བྱའི་ངོས་ནས་རྒྱལ་བའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུང་པ་མཐའ་དག་གི་དོན་གཅིག་ཏུ་བསྡུས་ན། འཇིག་རྟེན་ཀུན་རྫོབ་དང་ནི་དོན་དམ་གཉིས་ཏེ། བདེན་པ་གཉིས་པོ་དེ་ལས་གསུམ་པ་གཞན་མ་མཆིས་སོ། །ཀུན་རྫོབ་པ་ལ་སྣང་ལུགས་རྣམ་པ་གཉིས་ཡོད་དེ། འཁྲུལ་པའི་ཤེས་ངོ་ལ་སྣང་བ་ཇི་སྙེད་ཀྱི་སྣང་ཚོད་ཉིད་དང་དོན་མཐུན་པར་དོན་བྱེད་རྣམས་ཅེས་པ་ནི། ཉི་ཟླ་དང་མར་མེ་སོགས་ཀྱིས་མུན་པ་སེལ་བ་དང་། རྟ་གླང་སོགས་ཞོན་པ་དང་ཁལ་འགེལ་བ་སོགས་ལ་བཀོལ་དུ་བཏུབ་པ་ལ་ཡང་དག་པའི་ཀུན་རྫོབ་ཉིད་དོ། །གཞན་རི་མོའི་མར་མེ་དང་། ཉི་ཟླ་དང་ཤིང་རྟ་སོགས་ཀྱི་གཟུགས་བརྙན་སྣང་ནའང་ཡང་དག་ཀུན་རྫོབ་བཞིན་དོན་མི་བྱེད་པ་ལ་ལོག་པའི་ཀུན་རྫོབ་ཅེས་གྲགས་སོ། །དོན་དམ་བདེན་པ་ནི་རང་སེམས་ཀྱི་གནས་ལུགས་གཤིས་ཀྱི་བཞུགས་ཚུལ་ཏེ་འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས་གཉིས་ཀ་ངོ་བོ་གཉིས་སུ་མེད་དེ། གདོད་མ་ཉིད་ནས་བསམ་བརྗོད་ལས་འདས་པའི་ངོ་བོ་སྤྲོས་དང་བྲལ་བ་དེ་ཉིད་རྟོགས་ཞེས་བཟང་པོར་བཟུང་རྒྱུ་དང་། མ་རྟོགས་ཞེས་ངན་པར་བཟུང་རྒྱུ་གཉིས་ཀ་བློས་མ་བཞག་གོ། དེ་ཡང་བདེན་པ་གཉིས་ནི། སྣང་བ་ཀུན་རྫོབ་དང་སྟོང་པ་དོན་དམ་སྟེ་གཉིས་འདྲེས་བའི་སྣང་སྟོང་ཟུང་འཇུག་ནི། དཔེར་ན་རྫིང་བུར་ཞུགས་པའི་ཟླ་བའི་སྐྱེ་མཆེད་བཞིན་ཏེ། སྣང་བའི་ཆ་ནས་ཀུན་རྫོབ་ཀྱི་བདེན་པ་དང་། ཟླ་བའི་གཟུགས་བརྙན་རང་བཞིན་མ་གྲུབ་པ་ནི་དོན་དམ་པའི་བདེན་པའོ། །ཡུལ་ལྔའི་ཤེས་པ་ནི། མིག་དང་། རྣ་བ་དང། སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམས་ཚོན་རིས་ཏེ་འཇའ་ཚོན་རི་མོ་ཁ་དོག་མ་འདྲེས་པ་ལྟ་བུས། གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འདོད་པའི་ལོངས་སྤྱོད་ལྔའི་ཆ་བཟུང་བ། དེ་དང་དེ་ལ་དེར་འཛིན་སོགས་དགག་བསྒྲུབ་ཀྱི་བློ་རྟོག་གི་འཁྲུལ་བའི་སྣང་བ་འདི་རྣམས་སྒྱུ་མའི་དཔེ་བརྒྱད་ཉིད་དུ་བརྟག་དགོས་པ་སྟེ། མིག་གི་ཡུལ་དུ་ཤར་བའི་གཟུགས་ཐམས་ཅད་ནི། སྒྱུ་མ་དང་། མིག་ཡོར་དང་། སྨིག་སྒྱུ་ལྟར་བལྟ་ཞིང་། རྣ་བའི་ཡུལ་དུ་སྒྲ་གྲགས་ཚད། བྲག་ཆ་ལྟ་བུ་དང་། སྣའི་ཡུལ་དུ་དྲི་དང་། ལྕེའི་ཡུལ་དུ་རོ་དང་། ལུས་ཀྱི་ཡུལ་དུ་རེག་བྱར་སྣང་བ། སྒྱུ་མ་དང་། རྨི་ལམ་དང་། གློག་དང་། སྤྲིན་རྣམས་ཀྱི་རྣམ་པར་བལྟ་ཞིང་། ཡིད་ཀྱི་ཡུལ་དུ་དུས་གསུམ་དུ་རྣམ་པར་ཤར་བའི་ཆོས་རྣམས་ཆུ་ཟླ་དང་། ཆུ་བུར་བཞིན་མཐར་ཐུག་བློ་ཡི་རྣམ་པར་རྟོག་པས་དཔྱད་ཅིང་བཟོད་པར་གྱུར་ན། དོན་དམ་མ་ཡིན་ཞིང་བློ་ནི་ཀུན་རྫོབ་འཁྲུལ་བའི་རང་གཟུགས་ཡིན་ཕྱིར། རང་སེམས་ཀྱི་གནས་ལུགས་གཅིག་ཡིན་བྱས་ཀྱང་མ་འགྲུབ་པ་དང་། དུ་མར་མ་གྲུབ་པས་སྔ་མ་ལས་ཀྱང་ལྷག་པར་འགལ་བའི་མཚན་ཉིད་རྣམ་པ་སྣ་ཚོགས་ནི། བློ་ཡི་ཡུལ་ན་ནམ་ཡང་གནས་མ་མྱོང་ཡང་གནས་པ་ལྟར་སྣང་བ་ནི་བློ་བྱས་ཁོ་ན་ལས་མ་འདས་སོ། །རེ་ཞིག་གྲུབ་པའི་མཐའི་རྣམ་བཞག་ནི་ཤེས་པའི་དོན་དམ་ཞེས་བློས་ཐོག་མཐའ་བར་གསུམ་ལ་དཔྱད་ཀྱང་འདི་ཞེས་དངོས་མཚན་མ་གྲུབ་པ་དང་། དངོས་པོའི་དོན་དམ་ཐོབ་བས་བཅོམ་པ་ཡི་ཞེས་གཟུགས་ཀྱི་དངོས་པོ་ཆེ་ཆུང་གང་ཡང་རུང་བ་དེ་དང་མཚམས་པའི་ཐོ་བ་དང་གཏུན་བུས་བརྡུངས་ཤིང་འཐག་ནས་རྡུལ་ཕྲན་ཆ་མེད་དུ་གྱུར་ཚེ་ཉན་ཐོས་སྡེ་པའི་ལུགས་ཀྱི་དོན་དམ་དུ་འདོད་པ་དང་། དོན་བྱེད་ནུས་པ་གང་ཡིན་པ་དེ་འདིར་ནི་ཡང་དག་པའི་ཀུན་རྫོབ་སྟེ། དེ་ལས་གཞན་པའི་དོན་དམ་ཞེས་དངོས་པོ་མཚན་མ་ཅན་ཞིག་ཡོད་པ་མིན་ཀྱང་ངོ་བོ་མི་སྟོང་པའི་ཆ་ནས་ཡོད་པ་ཡིན་ཞེས་འདོད་ལ། གཞན་ནི་ཀུན་རྫོབ་ཀྱི་ཆོས་རྣམས་དངོས་པོ་དང་མཚན་མ་ཅན་དུ་ཡོད་པར་འདོད་ཅིང་། དེ་ཡང་རང་སྤྱིའི་མཚན་ཉིད་ཀྱིས་བཤད་ཅེས་པ་ནི། འདི་ལྟར་ན་མངོན་སུམ་གྱི་སྣང་ཡུལ་ནི་དབང་པོ་སྒོ་ལྔའི་ཡུལ་ལ་ཤར་བའི་དོན་བྱེད་ནུས་པ་རྣམས་ལ་ཡང་དག་ཀུན་རྫོབ་ཏེ་རང་མཚན་གྱིས་ཁྱབ་པ་ཞེས་སོ་སོར་མི་དབྱེ་ལ། རང་མཚན་དང་། དངོས་པོ་དང་། དོན་དམ་བདེན་པ་ཞེས་ཡང་དག་ཀུན་རྫོབ་རྣམས་ཡིན་ཁྱབ་མཉམ་པ་དང་། རྟོག་པའི་སྣང་ཡུལ་ལ་སྤྱི་མཚན་ཞེས་ལོག་པའི་ཀུན་རྫོབ་ལྟར་ཤར་བ་དང་། སྤྱི་མཚན་དང་། དངོས་མེད་ཀྱི་ཆོས་དང་། བདེན་པ་ཀུན་རྫོབ་པ་ནི། ཉན་ཐོས་པས་རྡུལ་ཕྲན་ཆ་མེད་སིལ་བུར་དོན་དམ་དུ་འདོད་པ་རྣམས་ལ་ཡིན་ཁྱབ་མཉམ་དུ་འདོད་པའོ། །འདི་དག་ནི་ཧ་ལམ་ཙམ་དུ་མདོ་སྡེ་པའི་ལུགས་སུ་བཞག་ཅིང་ངོ་བོར་རྟོག་གེར་མཐུན་ཅེས་པའོ། །གཟུང་འཛིན་གཉིས་སུ་སྣང་བ་སྟེ། གཟུང་བ་ཆོས་ཀྱི་བདག་དང་། འཛིན་པ་གང་ཟག་གི་བདག་གཉིས་སུ་སྣང་བའི་ཡུལ་དབང་པོ་སྒོ་ལྔ་དང་། ཡུལ་ཅན་ཡིད་ཀྱི་རྣམ་ཤེས་ཏེ། ཀུན་རྫོབ་བདེན་པ་ཉིད་དེ་གང་ལས་གཞན་དུ་ཆོས་རྣམས་གཉིས་སུ་མེད་པར་ཤེས་པ་ནི། དོན་དམ་བདེན་པ་རུ་འདོད་པ་སེམས་ཙམ་པའི་གྲུབ་པའི་མཐའ་འོ། །ཇི་ལྟར་ཚོགས་དྲུག་གི་ཡུལ་དུ་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ་གྲུབ་པ་རྒྱུ་མ་ལྟ་བུའི་མཚན་ཉིད་དོ། །དོན་དམ་པར་ཅིའི་ངོ་བོར་ཡང་གྲུབ་པ་མེད་པ་ནམ་མཁའ་ལྟར་འདོད་པ་ནི། དབུ་མ་རང་རྒྱུད་པའི་ལུགས་དང་། འདི་ལྟར་སྣང་བ་ཉིད་ནི་ཀུན་རྫོབ་བདེན་པ་དང་། སྟོང་པ་དོན་དམ་བདེན་པ་ཞེས་བྱ་བའི་ཐ་སྙད་ཀྱི་བཏགས་པ་གང་ཡང་སྤྲོས་པའི་མཐའ་དང་བྲལ་ཞིང་། སྣང་དུས་ཉིད་ནས་སྐྱེ་བ་དང་། འགག་པ་དང་འགྲོ་བ་དང་། འོང་བ་མེད་ལ། གཞན་དབང་དུ་གྱུར་པའི་དངོས་པོར་འདོད་པའི་ཀུན་རྫོབ་ཀྱི་ཆོས་རྣམས་ཀྱང་དེའི་གྲུབ་པའི་མཐའ་རུ་ཞེས་དྲང་དོན་བསླུ་བའི་ཆོས་ཅན་དུ་ཁས་མ་བླངས་པ་དེ་ནི་དབུ་མ་ཐལ་འགྱུར་བའི། ཤིང་རྟའི་སྲོལ་འབྱེད་ཆེ་ཞེས། འཕགས་པ་ཀླུའི་དབང་པོ་དང་ཟླ་བ་གྲགས་པའི་ཁྱད་ཆོས་ཡིན་ཅེས་པའོ། །འདིར་ནི་གྲུབ་མཐའ་འོག་མའི་རྣམ་པ་ཐམས་ཅད་གང་ལ་ཡང་རང་གཞུང་གི་ཚིག་དོན་ལ་བརྩད་ཅིང་བརྟགས་པས་གོང་མ་སྟེ། དབུ་མའི་གཞུང་ལམ་ནོར་བར་མི་འགྱུར་ཞིང་། རང་རང་གི་འདོད་ཞེན་གྱིས་སྦྱར་བ་གཞུང་ལ་ལྟོས་གྲུབ་ཀྱི། གྲུབ་པའི་མཐའི་མཚན་ཉིད་ཀུན་ཉམས་འོག་ཏུ་ཆུད་ཅིང་དེ་དག་ལས་ཀྱང་དངོས་དང་། དངོས་འདྲ་དངོས་མིན་གྱི་མཚན་ཉིད་ཇི་ལྟ་བ་བཞིན་ལེགས་པར་ཕྱེད་པའི་ཤེས་རབ་ཀྱང་ཐོས་པ་ལ་བརྟེན་ནས་ཤེས་བྱའི་ཆོས་རྣམས་འབྱུང་ཞིང་། དེས་ཉོན་མོངས་པའི་ཚོགས་རྣམས་བཅིལ་བར་འགྱུར་ཞིང་། དེ་ལྟར་ཉོན་མོངས་པ་མེད་པར་གྱུར་པ་ལ་བདུད་ཀྱི་གླགས་མི་རྙེད་དོ། །འདིར་གང་བཟུང་ན་སེམས་ཀྱི་གནས་ལུགས་གཤིས་ཀྱི་བཞུགས་ཚུལ་ལ། ཇི་ལྟ་བུར་འཆད་ན་སྨྲ་བསམ་བརྗོད་པ་དང་བྲལ་བའི་དབྱིངས་འགྱུར་བ་མེད་པ་དེ་དོན་དམ་པའི་བདེན་པ་ཡིན་མོད། འོན་ཀྱང་བློ་ཡི་ཆ་ནས་སྨྲ་བསམ་བརྗོད་པ་དང་བཅས་པ་རུ་སྒྲོ་བཏགས་ཤིང་། འཁྲུལ་པའི་སྣང་བ་འདི་ཀུན། ཀུན་རྫོབ་བདེན་པའི་ཆར་བཞག་ནས་བདེན་པ་གཉིས་པོ་རྟོགས་བྱ་དང་རྟོགས་བྱེད་ལས་འདས་པ་སུས་ཀྱང་མངོན་དུ་བྱར་མེད་ལ། དེ་ལྟར་རྟོགས་ཚེ་བལྟར་མེད་ཅིང་། རྟོགས་ནས་ཐོབ་རྒྱུ་དང་། མ་རྟོགས་ནས་མ་ཐོབ་པའི་འགལ་བ་གཉིས་ཀ་མེད་ཅིང་། བརྗོད་བྱ་སྟོད་པ་ཉིད་ཅེས་པ་དང་ངེེས་པར་རྗེས་སུ་མཐུན་པའི་བློ་སྐྱེས་པ་ལ་རྟོགས་པའི་བླ་དགས་སམ་ཐ་སྙད་དུ་བཏགས་པའོ། །དེ་ཡང་རང་བཞིན་ཇི་ལྟ་བུར་འཆད་པ་ནི་གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིན་ནི། འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཀུན་གྱི་མཛོད་ཡིན་ཞིང་གང་ལ་ཞེས་དེ་ལ་བསམ་པའི་ཤེས་རབ་ཀྱིས་ཡང་དག་པར་འཇུག་པ་ཤེས་བྱ་ཐམས་ཅད་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་ལ། དེ་ཡང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་མ་ལུས་ཀུན་ཀྱང་། ཕྱོགས་བཅུ་དུས་གསུམ་གང་ནས་ཀྱང་ནི་མ་འོངས་ལ། གང་དུའང་མ་སོང་ཞིང་། ད་ལྟ་གང་དུའང་མི་གནས་པ་འདི་ལྟ་བུ་ནི་རང་སེམས་ཀྱི་གཤིས་ལ་གནས་པ་རྟེན་ཅིང་འབྲེལ་འབྱུང་དེ་ཆོས་ཅན་ཉིད་ཀྱང་སྐྱེ་འགགས་གནས་གསུམ་བྱེད་པ་ལྟར་ལགས་ཀྱང་། འཁྲུལ་སྣང་དུ་ཤར་བའི་དུས་ཉིད་ནས་སྟོང་པར་ཤར་ཞིང་། སྤྲོས་པ་ཀུན་གྱིས་མཐའ་ལ་མི་གནས་པ་དེ་ནི་མཐའ་གང་དུའང་མ་ལྟུང་བའི་དབུ་མའི་རང་བཞིན་ཉིད་དུ་བསྟན་པ་ལ། དེ་ལ་ཡང་འཁྲུལ་བའི་སྣང་ངོར་དག་པ་དང་། མ་དག་པ་དུ་མ་ཞིག་བྱུང་བ་གློ་བུར་བ་སྟེ་སེམས་ཀྱི་ཆོ་འཕྲུལ་དོན་ལ་མེད་ཀྱང་། མེད་བཞིན་སྣང་བ་རྨི་ལམ་གྱི་ཆོས་དང་མཚུངས་ཤིང་ཀུན་བཏགས་པས་ཉེ་བར་ལེན་པའོ། །དེ་ཡང་གནས་ལུགས་རང་ངོ་མ་མཐོང་ཞིང་རང་བབས་སུ་མ་བཞག་ནས་རྟོག་ཅིང་དཔྱད་པའི་སྐྱོན་གྱིས་མཐའ་བཞི་བྱུང་བ་ཡང་། ཡོད་མཐའ་དང་། མེད་མཐའ་དང་། རྟག་མཐའ་དང་། ཆད་མཐའ་སྟེ་བཞི་ལ་མ་གནས་ཀྱང་། དབུས་ལ་མཆོག་འཛིན་བྱས་ནས་གནས་པའང་མཁས་པ་མིན་ཏེ། ཇི་ལྟར་ན་དར་གྱི་སྲིན་བུ་བཞིན་ཞེས་པ་ནི། སྡོམ་སྲིན་གྱི་ཐག་རྒྱ་བྲན་ཚེ་ཐབས་ལ་མ་མཁས་པའི་སྐྱོན་རང་གི་རྐང་ལག་ཁ་ཆུའི་དར་སྐུད་ཀྱིས་འཆིང་བ་བཞིན། འདོད་པའི་གྲུབ་མཐའ་སྟེ། བོད་ཡུལ་འདིར་རང་འདོད་ཀྱི་གྲུབ་མཐའ་མང་པོ་ཞིག་བྱུང་ཞིང་། རྒྱལ་བསྟན་ལ་ཕན་འདོགས་པའི་སྒྱུ་འཕྲུལ་གྱིས་གནོད་པར་འགྱུར་ཞེས་རང་ཉིད་བཅིངས་པ་ཡང་སྟོན་པས་མུ་སྟེགས་པ་དང་། མི་སྟུགས་པས་ང་ཡི་བསྟན་པ་མི་འཇིག་སྟེ། ང་འདྲ་བའི་དགེ་སློང་ཞིག་གིས་རྐྱེན་གྱིས་འཇིག་པར་འགྱུར་རོ། །ཞེས་གསུངས་པས། འཇིག་རྟེན་འདི་ན་བློས་བཏགས་པའི་ཆོས་ཇི་སྙེད་ཅིག་མཆིས་ཀྱང་། དོན་ལ་སྐྱེ་བ་དང་། འགགས་པ་དང་། གནས་པ་དང་། འགྲོ་བ་དང་། འོང་བ་སོགས་མིན་ལ། དོན་གཅིག་པ་ཡང་མ་ཡིན་ལ་ཐ་དད་པ་མིན། རྟག་པ་ཡང་མ་ཡིན་ལ། ཆད་པའང་མིན་ཏེ། དུས་གསུམ་གྱི་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་རང་བཞིན་ཉིད་དུ་ཤེས་པར་བྱ་བ་ནི། བསམ་བྱུང་གི་ཤེས་རབ་ཀྱིངོ་བོ་ཡིན་ཞིང་། སྣང་བའི་ཡུལ་ས་ཆུ་མེ་རླུང་ནམ་མཁའ་དང་ལྔ་པོ་འབྱུང་ཆེན་ཡིན་ལ། དེ་ལ་བརྟེན་པའི་རི་དང་ནགས་ཚལ་དང་། ཁང་བུ་བརྩེགས་པ་སོགས་འདུས་བྱས་ཀྱི་རྒྱུ་ལས་ སྣང་སྲིད་ཐམས་ཅད་སྐྱེས་པས་ན་འཁོར་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། ཅིའི་ཕྱིར་ན་འཁོར་བའི་ཐོག་མ་མ་རིག་པས་བཟུང་བ་ལ། འདུ་བྱེད་དང་། རྣམ་པར་ཤེས་པ་དང། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་སྟེ། དེ་བཞིན་དུ་གཅིག་ལ་གཅིག་བརྟེན་གྱིས་རྒ་ཤིའི་བར་དུ་རིམ་བཞིན་འབྲེལ་བ་ནི། ནང་གི་རྟེན་ཅིང་འབྲེལ་ བར་འབྱུང་བ་ཞེས་སུ་གྲགས་ཤིང། མྱ་ངན་ལས་འདས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། ལམ་དང་འབྲས་བུ་གཉིས་སུ་གནས་པ་སྟེ། ལམ་ནི་འཁོར་བའི་རྟེན་ཅིང་འབྲེལ་འབྱུང་ཡིན་ཏེ། ལུགས་སུ་འཇུག་པ་བཅུ་གཉིས་སམ། རྟེན་འབྲེལ་བཅུ་གཉིས་ཀྱི་མ་རིག་པའི་སྨག་རུམ་ཆེན་པོ་ནི། རིག་པ་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ལྡོག་པས་འདུ་བྱེད་ལ་སོགས་པའི་རྟེན་འབྲེལ་གཞན་རྣམས་ཀྱང་ལུགས་ལས་ལྡོག་སྟེེ། སྲིད་པའི་རྩ་བ་ཆད་པར་འགྱུར་བ་ཡིན་ལ། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་ལུགས་འབྱུང་གི་སྐྱོན་དང་། ལུགས་ལས་ལྡོག་པའི་ཡོན་ཏན་གྱི་མཚན་ཉིད་མཐོང་བའི་སྐྱེས་བུས་སྡུག་བསྔལ་གྱི་བདེན་པ་ཤེས་པར་བྱ་ཞིང་། ཀུན་འབྱུང་སྤོང་ཞིང་ལམ་རྒྱུད་ལ་བརྟེན་ནས་འགོགས་པ་མངོན་དུ་གྱུར་ནས་ལམ་མཆོག་མཐོང་བའོ། །དེ་ལྟར་འཁྲུལ་ངོར་སྣང་བ་ཐམས་ཅད། སྐྱེ་བ་མེད་པའི་ངང་དུ། བསམ་པས་གཏན་ལ་ཕབ་པ་དེའི་རང་བཞིན་ནི་སེམས་ཀྱི་གནས་ལུགས་ཤེས་པའི་ཆོས་ཉིད་འགྱུར་བ་མེད་པའི་ངང་དུ་མཉམ་པར་བཞག་པ་ལ་བསྒོམ་པའི་ཤེས་རབ་ཅེས་སུ་གྲགས་པ་སྟེ། དེ་ཉིད་ཀྱི་རང་བཞིན་ནི་ནམ་མཁའ་རྣམ་པར་དག་པའི་དབྱིངས་བསྒོམ་པའི་དོན་དང་རོ་གཅིག་འདྲེས་པའི་ཕྱིར། དེ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཕུང་པོ་ལྔ་དང་། རྣམ་པར་ཤེས་པའི་ཚོགས་བརྒྱད་སོགས་འཁོར་བའི་འཁྲུལ་སྣང་ཀུན་ཀྱང་ཡོད་པ་མ་ཡིན་ན་མེད་ཅེས་བློས་བཀག་པར་གྱུར་ན་ཤེས་རབ་ཉིད་དང་ལྷག་པར་འགལ་ཞིང་། རིག་པའི་གནས་ལུགས་ནི་ཅང་མེད་པའི་སྟོང་པ་ཕྱང་ཆད་པ་ཉིད་མ་ཡིན་ཏེ། སྐུ་གསུམ་དང་སྐུ་བཞི་སྐུ་ལྔ་སོགས་དང་ཡེ་ཤེས་ཀུན་ཀྱི་མཛོད་ཡིན་པར་ངེས་ཤིང་། རང་བཞིན་ཉིད་དུ་རྣམ་པར་དག་པའི་ཕྱིར་རང་སེམས་ཀྱི་གནས་ལུགས་ལ་ཡང་དག་ཉིད་ལ་ཡང་དག་བལྟ་ཞེས་པ་བལྟར་མེད་ཀྱི་ཚུལ་དུ་གོམས་པར་བྱ་བ་ཙམ་ལས་གཉིས་སུ་འཛིན་པའི་ཚུལ་གྱིས་བལྟ་ཞེས་བྱ་བའང་ཀུན་རྫོབ་བ༷དེ༷ན་པ༷་སྟེ༷། དེ་ལྟར་མ་ཡིན་པའི་གནས་ལུགས་ཀྱི་ངང་ལས་མ་གཡོས་པ་བསྒོམ་པའི་མཆོག་ཡིན་ཏེ། དེའི་མདུན་ན་སྙེམས་བྱེད་ཀྱི་བློ་དང་ནི། ཐེ་ཚོམ་སོགས་ཡིད་ལ་བྱེད་པ་ཐམས་ཅད་གནས་པ་མིན་ན། དེ་ལྟ་བའི་ཤེས་རབ་དེ་འདྲར་ཡོངས་སུ་ཤེས་ན། ཐབས་རྣམས་སྣ་ཚོགས་ཀྱིས་རྣམ་པར་གྲོལ་བར་འགྱུར་ལ། ཤེས་རབ་མེད་པའི་ཐབས་ཀྱིས་ནི། བཅིངས་བ་ཉིད་ལས་གྲོལ་བ་མེད། གང་དུ་སྟོངཔ་ཉིད་དང་སྙིང་རྗེ་གཉིས་པོ་རྒྱུད་ལ་བསྟེན་པ་ཚོགས་ལམ་ཆེ་བ་སྟེ། སྦྱོར་ལམ་བཟོད་པ་ཆོས་མཆོག་མན་ཆད་མཉམ་བཞག་དང་རྗེས་ཐོབ་གཉིས་ལས། གོང་མ་ལ་སྟོང་པ་དང་། འོག་མ་ལ་སྙིང་རྗེ་གཉིས་པོ་ཡ་མ་བྲལ་བར་འཆར་ཞིང་། མཐོང་ལམ་ཐོབ་ནས་སྟོང་ཉིད་སྙིང་རྗེ་གཉིས་པོ་ནི་ཟུང་དུ་འཇུག་ཅིང་འདུ་འབྲལ་མེད་ཅིང་རབ་ཏུ་དགའ་བ་སྟེ། དང་པོའི་སར་སླེབས་ཚེ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་ཞིང་། དེ་ནས་འཕགས་པའི་བསྒོམ་ལམ་དག་པ་ས་གསུམ་ཚུན་ཆད་དུ། ས་ལ་མ་གྱི་ཡོན་ཏན་རྣམས་རིམ་བཞིན་རྫོགས་ནས། ས་བཅུ་རྒྱུན་གྱི་མཐའ་མ་ལ་ཐུག་ཚེ། རྡོ་རྗེ་ལྟ་བའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་སྒྲིབ་པ་མ་ལུས་པ་བཅོམ་ནས་མངོན་བྱང་ཆུབ་པ་ཡིན་ལ། དུས་དེར་མཉམ་པར་མ་བཞག་པ་མེད་པ་སོགས་སངས་རྒྱས་ཀྱི་སའི་ཡོན་ཏན་རྒྱལ་བའི་མ་འདྲེས་པའི་ཆོས་བཅོ་བརྒྱད་ནི། སྐུའི་སྤྱོད་པ་འཁྲུལ་པ་མི་མངའ་བ། གསུང་ལ་དྲན་པ་ཉམས་པ་ཅ་ཅོ་མི་མངའ་བ། ཐུགས་ལ་མཉམ་པར་མ་བཞག་པར་མི་མངའ་བ། ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ། སྤྱོད་པ་མ་འདྲེས་པ་དྲུག འདུན་པ་ཉམས་པ་མི་མངའ་བ། བརྩོན་འགྲུས་ཉམས་པ་མི༴ དྲན་པ་ཉམས༴ ཏིང་ངེ་འཛིན་ཉམས་པ༴ ཤེས་རབ་ཉམས་པ༴ རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་སྟེ། རྟོགས་པ་མ་འདྲེས་པ་དྲུག། སྐུའི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ༴ གསུང་གི་ཕྲིན་ལས་རྣམས༴ ཐུགས་ཀྱི་ཕྲིན་ལས༴ འབྲང་བ་སྟེ། ཕྲིན་ལས་མ་འདྲེས་པ་གསུམ། འདས་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས༴ མ་འོངས་པ་ལ་མ་ཆགས༴ ད་ལྟར་འབྱུང་བ་ལ་མ་ཆགས་ཏེ། མ་འདྲེས་པ་གསུམ་རྣམས་སོ། །སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན༴ མོས་པ་སྣ་ཚོགས༴ ཁམས་སྣ་ཚོགས༴ དབང་པོ་མཆོག་དང་མཆོག་མ་ཡིན་པ༴ ཐམས་ཅད་དུ་འགྲོ་བའི་ལམ༴ ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ༴ སྔོན་གྱི་གནས་རྗེས་སུ་དྲན་པ༴ འཆི་འཕོ་བ་དང་སྐྱེ་བ༴ ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་དང་ནི། མ་འདྲེས་བཞིའམ། གཞན་ཡང་མི་འཇིགས་པ་བཞི་ནི། རང་དོན་སྤངས་པ་ལ་དམ་བཅའ་བ་ལ་མི་འཇིགས་པ་དང་། རྟོགས་པ་དམ་བཅའ་བ་ལ་མི༴ གཞན་དོན་སྤང་བ་དམ་བཅའ་བ༴ གཉེན་པོ་དམ་བཅའ་བ་ལ་མི་འཇིགས་པ་བཅས་མཐའ་དག་མངོན་དུ་གྱུར་པ་ལ་ནི་སངས་རྒྱས་ཀྱི་ཐ་སྙད་བཞག་པ་ཙམ་ཡིན་ནོ། །འདི་ལྟར་བཤད་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ནི། དུས་གསུམ་དུ་བྱོན་པའི་རྒྱལ་བ་ཀུན་གྱི་གཤེགས་ཤུལ་གྱི་གཞུང་ལམ་ཡིན་ཏེ། དེ་ནི་ལྟ་བའི་ཕྱོགས་མེད་པའི་དོན་རྟོགས་པའི་མ་རྨོངས་པ་དང་། སྤྱོད་པའང་ཤིན་ཏུ་རྣམ་དག་སྟེ། ཐབས་ཤེས་ཡ་མ་བྲལ་བའི་ངང་ནས་ཀ་དག་དོན་གྱི་འོག་མིན་ཞེས་རྣམ་པར་གྲོལ་བའི་ས་ལ་འགྲོ་བའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་དགུ་པའི་བསྡུས་འགྲེལ་ལོ།

ལེའུ་བཅུ་པ།

༈ ཚོགས་ལམ་ཆུང་ངུ་དྲན་པ་ཉེ་བར་བཞག་པ་བཞིི། ཚོགས་ལམ་འབྲིང་པོ་ཡང་དག་པར་སྤོང་བ་བཞི། ཚོགས་ལམ་ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །རྫུ་འཕྲུལ་རྐང་པ་བཞི་ནི། འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན༴ དཔྱོད་པའི་ཏིང་ངེ་འཛིན་དང་བཞིའོ། །སྦྱོར་ལམ་གྱི་དྲོད་རྩེ་མོ་ཆུང་ངུ། བཟོད་པ་འབྲིངཔོ་དང་། ཆོས་མཆོག་ཆེན་པོའོ། །དྲོད་རྩེ་གཉིས་སུ་དབང་པོ་ལྔ་བསྒོམ་པ་ནི། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོའོ། །བཟོད་ཆོས་གཉིས་སུ་སྟོབས་ལྔ་བསྒོམ་སྟེ། དད་པའི་སྟོབས་སོགས་གོང་ལྟར་བསྒྱུར་རོ། །འཕགས་ཆོས་ལྔ་ནི། སུན་འབྱིན་གཉེན་པོ་དང་། སྤོང་བའི༴ རྟེན་གྱི༴ ཐག་བསྲིང་གི་སོགས་ལྔའོ། །མཐོང་ལམ་གྱི་རྟེན་བྱང་ཆུབ་ཀྱི་ཡན་ལག་བདུན་ཡིན་ཏེ། དྲན་དང་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དང་། དགའ་དང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང་། བཏང་སྙོམས་འདི་བདུན་བྱང་ཆུབ་ཡན་ལག་སྟེེ། ཞེས་བཤེས་སྤྲིངས་ལས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་སྔ་མ་དེ་རུ། ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང་། དྲན་དང་ཏིང་འཛིན་ངག་དང་ལས་མཐའ་དང་། ཡང་དག་རྟོགས་ཉིད་ལམ་གྱི་ཡན་ལག་བརྒྱད། ཅེས་བཤེས་སྤྲིངས་ལས་སོ། །དེ་ཡང་ཐེག་ཆེན་རྣམ་པ་གཉིས་སུ་གསུངས་པའི། བྱང་ཆུབ་སེམས་དཔའི་གཞི་ལ་སྔགས་ཀྱི་ཐེག་པ་ཁྱད་པར་དོན་གྱི་ཚོམ་བུ་བཀོད་པ་ལ། འབྲས་བུ་ནི་གཞོམ་གཞིག་དང་འགྱུར་བ་མེད་པའི་ཆ་ནས་རྡོ་རྗེའི་ཐེག་པ་དང་། ཐབས་མང་ཞིང་དཀའ་བ་མེད་པའི་དབང་རྣོན་གྱི་ཐེག་པ་ལ་རིག་པ་འཛིན་པའི་སྡེ་སྣོད་ཅེས་ཡོངས་སུ་གྲགས་ཤིང་། རྒྱུའི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ལ། རྒྱུན་ཆགས་སམ་རྒྱུན་ཆད་མེད་པའི་ངོས་ནས། གཞི་རྒྱུད་བདེ་གཤེགས་སྙིང་པོ་དང་། ལམ་རྒྱུད་བསྐྱེད་རྫོགས་བསྒོམ་བཟླས། འབྲས་བུའི་རྒྱུད་སྐུ་དང་ཡེ་ཤེས་རྣམས་ལས། བསྐྱེད་རིམ་དང་རྫོགས་རིམ་གཉིས་ལ་བརྟེན་ནས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ལམ་ལ་ཞུགས་པའི་གསང་སྔགས་ཕྱི་རྒྱུད་གསུམ་ལྟར། དཀའ་ཐུབ་མཐུ་ཡིས་མི་གདུང་ཞིང་འཇུག་སྒོ་ཡངས་པ་དང་། དབང་པོ་རྣམ་པ་གསུམ་ལས་རྣོན་པོའི་དབང་དུ་བྱས་ཏེ་སྔགས་ཀྱི་ལམ་ལ་བསླབ་པའི་བརྟུལ་ཞུགས་མྱུར་བ་དང་། དུས་ལ་དགོངས་པ་སྟེ་རྫོགས་ལྡན་གྱི་དུས་བྱ་རྒྱུད་དང་། གསུམ་ལྡན་ལ་སྤྱོད་རྒྱུད་དང་། གཉིས་ལྡན་ལ་རྣལ་འབྱོར་དང་ནི་རྩོད་པར་ལྡན་པ་ལ་བླ་མེད་དང་བཞིའོ། །རིགས་ལ་དགོངས་པ་ནི། བྲམ་ཟེ་དང་རྗེ་འུ་རིགས་དང་། རྒྱལ་པོ་དང་ནི། དམངས་སམ། གདོལ་བའོ། །དབང་པོར་དགོངས་པ་ནི། རྟུལ་པོ་དང་། འབྲིང་དང་། རྣོན་པོ་དང་། མཆོག་གོ་ཆོས་ནི་དེ་དག་སོ་སོའི་རིམ་པར་བྱ་བ་དང་། སྤྱོད་པ། རྣམ་འབྱོར། བླ་ན་མེད་པའོ། །དང་པོ་གསུམ་ནི་གསང་སྔགས་ཕྱི་པ་སྟེ། ཐུབ་པས་དངོས་སུ་གསུངས་པའི་མཚན་ཉིད་ཀྱི་ཐེག་པ་དང་། གཙང་སྦྲ་དང་སྡོམ་པའི་ཀུན་སྤྱོད་ཕལ་ཆེར་མཚུངས་ཤིང་རྩོད་པའི་དུས་འགལ་བའི་ཞེས་མི་མཚུངས་པའི་འདོད་ཆགས་ཀྱི་ཀུན་སྤྱོད་ལམ་དུ་བྱེད་ཅིང་། ལྷ་ཡང་གཅིག་ལ་གཅིག་བལྟས་པའི་དགའ་བས་ཚིམ་པ་ཙམ་ལས་ཟུང་འབྲེལ་དུ་རོལ་པ་མིན་ལ། ཤ་ལྔ་དང་བདུན་རྩི་ལྔ་ལ་ལོངས་མི་སྤྱོད་ཅིང་སྤང་བྱའི་རྫས་སུ་འཇོག་པའོ། །དེ་དག་གི་རིམ་པ་དབྱེ་ན། བྱ་བ་དང་ནི་སྤྱོད་པའི་རྒྱུད་ལའང་སེམས་དཔའ་སེམས་མ་དང་། རིགས་སྔགས་དང་། གཟུངས་སྔགས་ཀྱི་ལྷ་རྣམས་ཇི་ལྟར་བསྒྲུབ་ཚུལ་ནི། བྱ་བས་ཡེ་ཤེས་པ་རྗེ་བོ་དང་། བདག་ཉིད་བྲན་ནམ་ཁོལ་པོའི་ཚུལ་དང་། སྤྱོད་པས་སྤུན་ནམ་གྲོགས་པོའི་ཚུལ་དུ་བསྒྲུབ་དགོས་རྒྱུ་སྟེ། བྱ་བས་རྗེ་བོདང་ཁོལ་པོའི་རྣམ་པར་བསྒྲུབ་པ་ལའང་བདག་བསྐྱེད་མེད་པས་རང་ཉིད་དམན་སར་བཞག་པ་དང་། ལ་ལར་བདག་བསྐྱེད་ཡོད་དེ་གཙོ་བོར་མདུན་བསྐྱེད་སྟོན་པ་ཡིན་ལ། ཕྱིའི་བྱ་བ་ཡན་ལག་ལྔ་ཁྲུས་སོགས་གཙང་སྦྲ་གཙོ་བོར་སྟོན་ཅིང་མཆོག་དམན་གྱི་ཚུལ་དུ་བསྒྲུབ་ནས་དངོས་གྲུབ་ཐོབ་པར་འདོད་པའོ། །བྱ་བའི་རྒྱུད་ལས་བཤད་པའི་ལུས་ཀྱི་སྤྱོད་པ་གཙོ་བོར་བྱེད་པ་ཐབས་དང་། ནང་གི་རྣལ་འབྱོར་ལ་ཆ་མཉམ་པར་སྤྱོད་པས་རྒྱུད་དུ་གྲགས་ལ། རང་ཉིད་དམ་ཚིག་སེམས་དཔའ་མདུན་དུ་བཞུགས་པའི་མོས་པ་དང་། དེའི་མདུན་དུ་ཡེ་ཤེས་པ་བཞུགས་པར་མོས་པའི་ལྷ་དེ་དག་སྤུན་ཟླ་འམ་གྲོགས་པོའི་ཚུལ་གྱིས་དངོས་གྲུབ་ལེན་པའོ། །རྣལ་འབྱོར་རྒྱུད་གྱི་གྲུ་ཆད་ཅེས་པ་ནི། གཞལ་ཡས་ཁང་གི་གྲུ་ཟུར་བཅད་པ་མན་ཆད་ལ་བཀོད་པ་ཆེན་པོ་ལོངས་སྤྱོད་རྫོགས་པ་ནི། འོག་མིན་ལོངས་སྐུའི་ཞིང་ཁམས་ཡིན་ལ། དེ་ཉིད་བཞུགས་ཚུལ་ལྟར་བསྟན་ཡང་སྟངས་དཔྱལ་ཟུང་འབྲེལ་མ་ཡིན་ཞིང་། བསྐྱེད་པ་དང་རྫོགས་པ་དང་། ཐབས་དང་ཤེས་རབ་རིམ་པ་ཅན་ཐ་དད་དམ་སོ་སོ་བ་ནང་གི་རྣམ་འབྱོར་གཙོ་བོར་སྤྱོད་ཅིང་ལུས་ངག་གི་སྤྱོད་པ་གྲོགས་སུ་སྟོན་པ། ཡེ་ཤེས་པ་འགུག་ཅིང་བསྟིམ་པ་ལ་ཕྱག་རྒྱ་བཞི་བཅིངས་ཏེ་དམ་ཚིག་པ་དང་ཡེ་ཤེས་པ་གཅིག་པའི་ངང་ནས་དངོས་གྲུབ་བླངས་ནས་བཟླས་པའི་མཐའ་ལ་གཤེགས་གསོལ་བྱའོ། །བླ་ན་མེད་པ་གསང་སྔགས་ནང་པ་གསུམ་ལས། དང་པོ་ནི། བསྐྱེད་པ་མ་ཧཱ་ཡོ་ག་དང་། རྫོགས་པ་ཆེན་པོ་ཨ་ནུ་ཡོ་ག་དང་། ཟུང་དུ་འཇུག་པ་ལས། ཕ་རྒྱུད་དང་། མ་རྒྱུད་དང་གཉིས་མེད་རྒྱུད་གསུམ་དུ་བཞག་པ་ཡིན་ལ། ལྷ་ནི་འཁྲིལ་སྦྱོར་དང་དམ་རྫས་ཁྱད་པར་ཅན་ཞེས་བྱ། ཤ་ལྔ་བདུད་རྩི་ལྔར་ལོངས་སྤྱོད་ཅིང་གཙང་བཙོག་ལ་སྤོང་བ་དང་ལེན་པ་མེད་པའི་རང་བཞིན་ཅན་ཡིན་ཏེ། དེ་ཡང་རྣལ་འབྱོར་ཆེན་པོ་ནི་ཕ་རྒྱུད་ཐབས་ཀྱི་ལམ་ཡིན་པསབསྐྱེད་རིམ་གཙོ་བོར་བྱས་ནས་གྱེན་རྒྱུ་དང་། ཐུར་སེལ་དང་། མེ་མཉམ་དང་། སྲོག་འཛིན་དང་། ཁྱབ་བྱེད་དེ། རླུང་ལྔ་པོ་དག་པར་བྱེད་ཅིང་། རྗེས་སུ་རྣལ་འབྱོར་ནི། མ་རྒྱུད་ནི་རྣམ་ཀུན་མཆོག་ལྡན་ཤེས་རབ་ཀྱི་ལམ་སྟེ། རྫོགས་རིམ་གཙོ་བོར་བྱེད་པས་ཁམས་བྱང་ཆུབ་སེམས་ལས་ཞུ་བདེ་བསྐྱེད་ཅིང་། འབྲས་བུ་འབྱིན་པ་ཡིན་ལ། ཤིན་ཏུ་རྣལ་འབྱོར་ནི་གཉིས་མེད་ཡེ་ཤེས་ཀྱི་ལམ་ཡིན་ཏེ། གཅིག་དང་དུ་མ་བྲལ་བའི་འོད་གསལ་ཆེན་པོ་ནི། བདེ་གཤེགས་སྙིང་པོ་ཡིན་ཏེ། དེ་དང་གཉིས་སུ་མེད་པར་སྦྱོར་བ་སྟེ། དེ་དག་ཀུན་གྱི་གནད་དུ་ཁམས་དྲུག་ལྡན་པའི་ལུས་ཏེ། འབྱུང་བ་ལྔའི་ཁམས་དང་། དེའི་སྟེང་དུ་ཡེ་ཤེས་ཀྱི་ཁམས་བསྣན་པའི་དྲུག་ཡིན་ལ། དེ་ལྟར་ཕུང་པོ་ཁམས་དང་། སྐྱེ་མཆེད་རྣམས་དང་། རྩ་གསུམ་འཁོར་ལོ་ལྔའི་རྩ་རྣམས་གཙོ་བོར་གྱུར་བའི་སྤྱིར་རྡོ་རྗེའི་ལུས་ལ་རྩ་སྟོང་ཕྲག་བདུན་ཅུ་དོན་གཉིས་ཡོད་པར་གསུང་བཞིན། དེ་ལ་རྟེན་དང་བརྟེན་པའི་ཚུལ་གྱི་ཐིག་ལེ་དཀར་དམར་གྱི་རྣམ་པར་གནས་པ་རླུང་གི་འགྲོ་འོང་ལས་སྤྲོ་བསྡུ་བྱེད་པ་མིན་ཀྱང་རླུང་སེམས་ལས་སུ་རུང་བ་ལས་བསྐྱེད་པ་དང་། རྫོགས་པ་དང་། ཟུང་འཇུག་གསུམ་ཀའི་དཔལ་དང་ཡོན་ཏན་ཀུན་བསྐྱེད་པ་རྡོ་རྗེ་ཐེག་པའི་ལམ་སྒྲ་ཇི་བཞིན་པ་ཡིན་ཏེ། དེ་ཉིད་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན་ལ། ཡིན་བཞིན་རྟོགས་པ་རྒྱུ་ལྟ་བས་ཐེག་བཅད་ཅིང་། བསྒོམ་པས་ཉམས་སུ་བླངས་ནས། སྤྱོད་པས་ལ་དོར་ནས་འབྲས་བུ་རང་གཞན་དོན་གཉིས་བསྒྲུབ་པ་ནི། གཞི་དང་། ལམ་དང་། འབྲས་བུའི་རྒྱུད་ལ་ཡང་དག་པར་བརྟེན་པའོ། །འཇུག་པའི་སྒོ་ནི་སྨིན་པར་བྱེད་པ་དབང་གི་རིམ་པ་དང་། གྲོལ་བར་བྱེད་པ་ལའང་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་སྟེ་རྣམ་པ་གཉིས་དང་། དེའི་སྟེང་དུ་མཐུན་པའི་གྲོགས་སུ་དམ་ཚིག་སྤྱོད་པ་གསུམ་དུ་ཡོད་པ་ལ་སྔགས་ཀྱི་ལམ་མཆོག་རྣལ་མར་ངེས་པ་ལ། གསང་སྔགས་ཉམས་སུ་ལེན་པའི། དང་པོ་དབང་བསྐུར་མ་ཐོབ་ན་དངོས་གྲུབ་མེད་ཅིང་། བྱེ་མ་ཅི་ཙམ་བཙིར་བ་ལ་ཞུན་མར་འདོད་པ་བཞིན་དུ་འཆད་པ་དང་ཉན་པ་དང་བསྒོམ་པ་ལ་བརྩོན་པར་གྱུར་ཀྱང་དམྱལ་བར་འགྲོ་བ་ལས་འོས་མེད་ཅིང་། དབང་ཇི་བཞིན་ཐོབ་པའི་སྐྱེས་བུ་དེ་ཉིད་རྒྱལ་བའི་སྲས་སུ་འགྱུར་བར་གདོན་མི་ཟ་ལ། དེར་མ་ཟད་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བའི་མོད་ལ་སྡིག་པ་ཀུན་ལས་རྣམ་པར་གྲོལ་བར་འགྱུར་ཞིང་གཙང་མའི་རིས་ཀྱི་ལྷ་ལྔའི་ནང་དུ་སྐྱེ་ཞིང་། དེ་ནས་སྐྱེ་བ་བདུན་དག་ན་སངས་རྒྱས་ངེས་པར་འགྲུབ་ཅིང་ས་བཅུ་འཐོབ་པར་བཤད་པ་ནི་སྒྲ་ཇི་བཞིན་པའོ། །དེ་ཡང་དབང་སྐུར་བྱེད་ཀྱི་སློབ་དཔོན་ནི་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཀའི་གདེང་དང་བྲལ་ཞིང་། བསྟི་གནས་དཀོར་སྤྱོད་ཅེས་རང་གི་སྡོད་གནས་ཁྱིམ་ཆེན་ཁྱིམ་ཆུང་གང་ཡང་འདྲ་སྟེ། དེ་ཉིད་བསྲུང་བས་ཆེད་དུ་ལོག་འཚོ་ལྔ་སོགས་དཀོར་ཟས་ལ་བག་མེད་དུ་སྤྱོད་པ་དང་། མ་བསྡམ་པ་ཞེས་སྡོམ་པ་གསུམ་དང་འགལ་བའི་ལས་ལ་ཅང་མི་སེམས་ཤིང་ཁྱིམ་ལ་ཆགས་པ་དང་། ཆོས་ཀྱི་རྩ་བ་སྙིང་རྗེ་ཆུང་བ་དང་། རྟོག་གེས་ཟིལ་གྱི་གནོན་པ་དེས་རང་གི་ཡོ་བྱད་ཕན་སུམ་ཚོགས་པ་བསྒྲུབས་ཤིང་། གར་ཐིག་དབྱངས་རོལ་འཛོམ་པར་དབང་བསྐུར་བྱས་ཀྱང་། བེའུ་སྦྲེལ་གཡང་སར་ལྷུང་བ་དང་མཚུངས་ཏེ། ངན་སོང་དུ་འགྲོ་བའི་རྒྱུ་བྱེད་པ་ལས་གཞན་མེད་དོ། ཕྱི་ནང་གསང་བའི་དེ་ཉིད་རྣམ་པ་བཅུ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། སྦྱིན་བསྲེག་མཆོད་པ་ལས་སྦྱོར་དང་། སླར་སྡུད་པ་ཡི་རྣམ་པ་ནི། ཕྱིའི་དེ་ཉིད་བཅུ་ཡིན་ནོ། །ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། གསང་དང་ཤེས་རབ་ཡེ་ཤེས་དང་། ཁ་སྦྱོར་དབྱེ་བའི་ཆོ་ག་དང་། གཏོར་མ་རྡོ་རྗེའི་བཟླས་པ་དང་། དྲག་ཤུལ་བསྒྲུབ་པའི་ཆོ་ག་དང་། རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། གསང་བའི་དེ་ཉིད་བཅུ་ཡིན་ནོ། །དེ་ལྟར་ཕྱི་ནང་གསང་བའི་དེ་ཉིད་བཅུའི་དོན་རྟོགས་པ་ལ་རིག་ཅིང་ཞེས་རང་ཉིད་གྲོལ་བའི་བླ་མས། བཅོས་མིན་གྱི་དད་པ་དང་ངོ་ཚ་དང་ཁྲེལ་ཡོད་ཤེས་པའི་སློབ་མའི་གཞི་རྒྱུད་ཞིབ་ཏུ་བརྟགས་ལ་སྐྱོན་བྲལ་ཡོན་ཏན་ལྡན་པ་དག་ལ་དབང་བསྐུར་རིམ་པས་སྦྱིན་པར་བྱ་དགོས་པ་ལ་ཡང་། བདག་བྱིན་གྱིས་བརླབས་པ་བསྙེན་པ་དང་། ཉེ་བསྙེན་དང་། བསྒྲུབ་པ་ བསྒྲུབ་པ་ཆེན་པོ་དང་ནི་བཞིའོ། །སའི་ཆོ་ག་ལ་ཡང་ས་སྤྱིར་བརྟགས་པ་དང་། སའི་བདག་པོ་རྒྱལ་པོ་ལ་སོགས་དང་སའི་ལྷ་མོ་རྣམས་ལ་བསླང་བ་དང་། སྦྱང་བ་དང་། བཟུང་བ་དང་། བསྲུང་བ་དང་ལྔ་པོ་དཀྱུས་ལྟར་དུ་བྱའོ། །སྟ་གོན་དང་ནི་ཞེས་དང་པོ་བུམ་པ་ནི། རྟེན་བུམ་པ་གཞལ་ཡས་ཁང་དུ་གསལ་བ་དང་། བརྟེན་པ་ཞི་ཁྲོ་གང་ཡིན་གྱི་ལྷ་ཡོངས་རྫོགས་སུ་གསལ་བ་དང་། དེ་ཉིད་བསྒྲུབ་ཚུལ་གྱིས་རིམ་པ་ཡང་ཆོ་ག་རང་གཞུང་གི་དཀྱུས་ལྟར་བྱ་བ་དང་། མཐར་མཆོད་ཅིང་བསྟོད་ནས་ལྷ་འོད་དུ་ཞུ་བ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། བར་བདག་དབང་ལེན་པ་དང་བཅས་པའོ། །སློབ་མ་འཇུག་ཅིང་སྨིན་ནས། དོན་གཉིས་ཀྱི་དང་པོ་ནི། སློབ་མ་གྲངས་ཉི་ཤུ་རྩ་ལྔ་མན་ཆད་ཁ་ཡར་བ་ཞིག་ངེས་པར་དགོས་གསུངས་ན་ཡང་། རྒྱུད་གཞན་དུ་མང་ཉུང་མི་དཔྱད་པའི་མཐའ་བསྡུས་ཏེ། མདོར་ན་སློབ་མ་པན་ཚུན་དུ་མི་གཤིན་པ་བཟུང་བར་མི་བྱ། གཅིག་ལ་གཅིག་ནི་སེམས་བཟུང་ཞིང་། ཞི་དུལ་བླ་མ་ལ་ཕན་པ་ཞེས་གསུངས་པས་དཀྱིལ་འཁོར་དུ་གཞུག་པ་ཙམ་ལ་ནི་གྲངས་མ་ངེས་ཏེ། སེམས་ཅན་གྱི་ཁམས་མཐའ་ཡས་པ་བསྒྲལ་བར་ཡི་དམ་བཅའ་བ་ཐེག་པ་ཆེན་པོའི་ཁྱད་ཆོས་ཡིན་པས་དེ་དག་གིས་ཚོན་རྩི་མཐོང་བའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ་པའོ། །འཇུག་པའི་སྔོན་དུ་སློབ་མ་སྟ་གོན་ལ། སྭོ་ཤིང་བྱིན་ནས་དངོས་གྲུབ་ཐོབ་མིན་རྟེན་འབྲེལ་བརྟགས་པ་དང་། ཁྱོར་ཆུས་སྡིག་པ་སྦྱངས་པ་དང་། དེ་བཞིན་དུ་ཀུ་ཤས་རྨི་ལམ་བརྟགས་པ་དང་། སྲུང་སྐུད་ཀྱིས་རྨི་ལམ་བརྟགས་པ་དང་། ཅི་བཞིན་མཐོང་བ་ལ་བར་ཆད་མི་འབྱུང་བ་དང་བཞིའོ། །གཉིས་པ་རྒྱུད་སྨིན་བྱེད་དབང་ལའང་། སོ་སོར་དཀྱུས་ལྟར་རོ། །མངོན་རྟོགས་བཞི་པོ་ནི་བཤད་ཟིན་པ་ལྟར་ལས། རེ་རེ་ཉིད་ལའང་། བཞི་བཞིར་རྫོགས་པའི་ཡན་ལག་མ་ཚང་བར་གྱུར་ན། ཆོ་ག་ཉམས་པའི་སྐྱོན་གྱིས་སློབ་མ་དག་སྨིན་པར་ནུས་པ་མ་ཡིན་ནོ། །དེ་ཡང་རྒྱུད་སྡེ་སོ་སོར་དབང་གི་རིགས་དབྱེ་ལ། བྱ་བའི་རྒྱུད་ལ་ཆུའི་དབང་དང་ཅོད་པན་གྱི་དབང་གཉིས་སོ། །དེ་ལ་བྱ་རྒྱུད་ནི། སྨྱུང་གནས་དང་། སྨན་བླ་དང་དོན་ཞགས་སོགས་སོ། །སྤྱོད་པའི་རྒྱུད་ལ་དེའི་སྟེང་དུ་རྡོ་རྗེ་མིང་གི་དབང་བསྐུར་བའོ། །རྣལ་འབྱོར་གྱི་རྒྱུད་ཀུན་རིགས་ལ་སོགས་པ་ལ་ཆུ་དང་དབུ་རྒྱན་རྡོ་རྗེ་དྲིལ་བུ། མིང་སྟེ་རིག་པའི་དབང་ལྔ་དང་། གསང་བའི་བཀའ་དབང་ནི་ཕན་ཡོན་བཤད་པ་དང་། མཐའ་རྟེན་སྦྱིན་པའི་རྫོགས་པའོ། །བླ་མེད་རྒྱུད་ལ་ཕ་རྒྱུད་མ་རྒྱུད་གསང་འདུས་དང་། མ་རྒྱུད་མ་ཧཱ་མ་ཡ། སྤྱི་རྒྱུད་དུས་ཀྱི་འཁོར་ལོ། སྙིང་པོ་ཀྱཻ་རྡོ་རྗེ། ཡང་སྙིང་འཁོར་ལོ་བདེ་མཆོག་ལ་སོགས་གསར་མའི་ཡི་དམ་རྣམས་དང་། ནང་རྒྱུད་སྡེ་གསུམ་བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་གསུམ་ཀྱང་སྤྱིར་བཏང་ཙམ་དུ། བུམ་དབང་དང་། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་དང་བཞིའོ། །ཐེག་པའི་རྩེ་མོ་ཨ་ཏི་ཡོ་ག་རུ། དབང་གི་རིམ་པ་བྱེ་བྲག་པ་ལའང་སྤྲོས་བཅས་བུམ་པའི་དབང་དང་། སྤྲོས་མེད་གསང་བའི་དབང་དང་། ཤིན་ཏུ་སྤྲོས་མེད་ཤེར་དབང་དང་། རབ་ཏུ་སྤྲོས་མེད་ཚིག་དབང་ངོ་། སྤྱིར་ན་གསང་སྔགས་རྡོ་རྗེ་ཐེག་པའི་དབང་གི་དབྱེ་བ་ལ་རྒྱས་བསྡུས་མཐའ་ཡས་པ་ཞིག་ཡོད་ཀྱང་ས་བཅད་ཀྱིས་ཟིན་པ་དང་། འཇོག་མཚམས་རྣམ་པ་བཞི་པོ་ཡིན། གཞི་བུམ་དབང་དང་། ལམ་གསང་དབང་དང་ཤེར་དབང་། འབྲས་བུ་དབང་བཞི་པ་སྟེ་རིག་པ་རྩལ་གྱིས་དབང་བཞི་རུ་གདོད་ནས་གྲུབ་པ་སྟེ། རྩ་དང་ལུས་གཙོ་བོར་གྱུར་པ་བུམ་དབང་བསྐུར་ཡུལ། རླུང་བཅུ་གསང་དབང་བསྐུར་ཡུལ། ཁམས་དཀར་དམར་གྱི་ཐིག་ལེ་ཤེར་དབང་བསྐུར་ཡུལ་གྱི་རྟེན། དབང་བཞི་པ་བསྐུར་ཡུལ་ནི། ཀུན་གཞིའི་སེམས་ཡིན་པ་སྤྱི་དང་མཚུངས་ཤིང་། དེ་དག་རྣམས་རྩོལ་སྒྲུབ་ལས་བྱུང་བ་མ་ཡིན་ཏེ། རང་ཆས་ཉིད་དེ་བཞི་པོ་མཚུངས་པར་ལྡན་དང་དེ་དག་ལྷན་ཅིག་བྱེད་པའི་རྒྱུ་ནི་རྣམ་པ་གཉིས་ལ། སྣོད་དུ་རུང་བའི་སློབ་བུ་ནི་རྒྱུའི་རྐྱེན་དང་། ལྟ་བ་ཡངས་ཤིང་དགོངས་པ་ལྡན་པའི་སློབ་དཔོན་བདག་པོའི་རྐྱེན་དང་ལྟ་སྔགས་ཏིང་འཛིན་ནུས་པའི་ཆོ་ག་མཁྱེན་པ་དམིགས་པའི་རྐྱེན། དབང་བཞིའི་རིམ་པ་གཅིག་ལ་གཅིག་བརྟེན་གྱི་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་བྱུང་བ་དེ་མ་ཐག་པའི་རྐྱེན་དང་། རྒྱུ་གཉིས་རྐྱེན་བཞི་ཚོགས་པ་ལས་དབང་བསྐུར་འགྲུབ་པའོ། །དེ་ལ་ཡང་གཉེན་པོ་དྲང་དོན་ངེས་དོན་གྱིས་སྒོ་ནས་རྣམ་པར་བཞག་པ་ནི། ལུས་ཀྱི་གཙོ་བོར་རྩ་དབུ་རྐྱང་རོ་གསུམ་ཆོས་ལོངས་སྤྲུལ་གསུམ་གྱི་མཚོན་བྱེད་དང་། གནས་ལྔའི་འཁོར་ལོ་ལྔ་པོ་རིགས་ལྔའི་མཚོན་པ་ཡིན་ཏེ། རྩའི་རྣམ་པ་ཡི་གེའི་གཟུགས་སུ་གནས་པ་ནི་ལུས་གནས་རྣམས་པ་དྲུག་ན་མ་དག་པ་འགྲོ་བ་རིགས་དྲུག་ས་བོན་དང་། དག་པར་སངས་རྒྱས་སྐུ་གསུམ་གྱི་ངོ་བོ་ཡི་གེ་འབྲུ་གསུམ་དུ་གནས་ཤིང་། དེ་ལས་ཀྱང་རོ་མ་ཐབས་ཀྱི་རྩ་གནས་ན་དབྱངས་ཡིག་དང་། རྐྱང་མ་ཤེས་རབ་ཀྱི་རྩ་གནས་ན་གསལ་བྱེད་ཀྱི་ཡི་གེ་སོགས་མང་དུ་ཡོད་པར་གསུངས་པ་བཞིན་ནོ། །དེ་ལྟར་རྩལ་རླུང་བརྟེན་པ་ནི། གྱེན་རྒྱུ་སྟེ་ཁ་དབུགས་ཀྱི་རླུང་གིས་བཟའ་བཏུང་ལེན་པར་བྱེད་པ་དང་། ཕོ་བ་ལ་མེ་མཉམ་གྱི་རླུང་གནས་ཏེ། དེས་བཟའ་བཏུང་འཇུ་བར་བྱེད་པ་དང་། བཤིང་གཅིའི་ལམ་ལ་ཐུར་སེལ་གྱི་རླུང་གནས་ཏེ་དེས་མི་གཙང་བ་འདོར་བའི་ལས་བྱེད་པ་དང་། སྲོག་རྩའི་སྙིང་ལ་སྲོག་རླུང་ངམ། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱ་བ་གནས་ཏེ། དེས་གནས་མ་འཕྱུག་བར་དུ་སྲོག་འཛིན་པ་དང་། འཕྱུག་ཚེ་ལུས་སྲོག་འབྱེད་པའི་ལས་བྱེད་པ་དང་། ཁྱབ་བྱེད་དམ་གཡོ་བྱེད་ཀྱི་རླུང་ནི། ལུས་སྤྱི་དང་ཁྱད་པར་ཡན་ལག་ཉིང་ལག་རྣམས་ལ་གནས་ཏེ་དེས་འགྲོ་སྡོད་དང་བྱ་བ་སྣ་ཚོགས་ཀྱི་ལས་བྱེད་དོ། དེ་ལས་གཞན་དུ་འབྱུང་བ་ལྔའི་རླུང་གི་སོ་སོའི་ལས་བྱེད་པ་སྟེ། དེ་ལྟར་རླུང་བཅུ་པོ་ལ་ཁམས་ཀྱི་རྣམ་པ་ཁམས་དཀར་དམར་བརྟེན་ཞིང་། ཁམས་ལ་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ། དོན་དམ་བདེ་གཤེགས་སྙིང་པོ། བརྟེན་པ་བཞི་ལ། དེ་ལས་ཀྱང་འདོད་པའི་ཁམས་ཀྱི་གང་ཟག་རང་རྒྱུད་པ་ཀུན་ལ། འདོད་ཆགས་རྣམ་པ་བཞིར་གནས་པ་སོགས་ནི། དག་བྱ་འདོད་ཆགས་བཞི་དང་། དག་བྱེད་དབང་བཞིའི་རིམ་པ་ལ་བརྟེན་ནས་འབྱུང་བར་ངེས་པ་ཡང་། དང་པོ་དག་བྱ་བལྟས་པའི་ཚིམ་པའི་འདོད་ཆགས་ནི། གཞན་འཕྲུལ་དབང་བྱེད་པ་ལ་གནས་པ་ཡིན་ཏེ། དག་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བུམ་པའི་དབང་ཡིན་ཞིང་། དབང་བསྐུར་བས་སྒྲིབ་པ་བཞི་ལས་གཙོ་བོར་ལུས་ཀྱི་སྒྲིབ་པ་འདག་ཅིང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་བརྟན་གཡོ་དང་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན་ཀྱང་གདན་གསུམ་ཚང་བ་སྟེ། ཕུང་ཁམས་གཤེགས་པ་གཤེགས་མ་དང་། དབང་ཡུལ་སེམས་དཔའ་སེམས་མ་དང་། ལུས་ཀྱི་རྣམ་ཤེས་དང་། དབང་པོ་དང་། རེག་བྱ་རེག་ཤེས་བཞི་པོ་གནས་སུ་དག་པ་སྒོ་བ་བཞི་དང་། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་བདག་ཏུ་ལྟ་བ། མཚན་མར་ལྟ་བ། བཞི་པོ་གནས་སུ་དག་པ་སྒོ་མ་བཞི་སྟེ་སྒོ་བ་ཡབ་ཡུམ་བརྒྱད་སོགས་དཀྱིལ་འཁོར་གཅིག་གི་རྣམ་རོལ་ཏུ་ཤར་བ་ཡིན་ལ། སྣང་བ་དང་། སྟོང་པ་དང་། དེ་གཉིས་ཟུང་འཇུག་སྟེ་ཀུན་བརྟགས་དང་། གཞན་དབང་། ཡོངས་གྲུབ་སྟེ། ངོ་བོ་ཉིད་གསུམ་གྱི་རང་བཞིན་ལ། དེའི་གྲུབ་པའི་མཐའ་ནི་འཁོར་བ་ཞེས་མར་མ་ཆད་མྱང་འདས་ཞེས་ཡར་མ་ཆད་པར་གཉིས་སུ་མེད་པའི་ནང་དབྱིངས་ཆེན་པོ་ལ་མཚན་མའི་རྣམ་རྟོག་གིས་གོས་པར་མི་འགྱུར་ཞིང་འདའ་ཀ་ཞེས་ནམ་ཞིག་འཆི་བའི་སྐབས་ལ་བབས་པའི་ཚེ་མ་བསྒོམ་པར་སངས་རྒྱས་པའི་གདམ་པ་རང་གི་རྣམ་ཤེས་ཀྱི་རྟེན་འོད་ཀྱི་གོང་བུར་གསལ་བ་ཧིག་གི་སྒྲས་བདེ་བ་ཅན་སོགས་དག་པའི་ཞིང་ཁམས་སུ་འཕོ་བ་ཡིན་ལ། དེའི་ཚེ་རྩའི་འགྲོས་ཐིམ་བསྐྱེད་རིམ་སྤྲུལ་པའི་སྐུ་ཞེས་པ་ནི་བུམ་དབང་གི་བྱེད་པས་ལུས་དག་པས་བསྐྱེད་ཀྱིས་རྩའི་མ་དག་པའི་འགྲོས་ཐ་མལ་དུ་འཛིན་པའི་སྒྲིབ་བྱེད་རྣམ་པར་དག་པའི་ལུས་ཤིན་ཏུ་སྦྱངས་པའི་ཡོན་ཏན་འཐོབ་ནས་རྡོས་བཅས་ལ་ཐོགས་པ་མེད་ཅིང་། ཁམས་རྣམ་པར་དག་པ་ལྡོག་པའི་ཆུ་བོ་གྱེན་དུ་ལྡོག་པ་དང་། དམར་ཆ་དབུ་མར་ཆིངས་པའི་ཉི་མ་རྟོད་ལ་གནོད་ཅིང་གཅིག་ལས་དུ་མ་དང་། དུ་མ་ནི་གཅིག་ཏུ་བྱེད་པར་ནུས་ཤིང་། སྟོང་གསུམ་ཡུངས་འབྲུར་ཚུད་པ་སྟེ། ས་དྲུག་པ་དང་གྲུབ་མཐའ་འཁོར་འདས་གཉིས་མེད་ལ་དབང་བསྒྱུར་བ་ཡིན་ཞིང་། མཐར་ཐུག་གི་འབྲས་བུ་ནི་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་སྤྲུལ་པའི་སྐུ་ལ་སྦྱོར་བ་ཡང་མཁའ་ཁྱབ་རྡོ་རྗེ་འདུས་མ་བྱས་ཞེས་པ་ལྟར་རོ། །བྷ་གའི་དཀྱིལ་འཁོར་གསང་དབང་བསྐུར་ཞེས་པ་ནི་རང་ལུས་ཐབས་ལྡན་གཏུམ་མོའི་གདམ་པ་ལ་གོམས་པར་བྱས་ནས་གཞན་ལུས་ཕྱག་རྒྱས་མན་ངག་རྣམས་ལག་ལེན་ལ་ཐེབས་དགོས་པ་སྟེ། དགོད་པས་ཚིམ་པ་ནི། འཕྲུལ་དགའི་ལྷ་ལ་ཡོད་པས། དག་བྱ་འདོད་ཆགས་དང་ངག་གི་སྒྲིབ་པ་གཉིས་ཀྱི་གཉེན་པོར། དག་བྱེད་གསང་དབང་བསྐུར་བས་ངག་གི་སྒྲིབ་པ་སྦྱངས་ཞིང་། བདག་བྱིན་གྱིས་བརློབས་པའི་ལམ་གཏུམ་མོས། གཟུང་འཛིན་རོ་རྐྱང་གི་རླུང་དབུ་མར་འཛུད་ཅིང་། རང་བྱུང་ཡེ་ཤེས་ནི་རྣམ་པར་མི་རྟོག་པ་སྟེ། གྲུབ་མཐའ་མ་རྟོག་ལོག་རྟོག་ཕྱོགས་རྟོག་གི་གྲུབ་མཐའ་མ་འདྲེས་པར་རྫོགས་པའོ། །འདའ་ཀ་མའི་དུས་དཔེའི་འོད་གསལ་ཞེས་དབང་ལས་བྱུང་བའི་ཡེ་ཤེས་ཆེན་པོའི་ངང་ལས་འཇོག་པ་ཡིན་ལ། ཡི་གེའི་འགྲོས་ཐིམ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚིག་རྣམས་རླུང་གི་བྱེད་ལས་ཀྱི་བྱུང་བ་ཡིན་པས་དེ་དག་གི་གཟུང་འཛིན་དབྱིངས་སུ་ཐིམ་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ། འབྲས་བུའི་དུས་ན་ཡན་ལག་དྲུག་ཅུར་རྫོགས་པའི་གསུང་རྡོ་རྗེའི་གོ་འཕང་ཐོབ་པ་ཡིན་ནོ། །ཕུང་ཁམས་གཤེགས་པ་གཤེགས་མའི་གདན། དབང་ཡུལ་སེམས་དཔའ་སེམས་མའི་གདན། ལུས་ཀྱི་སྒོ་བ་བཞི་དང་། རྟག་ཆད་མུ་བཞི་ཁྲོ་བོ་ཁྲོ་མོའི་གདན་དང་གསུམ་མངོན་རྟོགས་ངོམ་པའི་མཛེས་མ་ཞེས་དབང་གསུམ་པའི་རྟེན་གྱི་ཕྱག་རྒྱ་མའི་གསང་བའི་དཀྱིལ་འཁོར་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་གསང་དབང་བསྐུར་བ་ཡང་གཞུང་བཞིན་འཁྲིལ་སྦྱོར་དང་། ལག་བཅངས་ཀྱིས་ཚིམས་པ་ལྷ་དགའ་ལྡན་པའི་འདོད་ཆགས་དག་པ་དང་། ཡིད་ཀྱི་སྒྲིབ་པ་སྦྱངས་ཞིང་སྣང་མཆེད་ཐོབ་པ་གསུམ་དང་། དགའ་བ་དང་། མཆོག་དགའ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་སྐྱེས་དགའ་བ་བཞིའི་ཡེ་ཤེས་ཀྱི་ཞུ་བདེས་འགྲུབ་ཅིང་། གྲུབ་མཐའ་བདེ་སྟོང་དབྱེར་མེད་པའི་དོན་ཉམས་སུ་མྱོང་ཞིང་། འདའ་ཀ་མའི་ཚེ་དེར་སྣང་ཞེས་དམིགས་པའི་བཞག་པ་ཙམ་ཡང་མ་གྲུབ་པར་རྡོ་རྗེ་སེམས་ཞེས་འགྱུར་བ་མེད་པའི་ངོ་བོ་ཡིན་ཏེ། སྙིང་གའི་རྩ་མདུན་གྲོལ་བ་དཔེའི་ཡེ་ཤེས་ཏེ། མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་རྡོ་རྗེ་མི་ཤིགས་དངས་མའི་སྐུ་ཐོབ་པ་ཡིན་ནོ། །ཁམས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གསུམ་པ་ཤེས་རབ་ཡེ་ཤེས་ཤེར་དབང་གི་དེ་དག་ཉམས་སུ་མྱོང་བ་ཚིག་གི་མཚོན་པའི་དབང་ནི། ལྷ་མཐའ་བྲལ་མན་ཆད་འཁྱུད་སྦྱོར་གྱི་འདོད་ཆགས་དང་། སྒོ་གསུམ་གྱི་སྒྲིབ་པ་དེ་དག་ཐ་དད་འཛིན་པ་སྦྱོང་ནས། སྟོང་པའི་ཐིག་ལེ་སྟེ་རྣམ་པར་མི་རྟོག་པའི་དབྱིངས་རིག་པའི་སྙིང་པོ་ཅན་ཡིན་ལ། གྲུབ་མཐའ་ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེ། འདའ་ཀ་མའི་ཚེ་གསང་ཆེན་ཕྱག་རྒྱ་ཆེན་པོ་ལ་ཞེས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཐར་ཐུག་པ་འབྲས་བུ་མཁའ་ཁྱབ་ངོ་བོ་ཉིད་ཀྱི་སྐུ་སྒྲ་ཇི་བཞིན་པར་ཐོབ་པའོ། །སྒྲ་དང་དོན་གཉིས་ཤན་སྦྱར་ན་ཨབྷི་ཥིཉྩ་ཞེས་པའི་སྒྲ་ལས། གློ་བུར་དྲི་མ་གཏོར་བ་དང་། ཥི་ཀ་ཏས་རང་གི་སྐལ་བ་དང་མཚམས་པ་བཅུད་བླུགས་པ་རྣམ་པ་གཉིས་སུ་གྲུབ་པ་ཡིན་པ་ལ། དབང་མཆོག་རང་ལ་གནས་པ་སྟེ། མི་ལུས་རིན་པོ་ཆེ་འབྱུང་ལྔའི་ཁམས་དང་ཡིད་ཤེས་ཀྱི་ཁམས་ཏེ། དྲུག་གི་རྟེན་དང་། རྩ་ཐིག་རླུང་གསུམ་གྱི་འབྱོར་བ་ཚང་བ་ནི་ས་བོན་ནམ་རྒྱུའི་དབང་ཡིན་ཏེ། སློབ་དཔོན་ཉིད་ཀྱིས་དཀྱིལ་འཁོར་དང་ཆོ་ག་བསྐུར་བ་གཞིའི་དབང་དང་། རང་གི་བླ་མའི་རྣལ་འབྱོར་སོགས་ལ་བརྟེན་ནས་དམིགས་པ་འདྲེས་པ་ལམ་གྱི་དབང་དང་། མཚན་ཉིད་རྒྱུའི་ཐེག་པར། ས་དང་པོ་ནས་བཅུ་པའི་བར་བསྒྲོད་པས་དུས་དེར་སངས་རྒྱས་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་བཞིན་དུ། རང་སེམས་སྤྲུལ་སྐུ་དང་ལོངས་སྐུ་དང་ཆོས་སྐུ་ངོ་བོ་ཉིད་སྐུ་སྟེ། སྐུ་བཞིར་སྨིན་པ་འབྲས་བུའི་དབང་རྫོགས་པ་ཡིན་ཕྱིར་དབང་བཞི་རྫོགས་པའི་ཚེ་རིག་འཛིན་སྔགས་ཀྱི་སྡོམ་པ་ཐོབ་པ་ཡིན་ལ། དེ་ལྟར་དབང་བཞི་རྣལ་མ་ཐོབ་པའི་སྐྱེས་བུ་དེ་ནི་ཞིང་ས་ཐ་རེངས་སུ་གྱུར་པའི་སྐྱོན་ཐབས་ལ་མཁས་པའི་རླན་གྱིས་སྦྱངས་པའི། ཞིང་སར་ས་བོན་བཟང་པོ་བཞག་པ་ཇི་བཞིནདུ་གྱུར་ནས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་སྟེ། བཞི་པོ་དག་ཅིང་། སྐུ་བཞི་མངོན་དུ་བྱེད་པ་ཡིན་ནོ། ༈ གཉིས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་སུ་གསུངས་པ་ལས། དང་པོ་བསྐྱེད་རིམ་ལ། སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཕྱིར་དེ་དང་མཐུན་པར་བསྐྱེད་རིམ་ཡང་སྟོན་པ་སྟེ། བསྐྱེད་པའི་ཚུལ་ནི། འཁོར་བའི་རྣམ་པ་དང་མཐུན་པའི་བསྐྱེད་རིམ་ལ་བསླབས་ཤིང་གོམས་པས་སྲིད་པ་གསུམ་པོ་མ་ལུས་པའི་བག་ཆགས་སྦྱོང་ཞིང་དག་ནས། མྱ་ངན་ལས་འདས་པའི་རྣམ་པ་དང་བཞུགས་ཚུལ་མཐུན་པའི་ལྷའི་རྣམ་པ་འབྲས་བུ་གཞི་ལ་རྫོགས་ཤིང་། གཉིས་ཀའང་རྫོགས་པའི་རིམ་པའི་སྨིན་བྱེད་དུ་འགྲོ་བའི་དག་རྫོགས་སྨིན་གསུམ་སྤྱི་ལ་གཅེས་པ་ཡིན་ལ། དེ་ལ་ཡང་ཇི་ལྟར་ན་སྒོང་སྐྱེས་ཀྱི་རིགས་རྣམས་ལན་གཉིས་སྐྱེ་བ་ལྟར། བདག་སྲས་དང་གཞན་སྲས་རྣམ་པ་གཉིས་སུ་བསྐྱེད་པར་བྱ་བ་སྟེ། བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ་སྟེ། ས་བོན་ལས་ནི་གཙོ་བོར་གང་ཡིན་པ་བསྐྱེད་པ་དང་། ཕྱོགས་བཅུའི་སངས་རྒྱས་རྣམས་བཀུག་ནས་ཡུམ་གྱི་མཁར་བ་སྟིམ་པ་དང་། དེ་བཞིན་སེམས་ཅན་རྣམས་ཀྱང་སྔར་བཞིན་བཀུགས་ནས་ཡུམ་མཁར་བསྟིམ་སྒྲིབ་པ་སྦྱང་བ་དང་བཅས་རྫོགས་པས་སྲིད་ཞི་གཉིས་སུ་མེད་པའི་བདག་ཉིད་ངའོ་སྙམ་པས་ཆེ་བ་བསྐྱེད་པ་དང་མཐར་ཡུམ་མཁའ་ནས་བཏོན་ནས་སོ་སོའི་གདན་ལ་འགོད་པའོ། །གཞན་གྱི་སྲས་སུ་བདག་བྱ་བ་ལ་ཡང་བརྒྱད་དེ། བྱ་རྣམས་དང་པོ་སྒོ་ང་སྨིན་པ་དང་། གདོད་བྱ་གཟུགས་སུ་སྨིན་པ་ལ་དེར་གྱུར་པ་བཞིན་དུ། གཙོ་བོ་འོད་དུ་ཞུ་ནས་ལྷ་གང་ཡིན་པ་དེའི་ཐུགས་སྲོག་ས་བོན་དུ་གྱུར་པ་དང་། དེ་ལས་ཡབ་ཡུམ་གཉིས་ཀའི་སྐྱེ་མཆེད་རྣམས་ཚང་བར་རྫོགས་པ་དང་། དེ་ཡང་ཡབ་ཀྱི་ཀུན་ཏུ་རྟོག་པ་རྣམ་པར་དག་པའི་ངོ་བོ་རིགས་ལྔ་ཡབ་ཡུམ་གྱིི་ས་བོན་དང་། སེམས་དཔའ་ལྕམ་དྲལ་ཐུབ་དྲུག་ཡབ་ཡུམ་བརྒྱད་ལ་སོགས་ཞི་བ་བཞི་བཅུ་དང་། འབར་བ་ཁྲག་འཐུང་ལྔ་བཅུ་སོགས་རིམ་གྱི་སྤྲོས་དགོས་པའི་རྟོགས་ཚོགས་ཡི་གེར་གྱུར་པ་སླར་ལྷར་བསྒྱུར་བར་བྱེད་པ་དང་། ཡུམ་ལས་འོད་འཕྲོས་སྲས་བསྐྱེད་པའི་ཕྱིར་ལྷ་ལ་གསོལ་བ་གདབ་པ་དང་། དབྱིངས་ཀྱི་ལྷ་རྣམས་ཀུན་ཀྱང་རང་ལ་བསྟིམ་ཞིང་། ལྷ་ཐམས་ཅད་ཀྱི་བདག་ཉིད་ངའོ་སྙམ་པས་ང་རྒྱལ་བཟུང་བ་དང་། བདག་ཉིད་ཡབ་ཡུམ་སྙོམས་པར་ཞུགས་ནས་ཡུམ་གྱི་མཁའ་རུ་དཀྱིལ་འཁོར་བསྐྱེད་པ་དང་། རྟོག་པ་ཞེ་གཉིས་ནི་སེམས་བྱུང་ལྔ་བཅུའི་རྟོགས་ཚོགས་རགས་རིམ་ཙམ་བཞིན། དེ་དག་ལྷར་གསལ་བ་མངལ་འབྱིན་ཚུལ་གྱི་ཕྱིར་འདོན་པ་དང་། དེ་རྣམས་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས་ཤིང་། ཞགས་པའི་གདན་ལ་བཞུགས་པ་དང་། ལྕགས་སྒྲོགས་ཀྱིི་དམ་ཡེ་དབྱེར་མེད་དུ་བརྟན་པར་གནས་པ་དང་། དྲིལ་བུས་ཐམས་ཅད་དགྱེས་པ་ཆེན་པོའི་ངང་ནས་བཞུགས་པར་བསམ་པ་སོགས་ཕྱག་རྒྱ་བཞིས་བཅིངས་དང་རྒྱས་གདབ་པའོ། །ཆོ་ག་བསྡུས་པའི་ལུགས་ལྟར་ན། ཐོག་མར་རང་ཉིད་བསྒྲུབ་བྱའི་ལྷ་གང་ཡིན་པ་དེའི་སྐུར་གསལ་བའི་མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་ལྷ་གསལ་གདབ་པ་དང་། རང་གི་ཐུགས་ཀ་ནས་དཀྱིལ་འཁོར་སྤྲོས་པ་དང་དབྱིངས་ནས་སྤྱན་དྲངས་ཤིང་། མདུན་མཁར་བཞུགས་པར་དམིགས་པ་དང་། གསུམ་དུ་ཡོད་པ་དཀྱུས་ལྟར། གསལ་བཏབ་ནས་རྒྱུན་བཤགས་ཡན་ལག་བདུན་པ་དང་། བརྒྱད་པ་སོགས་བྱ་ཞིང་། བདག་དང་ཚོགས་ཞིང་གཉིས་ཀ་མི་དམིགས་པའི་ངང་ལས། ལྷ་སོ་སོའི་དཀྱིལ་འཁོར་དང་མངོན་རྟོགས་ཇི་བཞིན་པར་བསྒོམ་པའོ། །འཁོར་བའི་མངལ་སྐྱེས་ཀྱི་བག་ཆགས་སྦྱང་ཕྱིར་མངོན་པར་བྱང་ཆུབ་པ་བཞིའམ་ལྔ་ར་དབྱེ་བ་ཡང་། དང་པོ་ཁྲག་འཐུང་ཧེ་རུ་ཀ་གལ་པོའི་དགོངས་པ་སྟེ། འཆི་སྲིད་དང་བར་དོར་རྣམ་ཤེས་བཅས་པ་ནི་སྟོང་ཉིད་སེམས་ཀྱི་རང་བཞིན་ཡིན་ལ། དྲི་ཟ་ཉེ་བར་ལེན་པ་ནི། སྲིད་པ་བར་དོའི་སྐབས་ཡིན་པས་དེ་རྣམས་ནི་ལྷའི་ས་བོན་ཧཱུཾ་ལ་སོགས་པ་བསྒོམ་པའི་ནུས་སྟོབས་ཀྱིས་སྦྱོང་ཞིང་། དེ་ཉིད་ཀྱང་ཁུ་རྡུལ་རླུང་དང་འདྲེས་པའི་མེར་མེར་པོ་དང་། ནུར་ནུར་པོ་རྣམས་ས་བོན་ཉིད་ལས་ཐུགས་ཕྱག་མཚན་དུ་གྱུར་པས་སྦྱོང་ཞིང་། ལྟར་ལྟར་པོ་དང་མཁྲང་གྱུར་པོ་གཉིས་ཕྱག་མཚན་འོད་གོང་དུ་གྱུར་པས་སྦྱོང་ཞིང་། ཁྱབ་མཇུག་ཉ་དང་རུས་སྦལ་དབང་པོ་རྫོགས་པ་སོགས་ལྷའི་རྣམ་པར་གྱུར་ནས་སྦྱོང་བའོ། །ལྷ་གང་ཡིན་པ་དེའི་ ཕྱག་རྒྱ་སྐུའི་རང་བཞིན་ལ། ས་བོན་ཡིག་འབྲུ་ནི་གསུང་རྡོ་རྗེ། ཐུགས་ནི་ཡེ་ཤེས་ཀྱི་ཕྱག་མཚན་གྱི་རྣམ་པ་ཉིད་དུ་སྦྱོར་བ་ལ་རྡོ་རྗེའི་ཆོ་ག་གསུམ་ཞེས་ཕ་རྒྱུད་བླ་ན་མེད་པའི་ལུགས་ཡིན་ལ། སྲིད་པ་བར་མ་དོ་ནས་ལུས་འཚོལ་བ་ལ་ཞུགས་པས་ཚོགས་ཀྱི་ལམ་དང་། མངལ་དུ་རྣམ་ཤེས་འཇུག་པ་སྦྱོར་ལམ་སྟེ། ལྷུམས་ཞུགས་བྱང་ཆུབ་སེམས་ལྔ་པོ་མཐོང་སྒོམ་དང་། ཞེས་མངོན་བྱང་དང་པོ་གཉིས་ཀྱིས་ཕ་མའི་ཁུ་ཁྲག་འཚོགས་པ། གསུམ་པའི་དྲི་ཟའི་རྣམ་ཤེས་ཞུགས་པ། བཞི་པས་ཁུ་རྡུལ་རྣམ་ཤེས་གསུམ་འདྲེས་ནས་འགྱུར་བའི་གནས་ཉམས་སུ་མྱོང་བ། ལྔ་པས་མངལ་གྱི་གནས་སྐབས་རྫོགས་པ་སྟེ། ཟླ་བ་བཅུ་ནི་ས་དང་རབ་ཏུ་སྦྱར་ནས་བཙའ་བས་གནས་སྐབས་ནི། མི་སློབ་པའི་ལམ་དུ་གྱུར་ནས་སྤྲུལ་སྐུའོ། །དེ་ལ་ཡང་མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར་ནི། མངལ་སྐྱེས་ཀྱི་ཁུ་བ་དང་། དྲོད་གཤེར་སྐྱེས་ཀྱི་གཤེར་བའི་ཆ། སྒོང་སྐྱེས་ཀྱི་ཕ་དང་། རྫུས་སྐྱེས་ཀྱི་སྟོང་པའི་ཆ་རྣམས་ཡིན་ལ། དེ་བཞིན་མངོན་བྱང་གཉིས་པ་ཉི་མའི་དཀྱིལ་འཁོར་ཡང་། མངལ་སྐྱེས་ཀྱི་རྡུལ་དང་། དྲོད་གཤེར་སྐྱེས་ཀྱི་དྲོད། སྒོང་སྐྱེས་མ་དང་། རྫུས་སྐྱེས་ཀྱི་གསལ་བའི་ཆ་རྣམས་སོ། །མངོན་བྱང་གསུམ་པ་ས་བོན་ཕྱག་མཚན་དང་བཅས་པས་ཁུ་རྡུལ་གཉིས་ཀྱི་བར་དུ་རྣམ་ཤེས་ཞུགས་པ་དང་། སྐྱེ་གནས་བཞི་པོའི་བར་དོའི་རྣམ་ཤེས་སྦྱོང་བ་ཡིན་ལ། མངོན་བྱང་བཞི་པ་རྣམ་གསུམ་གཅིག་ཏུ་འདྲེས་པ་ནི། ཁུ་རྡུལ་གཉིས་དང་སེམས་གསུམ་རོ་གཅིག་ཏུ་འདྲེས་པ་དང་། དྲེད་གཤེར་སྐྱེས་ཀྱི་དྲོད་དང་རྣམ་པར་ཤེས་པ་དང་། རྫུས་སྐྱེས་ཀྱི་གསལ་ལ་སྟོང་པའི་ཆ་ཙམ་དང་། བར་དོའི་སྲིད་པ་འདྲེས་པའི་ཆ་རྣམས་སྦྱོང་བ་ཡིན་ལ། མངོན་བྱང་ལྔ་པ་སྐུ་རུ་གྲུབ་པ་ནི་ཞེས་སྐུ་ཡོངས་རྫོགས་སུ་གྱུར་པས། སྐྱེ་གནས་བཞི་པོའི་སྐྱེ་མཆེད་རྣམས་ཡོངས་སུ་རྫོགས་ནས། བཙའ་བའི་དུས་རིག་པའི་ཡུལ་ལ་ཞེས་དབང་པོའི་སྒོ་ལྔར་རྣམ་ཤེས་སད་པའམ། ཤར་བའི་འཁོར་བའི་རྣམ་པ་ཆ་དང་བཅས་པ་སྦྱོང་ཞིང་། ཁམས་ལྔ་དང་ཕུང་པོ་ལྔ་དང་རྣམ་པར་ཤེས་པའི་ཆོགས་རྣམས་གནས་སུ་དག་པ་ནི་གདན་གསུམ་ཚང་བའི་ལྷ་སྟེ། མྱ་ངན་ལས་འདས་པ་སངས་རྒྱས་དང་བཞུགས་ཚུལ་མཐུན་པ་ནི་རྒྱུའི་ཧེ་རུ་ཀ་ལས་འབྲས་བུའི་ཧེ་རུ་ཀར་གནས་གྱུར་བའོ། །ཁུ་རྡུལ་རླུང་གསུམ་སེམས་དང་བཅས་པའི་ཆ་མ་ལུས་པ་རྣམ་པར་དག་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་ཡིན་ནོ། །དྲོད་གཤེར་སྐྱེས་ནི་གཉིས་པོ་འདུས་པ་ལ་བར་དོའི་རྣམ་ཤེས་ཞུགས་པས་མོད་ལ་གཟུགས་གྲུབ་པ་བཞིན་དུ་ལྷ་སྔགས་མཚན་བརྗོད་པ་དང་། མངོན་རྟོགས་ཡིད་ལ་དྲན་པ་ཙམ་ལ་ཕྱག་རྒྱ་སྟེ། ལྷའི་སྐུ་ཡོངས་སུ་རྫོགས་པའི་བསྐྱེད་རིམ་ཚང་བར་བསྒོམ་པའོ། །རྫུས་ཏེ་སྐྱེ་བ་ནི་རྒྱུ་རྐྱེན་ལ་མ་ལྟོས་པར་སྐད་གཅིག་དྲན་རྫོགས་སུ་བསྒོམ་པ་སྟེ། མིང་དང་གཟུགས་ལ་མ་བརྟེན་པར་སྐད་ཅིག་ལ་ཝལ་གྱིས་གསལ་བའོ། །བསྒོམ་ཚུལ་བཞི་པོ་དེ་ཡང་དང་པོའི་ལས་ཅན་ལ་ཞེས་པ་ནི། བསྐྱེད་རྫོགས་ལ་བློ་མ་སྦྱང་པ་རྣམས་ཀྱིས་སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་གཙོ་བོར་བསྒོམ་ཞིང་རིམ་པ་བཞིན་དུ་གོམས་པ་བརྟན་པ་ཆེ་ཞིང་། ཤིན་ཏུ་བརྟན་པའི་རིགས་ཅན་དག་ལ་དེ་དང་དེའི་མཐུ་དང་མཐུན་པར་སློབ་དགོས་པ་ཡིན་ལ། དེ་དག་ཀུན་ཀྱང་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཞེས་པ་སྤྲོས་པ་ཀུན་དང་བྲལ་བའི་ཤེས་རབ་བརྗོད་པ་དང་བྲལ་བ་ཡིན་ལ། ཀུན་སྣང་གི་ཏིང་ངེ་འཛིན་ནི་གོང་གི་ཏིང་ངེ་འཛིན་གྱི་རྩལ་ལས་སྙིང་རྗེས་འཕེན་པ་བསྐྱེད་རིམ་དུ་ཤར་བ་ཐབས་ཀྱི་ལམ་མཆོག་མ་ནོར་བ་ཡིན་ཞིང་། སྣང་བའི་དུས་ཉིད་ནས་ངོ་བོས་སྟོང་ཞིང་རང་བཞིན་མ་གྲུབ་པ། ཟབ་མོ་སྣང་སྟོང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ལམ་མཆོག་ཏུ་གྱུར་པ་ཡིན་ལ། དེ་ལས་འགལ་བའི་དམིགས་པ་དང་བཅས་པའི་བསྐྱེད་རིམ་ནི། མུ་སྟེགས་དང་། གདོན་གྱི་རིགས་ཕལ་མོ་ཆེ་ལའང་ཡོད་པ་མཐོང་ཐོས་སུ་གྱུར་པ་བཞིན་ནོ། །སྔགས་སུ་བྱང་ཆུབ་སེམས་དཔའི་མཐོང་ལམ་སྟེ། ས་དང་པོ་རབ་ཏུ་དགའ་བ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས། སྤྲོས་བྲལ་དེ་བཞིན་ཉིད་ཀྱི་བདེན་པ་མངོན་སུམ་མཐོང་བ་སྟེ། ཤིན་ཏུ་གྲགས་པ་མངོན་དུ་བྱེད་པའི་ཐབས་ཀྱི་མཆོག་ཏུ་གྱུར་པ་སྣང་ཆ་ལྷ་སྐུར་གསལ་བ་རྒྱུ་བསོད་ནམས་ཀྱི་ཚོགས་དང་། དེ་ལ་རང་བཞིན་མ་གྲུབ་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གཉིས་ཉེ་རྒྱུར་བསྟེན་པའི་དབང་རྣོན་དག་དང་། བྱང་ཆུབ་སེམས་དཔའ་ལམ་ལྔར་འབྲེལ་པ་རྡོ་རྗེ་ཐེག་པའི་ལུགས་ཀྱི་རིག་འཛིན་རྣམ་པ་བཞིའི་ཐེམ་སྐས་ཉིད་ལ་འཛེགས་ནས་ངེས་པ་ལྔ་ལྡན་སོགས་སྐུ་ལྔའི་ཞིང་དུ་མིག་འཕྲུལ་ལྟ་བུར་འགྲོ་བའོ། །གཉིས་པ་རྫོགས་པའི་རིམ་པ་ཉིད་ལའང་གཉིས་ཏེ། ཕ་རྒྱུད་རྣམས་ལས་འབྱུང་བ་ལྔའི་རླུང་། རྣམ་པར་དག་པའི་གསལ་སྟོང་ཡེ་ཤེས་བསྐྱེད་ཅེས། དཔལ་གསང་བ་འདུས་པ་དང་། གཤིན་རྗེ་གཤེད་ལ་སོགས་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ལ་འབྱུང་བ་ལྔས་རླུང་ལ་གནད་དུ་བསྣུན་པའི་ཟབ་གསལ་ལམ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གཙོ་བོར་དམིགས་ནས་དངོས་གྲུབ་རྣམ་པ་གཉིས་བསྒྲུབ་པ་ཡིན་ལ། མ་རྒྱུད་ཡང་ཕུར་དང་། ཀུན་འདུས་རིག་པ་དང་། འཁོར་ལོ་སྡོམ་པ་དང་། དགྱེས་རྡོར་ལ་སོགས་རྗེས་སུ་རྣལ་འབྱོར་རྣམས་ལས་ནི་ཁམས་ལ་ཞུ་བདེའི་ཡེ་ཤེས་བསྐྱེད་ཕྱིར། རང་ལུས་ཐབས་ལྡན་དང་ཞེས་པས། རྩ་རླུང་ལ་གནད་དུ་བསྣུན་པ་དང་། གཞན་ལས་ལ་བརྟེན་ནས་དགའ་བ་བཞིའི་ཡེ་ཤེས་བསྐྱེད་ཅེས་པ་ནི། གཞན་ལུས་ལ་བརྟེན་ནས་དགའ་བ་བཞིའི་ཡེ་ཤེས་ཀྱི་ཞུ་བདེ་འདྲེས་པས་བདེ་སྟོང་རྣམ་པར་མི་རྟོག་པའི་རྫོགས་རིམ་གཙོ་ཆེ་ཡིན་ནོ། །གཉིས་སུ་མེད་པའི་རྒྱུད་ལས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་དང་། དུས་ཀྱི་འཁོར་ལོ་དང་། སངས་རྒྱས་མཉམ་སྦྱོར་ལ་སོགས་པ་ལས་ནི། རྩ་ཐིག་རླུང་གསུམ་གྱི་ཞུ་བདེས་དྲངས་པས་གསལ་བ་དང་། མི་རྟོག་པ་དང་། བསམ་གྱིས་མི་ཁྱབ་པའི་གཅིག་དང་དུ་བྲལ་གྱི་ཡེ་ཤེས་ཐིག་ལེ་ཆེན་པོའི་འོད་གསལ་གཙོ་བོར་བྱེད་པ་ལས། སྔ་མ་གཉིས་ནི་བསྐྱེད་རིམ་དང་སྣང་བཅས་དམིགས་པའི་ལམ་དང་། ཕྱི་མ་གཅིག་ནི་སྣང་མེད་འོད་གསལ་གྱི་ལམ་ཡིན་ཏེ། དང་པོའི་ཕྱོགས་ལ་གནས་པ་རྩ་དང་རླུང་ནི་ཞེས་པས་སྤྱིར་རྡོ་རྗེའི་ལུས་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པར་བཤད་ཅིང་། གཡོ་བ་རླུང་ལ་གྱེན་རྒྱུ་དང། ཐུར་སེལ་དང་། མེ་མཉམ། སྲོག་འཛིན། ཁྱབ་བྱེད་དང་འབྱུང་བ་ལྔའི་རླུང་ཡང་ཡོད་པའོ། །བཀོད་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཐབས་ཕ་ལས་བྱུང་བའི་དཀར་ཆ་དང་། ཤེས་རབ་མ་ལ་ས་བྱུང་བའི་དམར་ཆ་གཉིས། རྩ་གནས་ཀུན་ཏུ་རྒྱུ་ཞིང་སྤྲོ་བསྡུ་བྱེད་པའོ། །དེ་ལྟར་གསུམ་དུ་གནས་པ་ནི་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཡིན་ལ། དེ་ཡང་དང་པོ་མའི་མངལ་གནས་འཛིན་པའི་ཐོག་མ་རུ། དབང་པོ་དངས་མ་མིག་གཉིས་དང་ནི་ལྟེ་བའི་རྩ་མདུད་ཆགས་པ་ཡིན་ལ། དེ་ལས་ལུས་བསྐྱེད་བྱེད་དངས་མར་གྱུར་བའི་རྩ་གསུམ་ཀ་བ་ལྟ་བུར་གནས་པའི་ནང་ན། ཕྱི་རུ་ལུས་ངག་ཡིད་གསུམ། ནང་དུ་ཉོན་མོངས་དུག་གསུམ། གསང་བ་སྐུ་གསུང་ཐུགས་གསུམ་ཀྱི་རྟེན་བྱེད་པའི་ཡི་གེ་གསུམ་དུ་གནས་པ་དང་། དབུ་མའི་ཡས་མར་གྱིས་སྣ་གཉིས་ཀྱི་གོང་མ་ཚངས་པའི་སྒོ་སྤྱི་བོ་དང་གསང་གནས་གཉིས་སུ་ཟུག་པ་དང་གཡས་གཡོན་ན་རོ་མ་རྐྱང་མ་གཉིས་དཀར་བ་དང་དམར་བ་ཉིད་དེ། བུད་མེད་ཉིད་ལ་རྩ་གཉིས་གོ་ལྡོག་པས་རྐྱང་མ་གཡས་དང་རོ་མ་གཡོན་ན་ཡོད་ཅིང་། དབུ་མ་སྔོ་སྐྱར་རོ་རྐྱང་གཉིས་པོས་ལུ་གུ་རྒྱུད་དུ་མདུད་པ་ཉི་ཤུ་རྩ་གཅིག་བྱས་ཡོད་པ་ལ། རིམ་པ་བཞིན་དུ་སྐུ་གསུང་ཐུགས་གསུམ། སྐུ་བཞི་འམ། སྐུ་ལྔ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲངས་ཀྱི་འཁོར་ལོའི་རྩ་འདབ་རྣམས། ཕྲི་ཞེས་འཁོར་ལོ་ཉུང་སྐབས་དང་། བསྣན་པ་མང་སྐབས་ལྟར་གྱུར་པ་སྦྱང་གཞི་བདེ་གཤེགས་སྙིང་པོའི་རང་བཞིན་ལ། སྦྱོང་བྱེད་བསྐྱེད་རྫོགས་རྣམ་གཉིས་ཀྱི་ཚུལ་དུ་ཡོད་པས། ལྟེ་བར་དྲུག་ཅུ་རྩ་བཞི་དང་། མགྲིན་པ་ལ་བརྒྱད་ཚན་གཉིས། སྙིང་ཁར་རྩ་འདབ་བརྒྱད་དང་། སྤྱི་བོར་སུམ་ཅུ་རྩ་གཉིས། བདེ་སྐྱོང་འཁོར་ལོ་ན་བདུན་ཅུ་རྩ་གཉིས་དང་། དེ་བཞིན་དུ་གཙུག་ཏོར་ལ་ནམ་མཁའི་ཁམས་ཀྱི་འཁོར་ལོ་ཞེས་སུ་གྲགས་པའོ། །འཁོར་ལོ་རེ་དང་དེ་དག་སོ་སོའི་བར་མཚམས་རྣམས་སུ་འཕོ་བ་བཅུ་གཉིས་ཀྱི་རླུང་གི་དུས་སྦྱོར་གྱི་ཚུལ་དང་། དེ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་ཚུལ་དུ་གནས་ཤིང་། ཁམས་ལ་ཕྱིར་འཕོ་བ་སྤངས་བའི་ཐིག་ལེ་ལུགས་ལྡོག་གི་འགྲོས་ཀྱིས་གསང་གནས་ཡེ་ཤེས་ཀྱི་འཁོར་ལོར་ཕྱིན་པ་དང་། རླུང་གི་འཕོ་བ་གཅིག་དང་། རྟེན་འབྲེལ་བཅུ་གཉིས་ལས་གཅིག་འགགས་ནས། དང་པོའི་ས་ཞེས་རབ་ཏུ་དགའ་བའི་རྟོགས་པ་འཆར་ལ། རིམ་པ་བཞིན་དུ་གཙུག་ཏོར་ནམ་མཁའི་ཁམས་ཀྱིས་འཁོར་ལོའི་བར་གྱི་རླུང་དང་། རྟེན་འབྲེལ་རེ་རེའི་ཆ་ལྡོག་པས་ས་བཅུ་གཉིས་པོ་རབ་ཏུ་རྫོགས་པའི་མཐར། ཐིག་ལེ་གཙུག་ཏོར་ནམ་མཁའི་འཁོར་ལོ་ལ་སླེབས་ཤིང་དེའི་ཁམས་དང་འདྲེས་པའི་ཚེ། མངོན་པར་འཚང་རྒྱ་བའི་དང་པོ་རབ་ཏུ་སངས་རྒྱས་དུས་ཀྱི་འཁོར་ལོའི་ལུགས་ཡིན་ལ། དེ་དང་རྣམ་གྲངས་མཐུན་པའི་རྩ་འདབ་རྣམས་ལ་སྦྱང་གཞིར་གནས་པའི་རིགས་དྲུག་གི་ས་བོན་རྣམས་ནི། སྦྱོང་བྱེད་རིག་པའི་སྐྱེས་བུ་ཐུབ་པ་དྲུག་རྣམས་དང་། ཕ་རོལ་དུ་ཕྱིན་པ་དྲུག་གི་སྦྱང་བ་ལས། ཐ་དད་པའི་ཡེ་ཤེས་རྣམ་པ་ལྔ་ནི། ཆོས་དབྱིངས། མེ་ལོང་། མཉམ་ཉིད། སོར་རྟོགས། བྱ་གྲུབ་དང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཅིག་དང་དྲུག་འཐོབ་པའོ། །དེ་བཞིན་དུ་སྙིང་ཁ་ཞི་བའི་འཁོར་ལོ་དང་། སྤྱི་གཙུག་ན་ཁྲོ་བོའི་འཁོར་ལོ་རྣམ་པ་གཉིས་སུ་ཡོད་པ་ལ་ལྷ་ཞི་ཁྲོ་གཉིས་དང་རྣམ་གྲངས་མཉམ་པའི་རྩ་འདབ་དང། ཐབས་བདེ་བ་ཆེན་པོ་དང་། གྲོལ་ལམ་སྟོང་པ་ཉིད་དེ། སྟེང་འོག་ལམ་གྱི་སྒོ་གཉིས་སུ་འདོད་པ་ནི། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བའི་ལུགས་སོ། །གཡོ་བ་རླུང་ལའང་འབྱུང་བ་ཆེ་ཆུང་གཉིས་ཏེ། ཆེ་བ་ཉིན་ཞག་ཕྲག་གཅིག་དག་ལ་ནི་ཉི་ཁྲི་དང་། ཆིག་སྟོང་དྲུག་བརྒྱའི་གྲངས་སུ་འགྱུར་ཞིང་ཆུང་བ་ཡང་ཀུན་རྟོག་བརྒྱད་ཁྲི་དང་བཞི་སྟོང་གི་གྲངས་དང་མཉམ་པའི་བཞོན་པ་ལྟ་བུར་གནས་ཤིང་། རྩ་བའི་རླུང་ནི་སྲོག་འཛིན་དང་། མེ་མཉམ་དང་ཁྱབ་བྱེད། གྱེན་རྒྱུ་ཐུར་སེལ་དང་ལྔར་གནས་པའི། བྱེད་ལས་ནི་རིམ་བཞིན། སྲོག་བརྟེན་པ་དང་། མེ་དྲོད་བསྐྱེད་པ་དང་། ལུས་ཉམས་བརྟས་པ་དང་། དབུགས་ཀྱི་འགྲོ་འོང་དང་། འགྲོ་འདུག་དང་། བཤང་གཅི་འཕེན་པའི་བྱ་བ་བྱེད་ཅིང་། དེའང་ཕོ་རླུང་གྱེན་རྒྱུ་སྟོད་ན་གནས་ཤིང་། མོ་རླུང་ཐུར་སེལ་སྨད་དང་། མ་ནིང་གི་རླུང་མཉམ་པར་གནས་པ་དང་། ནང་གི་རླུང་ནི་འབྱུང་ལྔའི་ཁ་དོག་ཅན་ཕུང་པོ་ཁམས་དང་སྐྱེ་མཆེད་གནས་པའི་རྟེན་ཡིན་ལ། མ་དག་པ་དུག་ལྔ་དང་། དག་པ་ཡེ་ཤེས་རྣམ་པ་ལྔ་བཅས། རྒྱུ་དང་འབྲས་བུ་ལྟ་བུར་མཆེད་པའི་རྟེན་བྱེད་དོ། །ཁྱད་པར་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་དངས་མའི་རླུང་ལྔ་པོ་དྷུ་ཏིར་ཏེ། དབུ་མར་ཆུད་པར་གྱུར་ན། ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་ཏིང་ངེ་འཛིན་དང་ཡོན་ཏན་དང་རྫུ་འཕྲུལ་རྣམས་འགྲུབ་པའོ། །གསང་བའི་རླུང་ནི་ཡེ་ཤེས་རྣམ་པ་ལྔ་ཡིན་ཏེ། རགས་པས་ཆོས་ཀུན་རྫོབ་དང་རྣམ་པར་འགལ་བ་ཡིན་ནོ། །གསུམ་པ་རྩ་ལ་རླུང་། རླུང་ལ་བཀོད་པ་བྱང་ཆུབ་སེམས་ཀྱི་ཁམས་བརྟེན་པ་ཡིན་ཏེ། གཡས་པ་རོ་མ་ལས་ནི་ཟླ་བའི་བདུད་རྩི་དང་། གཡོན་པ་རྐྱང་མ་ལས་ནི་ཉི་མའི་རྡུལ་འབབ་ཅིང་། ཕོའི་རྐྱང་མ་དང་མོའི་རོ་མའི་སྣ་གཉིས་མདུད་པར་གྱུར་པའི་ཁམས་དཀར་དམར་གཉིས་འཛག་པ་བསྲུང་ཞིང་། དེ་བས་གཞན་དུ་རོ་རྐྱང་གཉིས་པོ་ལས་མཆེད་པའི་རྩ་མདུད་ཀུན་ན་དངས་མ་དཀར་དམར་གཉིས། དཔའ་བོ་དང་ནི་རྣམ་འབྱོར་མའི་ཚུལ་དུ་འཁྲིལ་ཞིང་སྦྱོར་བས་བདེ་སྟོང་མཆོད་པ་ལེན་ཞིང་། མདོར་ན་གནས་པ་རྩ་ནི་ཆུ་འདྲེན་པའི་ཡུར་བ་འདྲ་ཞིང་། གཡོ་བ་རླུང་ནི་ཡུར་བར་ཆུ་འཁྲིད་པའི་འགྲོ་འོང་བྱེད་པའི་ཁ་ལོ་བ་ལྟ་བུ་ལ་ཁམས་ཆུ་བྱང་ཆུབ་སེམས་ནི་ཆུ་དང་འདྲ་ཞིང་གང་དུ་ཁྲིད་སར་འདུ་བ་ཡིན་ལ། འཁོར་ལོ་དྲུག་ཏུ་བརྩེགས་པའི་སྒྲ་གཅན་གྱི་དབྱིངས་སུ། སྲོག་སྟེ་རོ་མ་དང་རྩོལ་བ་ནི་རྐྱང་མ་ཡིན་ལ། དེ་གཉིས་ཀྱི་ཤིང་རྟས་དྲངས་པ་ལས། དབུ་མ་ལ་རོ་རྐྱང་གཉིས་ཀའི་མདུད་པ་གཉིས་གཉིས་གྲོལ་བ་དང་། རླུང་དང་ཁམས་ཀྱི་དངས་མ་རྣམ་པ་གཉིས་རེ་སྒྲ་གཅན་སྟེ་དབུ་མའི་ལྟོ་བར་ཞུགས་པས་དང་པོས་ས་ནས་བཟུང་ཞེས་རབ་ཏུ་དགའ་བའི་ས་ནས་ས་རྣམ་རིམ་གྱིས་བགྲོད་བཞིན། ས་བཅུ་པར་སླེབས་ཚེ་དེའི་ཡོན་ཏན་གོང་དུ་འཕེལ་ནས་གཙུག་ཏོར་གྱི་བར་དུ་འགྲོ་བའོ། ཁྱད་པར་དུ་ཞི་ཁྲོ་སྒྱུ་འཕྲུལ་དྲ་བ་གསང་ཐིག་གི་ལུགས་ལྟར་ན། ཕྱི་སྣོད་འཇིག་རྟེན་དང་། ནང་བཅུད་སེམས་ཅན་གྱི་དཔལ་དང་ཡོན་ཏན་རང་ལ་རྫོགས་པ་ཕུང་པོའི་གྲོང་ཁྱེར་ན། འདས་པ་དང་། མ་འོངས་པ་དང་། ད་ལྟ་བ་སྟེ་དུས་གསུམ་གང་དུའང་ལུང་དུ་མ་བསྟན་པ་བདེ་གཤེགས་སྙིང་པོ་སྟེ། སྔགས་ཀྱི་ལྟ་བསྒོམ་སྤྱོད་གསུམ་ཚུལ་བཞིན་ཉམས་སུ་བླང་བ་མཐའ་དག་མངོན་འཚང་རྒྱ་བ་རྡོ་རྗེའི་གདན་ཞེས། སྙིང་ཁ་དཔལ་གྱི་བེའུའི་ཁོང་སེང་ན་རྩའི་དངས་མ་བརྒྱད་དུ་གནས་པ་ལས། འདི་ལྟར་དབུས་མ་གསུམ་ནི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ་གྱི་ཆོས་ཉིད་ཅེས་ངོ་བོ་འགྱུར་བ་མེད་པའི་རྟེན་ཡིན་ལ། དེ་དག་གི་མདུན་མ་གཅིག་ནི་ཡེ་ཤེས་འཆར་བའི་རྩ་དང། རྒྱབ་ན་ཡོན་ཏན་གྱི་རྩ་ལས་ཞིང་ཁམས་ཀྱི་བཀོད་པ་འཆར་ཞིང་། གཡོན་ན་ཐ་མལ་རང་རྒྱུད་ཀྱི་རྩ་གསུམ་ནི་འཁྲུལ་སྣང་གི་རྟེན་བྱེད་ཅིང་། དེ་དག་སོ་སོའི་དབུས་ན་འཁོར་འདས་ཡིག་འབྲུ་ནི་ཞེས་པ་སྙིང་ཐིག་ཡ་བཞི་སོགས་ན་རྩ་ཡིག་རྒྱས་པར་གསལ་བ་ལྟར་ཡིན། དེ་དག་སྦྱང་གཞི་སྦྱོང་བྱེད་ཀྱི་ཚུལ་དུ་གནས་པ་རྣམས་སྐུ་གསུང་ཐུགས་ཀྱི་ཡི་གེ་ཨོཾོ་ཨཱཿཧཱུཾ་གི་ནུས་པས་དག་པར་བྱེད་པའོ། །རྩ་དེ་དག་ཀུན་གྱི་དབུས་ན་ཁྲག་དང་ཆུ་སེར་གྱིས་མ་གོས་པའི་དངས་མའི་རྩ་དཀར་པོ་རྟ་རྔའི་བཅུ་ཆ་ཙམ་དུ་ཕྲ་བའི་ནང་ན་རྡུལ་ཞེས་ཁམས་དམར་ཆ་དང་དབུགས་ཀྱི་དངས་མ་འདྲེས་པའི་འོད་ཁ་དོག་ལྔ་པ་ཤིན་ཏུ་ཕྲ་བ་ཉིད་དེ། རང་བཞིན་འོད་གསལ་བྱང་ཆུབ་སེམས་ཀྱི་རྟེན་ཡིན་ལ། ཀུན་ཏུ་བཟང་པོ་རིགས་ལྔ་བཞུགས་པའི་གཞལ་མེད་ཁང་ཡིན་ཏེ། གང་དུ་རླུང་དང་བྱང་ཆུབ་སེམས་ཀྱི་དངས་མ་འདུས་པའི་ཚེ་མྱ་ངན་ལས་འདས་པའི་ཞིང་གི་སྣང་བ་མཐའ་དག་འཆར་ཞིང་། དེ་ཡང་སྣང་ཆའི་འོད་ཁ་དོག་ལྔ་དང་། སྟོང་ཆའི་ཆོས་སྐུ་གཉིས་པོ་རོ་གཅིག་ཏུ་འདྲེས་པའི་ལམ་གྱི་ཚོགས་ཆེན་རྣམ་པ་གཉིས་རྫོགས་ནས། འོག་མིན་རྣམ་པར་དག་པ་སྡུག་པོ་བཀོད་པ་ཞེས་བྱ་བ་དེ་གཞན་གང་དུའང་མི་གནས་ཤིང་། སྒྲིབ་པ་མཐའ་དག་ནམ་ཞིག་སྤངས་པར་གྱུར་པའི་དུས་དེར་ལྷུན་གྱིས་གྲུབ་པའོ། །དེའི་ཕྱིར་ན་ལུས་ནི་ཡེ་ཤེས་ཆེན་པོའི་རྟེན་ཡིན་ཏེ། འཁོར་བ་ཉིད་ནའང་བདེ་གཤེགས་སྙིང་པོ་ངོ་བོའི་བཞུགས་ཚུལ་མ་ཉམས་པ་དང་། དམན་པར་གྱུར་པ་གཉིས་ཀ་མེད་ཅིང་འགྱུར་བ་མེད་པའི་དོན་དམ་བྱང་ཆུབ་སེམས་ཉིད་དེ་ནི། ཏིལ་འབྲུ་ལ་མར་གྱི་ཁྱབ་པ་ཇི་བཞིན་དུ་གནས་པ་ཡིན་ནོ། །འདི་ལྟར་རྡོ་རྗེའི་ལུས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དང་། གདོད་མ་གཞིའི་བཞུགས་ཚུལ་ཤེས་པར་བྱས་ནས། ལམ་གྱི་རྩ་བ་གཏུམ་མོའི་གདམ་པ་དང་། གཞི་མ་ནི་སྒྱུ་ལུས་ཀྱི་གདམ་པ། རྟག་ཚད་ཉིད་འཁྲུལ་ལམ་གྱི་རྨི་ལམ་གྱི་གདམ་པ། སྙིང་པོ་འོད་གསལ་གདམ་པ། བསུན་མ་བར་དོའི་གདམ་པ། བློ་ཆོད་འཕོ་བའི་གདམ་པ་དང་རྣམས་པ་དྲུག་པོ་དེ་ནི། སྐྱེས་བའི་རྩོལ་བ་དང་བརྩོན་འགྲུས་ཀྱིས་འགྲུབ་པ་ཡིན་གྱི་གཞན་གྱི་རྐྱེན་ལ་རག་མ་ལུས་ཕྱིར་རང་ལུས་ཐབས་ཀྱི་ལམ་ཞེས་བྱའོ། །དེ་ལྟར་རྩ་ཐིག་རླུང་གི་སློབ་སྦྱོང་གོམས་པ་གནད་དུ་སོང་ན། སླར་ཡང་བདེ་སྟོང་ལམ་དུ་བྱེད་པ་གཞན་ལུས་ཕྱག་རྒྱ་བསྟེན་པ་སྟེ། ཀུན་ཀྱང་ལམ་དུ་འགྲོ་བས་ན་ཐབས་ཀྱི་ལམ་མོ། གཉིས་པ་སྣང་བ་མེད་པའི་རྫོགས་རིམ་ནི། རྣམ་པར་གྱུར་པའི་གོང་གསལ་གྱི་ཆོས་དྲུག་གི་བསླབ་སྦྱངས་ལྟ་བུ་དེ་དག་ནི། རྣམ་པ་ལས་རྣམ་པར་གྱུར་པའི་བསྐྱེད་རྫོགས་གང་ཡིན་ཡང་འདྲ་སྟེ། མཐར་དག་པའི་སྣོད་གཞལ་ཡས་ཁང་དང་། བཅུད་ལྷའི་རྣམ་པར་གསལ་བ་ལ་བརྟན་གཡོའི་སྣང་བ་འདི་ཀུན་ཀྱང་། འོད་ཀྱི་རང་བཞིན་དུ་ཞུ་ནས་གཙོ་འཁོར་རྣམས་ཀྱི་སྙིང་གའི་ས་བོན་རྣམས་ཐིག་ལེར་ཐིམ་པ་དེ་ཡང་མས་རིམ་ནས་ཐིམ་བཞིན་སྟོང་པར་གྱུར་པ་ནམ་མཁའི་ངོ་བོ་ཉིད་ཀྱི་ངང་དུ། ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་ཉིད་ལ་བཞག་གོ །དེ་ལྟར་བསྐྱེད་རིམ་གྱིས་ནི་སྣང་བའི་བདེན་ཞེན་འགོག་ཅིང་། རྫོགས་རིམ་གྱིས་ནི་སྒྱུ་མར་འཛིན་པའི་ཞེན་རྟོག་སྤོང་ཞིང་། བདེ་གསལ་མི་རྟོག་གི་ཉམས་དང་། ལྷན་སྐྱེས་ཡེ་ཤེས་བློས་བཅོས་པ་མེད་པ་དེ་འཆར་རོ། ཤིན་ཏུ་ཟབ་པའི་རྫོགས་རིམ་བླ་ན་མེད་པ་རྣམས་ནི་བླ་མེད་རྒྱུད་ལས་གསུངས་པ་མ་གཏོགས་འོག་མར་གང་དུ་ཡང་གསུང་པ་མེད་དོ། །དབང་པོ་རྣོན་པོ་ཚེ་གཅིག་གི་རྡོ་རྗེ་འཆང་གི་སར་འགྲོ་བའི་ཉེ་ལམ་སྦས་པ་ཤིན་ཏུ་ཟབ་མོ་ཞེས་བྱ་བའོ། །གསུམ་པ་གསང་སྔགས་རྡོ་རྗེ་ཐེག་པ་དང་མཐུན་པའི་གྲོགས་སུ་གྱུར་པ་དམ་ཚིག་གི་རིམ་པ་ནི། སྔགས་ཀྱི་ལམ་ལ་ཞུགས་པའི་བརྟུལ་ཞུགས་ཏེ་སྤྱོད་པ་མི་ཉམས་པར་བསྲུང་དགོས་པ་གལ་ཆེ་ཞིང་། ཐབས་ནི་དུག་ལ་སྔགས་ཀྱིས་ཐེབས་པ་ལྟ་བུས་གདམ་པ་དང་། གཉེན་པོ་ནི་ཉོན་མོངས་པ་གང་ཡིན་གྱི་དབང་དུ་མི་གཏོང་བའི་དབང་གིས་རྟེན་འབྲེལ་བཟང་ངན་མི་འཆོལ་བ་སྟེ། བྱ་གཞན་གྱིས་དུག་ཟོས་ན་འཆི་བ་ཡིན་ཀྱང་། རྨ་བྱའི་མགྲིན་པར་བཙན་དུག་ཞུགས་ན་རོ་ནུས་རྒྱན་དུ་སྨིན་པ་ལྟར་སྤྱོད་དགོས་པའོ། །དེ་ལ་ཡང་དམ་ཚིག་དང་ནི་སྡོམ་པའི་ཁྱད་པར་ནི། དམ་ཚིག་ནི་འདའ་བར་བྱེད་བ་མ་ཡིན་ཞིང་། འདས་ན་འདི་ཕྱི་གཉིས་ཕུང་གི་རྒྱུར་འགྱུར་ཞིང་། སྡོམ་པ་ནི་ལུས་ངག་གི་མི་དགེ་བ་བདུན་པོ་ཉན་རང་གི་སྙིང་ནས་སྤང་དགོས་ཀྱང་། ཐེག་པ་ཆེན་པོའི་བྱ་དང་མི་བྱའི་ངེས་པ་སྟེ། འོན་ཀྱང་མི་དགེ་བ་བཅུ་པོ་སྤང་བ་གཙོ་བོར་བྱེད་པ་ཡིན་ཞིང་། སྡོམ་པ་ངོ་བོ་གཅིག་ཡིན་ལ་ལྡོག་ཆའི་དབྱེ་བའོ། །དེའང་སྔགས་སྡོམ་ཡིན་ན་དམ་ཚིག་འདྲེས་ཏེ། སྔགས་ཀྱི་དབང་བཞིའི་སྡོམ་བཟུང་གི་སྐབས་སུ་སྡོམ་པ་གསུམ་ག་བླངས་ནས་གདོད་དབང་ལ་འཇུག་དགོས་པའི་ཕྱིར་དང་དེར་མ་ཟད་དམ་ཚིག་ཁོ་ན་ལས་སྡོམ་པ་འདྲེས་པར་མི་འགྱུར་བ་རྒྱ་གར་གྲུབ་པའི་དབང་ཕྱུག་ཕལ་མོ་ཆེའི་ལུགས་དང་མཚུངས་སོ། །ཀུན་གྱི་སྤྱི་དོན་ཞེས་དབང་བཞི་སྤྱི་ལ་དགོས་པའི་སྔགས་སྡོམ་མ་ཐོབ་པ་དང་། ཐོབ་ཀྱང་སྨྱོ་བ་ལ་སོགས་པའི་སྐྱོན་གྱིས་འདུ་ཤེས་རངབཞིན་དུ་མི་གནས་པ་ལ་ལྟུང་བའི་ཉེས་པ་དང་། བསྲུང་བའི་དངོས་གྲུབ་གཉིས་མེད་དོ། སྔགས་སྡོམ་བླངས་ནས། དེའི་རྒྱུད་ལ་ལྡན་ཞིང་མ་ཉམས་པ་དང་། མ་བཏང་ལ་ཤེས་པ་རང་བཞིན་གྱི་རྣལ་དུ་གནས་པ་དེ་ཉིད། ལྟུང་བ་དང་ནི་དངོས་གྲུབ་གཉིས་ཀའི་སྣོད་ཡིན་ལ། བྱང་ཆུབ་ཀྱི་སེམས་ལས་གཞན་པའི་རྩ་ལྟུང་ལ་ཀུན་དཀྲིས་ཞེས་བྱ་བ། ལྟུང་བའི་བྱ་བ་དེ་ཉེས་པ་ཡིན་པར་ཤེས་བཞིན་དུ་ད་དུང་བྱ་བ་དེ་བྱེད་འདོད་མ་ལོག་པ་དང་། དེ་ལ་འགྱོད་པ་མེད་པ་དང་། རང་ངོར་ལྟོས་པའི་ངོ་ཚ་ཤེས་པ་དང་། གཞན་ངོར་ལྟོས་པའི་ཁྲེལ་ཡོད་མེད་པ་སྟེ། ཆོས་གསུམ་པོ་དེ་ཚང་བའི་ཀུན་སློང་བྱ་བའི་མཐའ་རུ་གཏུག་པ་དེ་སྲིད་རྒྱུན་ཆགས་སུ་ཡོད་པར་གྱུར་ན་ཀུན་དཀྲིས་ཚང་བའི་ཕམ་པ་ཞེས་ལྟུང་བ་ཆེན་པོར་འགྱུར་བ་ཡིན་ལ། དུས་ཀྱི་བར་ཆད་ནས་ཉེས་ལྟུང་གི་མཇུག་སྐྱོང་རྒྱུ་མ་བྱུང་བའི་རྒྱུན་ཆགས་སུ་མེད་པའམ། ཆོས་གསུམ་པོ་དེ་དག་གང་ལས་གཅིག་ཤོས་མ་ཚང་ན་བྱ་བའི་ཡན་ལག་མ་ཚོགས་པ་ཡིན་པས་ལྟུང་བ་སྦོམ་པོར་འགྱུར་བའོ། །དེས་ཤེས་པར་བྱ་བའི་ལྟུང་བའི་རྩ་བ་དང་ཡན་ལག་ཀུན་ཀྱང་ཡིད་ཀྱིས་མི་སྤོང་ཞིང་། ལུས་ཀྱི་དོར་བར་མི་བྱའོ། །ཉིན་ཐུན་གསུམ་དང་། མཚན་ཐུན་གསུམ་སྟེ། ཆ་དྲུག་ཏུ་བགོས་པ་ལ། ཆ་རེ་རེའི་ནང་དུ་རྩ་ལྟུང་བཅུ་བཞི་པོའི་ཉེས་བ་བྱུང་ངམ། མ་བྱུང་ཞིབ་ཏུ་བརྟགས་ཏེ་བསྔོ་བགྲང་བྱ་དགོས་པ་ལ། ལྟུང་བའམ་ཉེས་པས་གོས་ན་འགྱོད་པ་དྲག་པོ་བསྐྱེད་ཅིང་། ཕྱིར་འཆོས་ལ་སེམས་བཞིན་ཉེས་བཅོས་ལ་འབུངས་བ་གལ་ཆེ་ལ། གོས་པ་མིན་ན་དགའ་བ་བསྒོམ་ཞིང་བསྔོ་ལ། སྔོན་ཆད་ཉེས་ལྟུང་གི་གོས་སམ་མ་གོས་པ་གང་ཡིན་ཀྱང་རུང་སྟེ། ད་ཕྱིན་ཆད་སྲོག་ལ་བབ་ཀྱང་ཉེས་བྱས་ཀྱིས་གོས་པར་མི་བྱ་བའི། སྡོམ་སེམས་ཤིན་ཏུ་བརྟན་པར་བྱ་དགོས་ཤིང་། གང་ཚེ་ཉིད་མཚན་ཆ་དྲུག་ཏུ་བགོས་པ་གང་ཡང་རུང་བའི་ནང་དུ་ལྟུང་བ་ཡིན་མིན་བསྔོ་བགྲང་བྱེད་པའི་འདུ་ཤེས་རྨོངས་བར་གྱུར་ན། ཁ་ན་མ་ཐོ་བའི་སྦོམ་པོ་ཞེས་བྱ་བ་འབྱུང་བར་འགྱུར་ལ། ཉིན་མཚན་ཆ་དྲུག་ཀ་འདས་ནས་སྦོམ་པོ་དྲུག་ཏུ་འགྱུར་པ་ཤེས་དགོས་ཤིང་། ཉམས་ཉེས་བྱུང་བའི་ཞག་དེའི་ཁོངས་སུ་ཕྱིར་བཅོས་མ་གྲུབ་ན་ཞག་ཕྱི་མའི་སྐྱ་རིངས་དང་པོ་འཆར་བ་དང་། སྦོམ་པོ་བཅུ་གཉིས་དག་ཏུ་འགྱུར་བར་བཤད་པས་ཞིབ་ཏུ་བརྟག་གོ། ཡན་ལག་གི་དམ་ཚིག་ལ་ཡང་དེས་འགྲེས་ཀྱིས་ཤེས་པར་བྱའོ། །ཐོག་མར་བླ་མེད་ཀྱི་རྒྱུད་སྡེ་སྤྱི་ལ་བཅེས་པའི་དམ་ཚིག་གི་ཆིངས་ནི། རྩ་ལྟུང་བཅུ་བཞི་ཡོད་པའི་རབ་ཏུ་དབྱེ་བ་འདི་ལྟར་བརྟགས་ཕར་བྱ་སྟེ། དང་པོ་དབང་ཐོབ་བླ་མ་རྡོ་རྗེ་སློབ་དཔོན་སྨོས་ཅི་དགོས། ཞེས་ཤིན་ཏུ་གཉན་པའི་དབང་དུ་བཞག་ནས། དེ་ལས་གཞན་པའི་སྔགས་རྒྱུད་ཚིག་བཅད་གཅིག་པ་ཡན་ཆད་ཀྱི་དོན་བཀྲལ་ནས་བསླབ་པ་དང་། ལམ་གྱི་མན་ངག་ཟབ་མོ་ནི་བསྐྱེད་རྫོགས་བཟླས་ཀྱི་གནད་མཚངས་ཐེ་ཚོམ་དུ་གྱུར་པ་བསལ་ཞིང་སྟོན་པ་དང་གསུམ་ལ། ཆོས་ཀྱི་འབྲེལ་བའི་བཀའ་དྲིན་མ་བསམ་པ་བསྙེན་ཞིང་བསྟོད་བཀུར་གྱི་ཁུར་བོར་ནས་བརྙས་ཤིང་གཤུང་པར་བྱེད་པ་དེ་ལ་སྔགས་ཀྱི་དངོས་གྲུབ་ཡོད་པ་མ་ཡིན་ཞིང་། གཉིས་པ་ནི། ཕྱི་སོ་སོར་ཐར་པ་དང་། བར་བྱང་ཆུབ་སེམས་དཔའ་ནང་རིག་འཛིན་སྔགས་ཀྱི་དམ་ཚིག་སྟེ་སྡོམ་པ་གསུམ་དང་། བསླབ་པའི་གནས་སྤྱི་དང་བྱེ་བྲག་རྣམས་དང་། བདེ་བར་གཤེགས་པའི་གནང་བཀག་གི་མཚམས་ལས་འདས་པ་དང་། དེ་བཞིན་ཏུ་མཚན་ཉིད་དང་ལྡན་པའི་བླ་མས་ཡུལ་དང་། དུས་ལ་དགོངས་ཏེ་བླང་དོར་འདི་ལྟར་དགོས་ཞེས་པར་འཛོལ་ཞིང་བཀའ་ལ་ཁྱད་བསད་བྱས་པ་ཡིན་ཞིང་། གསུམ་པ་ནི་བླ་མ་དང་དཀྱིལ་འཁོར་གཅིག་ལ་བརྟེན་ནས་དབང་གི་གྲལ་གཅིག་ཏུ་ཞུགས་ཤིང་འདྲེས་པའི་མཆེད་ལྕམ་གྱི་རིགས་ལ་བསྐུར་བ་འདེབས་ཤིང་བརྙས་པར་བྱས་པ་ཁོ་ན་དམིགས་ཀྱིས་བསལ་ནའང་། དེར་མ་ཟད་མཐའ་ཡས་པའི་སེམས་ཅན་བདེ་གཤེགས་སྙིང་པོ་གཅིག་གིས་བསྡུས་པའི་སྤུན་ཡིན་པའི་ཕྱིར་ན། རིང་བའི་མཆེད་སེམས་ཅན་སྤྱི་དང་། ཉེ་བའི་མཆེད་ནང་པ་སངས་རྒྱས་ཀྱི་རྗེས་འཇུག་ཡོངས་ཏེ་མཆེད་ལའང་མཚུངས་སོ། །བཞི་པ་ནི་གཞན་ལ་གསོད་གཅོད་དང། རྐུ་འཕྲོག་སོགས་སྦྱོར་བ་རྩུབ་པའི་སེམས་ཅན་ཞིག་མཐོང་བའི་ཆོས་ལ་རྒྱལ་པོའི་ཆད་པ་འབེབས་པ་གསོད་གཅོད་བཀྱིག་བརྡུངས་སོགས་ལས་ཀྱིས་མནར་བར་གྱུར་པ་དེ་དག་ལ་དགའ་བ་བསྒོམ་ནས་བྱམས་པའི་སེམས་གཏོང་བ་ནི་བྱང་ཆུབ་སེམས་དཔར་རབ་ཏུ་ལྕི་ན་གཞན་བདེ་བ་དང་བྲལ་འདོད་སྨོས་ཅི་དགོས་ལ། ལྔ་པ་ནི་གཞན་དོན་གཉེར་བར་དམ་བཅས་པའི་བྱང་ཆུབ་ཀྱི་སེམས་སྤང་པའི་མོད་ལ། སྨོན་སེམས་གཏོང་བའི་ཕྱིར་ཀུན་དཀྲིས་ཚང་བའི་ཕམ་པར་འགྱུར་བ་ཡིན་ལ། གནང་བའི་སྐབས་བདུན་མིན་པར་ཁུ་བ་ཕྱུངས་ཞེས་པ་ནི། ཇི་སྐད་དུ། གསང་བའི་དབང་དང་གསུམ་པ་དང། རོ་མཉམ་དང་ལྷ་མཆོད་དང་། རིགས་རྒྱུད་སྤེལ་དང་རིལ་བུ་དང་། འཆི་ལྟས་བརྟགས་པའི་དུས་ཡིན་ཏེ། ཞེས་སོ། དྲུག་པ་ནི་ཉན་རང་གི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ། རིག་འཛིན་སྔགས་ཀྱི་ཐེག་པ་སྟེ། གསུམ་ལ་ལྟོས་པའི་རྒྱལ་བའི་བཀའ་གཞུང་རྣམས་ལ་དཔྱས་ཤིང་སྟོན་པས་མ་གསུངས་ཞེས་རྫུན་ཚིག་སྨས་པ་དང་། ལས་བཞི་དང་། རབ་འབྱམས་ཀྱི་ལས་དང་། མཆོག་ཐུན་གྱི་དངོས་གྲུབ་ཀྱི་རྒྱུར་རུང་བའི་བསྟན་བཅོས་དག་ཀྱང་རྗེས་སུ་གནང་བ་དང་། བྱིན་གྱིས་བརླབས་པའི་བཀའ་རུ་མ་བལྟས་ཤིང་བརྙས་པའོ། །བདུན་པ་ནི་དབང་གི་ཆོ་ག་མ་བྱས་པ་དང་། དཀྱིལ་འཁོར་གྱི་སྒོར་མ་ཞུགས་པ་དང་། ཞུགས་ཀྱང་དབང་བཞི་མ་རྫོགས་པ་དང་། རྫོགས་ཀྱང་ཉམས་པ་དང་། འགལ་བ་དང་། རལ་བའི་ཉེས་པ་བྱུང་བ་སོར་མ་ཚུད་པ་དང་། ཉན་རང་ལ་སོགས་སྣོད་ངན་སྨིན་གྲོལ་གྱིས་ཆོས་ཟབ་མོས་སྐྲག་བ་དང་། གསང་སྔགས་ཀྱིས་འདུལ་བའི་དུས་སྐབས་གནས་ཀྱིས་བསྐལ་བ་སྟེ། དུས་ལམ་བབ་པའི་རིགས་ལ་གསང་སྔགས་ཟབ་མོའི་དོན་དང་ལྟ་དགོངས་དང་སྤྱོད་པའི་ཚུལ་བསྒྲགས་པ་སོགས། དམིགས་གསལ་ཡིན་མོད་ཀྱི་དབང་བཞི་མ་རྫོགས་བར་རྗེས་གནང་ཙམ་གྱིས་ཆོག་པར་རློམ་པ་དང་། དེ་ལས་བཟླས་ལུང་ཡང་། གསང་བ་སྒྲོགས་པ་ལ་རིངས་ནས་ལྷ་གང་ཡིན་པ་ངོས་འཛིན་སོགས་བཀག་པ་ཡིན་ཀྱང་། འདིར་ནི་སྣོད་དུ་རུང་མིན་ལ་བརྟག་དགོས་པ་ཡིན་ནོ། །བརྒྱད་པ་ནི་གཟུགས་ཕུང་རྣམ་པར་སྣང་མཛད་དང་། རྣམ་ཤེས་མི་བསྐྱོད་པ། ཚོར་བ་རིན་འབྱུང་། འདུ་ཤེས་སྣང་མཐའ། འདུ་བྱེད་དོན་གྲུབ་ལ་སོགས་ལྔ་དང་། དེ་བཞིན་དུ་སྐྱེ་མཆེད་རྣམས་ལྷ་དང་ལྷ་མོའི་སྐུར་མི་ཤེས་པར་སྡུག་བསྔལ་གྱིས་བདེན་པའི་རང་བཞིན་དུ་བསྒྲུབ་པའི་རྟོག་གེའི་བློས་བརྙས་པ་དང་། བསྙུང་གནས་ལ་སོགས་དཀའ་ཐུབ་མཐུས་ལྷག་པར་གདུང་དུ་བཅུག་པའོ། །དགུ་པ་ནི་ཆོས་ཐམས་ཅད་ཀྱི་དབྱིངས་རང་བཞིན་གྱི་དག་པའི་སྟོང་པ་ཉིད་དོན། སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཉིད་ལས་གཞན་སེམས་ཅན་རྣམས་ཀྱི་ཁམས་དང་འབྲེལ་བ་ལྡེམ་དགོངས་སུ་ཐེ་ཚོམ་ཟོས་ནས་དེ་ལ་དཀྲི་བར་སྤངས་པའོ། །བཅུ་པ་ནི་ཕྱི་ནང་གསང་བའི་དཀོན་མཆོག་གསུམ་དང་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་སྨོད་པ་དང་། མདོ་སྔགས་ཀྱི་བསྟན་པ་འཇིག་པའི་ལས་ལ་སྦྱོར་བ་སོགས་ཡིན་ཡང་རུང་སྟེ། དྲག་ཤུལ་ཆོ་གའི་མངོན་དུ་སྤྱོད་པའི་མཐུ་རྩལ་དང་ལྡན་བཞིན། གནོད་ཅིང་འཚེ་བ་སྦྱོར་བའི་ཡུལ་ལ་བསྲན་ཅིང་བཟོད་པར་བྱས་ཏེ། འདྲིས་ཤིང་མཛའ་བཤེས་བྱས་ནས་བྱམས་ཤིང་བརྩེ་བར་བྱས་པའོ། །བཅུ་གཅིག་པ་ནི། མིང་བྲལ་ཆོས་ལ་ཞེས་པ་ནི། ཀུན་རྫོབ་རྟེན་འབྲེལ་གྱིས་སྒོ་ནས་ཐ་སྙད་ཙམ་གྱིས་མིང་བཏགས་པ། ཀུན་བརྟགས་ལས་མ་འདས་ཀྱང་ཚད་མས་གཞལ་ཏེ། ཡོད་མེད་དང་རྟག་ཆད་ལ་སོགས་སུ་བསྒྲུབ་ཅིང་། ཆོས་ཀྱི་བདག་མེད་ནི། བློས་བཏགས་པ་ཙམ་དང་གཞན་བཟུང་རྒྱུའི་རྫས་འགལ་བ་བཞིན་དུ། ཕུང་པོ་ལྔ་སོགས་སྟོང་པར་བལྟ་བ་མཆོག་ཏུ་འཛིན་པའི་བློས་སྐྱེ་མེད་གྲུབ་མཐའ་རྟོག་པས་མཇལ་བའོ། །བཅུ་གཉིས་པ་ནི་སྔགས་ཀྱིས་སྣོད་དུ་རུང་བའི་གདུལ་བྱ་གང་ཡང་རུང་བའམ། དང་བའི་དད་པ། འདོད་པའི་དད་པ། ཡིད་ཆེས་ཀྱི་དད་པ་སྟེ། གསུམ་དུ་ལྡན་པ་ལ་དོན་གཉེར་བའི་ཆོས་མི་སྟོན་ཞིང་། ཆོས་ཡོན་སོགས་ལ་མ་མགུ་བའི་ཀུན་སློང་ངན་པས་གཞན་སེམས་སུན་ཕྱུང་ནས། དད་པ་དང་འདུན་པ་ལོག་ལྟར་བསྒྱུར་བ་ལ་ཕྱིན་ཅི་ལོག་ཏུ་སྐྱོགས་པའོ། །བཅུ་གསུམ་པ་ནི་སྤྱད་བྱའི་དམ་རྫས་རྣམས་རང་རྒྱུད་ཐ་མལ་དུ་བལྟས་ནས། ལ་ལ་མི་གཙང་བའི་འདུ་ཤེས་ཀྱིས་སྤོངས་ཤིང་། ལ་ལར་གཙང་ཞིང་ཞིམ་པའི་འདུ་ཤེས་ཀྱིས་སྲེད་པ་ལ། སྔགས་ཀྱི་བརྟུལ་ཞུགས་ནི། གཙང་བཙོག་དང་། བཟང་ངན་དང་བླང་དོར་སོགས་ཀྱི་དབྱེ་བ་མེད་ཅིང་མཉམ་པ་ཉིད་དུ་ལམ་དུ་ཁྱེར་དགོས་ལ། དེ་ཇི་ལྟ་བ་བཞིན་དུ་དགོངས་དོན་ཉམས་འོག་ཏུ་མ་ཆུད་ནས། གཟུང་འཛིན་དབང་གིས་མཐའ་གཉིས་ཀྱི་མལ་དུ་འཁྱམས་པའོ། །བཅུ་བཞི་པ་ནི་རྡོ་རྗེ་རྣལ་འབྱོར་མ་སོགས་འཇིག་རྟེན་ལས་འདས་པའི་མ་མོ་མཁའ་འགྲོ་ལ་སོགས་འཁོར་འདས་ཀྱི་སོ་མཚམས་འཛིན་པའི་འཇིག་རྟེན་པའི་ཚུལ་བཟུང་བ་རྣམས་དང་། འབྱུང་བ་ལྔའི་ཁམས་ནི་ཡུམ་ལྔའི་རང་བཞིན་ཡིན་པར་མ་ཤེས་པར་དེ་རང་རྒྱུད་ཐ་མལ་གྱི་ས་ཆུ་མེ་རླུང་ནམ་མཁའ་སོགས་སུ་བལྟས་ནས་འཁྲུལ་པའི་སྣང་བར་ཞེན་པ་དང་། དབང་གི་རྟེན་དུ་གྱུར་པའི་བུད་མེད་ལ་སྨོད་པའོ། །རྩ་ལྟུང་བཅུ་བཞི་སྤྱིའི་ཡན་ལག་སྡོམ་པ་གཏོང་བྱེད་ཀྱི་རྐྱེན། ཕ་མ་དངོས་མིན་ཡང་དངོས་གྲུབ་རྣམ་གཉིས་ཐོབ་པ་ལ་གེགས་སུ་ཆེ་བའི་སྦོམ་པོ་བརྒྱད་ཡོད་དེ། སྨིན་བྱེད་ཀྱི་དབང་དང་། དམ་ཚིག་དང་སྡོམ་པས་རྒྱུད་མ་སྦྱངས་པའི་ཐ་མལ་གྱི་བུད་མེད་རིག་མར་བསྟེན་པ་དང་། དེའི་བདུད་རྩི་སྟེ་རྡུལ་རང་སྟོབས་ཀྱིས་ལེན་པ་དང་། དབང་མ་ཐོབ་པའི་རིགས་དང་ལྷག་པར་མ་རྟོག་ལོག་རྟོག་ཕྱོགས་རྟོགས་རིགས་ཅན་དང་། མདོར་ན་དད་མེད་རྣམས་ལ། རང་གི་ཡི་དམ་གྱི་སྐུ་གཟུགས་དང་། གླེགས་བམ། ཕྱག་མཚན་ཕྱག་རྒྱ་སྟོན་པ་ལ་ཅང་མི་སེམས་པ་དང་། ཚོགས་ཀྱི་འཁོར་ལོའི་དུས་ན་འཐབ་རྩོད་དང་། གཞན་ཡང་ཚོགས་འཁོར་གྱི་སྐབས་སུ་ལུགས་ཟུང་ཐད་ནས། རྩོད་གླེང་དང་། བབ་ཅོལ་ད། ཀྱལ་ཀས་སྔགས་ཀྱི་བརྟུལ་ཞུགས་ཐ་མལ་ལ་སྦྱར་བ་དང་། སྣོད་ལྡན་དག་ཆོས་འདྲི་བ་ལ་ཤེས་བཞིན་དུ། ཡུལ་གྱིས་དྲིས་པའི་ལན་མི་ལྡོན་པར་དེ་ལས་འགལ་བའི་མ་ཡིན་པ་བསྙོན་དོར་པ་ལན་དུ་ལྡོན་པ་དང་། སྔགས་ཀྱི་གཞུང་དང་ལྟ་སྒོམ་སྤྱོད་པའི་གནས་ལ་བསྐུར་བ་འདེབས་ཤིང་ཉམས་སད་པའི་ཉན་ཐོས་ཀྱི་རིགས་ཅན་རྣམས་དང་། གྲུབ་མཐའ་མི་གཅིག་པའི་སེར་གཟུགས་འགོང་པོའི་ཚོགས་ཀྱི་ནང་དུ་ཞག་བདུན་ལོངས་པར་བསྡད་ཅིང་། སྔགས་རྒྱུད་ཀྱི་དེ་ཉིད་དང་ཆོ་ག་མི་ཤེས་བཞིན་དུ་རྡོ་རྗེ་འཛིན་པ་ཆེན་པོར་སྙེམས་ནས་ང་རྒྱལ་དང་། བརྫུན་རིབ་དང་འགྲོགས་ཤིང་། དབང་བསྐུར་ཇི་བཞིན་ཐོབ་ཀྱང་སྔགས་ལ་མི་དད་པའི་ཐེ་ཚོམ་ཅན་དག་ལ་སླར་ཡང་སྔགས་ཀྱི་གསང་བ་རྣམས་ཀྱང་འཆད་པའོ། །དེ་ལྟར་སྦོོམ་པོ་བརྒྱད་ཀྱི་རྣམ་གྲངས་འདི་དག་ནི་འཕགས་པ་ཀླུ་གྲུབ་ཀྱིས་བསྡུས་ཤིང་། དེ་བཞིན་སློབ་དཔོན་དཔའ་བོ་དང་། ལཀྵིཾ་ཀ་རཱས་དེ་ལ་དོན་གཞན་པ་བསྙེན་པ་དག་པར་མ་བྱས་པར་དབང་བསྐུར་གྱི་ཆོ་ག་ལ་འཇུག་པ་དང་། རབ་གནས་དང་། སྦྱིན་བསྲེག་དང་། སློབ་མ་མང་པོའི་འཁོར་ཚོགས་བསྡུ་བ་རིངས་ནས་མྱུར་དུ་བསྡུ་བའི་ཐབས་དང་གཡོ་ཟོལ་བྱེད་པ་དང་། །ཚོགས་འཁོར་ལས་གཞན་བཟའ་བཏུང་། སྤྱོད་པ་དུས་ཀྱི་ངེས་པ་མེད་ཀྱང་། ཕྱི་དྲོའི་ཁ་ཟས་ཟ་བ་སོགས། སོ་ཐར་དང་། བྱང་སེམས་ཀྱི་བཅས་པ་དགོས་པ་མེད་བཞིན་འདའ་བའི་ཉེས་པས། བདག་ཉིད་སུན་འབྱིན་ཞིང་། དངོས་གྲུབ་འཕྲོག་བའི་རྒྱུར་འགྱུར་བར་གསུངས་པའི་དོན་སྦོམ་པོ་རྣམས་ལའང་བརྟག་པར་བྱ་དགོས་སོ། །འདི་ལྟར་རྣལ་འབྱོར་རྒྱུད་དང་བླ་མེད་རྒྱུད་ཐུན་མོང་གི་ལུགས་ཀྱི་རྩ་ལྟུང་བཅུ་བཞིར་བྷ་ཝི་ལྷས་བསྡུས་བ་ཉིད་ཀུན་ལ་ཁྱབ་ཆེ་ཞིང་ཡོངས་སུ་གྲགས་པ་སྟེ། གཞན་དུ་རྒྱུད་སྡེ་བཞི་པོའི་རང་རང་གི་ལུགས་གི་དམ་ཚིག་བཅུ་བཞིའི་གྲངས་ངེས་དཔལ་དུས་ཀྱི་འཁོར་ལོ་དང་སྤྱི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་སྡེ་ལ་སོགས་ལས་གསལ་པོར་གསུངས་པ་བཞིན་ནོ། །སྔགས་ཀྱི་རྣལ་འབྱོར་དང་ལྡན་པ་འཆིའམ་སྲོག་གཏོང་བར་ཡང་སླ་ན། རྟག་ཏུ་དབང་བཞིའི་དམ་ཚིག་བསྲུང་བར་མ་བྱས་ན། སྔགས་ལ་སྤྱོད་པའི་སྐྱེས་བུ་དེ་ཉིད་དམ་ཚིག་ཉམས་ཆགས་ཆེན་པོས་གོས་པར་གྱུར་ན་ངན་སོང་གསུམ་དང་། དེ་ལྟར་མ་ཡིན་ན་སངས་རྒྱས་ཀྱི་གོ་འཕང་གཉིས་ལས་འགྲོ་ས་གསུམ་པ་མེད་ལ། དེ་ཕྱིར་ལྟུང་བ་བྱུང་ན། བདག་ཉིད་སུན་ཕྱུང་ནས་ཕྱིར་བཅོས་པའི་ཐབས་ལ་དེ་མ་ཐག་ཏུ་འབད་དགོས་ལ། ཁྱད་པར་རྩ་ལྟུང་དང་པོ་ཤིན་ཏུ་ལྕི་བ་ཤེས་པ་ནི་གལ་ཤིན་ཏུ་ཆེ་བས་བླ་མ་བསྙེན་བཀུར་འཁོར་གསུམ་ཡོངས་སུ་དག་པ་འབུལ་ལ་དབང་བསྐུར་བསྐྱར་ནས། སྡོམ་པ་གསོར་གཞུག། བླ་མ་དང་ས་ཐག་གིས་བསྐལ་ཏེ། ཉེ་བར་མི་གནས་ན་བདག་འཇུག་ལན་མང་བླང་བ་གལ་ཆེ་ཞིང་དེ་བཞིན་དུ་གཞན་ངོ་ལ་ལྟོས་ནས་ཁྲེལ་ཡོད་དང་། རང་ངོར་ལྟོས་པའི་ངོ་ཚའི་རྟེན་ལ་བླ་མ་མེད་ན་ཡང་སྔགས་ཀྱི་སྡོམ་ལྡན་ཟུང་གང་རུང་གི་མདུན་དུ་ཕྱག་དང་སྤྱོད་ལམ་དེས་ཤིང་དུལ་བས་རང་གི་མིང་སྨོས་ནས། རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ་སློབ་དཔོན་སྨོད་པ་ལ་སོགས་འདི་དང་འདི་བྱུང་བས། ནོངས་པ་འཆབ་ན་བདག་ཉིད་བདེ་བར་གནས་པར་མི་འགྱུར་ཞིང་། འཆབ་པ་མེད་ཅེས་ལེགས་པར་གསོལ་ནས། བཤགས་ཡུལ་བླ་མའམ་སྡོམ་ལྡན་རྣམས་ཀྱིས་ཁྱོད་ཀྱིས་ནོངས་པ་ཉེས་པར་མཐོང་ངམ་དྲིས་པར། རང་གིས་མཐོང་ལགས་ཞེས་བརྗོད་ཅིང་། ཡང་ཡུལ་གྱིས་ཕྱིན་ཆད་སྡོམ་པར་བྱེད་དམ་དྲི། ཆོས་བཞིན་འདུལ་བ་བཞིན་དུ་སྤྱི་བོས་ནོད་པར་བགྱིའོ། །ཅེས་ལན་གསུམ་བརྗོད་ལ་ཐབས་ལགས་བྱའོ། །གལ་ཏེ་ཉམས་པ་བྱུང་ནས་ཕྱིར་བཅོས་འགྱངས་ན་ཞག་རེ་སོང་བཞིན། གོང་འཕེལ་དུ་འགྲོ་བར་འགྱུར་བ་དེའི་གཉེན་པོ་རུ་སྟོབས་བཞི་ཚང་བའི་ཡིག་བརྒྱས་རྟག་ཏུ་བཤགས་པ་བྱ་ཞིང་། གོང་ལྟར་རྩ་ལྟུང་བཅུ་བཞི་པོའི་བསྔོ་བགྲང་བརྗོད་པའི་བཤགས་ཚིག་འདོན་པར་བྱའོ། །ཁྱད་པར་དུ་མདོ་སྒྱུ་སེམས་གསུམ་གྱི་རིང་ལུགས་ནི། སྤྱི་མདོར་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ལུགས་ཀྱི་བསྲུང་བྱ་དང་། སྤྱད་པར་བྱ་བ་དང་། ཡིད་འོང་མི་འདོར་བ་དང་། ཤེས་པར་བྱ་བ་དང་། བསྒྲུབ་པར་བྱ་བའི་དམ་ཚིག་གི་དབྱེ་བས་ཉི་ཤུ་རྩ་བརྒྱད་དང་། སྒྱུ་འཕྲུལ་རྩ་བ་གཞུང་གི་དམ་ཚིག་རྣམ་པ་ལྔ་དང་། ཡན་ལག་རྣམ་པ་བཅུར་བཤད་པའི་རྩ་བའི་ཕྱོགས་ལ་ནི་འདི་བཞིན་ཏེ། རྡོ་རྗེ་སློབ་དཔོན་མི་སྤོང་ཞིང་བཀུར་སྟིས་བསྙེན་པ་དང་། ལྷའི་སྔགས་དང་ཕྱག་རྒྱ་སོགས་རྒྱུན་མི་གཅོད་པ་དང་། མདོ་དང་སྔགས་ཀྱི་གཞུང་ཡང་དག་པའི་ལམ་དུ་ཞུགས་པ་ལ་བརྩེ་ཞིང་བྱམས་པར་བྱེད་པ་དང་། གསང་བའི་དོན་རྣམས་མ་ལུས་པ་གཞན་སུ་ལ་ཡང་མི་བསྒྲགས་པའོ། །ཡན་ལག་གི་དམ་ཚིག་རྣམས་སྡེ་ཚན་གཉིས་སུ་བསྡུ་བ་འདི་ལྟ་སྟེ། དང་པོའི་ཕྱོགས་ནི་ཉོན་མོངས་པ་ལྔ་མི་སྤང་སྟེ། རང་བཞིན་ཤེས་པའི་ཉོན་མོངས་པ་དེ་བཞིན་ཉིད་དང་རོ་གཅིག་སྟེ། ཉོན་མོངས་པ་ཐབས་ཀྱིས་ཟིན་པས་རྨ་བྱའི་དུག་ཟོས་པ་འཚོ་བའི་མཆོག་ཏུ་འགྲོ་བ་དང་འདྲ་ཞིང་། ཡེ་ནས་རིགས་ལྔར་ཤེས་པའི་ཡེ་ཤེས་སུ་འགྱུར་ལ། གཉིས་པའི་ཕྱོགས་ནི་བདུད་རྩི་ཆེན་པོ་ལྔ་ནི་སྔགས་ཀྱིས་དམ་ཚིག་ཏུ་བླང་བྱར་ངེས་པ་ཡིན་པས་ཆོས་ཉིད་རོལ་པ་གཅིག་ཏུ་ཤེས་པས་བླང་བ་དང་། རིགས་ལྔའི་རང་བཞིན་ཉིད་དུ་ཤེས་པས་བླང་བ་དང་། དངོས་གྲུབ་བསྒྲུབ་པའི་དམ་རྫས་ཡིན་པར་ཤེས་པས་བླང་བ་དང་། མཁའ་འགྲོ་རྣམས་འདུ་ཤིང་དངོས་གྲུབ་ཉེ་བས་བླང་བ་དང་། སངས་རྒྱས་ཀུན་གྱི་བརྟུལ་ཞུགས་ཡིན་པས་བླང་བ་ཡིན་པ། དེ་སོགས་ཆ་ཤས་དབྱེ་བ་ཉིས་བརྒྱའི་གྲངས་སུ་ངེས་པ་ནི། ཉི་ཤུར་བསྡུ་བ་འདི་ནི་ཤེས་བྱ་ཀུན་གཟིགས་རོང་པ་ཆོས་ཀྱི་བཟང་པོའི་ལུགས་ཡིན་ལ། རྫོགས་ཆེན་སེམས་ཀྱི་ཕྱོགས་ཀྱི་དམ་ཚིག་ལ། མེད་པ་དང་། གཅིག་པུ་དང་། ཕྱལ་བ་དང་ནི་ལྷུན་གྲུབ་ཞེས་སུ་གྲགས་པའི་དམ་ཚིག་ལ་བསྲུང་བྱ་དང་སྲུང་བྱེད་ཀྱི་མཚམས་བྲལ་བ་ལ་འདའ་བྱ་མི་དམིགས་པས་ན། གནས་ལུགས་ཀྱིས་ངོ་བོའི་བཞུགས་ཚུལ་ལ་དམ་ཚིག་ཆིངས་ཀྱིས་བཅིངས་པ་ཡིན་ལ། ཚུལ་དེ་ལ་ཡེ་ནས་ཉམས་བྱ་དང་ཉམས་པ་མེད་པས་རྡོ་རྗེ་རྒྱལ་པོའི་ལུགས་ཞེས་པའོ། །ལམ་དུ་ཞུགས་པ་རྣམས་ཀྱིས་རང་གི་རྒྱུད་དག་པར་བྱ་བའི་ཕྱིར་དུ་དམ་ཚིག་ཉམས་ཆགས་བྱུང་ན་ཕྱིར་བཅོས་ཤིང་། རིན་ཆེན་བུམ་པ་བཟང་པོ་ལྟ་བུའི་དམ་ཚིག་རྣམ་པར་བཀོད་པ་ཞེས་བྱ་བའི་གྲུབ་མཐའ་ནི། རྩ་བའི་བླ་མའི་སྐུ་གསུང་ཐུགས་གསུམ་ལ། ཕྱི་ནང་གསང་བའི་དམ་ཚིག་གསུམ་ཚན་དུ་ཡོད་པ་ལ། སྐུའི་ཕྱིའི་དམ་ཚིག་གསུམ་ནི། སྲོག་གཅོད་པ་མི་ཚངས་སྤྱོད་པ་དང་། བརྐུ་བ་དང་གསུམ་སྤང་ཞིང་། སྐུའི་ནང་གི་གསུམ་ནི། ཕ་མ་དང་། སྤུན་སྲིང་དང་། རང་ལུས་ཀྱི་ཆོས་གང་ཡང་སྨོད་པ་དང་གསུམ། གསང་བ་གསུམ་ནི། གྲིབ་མ་འགོམ་པ། ཡུམ་གཙེས་པ། སྤུན་སྲིང་ལ་བརྡེག་པའོ། །གསུང་གི་ཕྱིའི་གསུམ་ལ་ནི། རྫུན་དང་། ཕྲ་མ། ཚིག་རྩུབ་སྤང་ཞིང་། གསུང་གི་ནང་གི་གསུམ་ནི། ཆོས་སྨྲ་དང་། དོན་སེམས་པ་དང། གནས་ལུགས་བསྒོམ་པ་མི་བཀུར་བ་དང་། གསུང་གི་གསང་བ་གསུམ་ནི། བླ་མའི་ཡུམ་དང་། སྤུན་སྲིང་གི་ཚིག་ལ་མི་བརྙས་པའོ། །ཐུགས་ཀྱི་ཕྱིའི་གསུམ་ལ། ཡིད་ཀྱི་བརྣབ་སེམས་དང་། གནོད་སེམས་དང་། ལོག་ལྟ་སྟེ། རྣམ་པ་གསུམ་དང་། ཐུགས་ཀྱི་ནང་གི་གསུམ་ནི། སྤྱོད་པ་དང་། བ་སྒོམ་པ་དང་། ལྟ་བ་ལོག་པ་སྤང་བ་དང་། ཐུགས་ཀྱི་གསང་བ་གསུམ་ནི། བླ་མ་དང་། ཡི་དམ་གྱི་ལྷ་དང་མཆེད་དང་ལྕམ་དྲལ་ཐམས་ཅད་ལྟ་སྒོམ་སོ་སོ་མ་ཡིན་གཅིག་ཏུ་ཐུན་ཀུན་སེམས་པའོ། །ཐབས་ཀྱི་དབང་དུ་གྱུར་པ་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་ནི། ཏ་ན་ཞེས་སྒྲོལ་བ་དང་། ག་ན་སྦྱོར་བ་དང་། གཟུངས་མ་དང་། ཐོད་པ་མཚན་ལྡན་སོགས་མ་བྱིན་པར་ལེན་པ་དང་། གཞན་ལ་ཕན་པའི་ཕྱིར་རྫུན་སྨྲ་བ་དང་། གཞན་གྱི་ངན་སེམས་རྒྱུན་གཅོད་པའི་ཕྱིར་ཀྱལ་བའི་ཚིག་སྨྲ་བ་སོགས། སྤྱད་པར་བྱ་བའི་དམ་ཚིག་ལྔ་ནི་གནང་བཀག་གི་མཚམས་ཤེས་པས་སྤྱོད་པ་དང་། འདོད་ཆགས་ཞེ་སྡང་ལ་སོགས་ཉོན་མོངས་ལྔ་ནི། མི་སྤང་བ་ལྔ་ཡིན་པས་ཐ་མལ་པ་རང་རྒྱུད་པ་བྲལ་ནས་བརྟེན་པར་བྱའོ། །དྲི་ཆེན་དང་། དྲི་ཆུ་དང་། མཾ་ས་དང་། རཀྟ་དང་། རྡོ་རྗེའི་ཟིལ་བ་སྟེ། དང་དུ་ལེན་པའི་དམ་ཚིག་ལྔ་ལ་གཙང་སྨེ་དང་གཉིས་འཛིན་གྱི་རྟོག་པ་འདྲལ་དགོས་པའོ། །ཕུང་པོ་ལྔ་དང་། འབྱུང་བ་ལྔ་དང་། ཡུལ་ལྔ་དང་། དབང་པོ་ལྔ་དང་། ཁ་དོག་ལྔ། རྣམས་ལྷར་ཤེས་པར་བྱ་དགོས་པ་ལྔ་ནི། ཤེས་རབ་ཀྱི་སྟོབས་ཀྱིས་སྤྱོད་དགོས་པའོ། །རྡོ་རྗེ་དང་། རིན་ཆེན་དང་། པདྨ་དང་། ལས་དང་། དེ་བཞིན་ཉིད་དེ་བསྒྲུབ་བྱ་ལྔ་ནི། རང་རང་གི་དོན་རྟོགས་ཤིང་གོམས་པའི་མཐུས་བསྒྲུབ་དགོས་པ་སྟེ། འདི་དག་ནི་དམ་ཚིག་གསལ་བཀྲའི་དགོངས་པ་ཇི་བཞིན་པ་སྟེ། དེ་བཞིན་དུ་དཔལ་དུས་ཀྱི་འཁོར་ལོའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ནི། དཔལ་གསང་བ་འདུས་པ་དང་། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ་ལ་སོགས་པ་སྔོན་ཆད་དང་། ཕྱིན་ཆད་འགྱུར་བའི་རྒྱུད་སྡེའི་སྤྱི་དོན་དུ་གྱུར་པ། རིགས་ལྔའི་སྡོམ་པ་ལ། སངས་རྒྱས་རྣལ་འབྱོར་དུ་བྱ་བ་དང་། སྨོན་པ་དང་། འཇུག་པ་སྟེ། ཚུལ་ཁྲིམས་རྣམ་པ་གསུམ། མི་བསྐྱོད་པའི་དམ་ཚིག་ཏུ། རྡོ་རྗེ་དང་། དྲིལ་བུ་དང་། ཕྱག་རྒྱ་དང་། བླ་མ་རྣམས་བཟུང་བ་དང་། རིན་འབྱུང་གི་དམ་ཚིག་ཏུ། ཆོས་དང་། ནོར་དང་། མི་འཇིགས་པ་དང་། བྱམས་པ་སྟེ། སྦྱིན་པ་རྣམ་བཞི་སྦྱིན་དང་སྣང་མཐའི་དམ་ཚིག་ཏུ། ཕྱི་སོ་སོར་ཐར་པ་དང་། ནང་བྱང་ཆུབ་སེམས་དཔའ་དང་། གསང་བ་སྔགས་ཀྱི་ཐེག་པ་གསུམ་གྱི་དམ་ཚིག་རིམ་པ་འཛིན་ཞིང་དེ་དག་གི་ཆོས་རྣམས་བཤད་པ་དང་། དོན་འགྲུབ་ཀྱི་དམ་ཚིག་ཏུ། རྒྱལ་བ་སྲས་བཅས་ལ་མཆོད་ཅིང་། བསྟོད་བསྔགས་བརྗོད་པ་དང་། ཕྲིན་ལས་ཀུན་ལ་གུས་པའོ། །ཁྱད་པར་གསང་སྔགས་བླ་ན་མེད་པ་རིགས་ལྔའི་སྡོམ་པ་ནི། རྡོ་རྗེའི་རིགས་གྱུར་སྲོག་ལ་འཚེ་བ་ལ་སོགས་པ་ལའང་། བསྒྲལ་བའི་ཞིང་བཅུ་དང་། ཉམས་པ་བདུན་སོགས་བསྒྲལ་བྱ་ཡིན་ལ། དེ་ལས་གཞན་དབུ་མར་ལས་རླུང་དང་། དེས་བསྐྱེད་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་ཀུན་ཏུ་རྟོག་པ་གསོད་པའོ། །རིན་ཆེན་རིགས་ལ་མ་བྱིན་པ་བླང་བྱ་ནི། མཚན་ལྡན་གཟུངས་མ་དང་སྐལ་མེད་སྐྱེ་བོའི་ལག་ན་ཡོད་པའི་ཐོད་པ་མཚན་ལྡན་སོགས་སྔགས་ལ་མཁོ་བའི་ནོར་དང་ཡོ་བྱད་བཅས་ཁྱད་པར་དུ་རྫོགས་པའི་བྱང་ཆུབ་རང་སྟོབས་མཐུ་ཡིས་བླང་བ་དང་། པདྨའི་རིགས་ལ་གཟུངས་མ་རི་དྭགས་མིག་ཅན་མཆོད་པ་དང་། སྟོད་པ་ཉིད་ཀྱི་བུད་མེད་ཞེས་རང་གི་སེམསཀྱི་གནས་ལུགས་མི་བསྒོམ་བར་ངང་ལ་འཇོག་པ་ལ་ཀུན་ཏུ་སྤྱོད་ཅེས་ཐ་སྙད་བཏགས་པ་ཡིན་ལ། ཆོས་ཀྱི་ཕྱག་རྒྱ་ནི། རིག་ལྔ་གང་རུང་གི་སྔགས་འཁོར་དང་འོད་ཟེར་སྤྲོ་བསྡུ་དང་། སྔགས་ལ་བརྩོན་པ་དང་། དམ་ཚིག་གི་ཕྱག་རྒྱ་ནི། རིགས་ལྔ་གང་ཡིན་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ཀྱི་མཛད་པ་དང་བསྲུང་སྡོམ་སོགས་གཞུང་བཞིན་བྱེད་པ་དང་། ཕྱག་རྒྱ་ཆེན་པོ་ནི། རིགས་ལྔ་གང་རུང་གི་སྐུ་མདོག་ཕྱག་མཚན་ཆ་ལུགས་བཅས་མ་འདྲེས་ཡོངས་རྫོགས་སུ་གསལ་བ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར་བསྒོམ་ཞིང་བརྟེན་པའོ། །དེ་ཡང་འཁོར་ལོའི་རིགས་ལ་སྟེ། དེ་བཞིན་གཤེགས་བའི་རིགས་རྫས་དང་། ཚོགས་དྲུག་གི་ཡུལ་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་པོ་སྒྱུ་མ་དང་རྨི་ལམ་ལྟ་བུར་སྤྱོད་པ་དང་། ལས་ཀྱི་རིགས་ལ་རྫུན་ཚིག་སྒྱུ་མ་ལྟ་བུར་སྒྲོགས་པ་ཞེས་པའོ། །དེའི་ཡན་ལག་མངོན་གྱུར་དུ་མ་བསྒྲགས་ཤིང་ཚིག་གི་གབ་པ་ནི། མ་བསྒྲལ་བསྒྲལ་དང་མ་གྲོོལ་གྲོལ། དབུགས་དབྱུང་མྱ་ངན་འདས་ལ་འགོད་ཅེས་སོགས་བྱང་ཆུབ་སེམས་དཔའི་ས་དང་ཐུན་མོང་ལ། ལྷ་དང་ལྷ་མིན་ཞེས་པ་ཡེ་ཤེས་པ་དང་འཇིག་རྟེན་པའི་ཚོགས་ཕལ་མོ་ཆེ་ཡིན་ཞིང་གསང་བ་པ་གནོན་སྦྱིན་དང་ནོར་ལྷའི་རིགས་དང་། གཞན་ཡང་ཕན་འདོགས་ནུས་པའི་རིགས་གང་ལ་ཡང་མི་བརྙས་ཤིང་། ཕྱག་རྒྱ་ཞེས་ལག་པས་བཅས་པའི་ཕྱག་རྒྱའི་གཟུགས་བརྙན་དང་། བཞོན་པ་ནི་བླ་མའི་ཆིབས་པ་དང་། ལྷའི་ཕྱག་མཚན་གྱི་རིགས་གྱུར་མཚོན་ཆ་དང་། མཚན་མ་བཀོད་པ་ལ་སོགས་ལ་འགོམ་ཡུག་དང་སྨད་པར་མི་བྱ་བ་གཉིས་ནི་དངོས་སུ་བསྟན་པ་སྟེ། གསང་བ་གནོད་སྦྱིན་དང་ཕྱག་རྒྱའི་སྐུའི་གཟུགས་བརྙན་རྫོགས་པ་དང་དེའི་ཕྱག་རྒྱ་བཅའ་བའོ། །བཞོན་པ་བླ་མའི་སྟན་དང་ཆིབས་པ་ལ་སོགས་དང་མཚོན་ཆ་ལྷའི་ཕྱག་མཚན་ཆེད་དུ་བྱས་པའི་རིགས་དང་། མཚན་མ་དང་ཕྱག་མཚན་དང་། ལྷ་དང་། བླ་མ་དང་། མཆོད་རྟེན་གྲིབ་མ་སོགས་འགོམ་པ་ལ་སྨད་པའི་སྒྲ་ཞུགས་པའོ། །དེ་བཞིན་མཆོད་རྫས་རྙིང་པའི་རིགས་ལ་དམན་པར་གྲགས་ཤིང་ཕྱག་མཚན་གྱི་རྣམ་བར་བཅོས་པ་གང་ཡང་བཟའ་བར་མི་རུང་ཞིང་བཀག་པ་ཡིན་ནོ། །ཁྱད་པར་དུ་གསོད་པ་དང་མ་བྱིན་ལེན་པ་སོགས་དངོས་བསྟན་ཉིད་དང་། དགོངས་པ་ལུང་སྟོན་གྱི་ཚུལ་དུ་གསུང་པའི་རྣམ་པ་དབྱེ་བ་མ་ཕྱེད་པའི་སྔགས་པ་ངན་སོང་གསུམ་དུ་ཐུར་ལ་ལྟུང་བར་འགྱུར་ཞིང་། མདོར་ན་གབ་པའི་གསང་བ་རྣམས་མ་རྟོགས་པར་སྦས་པའི་གསང་བར་མངོན་དུ་འཆེལ་ཞིང་ཀུན་ལ་གཟུར་ཞེས་མངོན་དུ་བསྒྲགས་པའོ། །དེ་ཡངཉིན་བཞིན་བྲམ་ཟེ་གསོད་པ་ནི་སྡིག་པའི་ཆེ་ཤོས་ཏེ། དེ་དང་མཚམས་མེད་ལྔ་ལ་སྤྱོད་པ་རྣམས་ཀྱང་། སྔགས་ཀྱི་སྡོམ་པ་སྐྱེ་བའི་རྟེན་དུ་རུང་བས་ན་གསང་སྔགས་ཐབས་མང་བ་དང་ཐབས་ཀྱི་ཆེ་བ་ནི་སྨོས་ཅི་དགོས་ཏེ་མ་སྨོས་ཀྱང་ལོས་ཤེས། སྔོན་གྱི་དམ་ཚིག་རྣམས་ངོ་མི་ཤེས་པ་དང་། དེ་བཞིན་དུ་བསྲུང་མཚམས་མི་ཤེས་ཤིང་བླ་མར་མི་གུས་པ་དང་། རྩིང་སྤྱོད་བག་མེད་ལ་གོམས་པ་ཞེས་མ་དུལ་བས་ཉོན་མོངས་པ་མཐུ་ཆེ་བ་དང་བཞི་སྟེ། ལྟུང་བ་འབྱུང་བའི་སྒོ་བཞི་ཡིན་ལ། དེའི་སྟེང་དུ་བརྗེད་ངེས་ཆེ་བ་དང་། དྲན་པ་མི་གསལ་བ། བསྣན་པ་དམ་ཚིག་ཉམས་པའི་རྒྱུ་དྲུག་ཡིན་ཞིང་། དེ་བས་དྲན་པ་དང་། ཤེས་བཞིན་དང་གཉེན་པོས་ཟིན་པས་ལོང་བ་དབྱེ་བའི་གནས་སྐབས་ཐོབ་པའི་ཚེ། བག་ཡོད་ཀྱིས་འགུལ་སྐྱོད་སོགས་བསྲུང་བ་ཇི་བཞིན་ཉིད་མཚན་ཐུན་དྲུག་ཏུ་སྤང་བླང་གི་གནས་ལ་བསྒྲིམ་ཤིང་བརྩོན་པས་དཔྱད་པ་གལ་ཆེ་ཞིང་། ཉམས་ན་གསོ་བའང་ཐེག་པ་འོག་མ་ལས་འཕགས་སྟེ། ཉན་ཐོས་པའི་སྡོམ་ཁྲིམས་ནི་འཆབ་སེམས་མ་སྐྱེས་ན། ལན་བདུན་དུ་གསོལ་ཡོད་པར་གསུངས་ཤིང་སྤེད་པར་བྱེད་ཅིང་འཆབ་པ་བཅས་ན་ལན་གཅིག་ཀྱང་གསོ་བའི་ཡུལ་མེད་དེ་རྫ་བེའུ་ཆག་པ་བཞིན་ཡིན་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉམས་པར་གྱུར་ཡང་། རིན་ཆེན་ལས་བྱས་ཉེར་སྤྱད་ཆག་པ་དང་འདྲ་སྟེ། གཞན་གྱི་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་གསོ་རུང་བའི་འཕགས་པ་ཡིན་ལ། གསང་སྔགས་ཀྱི་སྡོམ་པ་ནི་རིན་ཆེན་གྱི་སྣོད་ཞོམ་པ་ལྟར་རང་གི་སྟོབས་མཐུས་གསོ་རུ་བྱར་ཡོད་པ་ཡང་། བླ་མ་དང་རྡོ་རྗེ་སྤུན་གྲོགས་ལ་བརྙེས་པ་ཤོར་ན་འཕྲལ་དུ་ཚོགས་ཀྱི་འཁོར་ལོ་ལ་སོགས་པས་མཉེས་པར་བྱས་ན་ཉམས་ཆགས་བསྐོང་བར་འགྱུར་རོ། །གསུང་གི་ཐ་ཚིག་ཉམས་ན་རྡོ་རྗེ་ཆོས་སམ་རྡོ་རྗེ་སེམས་དཔའ་བསྒོམ་ལ་སྙིང་པོའམ་ཡིག་བརྒྱ་འབུམ་ཐེར་གདོན་པར་བྱའོ། །ཐུགས་ཀྱི་དམ་ཚིག་ལས་ཉམས་པར་གྱུར་ན་རྡོ་རྗེའི་བཟླས་པ་སོགས་ལ་བརྩོན་བཞིན་ལོ་གསུམ་སྨྲ་བ་བཅད་ལ། རྩེ་གཅིག་ཏུ་མཉམ་པར་བཞག་པ་གསོ་བའི་ཐབས་མཆོག་ཡིན་ལ། ཉིན་མཚན་ཐུན་དྲུག་ཆ་ལས་ཐལ་ན་ཐུན་ཚོད་འདས་བའི་མཚམས་སོགས་ལ། འགལ་དང་། ཉམས་དང་། འདས་དང་། རལ་པ་ཞེས་པ་རྣམས་རིམ་བཞིན་དུ། ཞག་དང་། ཟླ་བ་དང་། ལོ་གཅིག་དང་ལོ་གཉིས་ལས་འདས་པ་གསོ་བར་རུང་སྟེ། དེ་ཡང་ཕྱི་མ་ལྕི་ཞིང་། ལོ་གསུམ་འདས་པར་གྱུར་ན་གསོ་བར་རུང་བ་མ་ཡིན་ལ། རིམ་པ་བཞིན་དུ། འགལ་ན་ཚོགས་ཀྱི་འཁོར་ལོ་དང་། ཉམས་པར་གྱུར་ན་བདོག་དགུ་སྤོང་དག་བྱས་ནས་ཕུལ་བས་བསྐོང་ཞིང་། འདས་ན་བུ་ཆུང་དང་མ་ནོར་གྱི་དབྱིག་ལ་སོགས་པ་ཕུལ་ནས་བཤགས་ཤིང་སྐོང་ན་ཉམས་ཆགས་དག་པ་དང་། རལ་ན་བླ་མའི་སྐུ་གླུད་དུ་རང་གི་ལུས་སྲོག་གི་བྱས་ཏེ་བཤགས་ན་གསོ་ཐུབ་པའི་རྣམ་བཞག་འདི་རྣམས་རྡོ་རྗེ་ཉི་མ་རྣམ་པར་བཀོད་པའི་རྒྱུད་ལས་གསུངས་པའོ། །གཞན་ཡང་དབང་བཞི་བསྐྱར་ནས་ཞུས་པ་དང་། བདག་འཇུག་མང་དུ་བླང་བ་གལ་ཆེ་ཞིང་། བསྐྱེད་རིམ་དང་རྫོགས་རིམ་དང་། བསྙེན་བསྒྲུབ་དང་བཟླས་བརྗོད་དང་། འཕོ་མད་ཀྱི་ཚུལ་ཁྲིམས་ཞེས་ཐིག་ལེ་འཛག་མེད་དུ་བསྲུང་བ་ལ་ཐིག་ལེའི་རྣལ་འབྱོར་དང་། གཞན་ཡང་སྦྱིན་སྲེག་དང་། གཏོར་མ་གཏོང་བ་དང་། ངན་སོང་གསུམ་གྱི་སྡིག་སྒྲིབ་དྲལ་བའི་སྔགས་དང་ཕྱག་རྒྱ་སོགས་ཀྱིས་བཀྲུ་བ་དང་གཏུམ་མོས་བསྲེག་ཅིང་། དགེ་འདུན་འདུས་པའི་ཚོགས་སམ་རྟེན་གསུམ་གྱི་དྲུངདུ་རང་གིས་ཉེས་པ་བསྒྲག་ཅིང་འཆི་ངེས་པའི་སེམས་ཅན་གྱི་སྲོག་བསླུ་བ་དང་། གསུང་རབ་བཀླག་པ་དང་། ཡིག་བརྒྱ་བཟླ་བ། མཎྜལ་གང་ནུས་འབུལ་བ། ཡན་ལག་བདུན་པ་དང་། མཆོད་རྟེན་བཞེངས་པ་ལ་སོགས་བཤགས་པའི་རིགས་པ་ཐབས་ཀྱིས་ཤེས་པར་བྱ་བའོ། །དེ་ཡང་དམིགས་བཅས་ཀྱི་ཉེས་ལྟུང་ཀུན་ལ་འགྱོད་སེམས་སྐྱེས་པ་ལྷག་པར་གཅེས་ཏེ། ཉེས་ལྟུང་ཅི་བྱས་མ་བཤགས་ན་ཅི་མི་སྙམ་དུ་བསྐྱུར་ན། ཚེ་འདིར་བདེ་ལེགས་དང་ཡོན་ཏན་གྱི་ཚོགས་རྣམས་འགྲིབ་པར་འགྱུར་ཞིང་སྡུག་བསྔལ་དོ་ཟླ་མེད་པའི་རྡོ་རྗེ་དམྱལ་བའི་གནས་སུ་ལྟུང་བ་ཡིན། དམ་ཚིག་དང་ལྡན་པ་དག་སྐྱེ་བ་བཅུ་དྲུག་གམ། མྱུར་ན་ཚེ་འདིའམ། འཆི་ཁ་བར་དོར། ཐུན་མོང་གི་དངོས་གྲུབ། གྲུབ་པ་བརྒྱད་ཐོབ་པ་ཡང་མཁའ་སྤྱོད་ནི་མཁའ་ལ་གནས་ནུས་ཤིང་འཆི་བ་མེད་དོ། །རལ་གྲི་ནི་ཕ་རོལ་ནས་རྒྱལ་བར་བྱེད་པའོ། །རིལ་བུ་གང་དག་བསྒྲུབ་པ་ལག་ཏུ་ཐོགས་པས་ལུས་མི་སྣང་བའོ། །རྐང་མགྱོགས་ནི་མཆིལ་ལྷམ་གྲུབ་སྟེ་གྱོན་པས་ཡུད་ཙམ་ལ་རྒྱ་མཚོའི་མཐའ་ཡང་འཁོར་བའོ། །བུམ་པ་ནི་དེའི་ནང་དུ་ཟད་མེ་ཤེས་པའི་འདོད་དགུའི་གཏེར་འབྱུང་བའོ། །གནོད་སྦྱིན་གྱི་ཁོལ་པོ་ནི་དེ་བྲན་དུ་བྱས་ནས་ཅི་དགོས་པ་གྲུབ་ཅིང་མི་འབུམ་ཕྲག་གིས་བསྒྲུབ་དགོས་པའི་ལས། ཉིན་གཅིག་ལ་ཟིན་པ་རྒྱལ་པོ་མྱ་ངན་མེད་ཀྱི་ཙཻ་ཏྱཾ་སྟེ། མཆོད་རྟེན་བྱེ་བ་ནུབ་གཅིག་ལ་བཞེངས་པ་ལྟ་བུའོ། །བཅུད་ལེན་ནི་ཉི་ཟླའི་ཚེ་གླང་པོ་ཆེའི་སྟོབས་པདྨའི་མདངས་ལྡན་ཞིང་། ལྡང་བ་ན་ཤིང་བལ་ལས་ཡང་བ་སློབ་དཔོན་པདྨ་ལྟ་བུ་སྐྱེ་འཆི་མེད་པའི་སྐུ་བརྙེས་ཤིང་དབང་ཕྱུག་བརྒྱད་དང་ལྡན་པའི་མཁའ་ལ་སྤྱོད་སྟོབས་མང་ཡུལ་གྱི་རི་བོ་དཔལ་འབར་ཕན་ཚུན་བརྗེ་ལྟ་བུའོ། །མིག་སྨན་ནི་མིག་ལ་སྨན་བྱུགས་ནས་ས་འོག་གཏེར་མཐོང་བ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། ཁྱད་པར་དུ་ཡང་ས་དང་པོ་ནས་བདུན་པའི་བར་ལ་དབང་བཅུ་ཕྱི་ལྟར་ཡོད་དེ། ཚེ་ལ་དབང་བས་བསྐལ་པ་ཅི་ཙམ་འདོད་པར་གནས་པ་དང་། སེམས་ལ་དབང་བས་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྐད་གཅིག་རེ་རེར་མཉམ་པར་འཇོག་པ་དང་། ཡོ་བྱད་ལ་དབང་བས་བསམ་པ་ཙམ་གྱིས་འཇིག་རྟེན་དུ་ཟས་ནོར་སྣ་ཚོགས་པས་གང་བར་ནུས་པ་དང་། ལས་ལ་དབང་བས་བཟོ་དང་ལས་ཀྱི་གནས་སྐབས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་སྤྱོད་པ་དང་། སྐྱེ་བ་ལ་དབང་བས་ལྷ་དང་མིའི་གནས་གང་འདོད་དུ་སྐྱེ་བ་དང་། མོས་པ་ལ་དབང་བས་ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་སུ་བསྒྱུར་བ་ལ་སོགས་མདོར་ན་དངོས་པོ་ཐམས་ཅད་ཇི་ལྟར་འདོད་པ་སེམས་ཅན་སྤྱིའི་སྣང་དོར་མཐུན་སྣང་གྲུབ་པར་བསྒྱུར་བ་དཔེར་ན་སློབ་དཔོན་སངས་རྒྱས་གཉིས་པས་བསམ་ཡས་ཀྱི་གསག་མ་ནིའུ་སེང་དུ་བསྒྱུར་ནས་ཀུན་གྱི་ལོངས་སྤྱོད་དུ་རུང་བ་ལྟར་དང་། སྨོན་ལམ་ལ་དབང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་གང་བ་ལ་སོགས་ཇི་ལྟར་སྨོན་པ་བཞིན་འགྲུབ་པ་དང་། རྫུ་འཕྲུལ་ལ་དབང་བའི་ཞིང་ཁམས་དཔག་ཏུ་མེད་པ་སྐྲ་རྩེ་གཅིག་གིས་ནམ་མཁར་འཛིན་པ་ལ་སོགས་གང་འདོད་དུ་སྤྲུལ་ནུས་པ་དང་། ཡེ་ཤེས་ལ་དབང་བས་ཤེས་བྱ་གང་ཤེས་པར་འདོད་པ་དེ་ཤེས་པ་དང་། ཆོས་ལ་དབང་བ་ནི་ཆོས་ཐམས་ཅད་ཀྱི་མིང་དང་དོན་རྣམ་པར་བཞག་པ་ལ་མཁས་པའོ། །དེ་ཡང་དབང་བཅུ་ཕུལ་བྱུང་ནི་དག་པ་ས་གསུམ་ནས་ཡོད་པས་ནང་དུ་བཞག་ལ། དེ་ཉིད་ཀྱི་རྒྱུན་མཐར་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཡོད་པའི་ཚུལ་མདོ་སྡེ་དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔའ་ས་ཆེན་པོར་ཐོབ་པ་འོད་ཟེར་གྱི་སྤྲིན་ཆེན་པོའི་དབང་བསྐུར་བས་དབང་བཅུ་ཐོབ་པ་ཤ་སྟག་ཏུ་གྱུར་ཏེ། དེའི་དོན་ནི་མ་དག་ས་བདུན་མན་ཆད་བགྲོད་པ་མན་ཆད་ནང་དབང་དུ་མ་བཞག་ཅིང་ས་གསུམ་ནས་བརྩིས་པའི་ས་བཅུ་ཆོས་ཀྱི་སྤྲིན་རྫོགས་ཚེ། ནང་གི་དབང་བཅུ་ཐོབ་པ་དང་། དབང་བཅུ་ཤིན་ཏུ་རྣམ་དག་ནི་སངས་རྒྱས་ཀྱི་ས་ན་ཡོད་པའོ། །དེ་ལྟར་གཉིས་པོ་དང་དབང་ཕྱུག་བརྒྱད་ཀྱི། དང་པོ་ཕྲ་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དབུ་མའི་རང་བཞིན་དུ་མཐོང་བའོ། །ཡང་བ་ནི་ཡེ་ཤེས་ཀྱི་རླུང་སྟེ། དེའི་སྟོབས་ཀྱི་མཁའ་ཁྱབ་ཀྱི་འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱིས་སྐད་ཅིག་ཙམ་ལ་འགྲོ་བ་དང་། བལྟ་བར་ནུས་པའོ། །ཕྲ་བར་ནུས་པ་ནི། དབུ་མར་རླུང་སེམས་ཞུགས་པའི་བདག་གཞན་མཐའ་དག་སྟོང་པ་ཉིད་དུ་ཐིམ་པར་རྟོགས་པས་གཉིས་སྣང་ནུབ་པའོ། །སྤྱོད་པར་ནུས་པ་ནི། ནང་གི་བཙུན་མོ་ནི་དབུ་མ་ཡིན་པས་རླུང་སེམས་ཞུགས་པའི་རྟེན་འབྲེལ་གྱིས་ཕྱི་རོལ་དུ་གཟུགས་རྡོ་རྗེའི་བདག་ཉིད་ཅན་ལ་སོགས་པ་ཟག་མེད་ཀྱི་འདོད་ཡོན་ལྔ་ལ་སྤྱོད་པའོ། །བདག་ཉིད་ཆེན་པོ་ནི་མཚན་དཔེ་འབར་བ་ལ་སོགས་པ་དང་། བདུད་བཞི་ལས་རྣམ་པར་རྒྱལ་བ་དང་། མཐུ་སྟོབས་ཀྱི་བདག་པོར་གྱུར་བའོ། །དགའ་མགུར་བྱེད་པ་ནི། འགྲོ་བ་རྣམས་ལ་ཇི་ལྟར་འདོད་པའི་སྐུ་དང་གསུང་ལ་སོགས་པའི་རྣམ་པར་འཕྲུལ་བ་སྣ་ཚོགས་བསྟན་ནས་བསམ་པ་ཚིམ་པར་བྱེད་ནུས་པའོ། །ཐམས་ཅད་དབང་དུ་གྱུར་པ་ནི། སེམས་ཅན་རྣམས་ཚོགས་གཉིས་རྫོགས་པའི་གོ་འཕང་ལ་འགོད་ནུས་པས་གཞན་དོན་དུ་མི་འགྱུར་བ་སྐད་ཅིག་ཀྱང་མེད་པའོ། །ཅི་འདོད་བྱེད་པ་ནི། རང་གཞན་གཉིས་ཀའི་དོན་དུ་གནམ་རྡོ་ལྷུང་བ་དང་། རྒྱ་མཚོ་འཁྲུགས་པའི་སྒྲ་དང། གཅིག་ལས་དུ་མ་དང་། དུ་མ་ལས་གཅིག་ཏུ་བྱེད་པ་ལ་སོགས་པའི་རྫུ་འཕྲུལ་ལ་དབང་ཐོབ་པའོ། །དེ་ཀུན་ཀྱང་རང་རང་གི་བཞེད་པ་ཙམ་ལ་རག་ལས་པ་ཡིན་པས་ཟག་མེད་ཀྱི་ཡོན་ཏན་མ་ལུས་པ་ལ་དབང་འབྱོར་བའི་ཕྱིར་དབང་ཕྱུག་དང་ལྡན་པ་ཞེས་བྱའོ། །དེ་ལྟར་བརྒྱད་པོ་དང་རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་བའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོའི་དང་། ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། རིག་འཛིན་རྣམ་པ་བཞི་ཐོབ་པར་འགྱུར་ཞིང་མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན་ནི། སྐུ་རྣམ་པ་ཐམས་ཅད་པ་ཤེས་བྱའི་སྣང་བརྙན་ཡོད་དགུ་འཆར་བ་ནི་ཁ་སྦྱོར་དང། གསུང་རྣམ་པར་དག་པ་སྒྲིབ་པ་དང་བྲལ་བ་ནི་ལོངས་སྤྱོད་རྫོགས་པ་དང་། ཐུགས་རྣམ་པར་དག་པ་ཐམས་ཅད་པ་གཟུང་འཛིན་གྱི་རྟོག་པ་ལས་གྲོལ་ཞིང་འགྱུར་བ་མེད་པའི་བདེ་ཆེན་ལ་རོལ་པ་དང་། དེ་ཡང་རང་བཞིན་མེད་པ་སྟེ་མེད་དགག་གི་མཐའ་ལས་གྲོལ་བའི་སོ་སོར་རང་རིག་པ་མཚན་ཉིད་ཅན་བཞིས་རང་དོན་ཕུན་སུམ་ཚོགས་པ་དང་སྙིང་རྗེས་ཡོངས་སུ་གང་བ་ལས་ཡིད་བཞིན་གྱི་ནོར་བུའམ། དཔག་བསམ་གྱི་ཤིང་ལྟར་གཞན་དོན་འབད་མེད་དུ་འབྱུང་བ་དམིགས་པ་མེད་པའི་ཐུགས་རྗེ་དང་། ཐུགས་རྗེ་ཆེན་པོ་དེ་ཉིད་ནམ་ཡང་རྒྱུན་ཆད་མེད་པས་རྟག་པ་དང་། གདུལ་བྱའི་མོས་པ་དང་། དབང་པོ་ལ་འཚམས་པའི་གཟུགས་སྐུའི་སྣང་བརྙན་དང་། ཆོས་ཀྱི་སྒོ་མཐའ་ཡས་ལ་ནམ་ཡང་འགོག་པ་མེད་པར་འཆར་བ་དང་གསུམ་གྱིས་གཞན་དོན་ཕུན་སུམ་ཚོགས་པ་ཤུགས་ལ་གྲུབ་པའི་དོན་གཉིས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཞེས་བྱའོ། །དེ་ལྟར་ས་བཅུ་ལམ་ལྔའི་སྤངས་རྟོགས་མཐར་ཕྱིན་ནས་སངས་རྒྱས་སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་དང་ལྔའི་རྣམ་དབྱེ་ཡོད་པས། དེའི་སྟེང་དུ་མི་འགྱུར་རྡོ་རྗེའི་སྐུ་བསྣན་པའི་དྲུག་ནི། རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན་པས་དེ་རྣམས་ཀྱི་ཞིང་དུ་དོན་གཉིས་ཞེས་རང་དོན་དང་གཞན་དོན་ལྷུན་གྱིས་གྲུབ་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅུ་པའི་བསྡུས་འགྲེལ་ལོ།

ལེའུ་བཅུ་གཅིག་པ།

༈ རྒྱལ་བས་འཁོར་ལོ་དང་པོ་བདེན་པ་བཞིའི་ཆོས་འཁོར་དང་། བར་པར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ་གསུམ་དུ་གསུང་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་ཆོས་རྣམས་སྐྱེ་འགག་མེད་པའི་རང་བཞིན་དུ་བསྟན་བྱའི་ངོ་བོ་ནི། སོ་སོ་རང་རིག་པ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་བདེ་གཤེགས་སྙིང་པོའི་ངོ་བོ་རུ། རྒྱུ་རྐྱེན་གྱིས་མ་བསྐྱེད་པར་རང་བཞིན་དུ་བཞུགས་པ་ལ་རྫོགས་པ་ཆེན་པོ་ཞེས་སུ་གྲགས་པ་ཡིན་ལ། གང་དུ་ཞེས་རྫོགས་པ་ཆེན་པོའི་གཞུང་ལམ་འདི་ནམ་མཁའ་ལྟར་རྒྱ་ཆེའི་ལམ་བཟང་རབ་དང་མཆོག་ཏུ་གྱུར་པ་དམ་པའི་དོན་ཡིན་པར་གྲུབ་ལ། དེ་ལས་གཞན་པའི་ཆོས་ཚུལ་མཐའ་དག་བློའི་བྱི་དོར་ཁོ་ན་ཡིན་པའི་ཕྱིར། སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་རིག་འཛིན་སྔགས་ཀྱི་བསླབ་པ། སྡོམ་པ་གསུམ་དང་། ཕ་རོལ་ཕྱིན་པ་དྲུག་དང་བསྐྱེད་རྫོགས་གཉིས་སོགས་ལམ་གྱི་ཆོས་རྣམས་ཀུན་ཀྱང་རྫོགས་པ་ཆེན་པོའི་ལམ་སྟེགས་ཡིན་ལ། དེ་ཡང་འདིར་ནི་འཁོར་བ་དང་མྱ་ངན་འདས་པའི་ཆོས་རྣམས་ནི། དབྱིངས་ལས་མ་གཡོས་ཤིང་གཞན་དུ་གྱུར་པའང་མེད་ཅིང་། འཁོར་བ་དང་མྱང་འདས་གཉིས་སུ་མ་གྲུབ་པའི་གཞིའི་དབྱིངས་ལས་མ་གཡོས་ཤིང་གཞན་དུ་གྱུར་པའང་མེད་ཅིང་། འཁོར་བ་དང་མྱང་འདས་གཉིས་སུ་མ་གྲུབ་པའི་ཆོས་ཉིད་རྣམ་དག་ཀྱང་ངོ་བོ་སྟོང་པ་དང་། རང་བཞིན་ལྷུན་གྲུབ་ཐུགས་རྗེ་འགག་མེད་གསུམ་དུ་རྫོགས་པ་ཡིན་ཞིང་། དེ་ཉིད་ཀྱི་ངང་ནས་དག་པ་སངས་རྒྱས་དང་། མ་དག་སེམས་ཅན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱི་ཆ་རུ་གྱུར་ཚེ། གཉིད་ཀྱི་ངང་ནས་རྨི་ལམ་མི་གཡོ་བ་བཞིན་དུ། གང་ནས་ཀྱང་མ་འོངས་ལ། གཞན་དུ་འཕོ་བའང་མེད་མོད། འོན་ཀྱང་རེ་ཞིག་གཞི་ཉིད་ཁོ་ནའི་གཞུགས་ཚུལ་གྱི་གྲུབ་པའི་མཐའི་རྣམ་པར་བཞག་པ་དང་། གཞི་ཀ་དག་ཏུ་འདོད་པ་དང་། ལྷུན་གྲུབ་ཏུ་འདོད་པ་དང་། དེ་བཞིན་དུ་མ་ངེས་པར་འདོད་པ་ངེས་པ་དོན་དུ་འདོད་པ་དང་། ཅིར་ཡང་བཏུབ་ཏུ་འདོད་པ་དང་། ཅིར་ཡང་ཁས་བླང་བཏུབ་ཏུ་འདོད་པ། སྣ་ཚོགས་སུ་འདོད་པའི། གཞི་བདུན་པོ་ཐམས་ཅད་ཀྱང་ངོ་བོ་ཀ་དག་ཏུ་འདོད་པ་གཅིག་པའི་ཕྱོགས་རེ་ལ་སོ་སོར་བརྟགས་པའི་རང་གཞུང་གི་གྲུབ་མཐའ་འཛིན་པ་གཞན་རྣམས་ནི། ཁོང་ལོང་བདུན་གྱིས་གླང་པོའི་སྐྱེ་མཆེད་ལ་རེག་ཏུ་བཅུག་པའི་མིག་ལ་རེག་པས་གླང་པོ་ཆེ་ཕོར་བ་འདྲ་ཞེས་ཟེར་སྣ་ལ་རེག་པས་ལྕགས་ཀྱུ་དང་། རྣ་བ་ལ་རེག་པས་ཞིབ་མ་དང་། རྒྱབ་ལ་རེག་པས་ཁྱོགས་དང་། མཇུག་མ་ལ་རེག་པའི་ཐིག་གུ་དང་འདྲ་ཞེས་ཟེར་ཞིང་གང་ཡང་ཐོག་ཏུ་མ་ཁེལ་བ་དང་། ངང་པའི་ཁ་དོག་དྲིས་པར། ངང་པའི་ཁ་དོག་ལ་འུར་འུར་པོ་བརྗོད་པ་ཇི་བཞིན་པར་ཐོག་ཏུ་མ་ཁེལ་བ་བཞིན་ནོ། །འདིར་ནི་དོན་དམ་སྒྲ་ཇི་བཞིན་པར་བཤད་ན། གནས་ལུགས་ངོ་བོ་ཀ་ནས་དག་པ་སྟེ། ཡེ་ནས་དག་ཅིང་འཁོར་འདས་གཉིས་ཀའི་མཆེད་གཞིར་གྱུར་པ་ལ་ཡོན་ཏན་ལྷུན་གྲུབ་སྟེ། དེ་གཉིས་ཀ་ཐོག་མཐའ་བར་གསུམ་འདི་རུ་གཅིག་ཅེས་པ་དང་། ཐ་དད་པ་གང་ཡང་མིན་ཞིང་། དངོས་པོ་དང་མཚན་མ་སོགས། སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་ཆེན་ཀ་དག་ལ། གཏིང་གསལ་ཞེས་གདངས་འཁོར་འདས་ཐམས་ཅད་ཀྱི་འཆར་གཞི་འགགས་པ་མེད་པས་ལྷུན་གྱིས་གྲུབ་བོ། གཞི་གཅིག་ཡིན་པ་ལ་རྫས་སུ་འགལ་བའང་མ་ཡིན་ཏེ། དཔེར་ན། གཉིད་དུ་ཕྱོགས་ཚེ་དབང་ལྔའི་ཤེས་པ་ནུབ་པ་དང་། གཉིད་དུས་ཀྱི་ཤེས་པ་ལྟར་གཉིས་ཀ་དབྱེར་མེད་དེ། ངོ་བོ་ཀ་དག་དྲི་བྲལ་ཡིན་པས་འཁོར་མ་མྱོང་ཡང་། ལྷུན་གྲུབ་ཀྱི་གདངས་སམ་རྩལ་ལས་རོལ་པ་བཟང་ངན་སོགས་ཅིར་ཡང་སྣང་སྟེ། ཇི་ལྟར་ན་རིན་པོ་ཆེ་བཻཌཱུཪྱའི་རང་འོད་ནི་གཏིང་གསལ་བའི། རྐྱེན་ཉི་མ་སོགས་ཀྱིས་མ་བསྐྱེད་པར་ཕྱིར་མི་སྣང་། ངོ་བོ་བཻཌཱུཪྱ་དང་འདུ་འབྲལ་མེད་མོད། དེའི་ཕྱིར་ན། ཀ་དག་དངོས་མཚན་སྤངས་བའི་གདངས། བཻཌཱུཪྱའི་རང་འོད་ནང་དུ་གསལ་བ་ལྟར་གནས་པ། ལྷུན་གྲུབ་ཕྱི་རྒྱ་མ་རལ་བར་གཞོན་ནུ་བུམ་པའི་སྐུར་བཞུགས་ཚེ། ངོ་བོས་སྟོང་པ་ཞེས་དངོས་མཚན་མ་གྲུབ་ལ། གདངས་ཀྱིས་མ་འགགས་པས་སྣང་བ་ཀུན་གྱི་འཆར་གཞིར་དེ་ཉིད་བཞུགས་པ་ལ་ལེགས་ཀྱང་། གཞི་ངོ་བོ་སྟོང་པ་ཉིད་ལས་གཡོས་པ་མེད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་དངོས་པོ་དང་། མཚན་མར་མ་གྲུབ་པས་གཅིག་ལས་གཉིས་སུ་ཕྱེས་པ་ལྟ་བུའི་རིས་ཆད་ཅན་དུ་ཕྱི་རོལ་གྱི་ཡུལ་དུ་མི་གསལ་ཡང་ཀུན་གྱི་གཞིར་གྱུར་པ་དེ་ནི་སངས་རྒྱས་ཞེས་བཟང་པོ་ཡང་མ་ཡིན་ལ། སེམས་ཅན་ཞེས་ངན་པ་ཞིག་ཀྱང་མིན་ཏེ། དངོས་པོ་མཚན་མ་གང་ཡང་མེད་པས་གཅིག་དང་། ཐ་དད་ཀྱང་མ་ཡིན་ཏེ་སོ་སོར་འབྱེད་རྒྱུ་མེད་པའི་ཕྱིར་དང་། མཐའ་དབུས་གཉིས་ཀ་མི་དམིགས་པའི་ཕྱིར་མེད་པ་ལ་ཡོད་པར་སྒྲོ་བཏགས་བ་ལྟར་ལས་གང་ཡང་མིན་མོད༴ སྟོང་པ་ཕྱང་ཆད་ཅེས་དངོས་པོ་ཡོད་པ་མེད་པར་སོང་བ་ལྟ་བུ་དང་། སྣོད་སྟོང་པ་དང་ནམ་མཁའ་སྟོང་པ་སོགས་ཅི་ཡང་མེད་པ་ཞིག་མ་ཡིན་ཏེ། མེད་པར་འཛིན་པ་ཞིག་ཡོད་པ་དེ་ཉིད་མ་རྟོག་པའི་སྐྱོན་ནོ། །དངོས་པོ་བཟང་ངན་གང་ཡང་མ་ཡིན་ཞིང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་གནས་པ་མེད་པ་སྟེ་སྣང་བ་གསུམ་དང་ཐབས་གཅིག་གོ། དེ་ཉིད་ཀྱི་ངང་ལས་རིག་པའི་བདག་ཉིད་ཅན་ནི། རྩ་བ་རླུང་ལྔའི། སྙིང་པོ་ཤེལ་འོད་ནང་དུ་ཐིམ་པ་ལྟ་བུ་དེ་ཉིད་ལྷུན་གྲུབ་ཀྱི་གདངས་ཀྱིས་ཕྱིར་འཕགས་པའི་ཚེ། ནང་གསལ་གཞོན་ནུ་བུམ་པའི་རྒྱ་རལ་ནས། བདེ་གཤེགས་སྙིང་པོ་གཞི་ལས་གཡོས་པ་མེད་བཞིན་གཞིའི་སྣང་བ་ཤར་བ་དེ་གདུལ་བྱར་མཆེད་པའི། དུས་ལ་བབ་པ་གང་གི་ཚེ་ཐུགས་རྗེའི་རིག་གདངས་ཞེས་ཐ་མལ་གྱི་ཀུན་རྟོག་ལས་འདས་པའི་རིག་རྩལ་ཤར་གྲོལ་དེ་ཉིད་འཁོར་འདས་དང་། བདག་གཞན་ལྷ་འདྲེ་སོགས་རྣམ་པར་གྱུར་པའི་ཡུལ་ལ་དཔྱོད་བྱེད་ཤེས་པར་ཤར་བའི་རིག་ལ་ལྟོས་པའི་མ་རིག་ཅན་གྱི་ཞེས། རང་ངོ་རང་གི་མ་རིག་པ་དང་། ཡེངས་འཁྲུལ་མཐའ་མེད་དུ་གྱུར་ནས་རིག་མདངས་མ་ཤེས་ཞིང་རྨོངས་པས་ཆ་བཟུང་བས་འཁྲུལ་པ་ལུ་གུ་རྒྱུད་དུ་གྱུར་ཏེ། དེ་ཡང་སྤྲིན་དང་བྲལ་བའི་མཁའ་བཞིན་སྒྲིབ་པ་དངས་པ་ས་ཀ་དག་སྤྲོས་བ་ཀུན་བྲལ་ལས་ལྷུན་གྲུབ་ངོ་བོའི་ཆ་ནས་གཡོ་བ་མེད་ཀྱང་། རང་བཞིན་གྱི་ཆ་ལས་གཡོ་བའི་འཆར་ཚུལ་རྣམ་པ་བརྒྱད་དུ་ཤར་བ་འདི་ནི་འཁོར་འདས་འབྲེལ་བའི་སྒོ་འཕར་ཏེ། ཞེས་པ་ནི་གཞོན་ནུ་བུམ་སྐུའི་རྒྱ་རལ་ཏེ། ཕྱེད་སྣང་ལོངས་སྐུ་དང་། དེ་ལས་སྤྲུལ་སྐུའི་གདུལ་བྱའི་དོན་མཛད་པ་ལ་འཁོར་བའི་སྒྲ་བཏགས་ཤིང་ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ལ་མྱང་འདས་ཞེས་གྲགས་ལ། དོན་ལ་བདེ་གཤེགས་སྙིང་པོའི་རང་མདངས་ལས་མ་འདས་སོ། །ཚུལ་འདི་ནི་ཀུན་མཁྱེན་དོལ་བོ་ཤེས་རབ་རྒྱལ་མཚན་སོགས་དབུ་མ་གཞན་སྟོང་གི་གྲུབ་མཐའ་འཛིན་པ་རྣམས་དང་མཚུངས་སོ། །གཞན་ཁ་ཟེར་བ་དག་ཡོད་མོད་དེ། །དམུས་ལོང་རྣམས་ཀྱིས་ཉི་མ་མ་མཐོང་བ་དང་འདྲའོ། །དེ་ལ་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་ཞེས་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་རྒྱུད་སྡེ་རྣམས་དང་། ཁྱད་པར་དེ་ངག་གི་མན་ངག་ཀུན་གྱི་ལྔེ་མིག་གངས་ཅན་ཞེས་བོད་ཁ་བ་ཅན་གྱི་རིའི་ལྗོངས་འདིར། དྲི་མེད་འོད་ཟེར་སྟོང་ལྡན་གཅིག་གིས་ཕྱེས་ནས་མ་རྟོག་ལོག་རྟོག་ཕྱོགས་རྟོག་གི་སྨག་རིམ་བསལ་བར་བྱས་པའོ། །དེ་ཚེ་ཞེས་ནང་གསལ་བུམ་སྐུའི་རྒྱ་རལ་བ་དང་དུས་མཚུངས་སུ་གཞི་སྣང་མཐོང་བའི་སྐད་ཅིག་མར། དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོའམ། ཐོག་མའི་མགོན་པོ་འོད་མི་འགྱུར་བ་དེས། གཞི་སྣང་དང་པོ་ཤར་བ་དེ་འཁྲུལ་བར་མ་མཆེད་ཅིང་རང་སྣང་དུ་རིག་པས་ཀུན་གཞི་ལུང་མ་བསྟན་གྱི་གཞི་ལས་འཕགས་ཏེ། གཞི་ཉིད་འབྲས་བུར་སྨིན་པའི་གཞི་སྣང་འཁྲུལ་བར་མ་སོང་ནས་རང་ངོ་རང་གིས་རིག་པ་དང་གྲོལ་བ་ཐོབ་པ་དུས་མཉམ་དུ་འོང་བ་ལ་ཤེས་རབ་ཐོགས་མེད་ཀྱིས་སྐད་ཅིག་མ་གཅིག་གི་ཡུན་ཙམ་ལ་རིག་མ་རིག་གི་བྱེ་བྲག་རབ་ཏུ་ཕྱེད་བཞིན། ཕྱེད་ཐོག་ཤེས་རབ་ཉིད་ཀྱང་སྐུར་སྨིན་པ་སྟེ། ཆོས་སྐུའི་གདུལ་བྱ་ལ་ཀུན་ཏུ་བཟང་པོ་དང་། ལོངས་སྐུ་རྒྱལ་བ་རིགས་ལྔ་ལྟ་བུ་ཡིན་ལ། དེ་རྣམས་ཀྱང་གཞན་བྱུང་གི་རྐྱེན་ལ་མ་ལྟོས་པར་རང་སར་གནས་པ་ཞེས་གྲོལ་གཞི་དེ་ཀའི་ངང་དུའོ། །སྐུ་གསུམ་གྱི་རྒྱལ་བ་རྣམས་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དུ་སྐད་ཅིག་གཅིག་ལ་མངོན་པར་གྱུར་བཞིན་སངས་རྒྱས་སོ། །གང་གི་ཚེ་ཆོས་སྐུའི་དབྱིངས་འཕོ་འགྱུར་བྲལ་བ་ལས་མ་གཡོས་བཞིན་དུ་བཟང་ངན་སོགས་འཁོར་འདས་ཀྱི་རྣམ་པར་འཛིན་པ་ལས་གྲོལ་བཞིན་ཡོན་ཏན་རྒྱས་པའི་ལྷུན་གྲུབ་ཀྱི་སྒོ་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་བར་བྱས་ནས་དེའི་རྩལ་ལམ་རོལ་པ་ལས་ཚངས་ཆེན་གྱི་བསྐལ་པ་བཀོད་ཅིང་། དག་པ་རང་བཞིན་གྱི་སྤྲུལ་པ་སྐུའི་སྣང་བ་དང་། མ་དག་འཁོར་བའི་སྒོ་སྟེ་འཁོར་བའི་ལམ་ལྔར་འཕྱན་པ་ལམ་སེམས་ཅན་གྱི་འཁྲུལ་པའི་སྣང་བ་ཉིད་དང་མཐུན་པའི་སྟོན་པ་ཡིས་འཁོར་བ་མ་སྟོངས་པའི་ཕྲིན་ལས་ཟད་མི་ཤེས་ཤིང་ཟག་མེད་རང་ངོ་ཤེས་པའི་དགེ་བའི་ཚོགས། རྒྱ་ཆེ་རྒྱུན་མི་ཆད་པའི་སྟོབས་ཀྱིས་མངའ་དབང་རྫོགས་པའི་སྟོན་པ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ་དེའི་ཞིང་ཁམས་དང་མཛད་པ་ཆོས་ཀྱི་དབྱིངས་ཏེ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དང་མཉམ་ཞིང་། སངས་རྒྱས་ཉིད་ཀྱི་སྣང་བ་དེ་ཙམ་མོ། །དེ་ལ་གཉིས་སུ་འཛིན་པའི་ཀུན་རྟོག་ཡོད་པ་མིན་པས་འདུལ་བྱའི་ཡུལ་དང་གདུལ་བྱེད་ཀྱི་སྟོན་པ་རྣམ་པར་མི་རྟོག་ཀྱང་ཡིད་བཞིན་གྱི་ནོར་བུ་མཆོག་ནི་དགོས་འདོད་ཀུན་འབྱུང་ཡིན་པ་དང་། དཔག་བསམ་གྱི་ཤིང་ཆེན་ཡང་དགོས་འདོད་ཀྱི་རེ་བ་སྐོང་བའི་རྫས་མཆོག་ལྟར་དང་། རྩོལ་བ་མེད་པའི་ཐུགས་རྗེ་གཞན་ངོར་སྣང་བ་ཉི་ཟླ་ལ་རྣམ་རྟོག་མི་མངའ་ཡང་། འོད་ཟེར་གྱིས་གཞན་ལ་ཕན་ནུས་པ་ལྟར་རོ། །དེ་ཉིད་མ་རིག་ཅིང་མ་རྟོག་པའི་ཁམས་གསུམ་གྱིས་སེམས་ཅན་རྣམས་ནི་ཐོག་མའི་ཡེ་གཞི་ནམ་མཁའ་སྟོང་པ་ལྟ་བུ་ལ་འཁྲུལ་བ་མ་མཆིས་ཀྱང་། གཞི་སྣང་ཤར་བའི་རྣམ་པ་མ་རིག་ཅིང་འཁྲུལ་བའི་རྒྱུར་གྱུར་པའི་གློ་བུར་གྱི་རྐྱེན་ནི་བདག་ཉིད་གཅིག་པ་སྟེ། ཞེས་པ་ནི་འཁྲུལ་པ་ཀུན་གྱི་ཐོག་མ་ལས་རླུང་གི་རྩལ་ལས་འགྱུ་བ་གཅིག་བྱུང་བ་ངའོ་བསམ་པའི་རྟོག་པ་ཁོ་ན་ལས་གཞན་མ་ཡིན་ཞེས། ངའོ་བསམ་པ་དེ་ཉིད་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་དང་། དེ་ཉིད་ཇེ་འཐས་སུ་ཐུར་དུ་སོང་བ་ལྷན་གཅིག་སྐྱེས་པའི་མ་རིག་པ་ལ་མིང་དང་དོན་དང་བདག་རྟོག་ཀུན་ཏུ་བརྟགས་པའི་མ་རིག་པ་གསུམ་གྲུབ་ཅིང་། དེ་ལ་འཁྲུལ་པའི་རྐྱེན་བཞི་མཆེད་དེ། ཀུན་གཞི་ཉིད་ཁྱིམ་ལྟར་གནས་པ་རྒྱུའི་རྐྱེན། དེ་ལས་རྟོག་ཅིང་དཔྱོད་པར་ཤར་བ་བདག་པོའི་རྐྱེན། དེ་ལས་ཡུལ་གཞན་དང་ཡུལ་ཅན་གཞན་དུ་འཛིན་པ་ནི་དམིགས་པའི་རྐྱེན། དེ་ལྟར་གསུམ་པོ་དུས་མཚུངས་པར་འཁྲུལ་པའི་རྐྱེན་དུ་གྱུར་པ་ནི་དེ་མ་ཐག་པའི་རྐྱེན་དང་བཞི་ཚོགས་པ་ལས་རིམ་བཞིན་འཁྲུལ་པ་སྟོབས་སུ་གྱུར་ནས། ཉོན་མོངས་དུག་ལྔ་དུག་གསུམ་སོགས་བརྒྱད་ཁྲི་བཞི་སྟོང་གི་ཚོགས་སུ་འཕེལ་ཞིང་འཁོར་བའི་གནས་རིགས་མཐོ་དམན་རྣམས་གྲུབ་པའོ། །མ་དག་འཁོར་བའི་རྒྱུ་རྐྱེན་ལུགས་འབྱུང་གི་རྟེན་འབྲེལ་བཅུ་གཉིས་ཤིང་རྟའི་འཕང་ལོ་བཞིན་དུ་འཁོར་ཞིང་། འདི་ལྟར་འགྲོ་བ་རིགས་དྲུག་དང་། སྐྱེ་གནས་རྣམ་པ་བཞི་པོ་དང་བཅས་པའང་། དོན་ལ་མེད་ཀྱང་སྣང་དུ་ཡོད་པ་སྨིག་རྒྱུ་དང་ཆུ་ཟླ་བཞིན་འཆར་བ་ནི་སྒྱུ་མའི་རང་གཟུགས་སུ་མཆིས་པའི་སྣང་དུས་ཉིད་ནས་ཡོད་མ་མྱོང་བའི་སྟོང་པའི་གཟུགས་བརྙན་ཐོག་མ་ལ་དཔྱོད་པར་བྱེད་པའི་ཡིད་དྲུག་ནི། མ་རིག་པ་དང་མཚུངས་པའི་ཡིད་ནི། རྩ་བ་མ་རིག་པ་དངོས་ཡིན་ལ་འགྱུ་བ་དང་བཅས་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་ནི། ཡུལ་ལ་ང་བདག་ཏུ་བཟུང་བའི་ཉོན་མོངས་པའི་དབང་དུ་སོང་བས་ན་ཡིད་ཀྱི་རྣམ་པར་ཤེས་པའོ། །གཏན་ལ་འབེབས་པའི་ཡིད་ནི། ཡུལ་ངའི་ཡུལ་ཡིན་ནོ་སྙམས་པའི་ཤེས་པའི་བཟུང་བ་དེ་ལ་ཆགས་པ་སྐྱེས་པས་གཏན་ལ་འབེབ་པ་ཞེས་བྱའོ། །ཀུན་ཏུ་ཚོལ་བའི་ཡིད་ནི། ཡུལ་དབང་དུ་སོང་ནས་ཉོན་མོངས་པ་ཕྲ་བ་ཐམས་ཅད་ཟླར་སྡུད་བའོ། །རྣམ་པར་དག་པའི་ཡིད་ནི། ཉོན་མོངས་རགས་པས་སྲོག་གཅོད་དང་དམ་ཉམས་ཀྱི་ལས་བྱེད་དོ། །ངེས་པར་འཇོག་པའི་ཡིད་ནི། དེ་རྣམས་ཀྱི་སྣང་བར་ངའི་ཡིན་སྙམ་པ་དང་། གཞན་གྱི་ཡིན་སྙམ་གྱི་གཉིས་འཛིན་དེ་ནི་ངེས་འཇོག་གི་ཡིད་དང་དྲུག་པོ་དེ་ལངས་ནས་ཚོགས་དྲུག་ཤར་བ་ཡང་འདི་ལྟར་མིག་གི་ཡུལ་དུ་གཟུགས། རྣ་བའི་སྒྲ་ སྣའི་དྲི་ལྕེའི་རོ་ ལུས་ཀྱི་རེག་བྱ་ ཡིད་ལ་ཆོས་སྟེ་ རྣམ་པར་རྟོག་པ་བདག་ཏུ་འཛིན་པའི་འཆིང་བ་ནི། རབ་ཏུ་མཐུ་ཆེ་བས་སེམས་ཉིད་ནམ་མཁའི་ཁམས་ངོ་བོ་ཉིད་མེད་པ་འདི་ཡང་རབ་ཏུ་བཅིངས་ནས། བདག་མེད་ཀྱང་བདག་ཡོད་ལ་ཞེན་ནས་ཀུན་རྟོག་འགལ་མེའི་འཁོར་ལོ་བསྐོར་བ་བཞིན་དུ་འཁོར་བ་ལ། འཇིག་རྟེན་སྲིད་པའི་གནས་སྐབས་འདི་ནི་ལ་ལའི་སྣང་བ་ནི། མི་དང་དུད་འགྲོ་འགྲོ་བ་ལ་དེ་ལྟར་དང་། ལ་ལས་མུན་པ་ནི་འབྱུང་པོའི་བྱ་སོགས་སོ། ཆུ་གཅིག་པུ་ཉིད་ལའང་། ལ་ལའི་བདུད་རྩི་མཐོང་བའི་ལྷ་རྣམས་དང་། ལ་ལའི་ཆུར་མཐོང་བ་མི་དང་། དུད་འགྲོའི་བཏུང་བ་ཙམ་དུ་མཐོང་བ་དང་། ཡི་དྭགས་ཀྱི་རྣག་ཁྲག་དང་། དམྱལ་བའི་མེ་སོགས་ཀུན་ནས་རྣམ་པར་འགལ་བའི་འདུ་ཤེས་རྣམས་ནི། བག་ཆགས་སྣ་ཚོགས་ཀྱི་རྗེས་སུ་འགྲོ་བ་ལས་འདི་ཁོ་ནའོ། །ཞེས་ངེས་པ་འགའ་ཡང་མེད་དོ། །དེ་ལྟར་ནའང་སྣང་བའི་ཡུལ་གཟུགས་ལ་མཚོན་ན། འཇིགས་སྐྲག་སྐྱེ་བའི་སྟག་གཟིག་སོགས་དང་། དགྲ་ཟླ་མཐོང་ན་དེ་ཉིད་སྣང་བའི་ཡུལ་ཡིན་པས་སེམས་མ་ཡིན་ཏེ། བཞིན་གྱི་གཟུགས་བརྙན་མེ་ལོང་གི་ནང་དུ་ཞུགས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་རྐྱེན་གྱིས་ཤར་བ་ཙམ་ལས་བཞིན་གཟུགས་དང་མེ་ལོང་ནམ་ཡང་འཕྲད་པའམ་འདྲེས་པ་མ་མྱོང་ཡང་མེད་བཞིན་དུ་སྣང་ལ་དེར་འཛིན་འཁྲུལ་པའི་སེམས་རྟོག་ཁོ་ན་ཡིན་ཏེ། ཐག་ཁྲ་མཐོང་ཚེ་སྦྲུལ་དུ་འཛིན་བྱེད་ཀྱི་ཤེས་པ་དང་པོ་དེ་ག་གཟུང་བའི་ཆོས་ཡིན་ལ། རྗེས་ལ་རྟོག་ཅིང་དཔྱོད་པ་ཞུགས་པ་འཛིན་པའོ། །གལ་ཏེ་སྦྲུལ་དུ་སྣང་བ་དེ་གཟུང་བ་ལ་འཛིན་བ་བདག་པོའི་ཤེས་པ་ཡིན་ཞེས་སྨྲ་བར་བྱེད་ན། སྣང་བ་དང་སྣང་ཡུལ་མ་ཕྱེད་པའི་སྐྱེས་བུ་སུ་ཡང་རུང་སྟེ། སྣང་བ་ཉིད་དང་ལྷན་ཅིག་ཡོད་མེད་བྱེད་པ་ཡང་དཔེར་ན་མིག་ལམ་ན་རྫས་དང་ཡོ་བྱད་སོགས་ཡོད་པ་གཞན་གྱིས་ཁྱེར་བའམ། ཆག་པར་གྱུར་ན་སྐྱེས་བུ་དེ་ཡང་དེ་ལྟར་དུ་མི་འགྱུར་བའི་གནོད་བྱེད་མང་ངོ་། །གོང་དུའང་མ་རིག་གཟུང་འཛིན་གློ་བུར་རྐྱེན་ཞེས་ནི། ཐོག་མར་རང་ངོ་རང་གིས་མ་རིག་པས་འཁྲུལ་བའི་རྒྱུ་བྱས། བར་དུ་གཞི་སྣང་ཤར་བ་གཞན་དུ་བཟུང་བས་འཁྲུལ་པའི་རྐྱེན་བྱས་ཏེ། སྲིད་པའི་བདག་བོ་ང་ཞེས་གང་ཟག་གི་བདག་དང་། ང་ཡི་བར་ཞེས་བདག་དེའི་རང་གི་སྒོ་གསུམ་ལ་གཏོགས་པའི་ཆོས་རྣམས་བདག་གིར་བྱེད་པ་ཡིན་ཏེ། དཔེར་ན། ང་མེད་ལ་ངར་བཟུང་བའི་ཤེས་པ་དང་པོ་དེ། ང་བདག་དང་དེའི་བདག་གི་ལུས་ངའི་ཡིན་ནོ་སྙམ་པ་ནི་ང་ཡིར་འཛིན་པ་དང་། དེས་གཞན་དུ་བཟུང་བ་ཐམས་ཅད་ཆོས་ཀྱི་བདག་ཡིན་ནོ། །དེ་དག་རྣམས་མེད་བཞིན་དུ་སྣང་བ་རང་སེམས་འཁྲུལ་པ་ལས་བྱུང་བ་ཡིན་པས་རྩ་བ་ཆོད་པར་གྱུར་ན་ཀུན་བྱེད་རྒྱལ་པོ་སྟེ། བདེ་གཤེགས་སྙིང་པོའི་རྩལ་སྣང་རང་ལས་བྱུང་ཞིང་རང་ལ་ཐིམ་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅུ་གཅིག་པའི་བསྡུས་འགྲེལ་ལོ།

ལེའུ་བཅུ་གཉིས་པ།

༈ གང་ཞིག་སློབ་པ་མིན་པའི་ཟུང་འཇུག་ལ་ཞེས་པ་སློབ་པའི་ལམ་བཞི་མཐར་ཕྱིན་ནས་མི་སློབ་པའི་ལམ་སྣང་སྟོང་དང་། བདེ་སྟོང་སོགས་ཟུང་དུ་འཇུག་པ་ལ་དཀྲི་བའི་ཐབས་སམ་ལམ་ཆེན་དུ་གྱུར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་ཀུན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་ཡང་དག་པར་བརྟེན་པ་ཡིན་ན། ལམ་དེ་ཉིད་ནི་དུས་ནམ་ཡང་ཕྱི་རོལ་པ་དང་ཉན་རང་སོགས་ཀྱི་རྒྱུར་མི་འགྱུར་ལ། འདི་ལྟར་རྫོགས་པས་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི། སྟོང་པ་ཉིད་དེ། དེ་ལ་དངོས་པོ་དང་མཚན་ཉིད་གང་ཡང་མི་གནས་ཤིང་མཐའ་ཐམས་ཅད་དང་བྲལ་བའི་དོན་ཀ་དག་རྫོགས་པ་ཆེན་པོ་ལ་དབུ་མར་བཟུང་དགོས་པའང་མེད་ཅིང་། ཀུན་རྫོབ་དང་དོན་དམ་ཞེས་ངོ་བོ་ཉིད་གང་ཡང་སྤང་པས་དམིགས་སུ་མེད་པ་ནི་རྫོགས་པ་ཆེན་པོར་གྲུབ་ལ། དེ་ཡང་རྩོད་པ་མངོན་པར་འཕེལ་བ་ཞེས་བདེན་གཉིས་གོ་ལོག་ཏུ་འཛིན་པའི་རྟོག་གེ་མགོ་མཁྲེགས་ཀྱི་ཚོགས་རྣམས་ནི། བདེན་གཉིས་ཤ་བའི་རྭ་ལྟར་ཐ་དད་བཟུང་ནས་བརྟགས་ཤིང་རྗེས་སུ་དཔག་པའི་ཕྱི་བཞིན་དུ་འབྲང་ཞིང་རང་གི་ངན་རྟོག་ཁོ་ནས་དཔྱད་པ་ཞེས་པ་དང་། དོན་དམ་ཡུལ་ནི་དེ་དང་འགལ་བ་ཅན་ཡིན་ཏེ། ཆོས་དྲང་དོན་ལ་བསླབ་སྦྱང་ཅི་ཙམ་བྱས་ཀྱང་ངེས་དོན་རང་སེམས་ཀྱི་གནས་ལུགས་མ་མཐོང་བར་དུ་འཁོར་བའི་ས་ལས་མ་འདས་ཤིང་། སོ་སོ་རང་གི་རིག་པ་བརྗོད་པའི་ཡུལ་ལས་འདས་པ་སྒྲ་ཇི་བཞིན་པར་རྟོགས་ཚེ་མི་སློབ་པའི་ལམ་གྱི་བདེན་པ་མཐོང་བའོ། །དེ་ལས་དངོས་པོར་སྨྲ་བ་གྲུབ་མཐའི་རྟོག་གེ་བ་ནི་ཉན་ཐོས་ཕལ་མོ་ཆེ་དང་། ས་མཚམས་དམའ་བ་སོ་སོའི་སྐྱེ་བོ་རྟོག་གེ་ཡི་ཞེས་ད་ལྟའི་བདེན་རྫུན་གོ་ལོག་དང་། ཡིན་མིན་གོ་ལོག་ཏུ་འཆད་པའི་མཚན་ཉིད་ཕལ་མོ་ཆེ་མཚུངས་སོ། །རྟོག་དཔྱོད་ལས་འདས་པའི་རྒྱལ་པའི་ཡེ་ཤེས་བརྗོད་པ་ཐམས་ཅད་དང་བྲལ་བ་ནི་གདོད་ནས་གྲོལ་བ་སྟེ། ཡེ་ནས་སུས་ཀྱང་བཅིངས་པ་མེད་པའི་རང་གྲོལ་རྫོགས་པ་ཆེན་པོའི་ལམ་མཆོག་རྨད་དུ་བྱུང་བ་གང་། ཤེས་བྱ་སྣང་བས་མ་བཅིངས་སྟོང་པའི་དངོས་ལས་མི་འགྱུར་ཞིང་། སྟོང་པ་རང་བཞིན་གསལ་བའི་སྙིང་པོ་འགག་པ་མེད་པ་ནི། རིག་པར་བཞུགས་པའི་སྐུ་དང་ཡེ་ཤེས་ཀྱི་ཁམས་འདུ་འབྲལ་མེད་པ་སོ་སོ་མ་ཡིན་ཐ་མི་དད་དེ་ཉི་མའི་སྙིང་པོ་བཞིན་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཔལ་ཡོན་ཡོངས་སུ་རྫོགས་པ་ནི་ཉི་མའི་དཔལ་ཡོན་ཕུན་སུམ་ཚོགས་པ་བཞིན་ནོ། །དེ་ལྟ་བུའི་རྫོགས་པ་ཆེན་པོའི་དགོངས་པའི་དོན་གང་ལ་དབང་པོ་རབ་འབྲིང་ཐ་མ་དང་། བློའི་རིམ་པ་ཡང་དེ་ལྟ་བུའི་སྟོབས་ཆེ་ཆུང་གི་ཁྱད་ཆོས་ཀྱིས་མཇལ་ལུགས་སམ་རྟོགས་ལུགས་གསུམ་དུ་ཡོད་པ་ལ། རྫོགས་ཆེན་སེམས་སྡེ་པས་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཀྱི་རོལ་པའི་རྩལ་དུ་ཤར་བར་འདོད་ཅིང་། ཀློང་གི་སྡེ་ནི་རང་སྣང་བཀོད་པའི་རྒྱན་ཞེས་ཆོས་ཐམས་ཅད་རྣམ་ཀུན་མཆོག་ལྡན་ཀུན་ཏུ་བཟང་མོའི་ཀློང་ལས་མ་འདས་འདོད་ལ། མན་ངག་སྡེ་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་ཡོད་མ་མྱོང་བ་ཡིན་ནའང་མེད་སྣང་སྟོང་པའི་གཟུགས་ལ་བདག་ཏུ་བཟུང་ནས་འཁྲུལ་སྣང་བརྟས་པ་ཙམ་ལས་དོན་ལ་མེད་པ་ཡོད་པར་བཟུང་བ་ཙམ་མོ། །དེ་དག་ཀུན་ཀྱང་དགྲོལ་གཞི་དངོས་པོ་མཚན་མ་གང་ཡང་མེད་པའི་བྱང་ཆུབ་ཀྱི་སེམས་ལས་གཞན་མ་མཆིས་ཤིང་། གང་གིས་དགྲོལ་བ་སྤངས་པའི་སེམས་ཉིད་རང་གསལ་གྱི་གདངས་སམ་དབྱིངས་ནི། གཞི་འབྱུང་ཡུལ་དང་རྩ་བ་འབྱུང་ཁུངས་མེད་པའི་ཀློང་ན་འགགས་པ་མེད་ཅིང་གསལ་ལ། དེ་ཡང་སུས་ཀྱང་བྱས་ཤིང་བཅོས་པ་མེད་པས་ཡེ་ནས་གྲོལ་བ་ཡིན་ལ། དེ་ཉིད་ཀྱང་རང་གིས་རང་གྲོལ་བ་ལས་རྐྱེན་ལ་རེག་མ་ལུས་ཤིང་། ཅེར་གྲོལ་ཡིན་པས་ལྟོས་གཞི་ཀུན་དང་བྲལ་ཞིང་། གཅིག་ཡིན་ཞེས་དུམ་བུར་གཅོད་རྒྱུ་དང་། དུ་མ་ཡིན་ཞེས་གྲངས་ལ་འདེབས་རྒྱུ་དང་། མིང་གདག་པས་མཐའ་ལས་གྲོལ་ཞིང་། གཅིག་པོར་ཡང་རིག་པར་གྲོལ་བས་མཚན་ཉིད་ལོག་ན་གང་ཡང་མེད་ཅིང་། གང་དག་སེམས་ནི་ཀུན་རྟོག་གི་རྣམ་རྟོག་འཁྲུལ་སྣང་གི་རང་བཞིན་ཅན་ཡིན་ལ། དེ་ལས་འདས་པའི་རིག་པ་ནི་བལྟ་བྱ་ལྟ་བྱེད་བསྒོམ་བྱ་བསྒོམ་བྱེད་སོགས་ཀྱི་བློ་དང་བྲལ་བའི་བདག་མེད་ཡིན་མིན་དང་ཡོད་མེད་སོགས་ཀྱི་ཐ་སྙད་བྲལ་བ་ནི། རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན་ལ་རྟོགས་པ་རྣམས་ནི་གཞི་དེ་ཉིད་ལས་རིག་པར་གྲོལ་བས་དམིགས་གཏད་དབྱིངས་སུ་ཡལ་བའོ། །མ་རྟོག་སེམས་ཅན་རྣམས་ནི་གཞི་སྟོང་པ་དེ་ཉིད་ཀྱི་ངང་དུ་འཁོར་བའོ། །རྣམ་པས་དབྱེ་ན་གཞི་ཆུ་ལྟ་བུ་དང་། སེམས་བྱུང་གི་རྣམ་རྟོག་ཆུ་བུར་བཞིན་དུ་འཕྲོ་བ་དང་། རྟོག་མེད་ཙམ་དུ་སེམས་དང་རིག་པ་གཉིས་འདྲ་ནའང་། རིག་པ་ནི་གང་ལའང་མ་གྲུབ་པས་རང་བཞིན་མེད་པ་ཟང་ཐལ་ལ། སེམས་ནི་ལྡེང་ཀའི་ཆུ་ལྟ་བུར་འཁྱིལ་ཞིང་རྨོངས་པས་རིག་ཆ་བྲལ་ཞིང་། རིག་པ་ནི་གནམ་སྟོང་གི་ཟླ་བ་བླ་འོག་ཡོད་ཀྱང་། ཟླ་བའི་འོད་དཀར་གྱི་ཡོན་ཏན་ཅུང་ཟད་ཀྱང་མ་བྲི་བར་གཏིང་ན་གསལ་བ་དང་འདྲ་ཞིང་། སེམས་ནི་བཅོ་ལྔའི་ཟླ་བ་ཕྱི་རོལ་གྱི་ཡུལ་ཀུན་ལ་འདྲེས་པ་དང་མཚུངས་ཤིང་། མ་སྒྲིབ་དངས་ལ་ཡུལ་མེད་པ་རིག་པའི་ཡོན་ཏན་ཡིན་ཏེ། ཆགས་སྡང་སོགས་ཀུན་རྫོབ་ཀྱི་ཡུལ་དང་ཀུན་ནས་འདྲེས་པ་སེམས་ཀྱི་ཁྱད་པར་ཡིན་པ་དང་། དེ་བཞིན་དུ་རིག་པ་རང་གནས་ཀྱི་ཤེས་རབ་སྟེ། དེ་ཉིད་གཟུང་འཛིན་དང་བྲལ་བའི་རྟོགས་པ་ཡིན་ལ། བསམ་གཏན་གྱི་ཐབས་ལ་མ་ལྟོས་ཤིང་། བྱིང་བ་ཞེས་རིག་གདངས་ཉམས་ཀྱི་འདམ་དུ་ཚུད་པ་ལྟ་བུ་དང་། རྒོད་པ་ཞེས་ཉོན་མོངས་རགས་པའི་སྐྱོན་དང་བྲལ་བའོ། །སེམས་ནི་གང་ལ་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་འཇུག་ཅིང་ཞེན་པའི་ཏིང་ངེ་འཛིན་དང་། རྟེན་དང་བརྟེན་པར་འབྲེལ་ཞིང་། རིག་པ་ཡུལ་ལ་ཤར་ཡང་སྣང་བའི་ཟིལ་གྱིས་མི་ནོན་ཏེ་དངུལ་ཆུ་སར་ལྷུང་ཡང་རྡུལ་གྱི་དྲི་མས་མི་གོས་པ་དང་འདྲ་ཞིང་། སེམས་ནི་གཟུང་འཛིན་གྱི་ཆ་དང་བཅས་པས་རྣམ་རྟོག་བཟང་ངན་ཉེ་བར་ལེན་པའི་ཕྱོགས་དང་འདྲེས་ཤིང་། རིག་པས་སེམས་ཉིད་གཞན་དུ་མ་སྤང་མོད་ཀྱང་། སེམས་དང་རིག་པ་གཉིས་ལྷན་ཅིག་ཏུ་མི་འདུ་བའི་དོན་ནི་ཕྱི་རོལ་གྱི་ཡུལ་ལྔ་དང་བཟང་ངན་སོགས་གཉིས་འཛིན་གྱི་རྣམ་པར་ཤར་བ་རང་དང་རྫས་གཅིག་པའི་ཕྱིར་ན་ཉོན་མོངས་པ་རྣམས་ནི་ལྷན་ཅིག་ཏུ་སྦྲན་ནས་བྲོས་པ་ལྟར་འགྱུར་ཞིང་། དེ་ལྟར་བྲོས་པས་ཉོན་མོངས་པའི་བཙོན་ར་ལས། ངེས་པར་འབྱིན་པའི་ཐར་པ་རྫོགས་ཆེན་མན་ངག་སྡེ་པའི་ཁྱད་པར་གྱི་ཆོས་ཏེ། དེ་ལས་གཞན་དུ་ཉོན་མོངས་པ་ཕྲ་རགས་ཀྱི་ཚོགས་རྣམས་ཉན་རང་གི་དུག་ལྟར་སྤོང་ཞིང་། བྱང་སེམས་ཀྱིས་གཉེན་པོས་འདུལ་བ་ཡིན། སྔགས་སྤྱིར་ལམ་དུ་གཏོང་ངམ་ལམ་ཁྱེར་བྱ་བ་དང་། སེམས་སྡེར་གནས་ལུགས་ཀྱིས་གཤིས་ཐོག་ཏུ་དགྲོལ་བར་བྱ་བ་དང་། ཀློང་སྡེར་སྤང་གཉེན་གཉིས་ཆོས་ཉིད་གཅིག་ཏུ་དག་པར་བྱེད་པ་རྣམས་རིག་པའི་ཀློང་ན་གཟུང་འཛིན་ཕྲ་མོའི་རང་ཚུགས་ཏེ་དམིགས་པ་ཤིན་ཏུ་ཕྲ་བ་ཡོད་དེ་ཞིག་ནས་དམིགས་མེད་དུ་འགྱུར་བ་མཚར་ཞེས་པ་དེ་ལྟར་ཅུང་ཟད་མ་ཡིན་པས་སོམ་ཉིའི་གསུངས་སོ། །དེ་བཞིན་དུ་འཁོར་བའི་ཀུན་གཞི་དང་ནི། མྱ་ངན་འདས་པའི་ཆོས་སྐུ་གཉིས་པོ་སྟོང་བའི་དབྱིངས་སུ་གཅིག་ཀྱང་། ཆོས་སྐུ་རྟོག་མེད་རྒྱ་མཚོ་དང་འདྲ་ཞིང་། ཀུན་གཞིའི་རྣམ་ཤེས་ནི་འཁོར་བའི་ཐོག་མ་གཞི་སྣང་ཤར་བར་གྱུར་པ་དེའི་སྒྲིབ་ཆ་སྟེ། དཔེར་རྒྱ་མཚོ་ཁར་གྲུ་བས་བསྒྲོད་པ་བཞིན་དུ་འཁོར་འདས་གཉིས་ཀར་ལྡང་ཞིང་། གཞི་དེ་ཉིད་ནས་འཁྲུལ་པའི་སྐྱོན་གྱིས་འཁོར་བ་དང་། གྲོལ་བའི་ཡོན་ཏན་གྱི་མྱ་ངན་ལས་འདས་ཆོས་ཉིད་ཀྱང་གཉིད་དུ་སོང་བཞིན་འཁོར་བའི་སྡུག་བསྔལ་ལ་སྤྱོད་པ་དང་། དེ་ལས་སད་པ་བཞིན་དུ་འཁྲུལ་སྣང་སངས་པ་གཉིས་ཀྱང་། འཁྲུལ་སྣང་དབང་པོ་ཉམས་པའི་གཉིད་སྟུག་བཞིན་དང་། གྲོལ་བ་དེ་ལས་སད་པའི་གནས་སྐབས་དང་འདྲ་སྟེ། དེ་ཡང་ཐོག་མའི་ངེས་མེད་གཞིའི་ལྷུན་གྲུབ་དང་། མཐར་གྱི་གྲོལ་བའི་ཀ་དག་དྲི་མ་ཀུན་བྲལ་གཉིས་པོ་ཡང་། རྫས་གཅིག་པ་ལྟ་བུའི་ཐ་སྙད་བཞག་ཆོག་ཀྱང་། སླད་ཀྱི་འཁྲུལ་པའི་གཞི་བྱེད་པ་དང་མི་བྱེད་པའི་ཁྱད་པར་ཤེས་པ་གཅེས་ཞེས་པ་ནི། ཐོག་མའི་ངེས་མེད་ལྷུན་གྲུབ་ཀྱི་འཁྲུལ་གཞི་བྱེད་ཀྱང་། མཐར་གྱིས་གྲོལ་བའི་ཀ་དག་གི་ལམ་གྱི་སྒྲིབ་པ་མཐའ་དག་སྦྱང་བ་ཡིན་པས་འབྲས་བུ་རྒྱུར་མི་ལྡོག་པའི་ཕྱིར་རོ། །དེ་བཞིན་དུ་དབྱིངས་ཀྱི་གྲོལ་ས་ཀ་དག་དང་ཅེས་ཐོག་མའི་གྲོལ་གཞི་དང་། ད་ལྟའི་ལམ་གྱི་རིག་པ་ཀ་དག་གཉིས་ལ་ཁྱད་པར་ཡོད་དེ། རྟོགས་ཚུལ་ཙམ་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པར་མཉམ་ནའང་། གྲོལ་ས་ཉིད་ནི་རླུང་སེམས་ཆ་དང་བཅས་པ་ཉིད་རྣམ་པར་བྱང་བའི་དག་པར་གྱུར་པའི་འཁོར་འདས་གཉིས་ཀ་ན་དག་པ་སྟེ། ལམ་གྱི་དུས་སུ་རླུང་སེམས་གཉིས་མ་དག་པའི་རྐྱེན་དབང་ཁོ་ན་དང་འགྲོགས་ཤིང་། སེམས་དང་སེམས་བྱུང་ལས་བྱུང་བའི་དྲི་མ་དང་བཅས་པ་སྟེ་ཆོས་ཀྱི་བསླད་ཅིང་། ཁུར་བུས་རྟོག་བྲལ་གྱི་ངང་དུ་དངོས་སུ་གནས་པ་རེས་འགའ་ཙམ་མོ། །དེ་བཞིན་ཆོས་ཉིད་བར་དོའི་རིག་གདངས་ནི། རིག་པའི་ཆོས་ཉིད་ལ་ཡེ་ནས་རྒྱལ་བ་སྐུ་གསུམ་གྱི་རྟེན་དང་བརྟེན་པར་བཅས་བ་རྫོགས་པ་དང་། རྒྱུད་སྡེ་གཞན་མར་རྟོག་བཅས་གོམས་པའམ། བསྐྱེད་རིམས་ལ་གོམས་པའི་ལྷའི་སྒྱུ་ལུས་གཉིས་ལྟར་སྣང་ལྷ་སྐུར་མཚུངས་ཀྱང་དོན་ལ་སྣང་བ་ལོངས་སྐུའི་ཞིང་ཁམས་སུ་ཤར་ཞིང་། ལྷ་རྣམས་ངོ་ཤེས་ཐོག་ཏུ་གྲོལ་བ་དང་། མི་གྲོལ་ཁྱད་པར་ཆེ་ཞིང་། དེ་ལས་ཁྱད་པར་ལམ་འདིར་ཞུགས་པའི་དམ་ཚིག་ཅན་རྣམས་ནི། ས་བཅུ་པའི་སྣང་བས་བསྡུས་པའི་ལོངས་སྐུ་ལ། ཐོགས་པ་མ་ཡིན་ཞིང་དེའི་དཔེ་བྱད་ནི་ཞེས་པ་དེའི་མངོན་པར་རྟོགས་པ་དེ་ཉིད་རང་བཞིན་སྤྲུལ་པའི་ཞིང་ཁམས་བཅུའམ་ལྔར་བཀོད་པ་ལ་མྱུར་བ་ཉིད་དུ་མི་ཐོགས་པར་འགྲོ་བའོ། །དེའི་ཕྱིར་ན་འདི་ནི་འགྱུར་བ་མེད་པའི་རྡོ་རྗེའི་ལམ་མཆོག་སྟེ། གདོད་ནས་ཞེས་ཡེ་ནས་གྲོལ་བའི་རིག་པའི་ངོ་བོ་ཀ་ནས་དག་པ་ནི། སྟོང་པ་ངོ་བོ་ཉིད་མེད་པ་སྟེ། བསམ་པ་དང་བརྗོད་པའི་ཡུལ་ལས་འདས་ཤིང་མཚན་ཉིད་བློའི་དཔྱད་ནས་བརྗོད་པས་ཐུག་པ་མེད་པ་ལ་སྤང་ཞེས་པའོ། །ད་གདོད་གྲོལ་བ་ཐོབ་འདོད་ཀྱི་སྨོན་པ་མེད་ལ་རིག་པའི་ཡོན་ཏན་རྫོགས་པའོ། །རིག་པའང་ཤེས་པར་བྱ་བའི་ཡུལ་ལ་མི་གནས་པས་ན། ང་དང་ཞེས་རིག་པ་ལ་བདག་ཏུ་འཛིན་པ་དང་། ང་ཡིར་འཛིན་པ་ངའི་རིག་པ་ཞེས་གཉིས་སུ་འཛིན་པའི་ཆོས་དང་བྲལ་བའོ། །དེ་ལ་སྒོམ་དང་བསྒོམ་པར་བྱ་བའི་ཆོས་གཉིས་ཀ་མེད་ལ། མ་བཅོས་པར་རྣལ་མར་བཞག་ན་རིག་པ་རྗེན་པ་སྟེ། སྒྲིབ་པ་དང་བྲལ་བ་མངོན་སུམ་དུ་མཐོང་ཞེས་པའོ། །རང་གི་གནས་ལུགས་ཀྱི་ངོ་བོ་མཐའ་དང་བྲལ་བ་དེ་གཞན་དུ་མི་འགྱུར་བའི་ཕྱིར་ན། མ་རིག་འཛིན་པའི་འཁྲུལ་སྣང་གིས་སྲིད་པར་དེ་འཁོར་བར་འཁྲིད་མི་ནུས་ལ། ཕྱི་རོལ་གྱི་ཡུལ་དང་བདག་ཏུ་ཞེན་པའི་འཁྲུལ་སྣང་རྣམས་ནི། བྱེད་པོས་མ་བྱས་ཤིང་རང་སེམས་ཀྱི་རྟོག་པ་བརྟས་པ་ལས་གྲུབ་ཅིང་། གཞི་དང་རྩ་བ་མེད་པ་ལས་ཐམས་ཅད་སྐྱེས་ཀྱང་སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད་པར་རྫོགས་པར་རྟོགས་པ་སྟེ། དེ་ལས་གཞན་པའི་རྟོགས་པ་ཡོད་མི་དགོས་ཤིང་ ཀློག་པ་དང་། འཛིན་པ་དང་། བསྒོམ་པ་དང་། བསྟན་བཅོས་རྩོམ་པ་དང་། དེའི་དོན་ལ་སེམས་པ་སོགས་མཐའ་དག་བློའི་བྱས་པའི་ཆོས་ཡིན་པས་ལྡེམ་པོའི་གྲུབ་མཐར་ཞིག་པར་གྱུར་ན། ཡིད་སྨོན་མེད་པའི་སངས་རྒྱས་དེ་ཉིད་ཡིན་ནོ། །ཁྱད་པར་སེམས་སྡེ་དང་། ནང་ཀློང་སྡེ་གཉིས་ཀ་ལས་མ་བསྟན་པའི་བླ་ན་མེད་པའི་ལམ་ཐོད་རྒལ་ནི། རིག་གདངས་མངོན་སུམ་དུ་མཐོང་བས་གེགས་དང་གོལ་ས་ཉུང་ཞིང་། ཕྱིའི་འབྱུང་བ་ས་རྡོ་རི་བྲག་སོགས་ཡུལ་སྣང་གི་རྡོས་བཅས་ཀྱི་དྲི་མ་ཟད་པས་འབྱུང་ཆེན་གྱི་སྣང་བ་ཡེ་ཤེས་འོད་གསལ་ཆེན་པོར་དྭངས་པའི་ལམ་མཆོག་མངོན་དུ་བྱེད་པས་ནང་གི་འབྱུང་བ་ཁྲེགས་ཆོད་ཀྱིས་སྦྱངས་པས་རྡུལ་ཕྲན་ཉིད་ལས་དྭངས་པར་མ་ནུས་པའང་། འཇའ་ལུས་འཕོ་བ་ཆེན་པོ་རྡོ་རྗེའི་སྐུར་སྨིན་ནས་གཞན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་ཅིང་། དེ་ཕྱིར་སྔ་འགྱུར་བ་རང་གི་སྡེ་བས་ཡིད་དཔྱོད་ཀྱི་ལྟ་སྒོམ་སྤྱོད་འབྲས་བཞི་པོ་ཀུན་དང་ཁྱད་ཞུགས་པའི་མཚན་ཉིད་ལེགས་པར་ཕྱེ་བ་མན་ངག་གི་དམ་པ་ཡིན་ནོ། །དེ་ལྟར་མོད་ཀྱི་བདག་ཏུ་འཛིན་པ་གློ་བུར་གྱི་རྐྱེན་ལས་བྱུང་བ་ཡིན་པས། འདི་ཉིད་ཆོས་དབྱིངས་དག་པའི་ཀློད་དུ་མ་ནུབ་པར་དུ་གློ་བུར་རྐྱེན་གྱིས་བསླུ་བའི་རྟོག་ཚོགས་ཞེས། ཚོགས་དྲུག་ལས་བྱུང་བའི་རྣམ་རྟོག་ལུ་གུ་རྒྱུད་དུ་ཤར་བའི་ཆོས་སྣ་ཚོགས་ཀྱི་དབང་གིས། ཐ་མར་རང་ལུགས་སྲིད་པའི་བདག་པོའི་སེམས་ཉིད་བདག་མེད་ལ་བདག་ཏུ་བཟུང་ཞིང་། སྣང་བ་གཞན་མེད་གཞན་དུ་བཟུང་བས། དང་པོའི་ལུས་ཅན་རྣམས་ལ་སྒྲིབ་པའི་རྒྱུར་འགྱུར་བའི་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་གཉིས་ཀ་ངོ་བོ་གཅིག་པ་དང་། སོ་སོ་བའི་འཁྲིད་ཚུལ་རྣམ་པ་གཉིས་ཡོད་པ་ལས། དང་པོའི་ཞི་གནས་ཀྱི་ཕྱོགས་ལ་གནས་ཆའི་བསམ་གཏན་དང་གསལ་ཆའི་ཤེས་རབ་གཉིས་པོ་ཞི་ལྷག་ཟུང་དུ་འབྲེལ་བ་ལས། གཉིས་པ་མིན་པའི་མཐའ་དང་བྲལ་བའི་དོན་ལ་བཞག་དགོས་པའོ། །གཉིས་པའི་ཕྱོགས་ལའང་དབྱེ་བ་གཉིས་སུ་གྲུབ་པ་སྟེ། ཤེས་རབ་ལས་བྱུང་བ་དང་། གདམས་ངག་ལས་བྱུང་ངོ། ཞེས་པའི་དོན་ནི་ཤེས་རབ་ལས་བྱུང་བ་སྒྲའི་རྗེས་སུ་མཐུན་པ་ལྟར་ཐོས་པའི་དོན་ལ་རྩེ་གཅིག་ཏུ་ཞི་བ་སྟེ། རྣམ་རྟོག་གི་མི་བསྐྱོད་པ་དང་། དེ་ལས་ཀྱང་བལྟ་བྱ་ལྟ་བྱེད་སོགས། གཉིས་འཛིན་དང་བྲལ་བའི་དོན་རྟོགས་པས་ལྷག་མཐོང་གི་མཚན་ཉིད་རྣམ་པར་དག་པ་ཉིད་དོ། །མན་ངག་ལས་བྱུང་བ་ནི་དོན་གྱི་རྗེས་སུ་འགྲོ་བའི་ཕྱིར། སེམས་ནི་རྟོག་པ་དང་བྲལ་བཞིན་གཡོ་བ་མེད་པ་ནི་ཞི་གནས་ཡིན་ལ། དེའི་རང་བཞིན་སྨྲ་བསམ་བརྗོད་མེད་དུ་ཤེས་པ་ལྷག་མཐོང་སྟེ། དེ་ཡང་མདོར་བསྡུ་ན་རབ་ཀྱིས་ངན་པའི་རྟོགས་ཚོགས་ཆོས་སྐུར་ལྷོངས་ཤིང་། བཟང་ངན་མཉམ་པ་ཉིད་དུ་རྟོགས་ན་སྤང་བྱེད་ཀྱི་གཉེན་པོ་བརྟེན་མི་དགོས་ལ། འབྲིང་གིས་གནས་ལུགས་ཀྱི་ངང་དུ་རྟོག་ཚོགས་གང་ཤར་དྭངས་ཤིང་ཞི་ལྷག་ཟུང་འབྲེལ་གྱི་ལམ་ལ་གོམས་པས་བཟང་ངན་གྱི་རྟོག་པ་མཐའ་དག་དབྱིངས་སུ་ནུབ་ནས་གཉིས་སུ་འཛིན་པ་དང་བྲལ་བའོ། །ཐ་མས་ཐོག་མར་ཞི་གནས་འབའ་ཞིག་བཙལ་ནས་སེམས་མི་གཡོ་བའི་ཐབས་ལ་བརྩོན་པ་གལ་ཆེ་ཞིང་། གང་དམིགས་བརྟན་པ་ཐོབ་ནས་ལྷག་མཐོང་གི་ཡེ་ཤེས་སོ་སོར་རྟོགས་པའི་ཤེས་རབ་ལ་གོམས་བར་གྱུར་ན། གནས་ལུགས་ཀྱི་དོན་ཇི་བཞིན་པ་རྟོགས་ཚེ། མཐར་གྱི་གསེར་གླིང་དུ་ཕྱིན་པས་ས་རྡོ་བཙལ་ཡང་མི་རྙེད་པ་བཞིན་དུ་སེམས་དང་སེམས་བྱུང་གི་རྟོག་པ་གང་སྐྱེས་ཀྱང་། སྣང་སེམས་གཉིས་དབྱེར་མེད་པའི་དོན་རྟོགས་ནས་གཞི་གྲོལ་ཆེན་པོར་བལྟ་བྱ་ལྟ་བྱེད་མེད་པའི་རྟོགས་པ་འཆར་རོ། །ཐབས་ཀྱི་མཆོག་ཏུ་རྟོག་པ་བཟང་ངན་གང་ཤར་ཡང་དགག་པར་མི་བྱ་ཞིང་བསྒྲུབ་པར་བྱ་བ་ཡང་མེད་ཅིང་། རྗེས་སུ་མི་འབྲང་ཞིང་ངང་ལས་མ་གཡོས་འཕོ་འགྱུར་མེད་ན། ལྷའི་མིག་དང་སྤྱན་དང་མངོན་པར་ཤེས་པ་དྲུག་སོགས་དབང་པོ་དྭངས་པའི་ཡོན་ཏན་མཐའ་དག་འཐོབ་ཅིང་། རྟོག་པ་གང་སྐྱེས་ཡུལ་ལྔའི་རྗེས་སུ་འབྲང་ཞིང་ཆགས་སྡང་དང་འབྲེལ་ན་ཐ་མལ་ཏེ། མེ་ལོང་ལྟ་བུར་དྭངས་པའི་གསལ་སྒྲིབ་མེད་པའི་ཤེས་པ་ལ། སྣང་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་མ་འགག་པར། རྒྱ་མཚོར་གཟའ་སྐར་ཤར་བ་བཞིན་དུ་བཀྲ་ཡང་རྣམ་པའི་བློ་ཡིས་ཞེས་ཀུན་ལ་ཆེད་དུ་འཛིན་པས་གོས་པར་མ་གྱུར་ན། གཟུང་བའི་ཡུལ་དང་འཛིན་སེམས་གཉིས་འབྲེལ་པ་ཆད་པས་ན། སོ་སོ་རང་རིག་རྣམ་པར་མི་རྟོག་པའི་ལྟ་བའི་ཡང་རྩེ་བཅུ་དྲུག་ཡེ་ཤེས་བླ་མའི་ས་ལ་དུས་ད་ལྟ་ནས་ཕྱིན་པའོ། །མདོར་དྲིལ་ན་རྫོགས་པ་ཆེན་པོའི་ལམ་ལྔ་ནི། དབྱིངས་ཀྱི་ལམ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་འགྱུར་བ་མེད་པ་གཅིག་པུ་དང་། རིག་པའི་ལམ་ནི་ཆོས་རྣམས་རབ་ཏུ་འབྱེད་པའི་ཤེས་རབ་ཁྱད་པར་ཅན་དང་། འོད་གསལ་གྱི་ལམ་ནི་ཐོད་རྒལ་ཏེ། དབྱིངས་རྣམ་དག་གི་སྒྲོན་མ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲོན་མ་སྟེ་རྣམ་པ་གཉིས་སོ། །ཁྲེགས་ཆོད་ལམ་ནི་རྣམ་རྟོག་གང་ཤར་བ་དང་གྲོལ་བ་དུས་མཉམ་སྟེ། ཆུ་དང་རླབས་བཞིན་ནོ། །ཐོད་རྒལ་གྱི་ལམ་ནི་ཕྱི་དབྱིངས་ནམ་མཁའ་སྟོང་པ་དང་། ནང་དབྱིངས་སེམས་ཀྱི་ནམ་མཁའ་རྟག་ཆད་དང་བྲལ་བ་ཡིན་ལ། རིག་པ་ནི་ཤེས་རབ་རང་བྱུང་གི་རྩལ་ལས་ལུ་གུ་རྒྱུད་འཆར་བ་དེ་ཡིན་ནོ། །འདི་དག་རྣམས་ནི་རང་བཞིན་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་ལྔ་མཁྱེན་པར་འཚལ་ནས། མ་རིག་གྲོགས་ཞེས་གཏི་མུག་རྨོངས་པའི་སྐྱོན་དང་། འཁྲུལ་སྣང་སྣ་ཚོགས་ཀྱི་རྣམ་པར་གཡེང་བའི་བསླུ་བྲིད་ཀྱིས་མཐའ་མེད་འཁོར་བའི་འབྲོག་དགོན་པ་འཇིགས་སུ་རུང་བར། ལས་མི་དགེ་བ་བཅུ་དང་ཉོན་མོངས་བ་དུག་ལྔ་དུག་གསུམ་གྱི་སྐྱོན་ཆེན་མང་པོ་འདུ་བར་བྱེད་པའི་གཟུང་འཛིན་ལྕགས་སྒྲོག་གིས། དེ་རིང་ཕན་ཆད་ནས་ཐོག་མ་མེད་པའི་བར་དུ་བཅིངས་པ་ལ་སྐྱོ་བའི་སེམས་དང་། གཞན་ཕན་གྱི་ལྷག་བསམ་མཆོག་ཏུ་བསྐྱེད་ནས། ཞི་བ་དམ་པའི་གྲོང་ཁྱེར་དུ་ཞེས་མྱ་ངན་ལས་འདས་པའི་ལམ་མཆོག་ཏུ་གྱུར་པ་རྫོགས་པ་ཆེན་པོ་ལ་བསྙེན་པར་མཛོད། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅུ་གཉིས་པའི་བསྡུས་འགྲེལ་ལོ།

ལེའུ་བཅུ་གསུམ་པ།

༈ དེ་ལྟར་གཞི་ལམ་གྱི་མཚན་ཉིད་ལེགས་པར་རྟོགས་པར་བྱས་ནས། མཐར་ཕྱིན་པར་གྱུར་ཚེ་འབྲས་བུ་སྐུ་དང་ཡེ་ཤེས་ཇི་ལྟར་ཐོབ་ཚུལ་ནི། གཞན་གང་ལས་ཀྱང་མ་བྱུང་སྟེ་རང་གི་སེམས་ཀུན་གཞིའི་རྙོགས་པ་དྭངས་ཤིང་། སེམས་ཞེས་མ་རིག་གཏི་མུག་གི་སེམས་དང་། གཞི་དེ་ལས་བྱུང་བའི་སེམས་བྱུང་ངམ་རྣམ་རྟོག་ནི་འཁོར་བའི་རྒྱུ་རྐྱེན་ལས་མ་འདས་པའི་ཕྱིར་དེ་དག་ཆོས་ཀྱི་དབྱིངས་སུ་ཞི་བ་ཡིན་ལ་གང་དུ་ངེས་མེད་ཀྱི་གཞི་ལས་གཞི་སྣང་ཅུང་ཟད་གཡོས་པའི་སྐྱོན་གྱིས་ང་བདག་ཏུ་འཛིན་པའི་བག་ཆགས་ཀྱིས་སྦགས་པའི་ཤེས་བྱའི་ཆ་འཛིན་པར་བྱེད་པའི་ཚོགས་བརྒྱད་ཉེར་ལེན་གྱི་སྤྲིན་དང་འདྲ་བ་རྣམས། རང་བཞིན་རྣམ་པར་དག་པའི་དབྱིངས་སུ་ཡེ་ཤེས་ཀྱི་སྙིང་པོའི་ཉི་མ་ནུབ་པ་མེད་པ་ནི། སྒྲིབ་པ་གང་ཡང་མེད་པ་རང་བཞིན་ཀྱི་འོད་དུ་གསལ་བའི་གློ་བུར་གྱི་དྲི་མ་མུན་པ་དང་འདྲ་བའི་ཆ་དང་བཅས་པ་སྤང་པ་ནི། ངོ་བོ་ཡེ་ནས་དག་པ་དང་། གློ་བུར་གྱི་དྲི་མ་དག་པ་སྟེ། དག་པ་གཉིས་ལྡན་ནི་བྱང་ཆུབ་མཆོག་གི་དངོས་པོར་གྲུབ་པ་ལ་གདོད་མའི་སངས་རྒྱས་ཞེས་སྨོན་པ་མེད་པའི་དབྱིངས་འགྱུར་བ་མེད་པ་སྟེ་ཉ་རྒྱས་ཟླ་བ་སྤྲོས་པ་ཞེས་འོད་དཀར་ཕྱིར་གསལ་བ་ཅན་ཡང་། སྟོང་གི་ཆ་ལ་འོད་དཀར་དབྱིངས་སུ་ནུབ་པ་ལྟར། རྣམ་པ་ཀུན་ཏུ་མི་རྟོག་ཅིང་ཆོས་ཉིད་ལ་འཕོ་འགྱུར་མེད་ཅིང་དབྱིངས་ཀྱི་རྟག་པ་ཞེས་ནམ་མཁའ་འཕོ་འགྱུར་དང་གཞོམ་གཞིག་བྲལ་བ་ནི་མི་འགྱུར་རྡོ་རྗེའི་སྐུ་ཞེས་འདོད་དོ། །རྣམ་པ་ཀུན་གྱི་མཆོག་ལྡན་ནི། ཤེས་རབ་སྟོང་པ་ཉིད་རྣམ་པར་རྟོག་པ་ཐམས་ཅད་ཞི་བའི་དབྱིངས་ཡིན་ལ། དེ་ནི་སྟོབས་བཅུ་སོགས་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་ཀུན་མངོན་པར་ཆུབ་ཀྱང་། སྣང་ཆ་ལ་ངོ་བོར་མ་འདྲེས་ཤིང་སྤང་རྟོགས་ཀྱི་ཡོན་ཏན་རྣམས་ཡོངས་སུ་རྫོགས་པའི་ཆ་ནས་གཞལ་བ་མངོན་པར་བྱང་ཆུབ་ཀྱི་སྐུར་བཞག་པའོ། །དེ་ཡང་ཤེས་བྱའི་ཡུལ་ལ་བློའི་འཇུག་པ་ཞི་ཞིང་། ཤེས་བྱེད་ཀྱི་བློ་ལ་ཡང་གཉིས་སུ་འཛིན་པའི་ཀུན་རྫོབ་སྤངས་པ་ཡིན་པས། སོ་སོ་རང་གི་རིག་པ་གཉིས་འཛིན་ལས་གྲོལ་བ་དེ་རྟག་ཆད་ཀྱི་མཐར་མ་ལྷུང་ཞིང་། ཀུན་རྫོབ་ཀྱི་ཆོས་རྣམས་ནང་དབྱིངས་སུ་ཐིམ་པའི་རང་གདངས་ཐིམ་ལ་མ་རྨུགས་པ་ཤིན་ཏུ་ཕྲ་བའི་ཡེ་ཤེས་ནི་ཇི་ལྟ་བ་དོན་དམ་མཁྱེན་པ། ཇི་སྙེད་པ་ཀུན་རྫོབ་གཟིགས་པ་སྟེ། མཁྱེན་ཆ་འགག་པ་མེད་པ་སྐུ་དང་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ནི་ཤིན་ཏུ་མཉམ་པར་བཞག་པ་སྟེ། འདུ་འཛི་དང་ལེ་ལོའི་དབང་དུ་མ་གྱུར་པའི་མཉམ་རྗེས་རིས་མེད་ཀྱི་རྟོགས་པ་ཐོབ་པ་རྣམས་ཀྱིས་མཐོང་བ་ཡིན་ལ། གང་ལ་ཞི་བ་ཆོས་ཀྱི་སྐུ་ཞེས་བརྗོད་པའི་སོ་སོ་རང་གིས་རིག་པར་བྱ་བ་རྒྱལ་བའི་ཁམས་བདེ་གཤེགས་སྙིང་པོ་ནི། གཅིག་ཅེས་ཚུར་བཅད་རྒྱུ་དང་། དུ་མར་ཞེས་ཕར་བཅད་རྒྱུ་མ་ཡིན་ཞེས། དངོས་པོ་དང་། དངོས་མེད་ལས་ཀྱང་འདས་པ་ནམ་མཁའ་ལྟར་རྣམ་པར་མི་རྟོག་པ་མཚན་མའི་ཆོས་ཀྱིས་གོས་པ་མེད་ཅིང་རྣམ་འགྱུར་དང་སྤྲོས་པ་ཐམས་ཅད་ཞི་བའི་དབྱིངས་དེ་ཉིད། ངག་གིས་བརྗོད་པའི་ཡུལ་ལས་འདས་ཤིང་། དོན་དམ་གྱི་བདེན་པས་བསྡུས་པ་ཡིན་ལ་རྟོག་དཔྱོད་རྣོན་པོ་དང་། ཐ་སྙད་གཏན་ཚིགས་ཀྱིས་ཀྱང་མི་མཚོན་ལ། བློའི་བསྒྱུར་བཀོད་དང་ཐེ་ཚོམ་དང་སྙམ་བྱེད་སོགས་དཔེ་དང་འགལ་བའི་ཕྱིར་ས་བཅུའི་དབང་ཕྱུག་སྟེ་བྱང་ཆུབ་སེམས་དཔའ་ཆེན་པོ་དག་གིས་ཀྱང་སྤྱོད་ཡུལ་མིན་ཞིང་། འདྲེན་པ་ཞེས་སངས་རྒྱས་རྣམས་ལ་མངོན་སུམ་དུ་གྱུར་པའི་གནས། ཟབ་ཞི་སྟེ་རྫོགས་པ་ཆེན་པོའི་ལྟ་བསྒོམ་གཞོན་ནུ་བུམ་པའི་ཁང་བཟང་མཛེས་པའི་ནང་ན་དུས་གསུམ་གྱི་སངས་རྒྱས་རྣམས་ནི་རྟག་པར་བཞུགས་ཀྱང་། རྣམ་པའི་ཆ་ནས་གཉིས་འཛིན་བྲལ་ཕྱིར་གཅིག་གིས་གཅིག་མི་གཟིགས་པ་ལྟར་ཡང་རང་བཞིན་སྤྲོས་བྲལ་གྱི་དབྱིངས་ན་དགོངས་པའི་ཀློང་གཅིག་ཏུ་འཁྱིལ་བ་ཡིན་ཞིང་། མཁྱེན་པའི་ཆ་འགག་པ་མེད་པའི་རང་གདངས་རྙོགས་པ་མེད་པ་ལས། ཐུགས་རྗེའི་རྩལ་ཕྱིར་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། དེ་ཡང་གནས་དང་དུས་དང་སྟོན་པ་དང་ཆོས་དང་འཁོར་ཏེ་ངེས་པ་ལྔ་ལྡན་སྐུ་དང་ཞིང་ཁམས་ཞེས་པ་ནི། ནམ་མཁའི་གར་ཁྱབ་སངས་རྒྱས་ཀྱི་ཆོས་སྐུ་དང་ལོངས་སྐུའི་ཁྱབ་ཅིང་། སེམས་ཅན་གྱིས་གར་ཁྱབ་སྤྲུལ་སྐུ་དང་ཕྲིན་ལས་ཀྱི་ཁྱབ་པ་ཡིན་ལ། སྐུ་གསུམ་གྱི་རྒྱལ་བ་དེ་རྣམས་མཚན་བཟང་པོ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་སོགས་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་དུ་བཞུགས་པའོ། །གནས་ནི་ལྷུན་གྲུབ་ལོངས་སྤྱོད་རྫོགས་པ་སྟེ། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་མཐའ་དབུས་ལས་འདས་པ། ཡེ་ཤེས་ལྔའི་རང་མདངས་ཀྱི་འོད་དང་འོད་ཟེར་གསལ་འཚེར་འབར་བ་ཡང་། མཁའ་དབྱིངས་དབང་པོའི་མཚོན་ཆ་སྟེ་འཇའ་ཚོན་སྣ་ལྔས་བཀབ་པ་བཞིན་དང་། དེ་ཡང་མནན་ན་ནེམ་ཞིང་བཏེགས་ན་འཕར་བ་ལྟ་བུའི་བློས་གཞལ་དུ་མེད་པའི་ཁང་མཛེས་ཕྱོགས་བཞི་སྒོ་འཕར་རྣམ་པ་བཞི་དང་ལྡན་པ་རྟ་རྐང་རྣམ་པ་བརྒྱད་དང་ལྡན་ཞིང་ཡེ་ཤེས་ལྔའི་རྩིག་པ་ ཕ་གུ་དང་ དྲྭ་ཕྱེད་དང་ མདའ་ཡབ་དང་ པུ་ཤུ་ཅན་གྱི་སྣམ་བུར་འདོད་པའི་ཡོན་ཏན་གྱི་བདག་ཉིད་མིག་ཡངས་མ་སྟེ། མཆོད་པའི་ལྷ་མོ་སྣ་ཚོགས་བདེ་སྟོང་གི་མཆོད་སྤྲིན་རྩེ་ཞིང་དགའ་བའི་རྣམ་འགྱུར་གཡོ་བའི་ཆོ་འཕྲུལ་ཅན་རྣམས་དང་། གཞན་ཡང་རྔ་ཡབ་ འཕན་གདུགས་ རྒྱལ་མཚན་ནོར་བུའི་ཏོག་གིས་མཛེས་པ་ བླ་བྲེ་དང་ ཟར་ཚགས་དང་ གཙང་ཁང་ཕྱུར་བུར་མཛེས་པ་ ཆུ་ཞིང་སྲིད་དུ་མི་མངོན་པར་གང་དུ་བལྟས་པ་སྣང་ཡུལ་དུ་གང་ཡང་གྲངས་ཀྱིས་མི་གཏུགས་ནམ་མཁའི་དབྱིངས་སྣོད་དུ་གྱུར་པ་བཞིན་དུ། རྟེན་གཞི་གཞལ་མེད་ཁང་པ་རེ་རེའི་ནང་། བརྟེན་པའི་གཙོ་བོ་རྒྱལ་བ་རིགས་མཆོག་ལྔའི་གདན་ཁྲི་ནི་འཕྲོག་བྱེད་ནི་སེང་གེ་དང་། གཉིས་འཐུང་གླང་པོ་ཆེ། ཅང་ཤེས་རྟ་ ཟློས་གར་ཅན་རྨ་བྱ་ ཤང་ཤང་ཏེའུ་རྣམས་ནི་སྔོན་གྱི་བྱང་ཆུབ་སེམས་དཔའ་ལམ་ལ་སློབ་པ་རྣམས་ཀྱི་གདན་ཁྲིའི་མཛེས་རྒྱན་བྱེད་པའི་སྨོན་ལམ་བཏབ་པ་ལས་བྱུང་བ་མ་གཏོགས་དུད་འགྲོ་རང་རྒྱུད་པ་མིན་པ་ཤེས་དགོས་སོ། །དེ་ལྟར་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་རྒྱན་དང་བཅས་པའི་སྟེང་ན། ཆུ་སྐྱེས་ཞེས་སྣ་ཚོགས་པདྨ་དང་། ཉི་མ་དང་ཟླ་བའི་གདན་སུམ་བརྩེགས་ཀྱི་སྟེང་ན། འདས་མ་འོངས་ད་ལྟ་སྟེ་དུས་གསུམ་གཞི་ལ་རྫོགས་པ་ཀུན་ཏུ་བཟང་པོའི་དུས་ཞེས་འཕོ་འགྱུར་བྲལ་བའི་མཚན་རྫོགས་ཀྱི་སྟོོན་པ་ལྔ་ནི་ རྣམ་པར་སྣང་མཛད་དང་ མེ་བསྐྱོད་རྡོ་རྗེ་དང་ རིན་ཆེན་འབྱུང་ལྡན་དང་ སྣང་བ་མཐའ་ཡས་སམ་འོད་མཚན་སྟོང་འབར་དང་ དོན་ཡོད་གྲུབ་པ་ལྔ་ནི། རང་རང་རིགས་ཀྱི་ཡུམ་དང་བཅས་པ་རྣམས་ནི་ཁ་སྦྱོར་བདུན་གྱི་བདག་ཉིད་ཆེན་པོར་བཞུགས་པ་ཡིན་ལ། སྟོན་པ་རང་ལས་མི་གཞན་པའི་སེམས་དཔའ་དང་སེམས་མའི་འཁོར་རྣམས་དང་སྒོ་བ་བཞི་དངདེ་བཞིན་སོ་སོའི་ཡུམ་དང་བཅས་པའོ། །དེ་ཡང་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ནི། སྒྲ་ཚིག་དང་མཚན་མའི་ཡུལ་ལས་འདས་པར་བསྐོར་ཞིང་། གཞལ་ཡས་ཁང་ཆེན་པོའི་སྟེང་ཁང་ཞི་བ་བྱང་ཆུབ་སྙིང་པོའི་གནས་ཞེས་བྱ་བ་ན། དབང་མཛད་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལས། དམ་པའི་སྟངས་དཔྱལ་གཉིས་ནི་ཞེས། ཀུན་བཟང་ཡབ་ཡུམ་ཡིན་ལ། དེ་ནི་ཞི་བའི་ལྷ་ཚོགས་ཀྱི་སྤྲུལ་གཞི་སྟེ། ཀུན་ལ་ཞེས་འཁོར་འདས་གཉིས་ཀར་ཁྱབ་པར་བརྡལ་བས་ཆོས་ཀྱི་སྐུ་ཡིན་ལ། འགྲོ་བ་རིགས་དྲུག་སོ་སོའི་གནས་སུ་སྤྲུལ་པ་དེ་དག་གི་དོན་མཛད་པའི་རིག་པའི་སྐྱེས་བུ་བཅོམ་ལྡན་འདས་ཐུབ་དྲུག་ནི་གོང་གི་རྒྱལ་བ་རིགས་ལྔའི་སྤྲུལ་པ་ཤར་བ་ཡིན་ཞིང་། རང་སྣང་ལོངས་སྐུའི་ཞིང་ན་ལྷ་ཚོགས་སུམ་ཅུ་རྩ་བཞི་ཡོད་པ་ལས། གཙོ་བོ་རིགས་ལྔ་ཡབ་ཡུམ་བཅུ་ལ་སེམས་དཔའ་སེམས་མ་བཅུ་དྲུག་དང་། སྒོ་བ་ཡབ་ཡུམ་བརྒྱད་དང་ཉེར་བཞི་པོ་དེ་ནི་འཁོར་གྱི་ཚུལ་དུ་ཡོད་པའོ། །དེ་རྣམས་དོན་ལ་ཕུང་པོ་ལྔ་རྒྱལ་བ་རིག་ལྔ་ཁམས་ལྔ་ཡུམ་ལྔ་དབང་ཡུལ་སྐྱེ་མཆེད་སེམས་དཔའ་སེམས་མ་སྒོ་བཞི་སྒོ་བ་ཡབ་ཡུམ་བརྒྱད་ལ་སོགས་པར་གནས་སུ་དག་པའི་ལྷ་རྣམས་གདན་གསུམ་ཚང་པའི་དཀྱིལ་འཁོར་ཆེན་པོ་ཡིན་ནོ། །འདི་དག་ནི་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བ་དང་། སངས་རྒྱས་མཉམ་སྦྱོར་བླ་ན་མེད་པའི་རྒྱུད་ལས་ལུས་གྲུབ་ཀྱི་དཀྱིལ་འཁོར་ཇི་སྙེད་ཅིག་བསྟན་པ་དང་རྣམ་དག་མཚུངས་བ་ཡིན་ལ། གཞན་ཡས་ཁང་ཆེན་པོའི་འོག་ཁང་ཚོགས་ཆེན་འདུས་པའི་ཕོ་བྲང་ནི། འབར་བའི་གཞལ་ཡས་ཏེ་དྲག་པོའི་གཞལ་ཡས་ཁང་ཕྱི་ནང་རིམ་པ་དགུ་དང་ལྡན་པ་ལ། སྒོ་ཁྱམས་ཡང་དེ་བཞིན་ཡོད་པའི་དགུ་པའི་ཕྱི་མར་རྒྱུའི་རྟ་བབ་སྒོ་བདུན་དང་། འབྲས་བུའི་ཆོས་ཀྱི་མཚོན་བྱེད་རྟ་བབ་སྒོ་སྟེང་ཡོད་པའི་རྒྱུ་འབྲས་གཉིས་ལྡན་ཚུལ་གྱིས། ཕོ་བྲང་དབུས་མའི་ནང་གི་འོག་གཞི་རྡོ་རྗེ་བྲག་ཆེན་དང་པདྨ་སྟོང་བརྡལ་གྱི་གཞི་ལ་ཐབས་ཤེས་ཉི་ཟླ་བརྩེགས་པའི་གདན་ལ། དབང་ཕྱུག་ཁྱོ་ཤུག་ནི་ཞེས་པ་ཡང་། ལྷ་ཆེན་བརྒྱད་ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད་དེ་དྲེགས་པ་ཕོ་མོ་ཉི་ཤུ་རྩ་བཞིའོ། །ཕོ་རྣམ་ཁ་སྦུབས་དང་། མོ་རྣམས་གན་རྐྱལ་བསྒྱེལ་བའི་སྟེང་དུ་དཔའ་གཏུམ་སྟག་དང་། འཇིགས་བྱེད་སེང་གེ། གདུག་པ་གཟིག་དང་ནི། གཏུམ་པ་དོམ་དང་། སྟོབས་ཆེན་གླང་པོ་དང་། བརྗིད་པའི་མ་ཧེ་དང་། འཛིན་པའི་ཆུ་སྲིན་དང་། ཞེ་སྡང་ལྟོ་འགྲོ་སྟེ། བྱོལ་སོང་གཙོ་བོ་བརྒྱད་པོ་དེ་ཡང་རིག་པ་འཛིན་པའི་ལམ་ལ་སྦྱངས་མཐར་ཤེས་བྱའི་སྒྲིབ་པ་འདག་པའི་ཕྱིར་ལྷ་རྣམས་ཀྱི་གདན་བྱས་ཏེ་དེ་དག་རེ་རེས་ཀྱང་། དྲེགས་པ་ཕོ་མོ་དེ་དག་གི་རྒྱུད་ཀྱི་ཉོན་མོངས་པ་སྦྱང་བའི་ཐབས་སུ་ཡན་ལག་བཞིའི་སྡེར་མོས་བཟུང་ཞིང་མནན་པའི་ཚུལ་བྱས་པ་ནི་གཞུང་གི་དགོངས་དོན་ཡིན་ལ། དེ་ཡང་དྲེགས་པ་ཕོ་མོ་དེ་དག་རྣམས་ཁྲོ་སྡང་གི་སེམས་ཀྱིས་མ་མིན་པར་ཞི་ཞིང་བྱམས་པའི་ཐུགས་ཀྱིས་དེ་དག་གི་ལས་ཉོན་རྒྱུན་གཅོད་པའི་ཕྱིར། དེ་དག་ཅུང་ཟད་ཀྱང་འགུལ་དབང་མེད་པར་བརྫིས་པའི་སྟེང་དུ་བཞུགས་པའོ། །དེ་ལྟར་གདུལ་བྱ་འདུལ་བྱེད་ཆེད་དུ་ཁྲི་གདན་སོགས་ཡོངས་རྫོགས་པའི་སྟེང་དུ། འཁོར་བ་དང་མྱ་ངན་ལས་འདས་པ་ཀུན་གྱི་སྤྱི་དཔལ་དུ་གྱུར་པ་བཅོམ་ལྡན་འདས་སྲིད་ཞིའི་ཁམས་ན་ཆེ་བའི་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་ཨིནྡྲ་ནཱི་ལའི་མདངས་ཞེས་རྣམ་མཁའ་གཡའ་དག་པ་ལྟ་བུ་ལ། ཉི་མ་བྱེ་བའི་འོད་ལས་ཀྱང་ལྷག་པའི་གཟི་བརྗིད་ལྡན་པའི་བདུན་གསུམ་ཉི་ཤུ་རྩ་གཅིག་གི་ཞལ་རྣམས་རབ་ཏུ་འཇིགས་ཤིང་གདང་པ། ཞབས་བརྒྱད་བྱོལ་སོང་གཙོ་བོ་བརྒྱད་ཀྱི་གདན་ལ་འགྱིང་བ། གཡས་གཡོན་ཕྱག་ནི་བཞི་བཅུ་རྩ་གཉིས་ན་བདེ་གཤེགས་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་པོ་ཡབ་རྣམས་གཡས་དང་ཡུམ་རྣམས་གཡོན་དུ་བསྣམས་ཤིང་ངོམ་པའོ། །གནམ་ཞལ་ཡུམ་མཆོག་ཡང་དབུ་དགུ་ཕྱག་བཅོ་བརྒྱད་དེ་རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དུང་ཁྲག་འཛིན་པ། ཕྱག་ལྷག་མ་གཡས་རྣམས་གནས་ཀྱི་ཀོའུ་རི་བརྒྱད་དང་། གཡོན་པ་རྣམས་ནི་ཡུལ་གྱི་སེང་ཧ་བརྒྱད་མུ་ཁ་ལ་སོགས་མ་མོ་དང་ཕྲ་མེན་རྣམས་བསྣམས་པ། ཡབ་ཡུམ་ཁྲོ་མཁར་ཚུལ་ལམ་ཞེས་པ་ནི་བདུད་རྩི་སྨན་སྒྲུབ་ཀྱི་གཞུང་ལྟར་རང་བྱུང་རྣམ་དག་བདུད་རྩིའི་ཕོ་བྲང་སྟེང་འགྲོ་འདུལ་ཁྲོ་བོའི་དཀྱིལ་འཁོར་དང་། སྐུ་གདུང་འབར་བའི་དཀྱིལ་འཁོར་དང་། མཁའ་མཉམ་ཀློང་གི་དཀྱིལ་འཁོར་དང་། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་ལྔ་དང་སྦྱོར་བ་བརྒྱད་སྨན་སྒྲུབ་གཞུང་ཤེས་པར་བྱེད་པ་ཁོ་ནའོ། །ཡང་ན་བཀའ་བརྒྱད་རྣམས་གསུམ་གྱི་གཞུང་བཞིན་ཡབ་ཡུམ་བདེ་སྟོང་ཟུང་འཇུག་གི་ཚུལ་དུ་མཉམ་པར་སྦྱོར་ཞིང་། སྲིད་པ་འགྲོ་བ་རིགས་དྲུག་དང་། ཞི་བའི་ལྷ་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཀྱི་ཆོས་ཁམས་མཐའ་ཡས་མ་ལུས་པ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་གདན་ཁྲི་ནས་བཟུང་། དབུ་རྒྱན་གྱི་འཁོར་ལོའི་བར་ལ་རང་བཞིན་གྱིས་རྫོགས་ཞེས་པ་ཡང་། འཁོར་བའི་ཆགས་གནས་དང་མཚུངས་པའི་ཞབས་ཀྱི་གདན་ཁྲིའི་དྲེགས་པ་ཉེར་བཞི་དང་། དུག་ལྔ་དུག་གསུམ་མམ་རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་པའི་མཚོན། བྱོལ་སོང་གཙོ་བརྒྱད་ལ་སོགས་པ་རེ་ཞིག་འཁོར་བ་དང་ཆོས་མཚུངས་ཡང་དོན་ལ་དེ་ལྟར་མ་ཡིན་པས་ཁྱད་ཤེས་པར་བྱས་ནས། སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པ་སྔགས་ཀྱི་གཞི་ལམ་འབྲས་བུའི་ཆོས་རྣམས་དབུ་རྒྱན་འཁོར་ལོའི་བར་ལ་རང་བཞིན་གྱིས་རྫོགས་པའོ། །དབང་མཆོག་བཅོམ་ལྡན་འདས་དཔལ་ཆེན་པོ་དང་ནི་ཧེ་རུ་ཀ་དཔལ་དགུ་ནི། བཀའ་བརྒྱད་རྣམ་གསུམ་གྱི་གཞུང་བཞིན་ཕྱོགས་བཞི་མཚམས་བརྒྱད་ཀྱི་དཀྱིལ་འཁོར་བརྒྱད་ལ་འགོད་རྒྱུ་ཡིན་པའོ། །དེ་བཞིན་དུ་གློ་འབུར་བཞི་དང་གྲུ་ཆད་རྣམ་པ་བཞི་ལ། རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་པའི་མ་མོ་ཀོའུ་རི་ལ་སོགས་བརྒྱད་དང་། དཀྱིལ་འཁོར་དང་པོ་ཞེས་དཔལ་ཆེན་གཙོ་དགུ་བཞུགས་པའི་ཁྱམས་དང་པོར་སིང་ཧ་མུ་ཁ་ལ་སོགས་ཕྲ་མེན་བརྒྱད་དང་། གཞལ་ཡས་ཁང་གཉིས་པའི་ཁྱམས་ལ། སྤོར་མ་རྣམ་པ་བརྒྱད་དང་། དེ་བཞིན་དུ་གསུམ་པའི་ཁྱམས་ལ་དབང་མོ་ཉི་ཤུ་རྩ་བརྒྱད་རྣམས་ཡིན་ལ། ཁྱམས་གསུམ་པོ་དེ་ལ་ཕྱོགས་བཞིར་སྒོ་བཞི་བཞི་དང་ལྡན་པ་ཀུན་ལ་རང་རང་གི་སྒོ་བ་བཞི་བཞིར་ལྡན་པ་དེ་དག་ཀྱང་། འབར་བའི་རྣམ་རོལ་དང་གར་དགུའི་ཉམས་ཀྱིས་བརྗིད་པ་འདི་དག་ནི་རང་སྣང་ལོངས་སྐུའི་དཀྱིལ་འཁོར་ཡིན་ཏེ། གཞི་སྣང་ལྷུན་གྲུབ་མྱ་ངན་ལས་འདས་པའི་དོན་གྱི་འོག་མིན་ཡིན་ནོ། །གཞལ་ཡས་ཁང་བཞི་པའི་ཁྱམས་ལ་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་། དེ་བཞིན་དུ་ལྔ་པའི་ཁྱམས་ལ་མ་མོ་བདུན་དང་སྲིང་མོ་བཞི་དང་། དྲུག་པའི་ཁྱམས་ལ་གིང་ཆེན་བཅུ་དྲུག་ཚན་གསུམ་སྟེ་བཅོ་བརྒྱད་དང་། བདུན་པར་ཁྲོ་བོ་ཡབ་ཡུམ་བཅུ་ཕྲག་དྲུག་དང་། བརྒྱད་པར་ཕོ་ཉ་ཉིས་བརྒྱ་དང་བཞི་བཅུ་སྟེ་ཡོངས་སུ་ཚང་བ་དང་། དགུ་པའི་ཁྱམས་ལ་མ་མོ་དྲུག་ཅུ་རྩ་བཞི་རྣམས་བཞུགས་པའོ། །དེ་དག་རྣམས་ནི་ལོག་འདྲེན་རཱུ་ཏྲ་གདུལ་བའི་ཕྱིར་དུ་སྤྲུལ་པས་བསྡུས་པའི་ཕྱིར། བགེགས་སོགས་གདུལ་བྱ་སོ་སོའི་རང་ངོར་སྣང་བ་སྟེ། དེ་ཕྱིར་རང་སྣང་གི་འོག་མིན་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་མིན་ལ། ཆོས་སྐུའི་ཡེ་ཤེས་ཕྱི་རུ་གསལ་བའི་གདངས་ལས། ཕུན་སུམ་ཚོགས་པ་ལྔ་ལྡན་ནི། གནས་ཕུན་སུམ་ཚོགས་པ་དབུས་སྟུག་པོ་བཀོད་པ། ཤར་མངོན་པར་དགའ་བ། ལྷོར་དཔལ་ལྡན་ ནུབ་བདེ་ཆེན་ བྱང་ལས་རབ་གྲུབ་པའོ། །སྟོན་པ་ཕུན་སུམ་ཚོགས་པ་དཔལ་རིགས་ལྔའི་སངས་རྒྱས་སོ། །འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་འབྲས་བུའི་སེམས་དཔའ་འོ། །ཆོས་ཕུན་སུམ་ཚོགས་པ་ཐེག་ཆེན་འབའ་ཞིག་གོ། དུས་ཕུན་སུམ་ཚོགས་པ་བསྐལ་པ་ཇི་སྲིད་གནས་ཀྱི་བར་དུའོ། །དེ་དག་ནི་ལོངས་སྐུར་རྫོགས་པའི་གནས་སོ། །གང་དུ་ཉོན་མོངས་པའི་སྒྲིབ་པ་ཤེས་བྱའི་སྒྲིབ་པ་སྟེ། དེ་གཉིས་ཀར་གཏོགས་པའི་སྒྲིབ་པ་མཐའ་དག་སྤངས་པར་གྱུར་པའི་གནས་ནི་སངས་རྒྱས་ཁོ་ནའི་རྒྱུད་ཀྱིས་བསྡུས་པའི་རོལ་པ་ཉིད་ཀྱི་ཕྱིར་གཙོ་འཁོར་མཆོག་དམན་ཐམས་ཅད་དགོངས་པ་མཉམ་པ་ཉིད་ལས་མ་མཆིས་སོ། །གཙོ་འཁོར་ཀུན་གྱི་ཐུགས་ཀྱང་རྣམ་པར་མི་རྟོག་ཅིང་། གསུང་ནི་བརྗོད་པ་དང་བྲལ་ཞིང་། སྐུ་ནི་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་། རང་སྣང་ཡེ་ཤེས་མཐོང་བ་དག་པའི་སྤྱན་ཏེ། རང་རིག་སྒྲིབ་གཡོགས་དང་བྲལ་བའི་བལྟ་བྱ་ལྟ་བྱེད་མེད་པའི་དོན་རྟོགས་པའི་ངང་ནས་གཅིག་གིས་གཅིག་གཟིགས་པའི་ཚུལ་ལ་ནམ་ཡང་སྒྲིབ་པ་མེད་དོ། །དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་རྣམ་པར་དག་པ་ནི། དེའི་གོང་ན་གཞན་མེད་པའི་ཕྱིར་དང་། བླ་ན་མེད་པའི་ཕྱིར་དང་། སྲིད་པ་དང་ཞི་བས་མ་བསྡུས་པའི་ཕྱིར་ན། དག་པའི་སེམས་ཅན་ཆེན་པོ་རྣམས་ནི་ས་བཅུའི་སེམས་དཔའ་རྣམས་ཡིན་ཏེ། དེ་རྣམས་ཀྱིས་ཀྱང་མཐོང་བར་ཇི་བཞིན་མི་ནུས་ཤིང་། རྒྱལ་བའི་ཡེ་ཤེས་དང་འགལ་བའི་སྒྲིབ་ཆ་ད་དུང་མ་སྤང་པའི་ཕྱིར། འདས་པ་དང་། མ་འོངས་པ་དང་། ད་ལྟ་སྟེ། དུས་གསུམ་འདི་ཡིན་གྱི་ངེས་པ་ལས་འདས་པའི་འོག་མིན་ཆེན་པོ་ན་བཞུགས་པའི་སངས་རྒྱས་འདས་པའི་དུས་དང་། མ་འོངས་པ་ ད་ལྟར་གྱི་དུས་ཏེ་གསུམ་དང་། མཉམ་པ་ཉིད་ཀྱི་དུས་དང་བཞིའི་བདག་ཉིད་ཅན་དེ་དག་ནི་གཙོ་འཁོར་ངོ་བོར་མཐུན་པའི་རང་སྣང་ངོ་ཞེས་པ་ནི་གཙོ་འཁོར་རྣམས་ངོ་བོ་གཅིག་ལས་གཞན་དུ་མ་གྱུར་པའི་དོན་ནོ། །དེ་ཉིད་ཀྱི་ངང་ལས་སེམས་ཅན་རྣམས་གདུལ་བའི་ཕྱིར་དུ། འདུལ་བྱེད་སྟོན་པ་རྣམ་པ་གསུམ་དུ་བཀོད་པ་ནི། རང་བཞིན་སྤྲུལ་པ་དང་། འགྲོ་བ་རིགས་དྲུག་འདུལ་ཕྱིར་སྤྲུལ་པ་དང་། སྣ་ཚོགས་གང་ལ་གང་འདུལ་དུ་སྤྲུལ་པ་དང་གསུམ་ལས། རང་བཞིན་སྤྲུལ་པ་ནི། རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱི་སྣང་བ་འོག་མིན་གྱི་དབྱིངས་སྣང་ལོངས་སྐུ་ནི། རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན་ཏེ། དཔེ་བྱད་ཀྱི་མངོན་རྟོགས་དྭངས་ཤེལ་གྱི་ནང་དུ་འཕྲོས་པ་ལྟ་བུས་གཟུགས་བརྙན་ནི་ཕྱེད་སྤྲུལ་ལོངས་སྐུའི་གནས་སམ། རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ཡིན་ཏེ། དེ་ཡང་དབུས་ན་འོག་མིན་སྟུག་པོ་བཀོད་པ། ཤར་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་ན་པདྨ་བརྩེགས་པ། བྱང་ན་ལས་རབ་རྫོགས་གྲུབ་པ་རྣམ་པ་ལྔ་གཟུགས་ཀྱི་རྒྱལ་པོ་སྟེ་རྣམ་པར་སྣང་མཛད་དང་། དེ་བཞིན་དུ་མངོན་དགའ་རྡོ་རྗེ་མི་བསྐྱོད་པ། ལྷོར་རིན་འབྱུང་། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ་ལ་སོགས་སྟོན་མཆོག་ལྔ་ནི། མཚན་དང་དཔེ་བྱེད་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་རྣམས་ནི། ཞི་བ་དང་ཁྲོ་བོ་སོགས་ཀྱི་རྣམ་འགྱུར་དཔག་ཏུ་མེད་ཅིང་། ཡེ་ཤེས་རྣམ་པ་ལྔ་པོ་རེ་རེ་ལའང་བཞི་བཞིའི་འཁོར་དང་བཅས་པའི་ཉི་ཤུ་རྩ་ལྔ་སྟེ། ཆོས་དབྱིངས་ཡེ་ཤེས་ལ་མཚོན་ན་མེ་ལོང་ མཉམ་ཉིད། སོར་རྟོགས། བྱ་གྲུབ་ཡེ་ཤེས་ཏེ། བཞི་པོ་འཁོར་གྱི་ཚུལ་དུ་ཡོད་པ་ཇི་བཞིན་གཞན་མ་རྣམས་ཀྱང་དེའི་འགྲེས་ཀྱིས་ཤེས་པར་བྱ་དགོས་ཤིང་། དེ་ཡང་ཆོས་དབྱིངས་ཡེ་ཤེས་གཡོ་བ་མེད་པ་ནི། ནམ་མཁའི་གཟུགས་བཞིན་ཀུན་རྫོབ་ཤེས་པར་བྱ་བའི་མཐའ་ལས་འདས་ཤིང་། མེ་ལོང་ཡེ་ཤེས་གཟུང་བྱ་འཛིན་བྱེད་ཀྱི་རྡུལ་དང་བྲལ་བ་ནི། མངོན་པར་འདུ་བྱ་དང་འདུ་བྱེད་མེད་བཞིན་སྣང་བ་སྣ་ཚོགས་མཆེད་པའི་གཞིར་གྱུར་ཞིང་། མཉམ་ཉིད་ཡེ་ཤེས་ནི་ཆོས་རྣམས་ཀུན་ལ་དངོས་པོ་མཚན་ཉིད་ཀྱི་དམིགས་པ་གང་ཡང་མེད་དེ། སྲིད་དང་ཞི་བ་དབྱེར་མེད་པ་ལྟར་ལགས་ཀྱང་སྤྲོས་པའི་མཚན་མ་ཞི་བའི་དབྱིངས་སུ་ཞུགས་པ་ཡིན་ཞིང་། སོར་རྟོགས་ཡེ་ཤེས་ནི་ཆོས་ཉིད་ཇི་ལྟ་བ་དང་། ཆོས་ཅན་ཤེས་བྱའི་ཇི་སྙེད་རྟོགས་པ་དང་ཐོགས་པ་མེད་པའོ། །བྱ་གྲུབ་ཡེ་ཤེས་ནི་ཕྲིན་ལས་གཞན་ལ་ཕན་པ་ཅན་ཏེེ། ཆགས་ཐོགས་སྤང་པའི་མཛད་པ་ལྷུན་གྱིས་གྲུབ་པར་འབྱུང་ཞིང་། འཁོར་ནི་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་ཡིན་ལ། སྐུ་ཡི་ཆོས་རྣམས་མཇལ་བའི་སྟེ་རྟོགས་པའི་འོད་ཟེར་བཀྱེ་བས་བྱད་ཀྱི་གྲིབ་མ་མེ་ལོང་ནང་དུ་གསལ་པ་ལྟར། ད་དུང་བདག་དང་སྟོན་པའི་ཁྱད་མཆོག་དམན་གྱི་ཁྱད་པར་མཐོང་ནས། བྱང་ཆུབ་ལ་སྒྲིབ་པ་གཏིང་དཔག་དཀའ་བ་དག་སྦྱངས་ནས། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་འགྲོ་བའོ། །དུས་ནི་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཏེ། ས་བཅུ་ཐོབ་པའི་འཕགས་པ་འཇིག་རྟེན་མགོན་པོ་ངོ་བོ་མེད་པའི་དབྱིངས། ཞེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་ངང་ལས་མ་གཡོས་པས། སྟོན་པ་དང་འཁོར་དགོངས་པ་གཅིག་ཏུ་མ་གྱུར་གྱི་བར་དུ་འཆི་བའི་བདུད་བཅོམ་ཞིང་། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་རྣམས་འབྱོར་བཞིན། སྟོན་པའི་དགོངས་པ་དང་མཉམ་པའི་སླད་དུ་རྟག་ཅིང་། གདུལ་བྱའི་སེམས་ཅན་རྣམས་ཀྱི་གཏི་མུག་ལ་སོགས་ཉོན་མོངས་པ་ལྔ་པོ་གང་གི་གཉེན་པོར། ཆེ་བའི་ཞིང་ཁམས་དང་སྟོན་པར་བསྟན་པའི་སྐུ་ལྔ་རྒྱལ་བ་རིགས་ལྔ་དང་ཆོས་རབ་ལྔ་ཡང་། གདུལ་བྱའི་དུག་ལྔ་འདུལ་བའི་གཉེན་པོའི་ཆོས་ལྔའོ། །དུག་ལྔ་གནས་འགྱུར་ཡེ་ཤེས་རྣམ་པ་ལྔ་པོ་ཡང་། ས་དང་པོ་རབ་ཏུ་དགའ་བ་མཐོང་ལམ་ནས་བཟུང་སྟེ་ས་བཅུའི་རྒྱུན་མཐའི་བར་རྣམས་རིམ་པ་བཞིན་དུ་རྫོགས་ནས་རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ་བ་སྟེ། ཞིང་འདི་ས་བཅུའི་བྱང་ཆུབ་སེམས་དཔའ་ལས་གཞན་མ་རྣམས་ཀྱི་སྤྱོད་པའི་ཡུལ་དུ་སྣང་བ་མིན་ཞིང་། དེ་བཞིན་དུ་སྟོན་པ་ལྔ་པོ་རང་སྣང་གི་ཞིང་ཁམས་ལྟར་སྣང་ལོངས་སྤྱོད་རྫོགས་པར་གྱུར་ནའང་། འཁོར་སོགས་རང་སྣང་གཅིག་གིས་བསྡུས་པའི་ཉིད་ལས་མི་གཞན་པ་མ་ཡིན་ཞིང་། རྒྱུད་གཞན་ནས་བསྡུས་པ་ཡིན་ཕྱིར། ཕྱེད་སྣང་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་ཞེས་ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ཀྱིས་བསྟན་པ་བཞིན་ནོ། །ཁྱད་པར་དུ་ཡང་རང་བཞིན་རྫོགས་པ་ཆེན་པོའི་རང་སྣང་ཡེ་ཤེས་དཀྱིལ་འཁོར་དམ་པ་རུ་མཆོག་གཟིགས་བླ་མས་དབང་བཞི་བསྐུར་བ་མ་ཉམས་ལ། ཉིན་དུས་རང་སྣང་མངོན་སུམ་འོད་གསལ་དང་། ཞེས་པ་ སྔ་དྲོ་དང་ཕྱི་དྲོའི་བལྟ་ཚུལ་གཞུང་བཞིན་དང་། མཚན་མོ་གཉིད་ཀྱི་སྐབས་སུ་སྙིང་གའི་འོད་གསལ་ལ་གོམས་པ་རྣམས་ནི། རྫོགས་པ་ཆེན་པོའི་གཞི་ཁྲེགས་ཆོད་དང་། ལམ་ཐོད་རྒལ་གྱི་རྟོགས་པའི་རང་བཞིན་ཚད་དུ་མ་ཕྱིན་ཡང་། ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང་། བླ་མའི་བྱིན་རླབས་བསླུ་མེད་ཀྱིས་བདེན་མཐུས་ས་ཐོབ་པ་རྣམས་དང་སྐལ་པ་མཚུངས་པར་གྱུར་ནས་གཞི་སྣང་ལྷུན་གྲུབ་ཕྱོགས་བཅུར་སྤྲུལ་པར་ཏེ་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོ་བ་ཡིན་ལ། ཁྱད་པར་དུ་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ནི། རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ཏེ། ཤར་ནས་རིམ་པ་བཞིན་དུ་ཤེལ་དང་། སུ་ཝརྞ་སྟེ། གསེར་དང་། པད་རཱག་དང་། ཨིནྟྲ་ནཱི་ལེའི་གཞལ་མེད་ཁང་། སྒོ་བཞི་ཁྱམས་དང་བཅས་པ། སོ་སོའི་རྟ་བབས་སྣང་བྱེད་ཅེས་ཉི་མའི་མཐོང་ཁུང་བ་ལང་གི་མིག་ལྟས་མཛེས་པར་བྱས་པའི་ཟུར་བཞིར། མུ་ཏིག་གི་མཆོད་རྟེན་དང་། དྲིལ་བུ་དང་། གཡེར་ཁའི་སྦྲེལ་བའི་དཔྱང་ཐག་རླུང་གིས་བསྐྱོད་པ་འདྲ་ཞིང་། རྣམ་ཐར་གསུམ་ལྡན་ཞེས་སྟོང་པ་ཉིད་དང་། མཚན་མ་མེད་པ་ སྨོན་པ་མེད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་སྒྲ་དར་དིར་སྒྲོགས་ཞིང་། ཕྱོགས་བཞིར་སྤོས་སྤྲིན་གཡོ་བའི་བ་དན་བཞི་དང་། ཕྱི་རིམ་འཁོར་ཡུག་ཏུ་ཡན་ལག་བརྒྱད་དང་ལྡན་པའི་རྫིང་བུའི་འགྲམ་ན། ཤིང་ཏ་ལའི་ལྗོན་པ་རིན་པོ་ཆེའི་དྲྭ་བ་ཕྱེད་པའི་འཕྱང་འཕྲུལ་ཅན་དང་། བྱའི་ཚོགས་ཀྱང་འདི་ལྷར་ཤང་ཤང་ཏེའུ་རྨ་བྱ། ཀ་ཏ་རི་ ནེ་ཙོ་མི་སྐད་འབྱིན་པ་དང་། ངང་པ་གཞོན་ནུ་ རི་སྐེགས་དང་། ཟེར་མོ་ སྤབ་དང། ཀཾ་ཀ་རི་ལྷའི་བྱ་དྲིལ་བུའི་སྒྲ་ཅན། ཁུ་བྱུག་དང་། གསེར་གྱི་རྡོ་རྗེའི་གཟུགས་ཅན། ཀྲི་ཏི་པ་ གཡུ་དང་། བྱུ་རུ་དང་ ཨིནྟྲ་ནཱི་ལ་དང་ དུང་ལྟར་ཁ་དོག་ཕྱེད་པའི་བྱ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོགས་ཅིང་། མགྲིན་པའི་ནང་ནས་རྒྱུད་མངས་ལྟ་བུ་ཀུན་དུ་འཁྲོལ་ཞིང་རྣ་བར་བདུད་རྩི་འབྱིན་པ། དེ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། ཉོན་མོངས་པའི་གནོད་པ་ཞི་བར་ནུས་པའི་ཆུ་ཀླུང་ལ་སྤྱད་པ་ཙམ་གྱིས། འདུ་བའི་ནད་མི་འབྱུང་ཞིང་། ཡིད་ལ་ཅི་བསམ་པ་དྲན་པའི་མོད་ལ་ཐོགས་པ་མེད་པར་འབྱུང་ཞིང་། དེ་ཡང་སུམ་ཅུ་རྩ་གསུམ་གྱི་ལྷ་དང་ལོངས་སྤྱོད་མཉམ་ལ། ཕྱི་རིམ་ཀུན་ཏུ་རིན་ཆེན་སྣ་བདུན་གྱི་ཕ་གུ་ཅན་ལེགས་ཤིང་ཞིང་མཆོག་དེ་ན་རིགས་བཞིའི་སྟོན་པ་ཡིས་ཉིན་མཚན་དུས་བཞིར་ཆོས་ཀྱི་སྒྲ་སྒྲོགས་པའི་རྒྱུན་མི་འཆད་ཅིང་དེ་དག་ཀུན་གྱི་བར་སྣང་གི་དབྱིངས་ན་ཧེ་རུ་ཀ་དཔལ་གྱི་ཞིང་ཁམས་ཞེས་བྱ་བ་ཡོད་ཅིང་། དེ་ལ་གསར་མའི་རྒྱུད་ཕལ་ཆེར་ན་འོག་མིན་རྣམ་པར་སྣང་མཛད་གྱི་དུར་ཁྲོད་ཅེས་ཀྱང་བཤད་ལ། རྙིང་མའི་རིང་ལུགས་ལྟར་ན། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ན་སྟོན་པ་གཞོན་ནུ་སྟོབས་ལྡན་ཞེས་བྱ་བའི་བཅོམ་ལྡན་འདས་ལ། ལག་ན་རྡོ་རྗེ་ལ་སོགས་པའི་དཔའ་བོ་དང་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བའི་དབུས་ཉིད་ན་བཞུགས་བཞིན་འབྲས་བུ་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ། པདྨ་ལས་སྐྱེས་པའི་རྒྱལ་སྲས་དཔག་ཏུ་མེད་པ་དེ་དག་ཀུན་ཀྱང་ལྷ་དང་། ལྷ་མོ་དང་། ཁྱེའུ་དང་། བུ་མོའི་རྣམ་པ། དྲང་སྲོང་གྲུབ་པ་ཅན་རྣམས་ནི། རྣམ་པར་རྟོག་པ་མེད་ཅིང་སེམས་གསུམ་མེད་ལ། ཡིད་དྲུག་དང་ཉོན་མོངས་པ་དྲུག་ཀྱང་མེད་དེ། མ་རིག་པའང་མེད་ཅིང་རྐྱེན་བཞི་ཡོད་པ་མ་ཡིན། དེ་དང་མཚུངས་པར་ལྡན་པ་རྣམས་ཀྱང་མེད་དེ། དེ་ཡང་སྟོན་པ་རྡོ་རྗེ་འཆང་ཆེན་པོ་གང་གི་བྱིན་རླབས་ལས་རང་བཞིན་ཉིད་དུ་བཀོད་པ་ཡིན་ཕྱིར། དེའི་རང་བཞིན་ནི་སྤྲུལ་པའི་ཞིང་ཞེས་པ་ནི་སྟོན་པ་རྡོ་རྗེ་འཆང་གི་རྣམ་པར་འཕྲུལ་པ་ལས་བྱུང་བ་རྒྱལ་སྲས་སར་གནས་རྣམས་ལ་གྲགས་ཤིང་། དེ་ཡང་རང་བཞིན་རྫོགས་པ་ཆེན་པོའི་གསང་ལམ་དུ་གང་ལས་བཤད་ན། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས་བསྟན་པ་ལགས་ཤིང་། གཞན་དུ་ན་བདེ་ཆེན་མཁའ་ལ་སྤྱོད་པ་དང་། ས་སྤྱོད་ཅེས་སུ་གྲགས་པ་དོན་གྱི་འོད་གསལ་ཡིན་པ་ལ། དབང་ཐོབ་ལྷན་ཅིག་སྐྱེས་མའི་ཌཱཀྐི་མ་རྣམས་དང་། ཡུལ་ཆེན་ཉེར་བཞིར་སྐྱེས་ཤིང་སྤྱོད་པའི་ཞིང་སྐྱེས་མ་ལ་སོགས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་དང་སྐལ་པ་མཉམ་པའི་རིག་འཛིན་གྱི་གྲལ་གང་དུ་ལམ་གྱི་འཕྲོ་སྦྱང་ཕྱིར། རིག་པ་འཛིན་པའི་རྡོ་རྗེའི་བླ་མ་ཞེས་གསང་སྔགས་རྡོ་རྗེ་ཐེག་པའི་དོན་སྟོན་པར་བྱེད་པའི་བླ་མ་རྣམས་ནི་རབ་ཏུ་བཞུགས་ནས་སྔགས་ཀྱི་ལྟ་བ་དང་། སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་པ་ཡིན་ལ། འདི་དག་རང་སྣང་དགེ་བའི་ས་བོན་རྣམ་པར་དག་པ་དང་། བསྐྱེད་རིམ་དང་རྫོགས་རིམ་ཟབ་མོའི་བརྟུལ་ཞུགས་མཐར་ཕྱིན་པའི་དོན་འབྲས་ནི། གསང་སྔགས་གྲུབ་པ་རྣམས་ལ་སྣང་བ་ལས་རྟོག་འདོད་ཅན་ཞེས་རང་འདོད་ཁོ་ནའི་ཕྱིན་ཏུ་ཡོད་པའི་ཕྱོགས་དང་རིས་ཆད་ཅན་དུ་བསམ་པར་མི་བྱའོ། །དེ་ཉིད་ངང་ལས་རང་སྣང་ལོངས་སྤྱོད་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡི་གེའི་སྤྲིན་གྱི་འོད་ཟེར་འགྲོ་བ་རིགས་དྲུག་གི་གནས་སུ། སྦྱང་གཞི་བདེ་གཤེགས་སྙིང་པོ་ལ། སྦྱང་བྱ་ཉོན་མོངས་པ་དྲུག་གི་ས་བོན་བག་ཆགས་དང་བཅས་པ་སྦྱང་ཕྱིར། རྒྱལ་བ་རྣམས་ཀྱི་ཐུགས་རྗེ་འོད་ཟེར་རབ་ཏུ་འཕྲོས་པས། མངོན་རྟོགས་ནི་འཇིག་རྟེན་འདུལ་བྱེད་སྤྲུལ་པའི་སྐུ་མཆོག་ནི་གནས་རིགས་དྲུག་གི་གདུལ་བྱའི་འགྲོ་བ་རྣམས་ཀྱི་སྣང་བ་ལ། རང་རང་མིང་གི་མངོན་བརྗོད་ནི། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་སྟེ། འགྲོ་བ་རིགས་དྲུག་པོའི་རྗེས་སུ་འགྲོ་བའི་འདུལ་བྱེད་ཀྱི་གཉེན་པོ་རིག་པའི་སྐྱེས་བུ་ཐུབ་པ་དྲུག་པོ་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་འཇིག་རྟེན་གྱི་ཁམས་སྟོང་ཆེན་ཇི་སྙེད་དང་མཉམ་པར་རབ་ཏུ་སྤྲུལ་ནས། གདུལ་བ་བཞིའི་འགྲོ་བ་བསམ་གྱིས་མི་ཁྱབ་པའི་དོན་མཛད་ཅིང་། དེ་ནས་ང་བསོད་ནམས་ཆེན་པོས་འདུལ་བ་ནི། སྐུའི་མཛད་པ་ཆེན་པོ་བཅུ་གཉིས་ཡིན་ལ། གསུང་གི་མཛད་པ་ནི། ཐེག་པ་གསུམ་མམ་གཅིག་ནི་རྫོགས་པ་ཆེན་པའོ། །དེ་དག་གང་ཡང་འདུ་ཤེས་ཀྱི་རྗེས་སུ་འགྲོ་ཞིང་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་དགོངས་ཏེ་གསུངས་པ་ལ། ཆོས་ཀྱི་སྒོ་འཕར་རམ། སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་གྲངས་སུ་ངེས་པ་དང་། མ་ངེས་གསུངས་པ་ལྟར་སྣང་ཡང་། སྒྲ་ཚིག་རང་མཚན་པ་མ་ཡིན་ཞིང་། གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་ལ་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང་། བྱིན་རླབས་ཀྱི་མཐུས་རྣམ་པར་རིག་པ་ཉིད་དང་མཐུན་པར་ཤར་བའོ། །ཐུགས་ཀྱི་གདུལ་བ་ནི། འདས་མ་འོངས་ད་ལྟ་དུས་གསུམ་ཆགས་ཐོག་མེད་ཅིང་གཟིགས་པ་ཡིན་ལ། དུས་ཀྱང་འདི་ཙམ་ཞེས་སོ་སོར་མི་རྟོག་ཅིང་དུས་མེད་དུས་ཞེས་ངོས་འཛིན་བྲལ་བའོ། །རང་བཞིན་གདོད་མའི་གནས་སྐབས་ནི། ཀུན་ཏུ་བཟང་པོའི་དུས་ལས་གཞན་ཞིག་མི་མངའ་བ་དང་། དེ་ཡང་གཞན་གྱི་སེམས་རྒྱུད་མཁྱེན་པ་དང་། དེ་བཞིན་དུ་རྫུ་འཕྲུལ་ཆེན་པོའི་སྤྱན་དང་། སྙན་ལ་སོགས་པ་མངོན་པར་ཤེས་པ་དྲུག་པོ་དུས་ལས་ཡོལ་བ་མེད་པའོ། །ཕྲིན་ལས་ཀྱིས་འདུལ་བ་ནི། གང་ལ་གང་འདུལ་སྐུ་དཔག་ཏུ་མེད་པ་དང་། ཞིང་དཔག་ཏུ་མེད་པ་དང་། ཀུན་ཏུ་ཐུགས་ཀྱིས་མི་ཁྱབ་པ་མེད་པ་དང་། ཀུན་ཏུ་ཞལ་ཞེས་མདུན་རྒྱབ་དང་གཡས་གཡོན་སོགས་ཀྱི་འཛིན་པ་དག་པའི་ཕྱིར་དང་། ཀུན་ཏུ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚིག་གི་དངོས་འཛིན་སོགས་ལས་འདས་པའི་ཕྱིར་དང་། སྐུ་གསུང་ཐུགས་ཀྱི་འགྲོ་བ་རྣམས་ལ་དངོས་སུ་དོན་མཛད་པ་ཡིན་ལ། ཕྲིན་ལས་ཀྱི་དངོས་དང་བརྒྱུད་དེ་ཀུན་ནས་ཀུན་ཏུ་མཛད་པ་དང་། དེ་ལྟར་དུ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་དབྱིངས་ལས་སྤྲུལ་པའི་སྐུ་མཆོག་རྣམས་ཀྱི་ནི། ཆོས་ཉིད་ལ་ལྟོས་པའི་ཇི་ལྟ་བའི་ཡེ་ཤེས་དང་། ཆོས་ཅན་ལ་ལྟོས་པའི་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་ཀྱིས་གདུལ་བྱའི་རྒྱུད་འགྲོལ་ཞིང་ཉེ་བར་ཞི་བ་དང་། མ་འདྲེས་པ་ལ་སོགས་པའི་ཆོས་ཚུལ་དཔག་མེད་སྟོན་ཅིང་དེ་ལས་ཡང་སྤྲུལ་གྱི་རྣམ་པ་བརྗོད་ཀྱི་མི་ལང་བར་འཕྲོས་ཤིང་། འགྲོ་བ་རིགས་དྲུག་གི་གནས་རིགས་དེ་སྙེད་དུ། ལྷ་རྣམས་གདུལ་བར་བྱེད་པའི་ཆེད་དུ། ཚངས་པ་དང་། དབང་པོ་དང་། བདེ་འབྱུང་ལ་སོགས་པ་དང་། མི་ལ་ཉན་ཐོས་དང་། རང་རྒྱལ་དང་། བྱང་སེམས་དང། འཁོར་ལོས་སྒྱུར་དང་། དེ་བཞིན་དུ་ལྷ་མ་ཡིན་ལ་ཐག་བཟང་རིས་དང་། བྱ་ལ་ཡང་ཤིང་རྟ་མོ་དང་། རི་དྭགས་ལ་ཕན་པའི་ཕྱིར་དུ། སེང་གེའི་རྒྱལ་པོ་ཡི་དམ་བརྟན་པ་སོགས་མདོར་ན་དམྱལ་བ་ཡི་དྭགས་གང་དང་གང་ཡང་འདུལ་བྱེད་དེ་དང་། དེ་ལྟ་བུའི་གཟུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་ལ་ནམ་ཡང་གཡེལ་བ་མེད་བཞིན་འདི་ནི་འཇིག་རྟེན་དྲུག་ཅེས་འགྲོ་བ་རིགས་དྲུག་གི་ཞིང་ཁམས་རྣམས་སུ་ ལས་དང་བག་ཆགས་དང་། དགེ་སྡུག་གི་རྒྱུ་འབྲས་ཀྱི་གནས་རིགས་ཀྱང་བདེ་བ་ལྟར་སྣང་བ་དང་། སྡུག་བསྔལ་ལྟར་སྣང་བ་ནི། མཐོ་བ་ལྷ་གནས་གསུམ་དང་། དམན་པ་ངན་སོང་གསུམ་ལྟར་སྣང་བའི་དོན་ལ། རང་སྣང་དང་མཐུན་པའི་སྟོན་པ་ནི། ཐུབ་པ་དྲུག་ཡིན་ཏེ་དེ་དག་གི་འགྲོ་བའི་དོན་མཛད་ཅིང་། ཆོས་ཀྱང་མ་ངེས་ཏེ་གདུལ་བྱའི་འགྲོ་བ་རྣམས་ཀྱི་བློ་རྟོག་མང་ཉུང་ལྟར་དེ་དང་མཐུན་པའི་ཆོས་བསྟན་པ་ཡིན་ལ། དུས་ཀྱང་སོ་སོ་རང་རང་གི་བསྐལ་པའི་རྗེས་སུ་འགྲོ་བ་ཡིན་ཞིང་། མ་དག་ཞིང་གི་འགྲོ་བ་ལ་དེ་ལྟར་སྣང་ཞིང་། གང་ཞིག་རྨི་ལམ་གྱི་ནང་དུ་སངས་རྒྱས་མཐོང་ཞིང་དེ་ཉིད་རྨི་ལམ་ལྟ་བུར་སྤྲུལ་པའི་ཆོས་བསྟན་ཡང་། དེ་ལ་ངོ་བོ་ཉིད་མེད་ཅིང་། རང་བཞིན་ཅི་ལ་ཡང་མ་གྲུབ་པ་ལ། བདག་ཏུ་འཛིན་པ་མེད་ཅིང་སྟོང་པ་ཉིད་དེ་གསོག་ཏུ་ཅེས་རྫུན་དུ་རིག་པར་བྱ་ཞེས། ཟབ་མོའི་མདོ་སྡེ་དུ་མ་ལས་གསུང་པས་ནི། །འཁོར་བའི་སྡུག་བསྔལ་དང་མྱ་ངན་ལས་འདས་པའི་བདེ་བ་གཉིས་ཀ་རྨི་ལམ་ལྟ་བུའི་རོལ་པ་ཉིད་ལ་སྣང་བས་སངས་རྒྱས་ངོ་བོར་དག་ནའང་། སྤྲུལ་པ་ནི་གདུལ་བྱའི་སེམས་ཉིད་ལྟར་སྣང་བའི་ཕྱིར་ན། མ་དག་པ་ཐུགས་རྗེས་རོལ་པའི་སྤྲུལ་པ་ཡང་། ཇི་སྲིད་འཁོར་བ་དང་མཐུན་པའི་རྗེས་སུ་འགྲོ་བའི་རྒྱུན་མི་ཆད་ཅིང་། དེ་ཉིད་ཀྱི་ངང་ནས་སྣ་ཚོགས་སྤྲུལ་པ་ནི་རང་བཞིན་དུ་བྱོན་པ་དང་། རྒྱལ་བའི་སྐུ་གསུང་ཐུགས་རྟེན་གནས་རིགས་རྣམས་ལ་རང་བྱུང་དུ་མངོན་པ་དང་། དེ་ལས་ཀྱང་ད་ལྟའི་གནས་འདུས་ལ་སོགས་པའང་དེ་དང་མཚུངས་ཤིང་ལག་པས་འདུ་བྱེད་ལས་བྱུང་བ་ནི། འབུར་དུ་བྱས་པ་དང་། རིས་སུ་བྲིས་པ་དང་། གནྡྷོ་ལ་ཞེས་གཙུག་ལག་ཁང་དང་། ཁང་བཟང་དང་། སྐྱེད་མོས་ཚལ་དང་། མྱ་ངམ་གྱི་ཐང་ལ་སྤྲུལ་པའི་གྲོང་ཁྱེར་དང་། པདྨ་དང་། དཔག་བསམ་གྱི་ཤིང་དང་། ཡིད་བཞིན་གྱི་ནོར་བུ་དང་། གྲུ་གཟིངས་དང་། ཟམ་པ་དང་། ཤིང་རྟ་དང་། ཟས་དང་གོས་ལ་སེམས་མེད་བེམ་པོའི་ཚུལ་དུ་སྣང་བ་དང་། སྐྱེ་བ་མུ་གེས་གདུང་བར་ཉ་བོ་ཆེ་དང་། ནད་ཀྱིས་གདུང་པ་ལ་སྲོག་ཆགས་དེས་པ་དང་། སྲིན་མོའི་གླིང་དུ་རྟ་ཅང་ཤེས་བཱ་ལ་ཧ་དང་། མི་གཙང་བའི་འདམ་དུ་གསེར་གྱི་བུང་བ་སོགས་སྤྲུལ་པ་སྣ་ཚོགས། རྣམ་པ་ཀུན་ཏུ་བདེ་བར་བྱེད་པའི་གཞིར་རྟོག་པ་བཟང་ངན་གང་ཡང་མེད་ཅིང་། གཡོ་བ་མེད་པ་ལྟ་བུའི་དོན་ཆེན་གྱི་ནི་ཞེས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་དཔལ་དུ་ཉེ་བར་གནས་ཤིང་། གལ་ཏེ་གདུལ་བར་བྱ་བའི་དུས་ཡོལ་ན་ཞེས། གདུལ་བྱ་མེད་ན་འདུལ་བྱེད་ཀྱི་སྟོན་པ་དབྱིངས་སུ་ནུབ་པའི་མཚན་དཔེ་ནི། ཇི་ལྟར་ཆུ་སྣོད་མེད་པར་གྱུར་ཚེ་ཆུ་ཟླའི་གཟུགས་བརྙན་ཡང་། སྤྲུལ་གཞིའི་ཟླ་བ་ཉིད་ལ་ཐིམ་པ་ལྟར་གདུལ་བྱའི་སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱི་ཚུལ་དུ་སྣང་བས་བསྡུས་པའི་སྤྲུལ་པ་རྣམས་ནི། རང་སྣང་ལོངས་སྤྱོད་རྫོགས་པའི་དབྱིངས་སུ་ཐིམ་པ་ནི། དེ་ཡང་གནམ་སྟོང་ཟླ་བ་གཅིག་ཤོས་ནས་ཞེས། ཉ་ཟླ་གནམ་སྟོང་ཟླ་བ་ལ་གཅིག་ཏུ་ཐིམ་པ་མེད་ཀྱང་འོད་དཀར་ཕྱིར་གསལ་གདངས་ནང་དབྱིིངས་སྤྲོས་པ་མེད་པའི་ངང་དུ་ཐིམ་པ་ལྟར། ལོངས་སྤྱོད་རྫོགས་པའི་རང་སྣང་སྐུ་དང་ཞིང་ཁམས་སུ་གསལ་བ་དེའང་། ཆོས་ཀྱི་སྐུའི་ཡེ་ཤེས་ཆེན་པོར་འཁྱིལ་པ་དེ་ཉིད་ལས། དབུ་མ་པ་རྣམས་འཇུག་པ་ཆོས་ཀྱི་དབྱིངས་སུ་ཞི་བའི་འགོག་པ་དམ་པ་ཞེས་འདོད་ལ། དོན་དུ་ནི་ཉན་རང་གི་འགོག་པ་དང་མི་མཚུངས་པ་ནི་ཤེས་དགོས་ཤིང་། འདིར་ནི་སོ་སོ་རང་རིག་ཡེ་ཤེས་ཉིད་ནི་ཕྲ་བའི་ཡེ་ཤེས་ནང་གསལ་ཆོས་ཀྱི་དབྱིངས་ཏེ། ཐིམ་ལ་ཞེས་གཟུགས་སྐུ་གཉིས་ཀྱི་སྣང་ཆ་ཆོས་སྐུར་ཐིམ་ཡང་། དེ་ཉིད་ནི་མ་རྨུགས་པ་ཞེས་གཞོན་ནུ་བུམ་པའི་སྐུ་ནི་ཤེལ་ནང་དུ་བསྡུས་ཚེ་འཇའ་ཚོན་ཁོང་ན་གསལ་བ་བཞིན་ལགས་མོད་ཀྱང་། གང་གི་གདུལ་བྱ་སྣང་བའི་མོད་དེ་ཉིད་ལ་འགག་པ་མེད་པ་ཐུགས་རྗེའི་ཡེ་ཤེས་མཆེད་པའི་གཞི་དེ་ཉིད་ནི། ཤིན་ཏུ་མཉམ་པར་བཞག་པའི་ཆོས་ཉིད་གཏིང་གསལ་ནི། འབྲས་བུ་འཁོར་འདས་རྒྱབ་གྱེས་པའི་ལྷུན་གྲུབ་ཆེན་པོའི་གོ་འཕང་ཡིན་ནོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅུ་གསུམ་པའི་བསྡུས་འགྲེལ་ལོ། ༈ དེ་ལྟར་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་བསྟན་བཅོས་ཀྱི་རྩ་བ་མཛད་ཟིན་ནས་གཤམ་དུ་སྦྱར་བྱང་གསུང་པ། བདག་རྒྱུད་སྣོད་ཀྱི་དཔྱད་པ་རྫོགས་གྱུར་ནས། འཇིག་རྟེན་མགོན་པོ་དྲི་མེད་འོད་ཟེར་གྱི། ཞལ་མཐོང་ཐུགས་རྗེས་དབུགས་འབྱིན་མ་ཐོབ་ན། ལམ་མིན་གཡང་སར་དལ་རྟེན་སྟོང་ལོག་བྱས། ཞེས་པ་ནི། བདག་རྒྱུད་སྣོད་ཀྱི་ཞེས་རང་རྒྱུད་ན་ཡོད་པའི་དྲང་ངེས་ཀྱི་དཔྱད་ཡོངས་སུ་རྫོགས་པར་བྱས་པ་ཡང་། རྒྱལ་དབང་དྲི་མེད་འོད་ཟེར་གྱི་ཐུགས་རྗེ་དང་སྟོབས་ལས་བྱུང་བ་ཡིན་ཏེ། གང་གི་ཞལ་མཐོང་བ་དང་། བྱིན་གྱིས་བརླབས་ནས་དབུགས་དབྱུང་ཐོབ་པར་མ་གྱུར་ན། འཁོར་བའི་ལམ་ལྔའི་གནས་སུ་དལ་རྟེན་སྟོང་ལོག་བྱས་ཀྱང་། དེ་ལས་ལྡོག་ཏེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ལས་འདི་ལྟ་བུའི་གཞུང་བཟང་རྩོམ་པ་སྤོབ་པར་ཐོབ་པ་ཡིན་ལ། དེ་ཕྱིར་འདི་ལ་ལེགས་པར་བཤད་པའི་ཆ། །བླ་མའི་བྱིན་རླབས་སྒོམ་བྱུང་ཤེས་རབ་ལས། །ཐོས་བསམ་རྟོག་གེའི་རིག་པས་མ་བསྐྱེད་པས། །རང་རང་འདོད་གཞུང་ཕྱོགས་དང་འགལ་ན་འཆགས། །ཅེས་པ་ནི། དེ་ཡང་ཐོག་མཐའ་བར་གསུམ་དགེ་བའི་གཞུང་བཟང་དྲི་མ་མེད་པ་འདི་ཉིད་ནི། བླ་མ་དམ་པའི་བྱིན་རླབས་དང་། སྔོན་སྦྱངས་ཀྱི་ལས་འཕྲོ་སད་ནས་བསྒོམ་བྱུང་གི་ཤེས་རབ་གཏིང་རྡོལ་བའི་རྩལ་དུ་ཤར་བ་ལགས་ཀྱང་། དེང་དུས་བོད་ལུགས་ཁོ་ནའི་གྲུབ་མཐའ་རང་འདོད་ཀྱིས་བཟུང་བའི་ཐོས་བསམ་ཚིག་ལ་གྲིམ་ཞིང་དོན་དང་མི་མཐུན་པའི་རྟོག་གེའི་རིག་པས་མ་བསྐྱེད་པས། རང་རང་སོ་སོའི་ཕྱོགས་འཛིན་གྱིས་འདོད་གཞུང་དག་དང་ཕྱོགས་འགལ་སྲིད་ན་འཆགས་ཞེས་དགོངས་པ་ཅན་གྱིས་གསུངས་སོ། །ཆོས་ཚུལ་རྒྱ་མཚོ་གཏིང་དཔག་དཀའ་བའི་དོན། །མཉམ་པར་བཞག་པ་ཁོ་ནའི་ཁྱད་ཆོས་ལས། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གནས། །ཡང་དག་མཐོང་ལ་ནམ་ཡང་བསླུ་བ་མེད། །ཅེས་པ་ནི། སྤྱིར་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ། རྒྱ་ཆེ་ཞིང་དཔག་པར་དཀའ་བའི་དོན་ཇི་ལྟ་བར་རྟོགས་པ་ཡང་། རང་སེམས་ཀྱི་གནས་ལུགས་ཇི་བཞིན་དུ་རྟོགས་ནས་ཀློང་དུ་གྱུར་ཞིང་མཐར་མ་ཕྱིན་གྱི་བར་དུ། མཉམ་པར་བཞག་པ་ཁོ་ནའི་ཁྱད་ཆོས་ལས་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་གནས་ཡང་དག་པ་ཇི་བཞིན་པར་མཐོང་བ་ལ་ནམ་ཡང་བསླུ་བ་མེད་ཅེས་གསུངས་པ་བཞིན་སྒྲ་ཇི་བཞིན་པར་རྟོགས་པའོ། །དགེ་བ་འདི་ཡིས་བདག་དང་སེམས་ཅན་རྣམས། །རྒྱལ་བའི་རིང་ལུགས་ནོར་བ་མེད་པའི་ལམ། །སྒྲིབ་གཉིས་རྙོགས་པ་དྭངས་པའི་གཟིངས་ཞུགས་ནས། །བྱང་ཆུབ་ཞི་བ་རིན་ཆེན་གླིང་ཕྱིན་ཤོག །དེ་ལྟ་བུའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད། སྔ་འགྱུར་རྒྱལ་བ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་རིང་ལུགས་ནོར་བ་མེད་པའི་ལམ་མཆོག། ནང་རྒྱུད་སྡེ་གསུམ་ཞེས་སྒྲིབ་པ་གཉིས་ཀྱི་རྙོགས་པ་དྭངས་པའི་རྒྱ་མཚོར་རིམ་གཉིས་ཀྱི་གཟིངས་ལ་ཞུགས་ནས། བྱང་ཆུབ་སེམས་དཔའ་ཞི་བ་རིན་པོ་ཆེའི་གླིང་ཞེས་རྒྱལ་བ་རྣམ་ཀྱི་གྲོལ་གཞི་མངོན་དུ་འགྱུར་བར་ཤོག་ཅེས་སྨོན་ལམ་བཏབ་པའོ། །ནགས་མཐོང་རི་དྭགས་དཀྱུ་བའི་སྨན་ལྗོངས་ན། །དུས་བཞིའི་མངོན་རྟགས་ངོམ་པའི་ལྗོན་པ་ནི། །དྲང་སྲོང་རྣམས་ལ་མི་སྙན་སྒྲོགས་མ་བྱེད། །སྙིང་ལ་འབབ་པར་སྨྲ་བའི་བྱ་ཚོགས་ཀྱང་། །དབེན་པའི་གནས་མིའི་རྒྱུ་འགྲུལ་མེད་ཅིང་བྱ་རིགས་དང་། རི་དྭགས་ཁོ་ནས་བཟུང་བའི་གནས་ལ་བསྟོད་བསྔགས་བརྗོད་དེ་དེར་གཤེགས་ནས་རིམ་གཉིས་ལ་བརྩོན་པ་ལས། །སྦྲུལ་གདུག་འཁྲི་ཤིང་ལྟ་བུའི་འཁོར་བ་འདིར། །སྐྱོ་བའི་ངེས་འབྱུང་ཤིང་རྟས་ཡིད་འདྲེན་པའི། །ཅ་ཅོ་ཤིན་ཏུ་ཞི་བ་སྒྲོག་ཐོས་ནས། །དབང་པོ་ཉེ་བར་ཞི་བའི་དཔལ་ཐོབ་ཤོག །སྦྲུལ་གདུག་པ་ཅན་གྱི་འཁྲི་ཤིང་ལྟར་སྐྱོན་དང་ལྡན་པའི་འཁོར་བའི་གནས་འདིར་སྐྱོ་ཤེས་ངེས་འབྱུང་དྲག་པོའི་ཤིང་རྟས་ཡིད་འདྲེས་པའི་རྣམ་གཡེང་དང་འདུ་འཛི་ལ་རྒྱབ་ཀྱིས་ཕྱོགས་བཞིན། དབང་པོ་ཡུལ་ལྔར་རྒྱུ་བ་ལྡོག་ཏེ། རང་སེམས་གཅིག་ཏུ་གནས་ཤིང་རང་བཞིན་མེད་པ་རྟོགས་པའི་དོན་ལ་གནས་པར་ཤོག་ཅིག་ཅེས་སྨོན་པའོ། །ལྟ་བ་ཡིད་བྱེད་རླུང་གིས་མ་དཀྲུགས་ལ། །སྤྱོད་པ་རྒྱལ་སྲས་དམ་པའི་རྗེས་འགྲོ་བས། །ནམ་ཡང་གཞན་གྱི་ཁུར་དུ་མི་འགྲོ་ཞིང་། །རླབས་ཆེན་ཕྲིན་ལས་འགྲོ་བའི་དཔལ་དུ་ཤོག །ད་དུས་ཀྱི་སྒོམ་ཆེན་དུ་རློམ་པའི་བསམ་གཏན་པ་ཕལ་མོ་ཆེ་ལྟ་བ་ཡིད་བྱེད་དང་མ་བྲལ་བའི་གཉིས་འཛིན་དམ་པོ་དང་། དེ་བཞིན་དུ་དམིགས་པ་ཤིན་ཏུ་འཐས་པ་ལ་མཆོག་ཏུ་འཛིན་པ་དང་། སྤྱོད་པ་བཅོས་མ་སྣ་ཚོགས་ཀྱིས་སེམས་རྣལ་དུ་ཕེབ་མི་བཅུག་པ་སོགས་སྐྱོན་རྣམས་དོར་ནས། ལྟ་སྒོམ་སྤྱོད་འབྲས་གསུམ་པོ་གེགས་དང་གོལ་སའི་འཕྲང་ལས་གྲོལ་ཞིང་། རབ་འབྱམས་ཕྲིན་ལས་ཀྱི་འཇུག་པ་རྒྱ་ཆེ་ཞིང་རྒྱུན་མི་ཆད་བ་འགྲོ་བའི་དཔལ་དུ་འགྱུར་བར་ཤོག་ཅིག། ཅེས་རང་གཞན་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའི་སྨོན་ལམ་བཏབ་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ། ལ་སྟོད་ཆོས་རྗེ་བྲག་ཕུག་པས་བསྐུལ་བའི་ངོར། སངས་རྒྱས་གཉིས་པ་པདྨ་སམ་བྷ་ཝའི་ཞབས་རྡུལ་ལ་སྤྱི་བོ་རེག་པའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱིས་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ། །འདིར་སྨྲས་པ། ས་བཅུའི་བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས། །གདུལ་བྱའི་ཆེད་དུ་བྷོ་ཊའི་རྒྱལ་ཁམས་སུ། །བྱོན་ནས་མཁན་སློབ་རྣམ་གཉིས་ལ་སོགས་པའི། །རྒྱ་གར་པཎ་ཆེན་མང་པོ་སྤྱན་དྲངས་ནས། །མདོ་སྔགས་བསྟན་པ་ཟླ་ཉའི་དཀྱིལ་འཁོར་ལྟར། །མཐའ་འཁོབ་སྨག་རུམ་བསལ་བའི་གཉེན་གྱུར་པ། །འདི་འདྲ་སངས་རྒྱས་འཇིག་རྟེན་བྱོན་དང་མཚུངས། །དེ་ཕྱིར་བཀའ་དྲིན་དྲན་བཞིན་གསོལ་བ་འདེབས། །འཕགས་པའི་ཡང་སྤྲུལ་ཆོས་རྒྱལ་ཆེན་པོ་དེ། །སླར་ཡང་བསམ་བཞིན་མི་ཡི་སྲིད་བཟུང་པ། །རིག་འཛིན་ཆེན་པོ་འཇིགས་མེད་གླིངཔ་ཞེས། །ཨུ་རྒྱན་དྲི་མེད་འོད་ཟེར་དངོས་མཇལ་བཞིན། །སྔ་འགྱུར་བསྟན་པ་འོད་ཟེར་འབུམ་ལྡན་དལ། །བོད་འདིར་ཕྱི་དར་ཆོས་ལས་ཕྱིས་དར་བའི། །ཆུ་འཛིན་རབ་ཏུ་འཁྲིགས་པའི་མཐུས་སྒྲིབ་ནས། །གསལ་མ་ནུས་པ་སྔོན་སྨོན་འཐོར་རླུང་གིས། །སྒྲིབ་བྱེད་ནམ་མཁའི་ན་བུན་མཐར་བསྐྲད་ནས། །རྫོགས་པ་ཆེན་པོའི་འོད་ཟེར་སྟོང་འབར་གཟི། །རྙིང་བསྟན་ཆུ་སྐྱེས་ཚལ་ཆེན་བཞད་པ་དང་། །ཆབས་གཅིག་རིང་ལུགས་བསྟན་པའི་དྲི་བཟང་སྤྲོས། །དེ་ཕྱིར་མདོ་སྔགས་ཆོས་ཀྱི་གན་མཛོད་རྒྱ། །ཡོན་ཏན་རིན་ཆེན་མཛོད་ཀྱི་སྒོ་ཕྱེས་ནས། །རྗེས་འཇུག་སྐལ་ལྡན་ཚོགས་ལ་འཛད་མེད་གཏེར། །སྦྱིན་འདི་བསྟན་པའི་བཙས་སུ་གདོན་མི་ཟ། །འོན་ཀྱང་སྙིགས་མའི་དུས་ཀྱི་སེར་གཟུགས་རྣམས། །ཐོས་བསམ་སྒོམ་ལ་གཡེལ་ཞིང་ཚིག་དོན་འཆོལ། །གཞུང་བཟང་འདི་འདྲ་འདོར་བར་ཕངས་ནས་སུ། །བླུན་པོ་འཇུག་པ་བདེ་ཕྱིར་བྱིས་པའི་བློས། །བརྩམས་པར་ཐ་མི་དད་ཀྱངབློོ་ངན་དྲིས། །མ་གོས་དམ་པ་གསུམ་གྱིས་ཟིན་རློམ་བཞིན། །མིག་ཤེས་ཡུལ་ལ་འཇུག་པའི་མཐའ་བྲལ་ཡང་། །གཞན་གྱི་ངག་ནས་ཚིག་བླངས་འདིར་བཀོད་དོན། །གཞུང་འདི་སྔ་མ་སློབ་འདོད་འགའ་ཞིག་ལ། །བསླབ་ཀྱང་དོན་དུ་གཉེར་བ་ཕལ་མོ་ཆེར། །མ་བསླབ་བསླབ་ཀྱང་མཐའ་རུ་མ་ཕྱིན་པའི། །སྐྱོན་སྤང་ཕྱིར་དུ་སྙིང་རུས་བསྐྱེད་ནས་སུ། །སྤེལ་བ་ཡི་གེ་གཉིས་པ་འབེབ་བྱེད་གང་། །དམ་ལྡན་ཀུན་བཟང་ཕུན་ཚོགས་ཞེས་བགྱི་བས། །བརྩོན་པ་བསྐྱེད་ནས་བྲིས་འདིའི་རྣམ་དཀར་དགེས། །བསྟན་འགྲོ་ཡོངས་ལ་ཕན་པའི་རྒྱུར་གྱུར་ཅིག། དགེའོ། དགེའོ། དགེའོ།། །།སརྦ་མངྒ་ལམ།། །།


no previousཡོན་ཏན་རིན་པོའི་ཆེའི་མཛོད་ཀྱི་འགྲེལ་པ་རྒྱ་མཚོའི་ཆུ་ཐིགས་ནོར་བུའི་ཕྲེང་བ།next