Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
དམ་ཆོས་བདེ་ཆེན་ལམ་མཆོག་ལས་གཤིན་པོ་ལ་འཕོ་བ་འདེབས་ཚུལ་རྣམ་གྲོལ་མྱུར་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཆོས་བདེ་ཆེན་ལམ་མཆོག་ལས་གཤིན་པོ་ལ་འཕོ་བ་འདེབས་ཚུལ་རྣམ་གྲོལ་མྱུར་ལམ།next

དམ་ཆོས་བདེ་ཆེན་ལམ་མཆོག་ལས་གཤིན་པོ་ལ་འཕོ་བ་འདེབས་ཚུལ་རྣམ་གྲོལ་མྱུར་ལམ།

དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ གཤིན་པོ་ལ་འཕོ་བ་འདེབས་ཚུལ་རྣམ་གྲོལ་མྱུར་ལམ་བཞུགས།།

ན་མོ་གུ་རུ་ཨ་མི་དཱ་བྷ་ཡེ༔ སྔོན་དུས་དགེ་སློང་རྒྱལ་བའི་སྲས་པོ་མཆོག༔ ཆོས་ཀྱི་འབྱུང་གནས་ཞེས་གྲགས་གང་དེ་ཡིས༔ རྒྱལ་བ་འཇིག་རྟེན་དབང་ཕྱུག་ཞབས་བསྙེན་ཚེ༔ སྨོན་ལམ་བཏབ་བཞིན་འགྲུབ་ཏེ་ཚེ་མཐའ་ཡས༔ གང་གི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དཔལ་ཡོན་མཛད་པ་ཕྲིན་ལས་བསམ་མི་ཁྱབ༔ དེ་ཕྱིར་གདུལ་བྱ་འདུལ་ཐབས་བསམ་འདས་ལས༔ འདི་ན་གཞན་ཕན་རྣམ་གྲོལ་བགྲོད་པའི་ལམ༔ དེ་ཡང་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་གདམ་པ་ཟབ་ལམ་འཕོ་བའི་མན་ངག་འདི་ལ་དོན་གསུམ་སྟེ༔ སྦྱོར་དངོས་རྗེས་གསུམ༔ དང་པོ་ལ་གཉིས་ཏེ༔ འཕོ་ལུང་ཇི་ལྟར་བྱ་ཚུལ་དང་༔ ངག་འདོན་གྱི་རིམ་པའོ༔ དང་པོ་ནི་ཚེ་འདས་དབུགས་དང་བྲལ་མ་ཐག་པར་འཕོ་ལུང་བྱ་བ་ལས་ཤི་ནས་ཡུན་རིང་འགྱང་ན་རྣམ་ཤེས་བཏོན་ནས་གཤེད་འཁྱམས་ཚར་བ༔ ལུང་དང་རིགས་པས་འགྲུབ་མོད༔ འོན་ཀྱང་འགའ་རེ་ཞག་གསུམ་དྲོས་བཞིན་རྣམ་ཤེས་ཕུང་པོར་གནས་ཞེས་འདོད་པ་བསམ་གཏན་གྱི་ཞག་ཡིན་ཞེས་མཁས་གྲུབ་དུ་མས་བཞེད་པ་དྲན་དགོས་ཤིང་༔ དེ་ལྟ་ནའང་ཚེ་འདས་བག་ཆགས་ཀྱི་རྟེན་ཕུང་པོ་དེར་རྣམ་ཤེས་བཀུགས་ནས་སྦྱང་བཀྲུ་དབང་བསྐུར་ལམ་སྟོན་གནས་སྤར་སོགས་བྱེད་སྲོལ་ཡོད་བཞིན་འཕོ་ལུང་ཡང་དེ་དང་ཅིས་ཕྱིར་མི་མཚུངས་ཏེ༔ མཚན་བྱང་ལ་བཀུགས་ནས་སྤར་ཆོག་བྱེད་པ་བཞིན་ནོ༔ དེས་ན་ཤི་མ་ཐག་པའམ་དེ་ལྟར་མ་ཡིན་ཡང་ཟབ་ལམ་འཕོ་བའི་གདམ་པ་འདེབས་པར་སྤྲོ་ན་ཁྲུས་ཆོག་དང་འབྲེལ་ཚེ་གཞུང་གང་ཡིན་གྱི་ལམ་སྟོན་གྱི་མགོར་སྦྱར་ཞིང་༔ གཞན་འཕོ་ལུང་ཁོ་ནས་ཚེ༔ ངག་འདོན་ནི་བདག་ཉིད་ཡི་དམ་གང་རུང་ངམ༔ ཁྱད་པར་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་བྱམས་བརྩེའི་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་སྤྲིན་གྱི་ལྕུག་མ་ལྟར་མྱུར་བ་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་འཇིག་རྟེན་བདུན་པོ་གང་ན་ཡོད་པ་དེ་ལ་རེག་པ་ཙམ་གྱིས་སྐད་ཅིག་ཡུད་ཙམ་ལ་བཀུགས་ནས་ཕུང་པོ་དང་དབྱེར་མེད་དུ་ཐིམ་པར་བསམ་ཞིང་༔ ན་མོ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཉན་ཐོས་དང་རང་རྒྱལ་རྩ་གསུམ་ཞི་ཁྲོ་བཀའ་སྲུང་དམ་ཅན་རྒྱ་མཚོ་ཆོས་ཉིད་འགྱུར་མེད་རྟེན་འབྱུང་བསླུ་མེད་དང་བཅས་པའི་བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པའི་བྱིན་རླབས་དང་༔ ཁྱད་པར་དུ་བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདེན་པ་དང་རྒྱལ་བ་གང་གི་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་པོའི་མཐུ་སྟོབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་དུས་ལས་འདས་པ་ཆྒཻ་མོའི་རྣམ་པར་ཤེས་པ་འཁོར་བ་སྡུག་བསྔལ་གྱི་གནས་ཡུལ་གང་ན་ཡོད་ཀྱང་སྐད་ཅིག་ཡུད་ཙམ་གྱིས་རྟེན་ཕུང་པོ་འདི་དང་དབྱེར་མེད་དུ་ཁུག་ཅིག༔ ནྲྀཿཨ་ཀརྵྱ་ཛཿ ལན་གྲངས་ཅི་ནུས་ལྡབ་མཐརཿ ཛཿཧཱུྃ་བཾ་ཧོཿ ཆུ་ལ་ཆུ་བཞག་པ་བཞིན་དུ་གྱུར་ནས་དགའ་བ་དང་གུས་པའི་སེམས་ཀྱིས་བག་ཕེབས་བཞིན་གནས་པར་བསམ་ལ༔ གཤེད་དང་ཕྲལ་བ་ནི༔ མཐེབ་སྐྱུ་ཏིང་ལོ་ཆངས་བུ་བཅས་བསང་སྦྱང་བྱས་ནསཿ ཨོཾ་སརྦ་བིགྣཾ་ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བྷི་ཤོ་མུ་ཁཾ་བྷྱ༴ མཐེབ་སྐྱུ་གཡས་བསྐོར་བཅས་ལན་གསུམ་དང་ཿ ཨོཾ་སུམ་བྷ་ནི་སུམ་བྷ༴ སོགས་ ཏིང་ལོ་ཆངས་བུ་གཡོན་བསྐོར་བཅས་གསུམ་གྱི་མཐར་བདེན་སྟོབས་དང་དྲག་སྔགས་རོལ་མོའི་ཚམ་རྔམས་དང་བཅས་པས་ཕྱི་རོལ་དུ་དོར་ནས་ཟ་འདྲེ་ཤི་གཤེད་དང་ཕྲལ་ཞིང་སླར་ཡང་གཤེད་ཀྱིས་མི་ཚུགས་པའི་ཕྱིར་བསྲུང་བའི་འཁོར་ལོ་གསལ་ཞིང༔ བཛྲ་རཀྵ་རཀྵ་ཧཱུཾ྄ཿ གིས་བསྲུང་བར་བྱས་ནས་སྐྱབས་སུ་འགྲོ་བ་ནི༔ མདུན་གྱི་ནམ་མཁར་ནུབ་ཕྱོགས་བདེ་བ་ཅན་གྱི་རྟེན་དང་བརྟེན་པར་བཅས་པ་ནམ་མཁའ་ལ་འཇའ་ཚོན་ཇི་བཞིན་གསལ་བར་གྱུར༔ བསམ་ལ། ན་མོ་དེང་ནས་བཟུང་སྟེ་བླ་མེད་བྱང་ཆུབ་པར༔ བདག་སོགས་རིགས་དྲུག་འཁོར་བའི་སེམས་ཅན་རྣམས༔ མགོན་པོ་འོད་དཔག་མེད་པའི་ལྷ་ཚོགས་ལཿ ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆིཿ ལན་གསུམ་ལ་སོགས་གང་ནུས་ལྡབཿ གཉིས་པ་སེམས་བསྐྱེད་པ་ནི། ཧོ་ཐོག་མཐའ་མེད་པའི་རིགས་དྲུག་རྒྱུད་ལྔའི་འགྲོཿ འོད་དཔག་མེད་པའི་གོ་འཕང་ལ་འགོད་ཕྱིརཿ སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཟབ་མོ་འཕོ་བའི་རྣལ་འབྱོར་བསྒོམ་པར་བྱ། །ལན་གསུམ་གོང་ལྟར་བྱའོ། །གསུམ་པ་ཡན་ལག་བདུན་པ་ནི། ན་མོ་བདག་ལུས་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་དུ། །སྤྲུལ་ནས་འཆི་མེད་མགོན་པོ་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་ཀུན། །བདེ་ཆེན་ཞིང་གི་ལྷ་ཚོགས་རྣས་ལ་འབུལ། །ལུས་ངག་ཡིད་གསུམ་སྡིག་གྲིབ་ཉེས་ལྟུང་ཀུན།།གནོང་འགྱོད་དྲག་པོའི་སེམས་ཀྱིས་མཐོལ་ལོ་བཤགས། །བདེན་གཉིས་ཀྱིས་བསྡུས་དགེ་ཚོགས་ཇི་སྙེད་ལ། །སྙིང་ནས་དགའ་བའི་རྗེས་སུ་ཡི་རང་ངོ་། །གདུལ་བྱའི་དབང་པོའི་སྐལ་བ་བསམ་པ་བཞིན། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །རྒྱལ་བ་སྲས་བཅས་མྱ་ངན་མི་འདའ་བར། །སྲིད་མཐའི་བར་དུ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །འགྲོ་རྣམས་བདེ་ཆེན་ཞིང་ཁམས་ཐོབ་ཕྱིར་བསྔོ། །དེ་དག་གི་དམིགས་རིམ་རྣམས་ཀྱང་གསལ་ཐེབས་པར་བྱའོ། །གཞན་ཡང་ཚད་མེད་རྣམ་བཞི་དམིགས་འདོན་ཡ་མ་བྲལ་བའི་ངང་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སོགས་ནས། གནས་པར་གྱུར་ཅིག། ལན་གསུམ་བརྗོད་མཐར་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དེ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །བདག་གི་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ལན་གསུམ་བརྗོད། མཉམ་བཞག་གི་ངང་ནསཿ རླུང་ཞིག་ཕར་བཏང་བའི་ཚེ། བདག་གི་དུས་གསུམ་གྱི་དགེ་ཚོགས་བདེ་སྐྱིད་གང་ཡོད་རྣམས། དམིགས་ཡུལ་དེ་ལ་ཐིམ། དེ་ཉིད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བར་བསམ། རླུང་ཞིག་ཚུར་རྔུབ་ཚེ། དམིགས་ཡུལ་དེ་ཉིད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད། རྡོ་ཁབ་ལེན་ལ་ལྕགས་ཕྱེ་འདུ་བ་བཞིན་དུ། རང་ཉིད་ཀྱི་སྒོ་གསུམ་ལ་ཐིམ་པས། དམིགས་ཡུལ་གྱི་སྒོ་གསུམ་གྱི་ཉེས་ཚོགས་ཐམས་ཅད་ཤེལ་སྒོང་ཕྱེས་པ་ལྟར་དག་པར་བསམ། དང་པོ་ནི། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ནསཿ གཤིན་པོ་དབུགས་དང་བྲལ་མ་ཐག་ལ་འདི་བཞིན་བརྗོད་དེ། མིང་རན་པར་བོས་ལཿ ཁྱོད་རང་ལ་འཆི་བ་ཞེས་བྱ་བ་དེ་སླེབས་ནས་ད་ལྟ་དབུགས་དང་བྲལ་མ་ཐག་ཡིན་ནོ། །ཞེས་ལན་གསུམ་བརྗོད། ཤི་ནས་ཡུན་རིང་འགྱང་ན་དེ་ལྟར་མ་བྱས་ན་ཆོག་ཅིང་། གང་ལྟར་ཡང་འདི་བཞིན་བརྗོད། འོ་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆྒཻ་མོ་ཁྱོད་ད་ལྟ་དབུགས་དང་བྲལ་བའི་སྐབས་ཡིན་པས་མ་ཡེངས་པར་ཉོན་ཅིག། དེ་ཡང་འཆི་བ་ཞེས་བྱ་བ་དེ་ཁྱོད་རང་གཅིག་པུ་ལ་བྱུང་བ་མ་ཡིན། འགྲོ་བ་རྒྱུད་ལྔ་པོ་ཐམས་ཅད་ཀྱི་ལམ་པོ་ཆེ་ཡིན་པས། ལན་གཅིག་སྐྱེས་ཚར་ནས་མཐར་འཆི་བ་ཆོས་ཉིད་ཡིན། འཇིག་རྟེན་ན་མཐུ་ཆེ་དཔལ་འབྱོར་ལོངས་སྤྱོད་དང་ལྡན་པའི། འཁོར་ལོས་སྒྱུར་པའི་རྒྱལ་པོ་ནས། འཚོ་བ་ལམ་ཟན་ལ་བརྟེན་པའི་མུ་ཏོས་ཡན་ཆདཿ ཚེ་ཐར་ལ་སོང་བ་གཅིག་ཀྱང་མེད་པས། སེམས་ཁོང་དུ་ཆུད་པར་མ་མཛད་ཅིགཿ དེ་བཞིན་གཉེན་འཁོར་ཡུལ་གཞི། ནོར་རྫས་ལ་སོགས་པ་གང་ལ་ཆགས་ཀྱང་ཿ དེ་དག་ཁྱོད་རང་གི་རྗེས་སུ་མི་འབྲང་། རང་ཉིད་དེ་དག་དང་འགྲོགས་པའི་དུས་ལས་ཡོལ་བའི་ཚུལཿ རྒྱལ་པོ་ལ་གདམ་པའི་མདོ་ལས། དུས་ཀྱིས་ཉོན་ཏེ་རྒྱལ་པོ་འགྲོ་གྱུར་ན། ལོང་སྤྱོད་གཉེན་དང་མཛའ་བཤེས་རྗེས་མི་འབྲང་ཿ སྐྱེས་སུ་དེ་ནི་གང་ནས་གར་འགྲོ་ཡང་ཿ ལས་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགསཿ ཞེས་སྡུག་བསྔལ་བདེན་པའི་ཆོས་མངོན་སུམ་བར་སྨིན་པའི་དུས་འདིརཿ ཉེ་དུ་དང་ནོར་རྫས་ལ་ཆགས་ནསཿ གནས་རིགས་དམན་པར་ལྟུང་ཉེན་ཡོད་པཿ བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལསཿ འདི་ན་ཕ་དང་མ་དང་བཤེས་རྣམས་དང་ཿ གཉེན་དང་རྩ་ལག་སྐྱབས་སུ་མི་འགྱུར་ཏེཿ བུ་དང་བུ་མོའང་དེ་བཞིན་མགོན་སྐྱབས་མིནཿ ཡོན་ཏན་ལྡན་པ་འདི་དག་མ་གཏོགས་པཿ འཇིག་རྟེན་མགོན་སྐྱབས་གྱུར་པ་གཞན་འགའ་མེདཿ ཅེས་གསུངས་པས་རང་ཅག་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་སྐལ་བ་བཟང་པོ་འདི་ལ་འཆི་འཕོ་བའི་གནས་སྐབསཿ ཉམས་སུ་མྱོང་བ་ལ་དགའ་བ་སྒོམས་ཤིག། དེའི་རྒྱུ་གང་ཡིན་སྙམ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་ཐོས་པ་དོན་ཆེན་པོ་དང་ལྡན་པ་ཡིན་ཏེཿ དེ་ལ་མངོན་པར་དད་པ་དང་ཿ དགའ་བའི་སེམས་ཀྱིས་ཤི་འཕོས་པ་དག་ཀྱང་ཿ ངན་སོང་ལས་ཐར་ནས་ལྷ་དང་མིའི་གོ་འཕང་ཐོབ་པའི་ཚུལཿ མདོ་སྡེ་ལས་བརྒྱ་བ་ལས། དགེ་སློང་དག་བྱ་ཞིག་ནམ་མཁའ་ལས་བབས་ནསཿ ངའི་མདུན་ན་འདུག་པ་མཐོང་ངམཿ གསོལ་པ་བཙུན་པ་བཅོམ་ལྡན་འདས་མཐོང་ལགསཿ བཀའ་སྩལ་པཿ དགེ་སློང་དག་བྱ་དེ་ང་ལ་སེམས་དགའ་བར་གྱུར་ནས་སོང་བ་ལས་ཁྲས་བསད་དེཿ དེ་ང་ལ་སེམས་དགའ་བཞིན་དུ་ཤི་འཕོས་ནསཿ རྒྱལ་པོའི་ཁབ་འདིར་ཚོང་དཔོན་གྱི་རིགས་སུ་སྐྱེས་ནསཿ ཆེར་སྐྱེས་པ་དང་ང་ཉིད་ཀྱི་བསྟན་པ་ལས་རབ་ཏུ་བྱུང་ངོ་ཿ དེ་རབ་ཏུ་བྱུང་ན་ཚོད་ཀྱི་ལོ་བདུན་ལོན་པ་ཁོ་ནས། ཉོན་མོངས་པ་ཐམས་ཅད་བཅོམས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཞེས་གསུངས་པ་བཞིན་སངས་རྒྱས་ལ་ལན་གཅིག་དད་པའི་ཕན་ཡོན་ཡང་དེ་འདྲ་ན། ཁྱོད་ཀྱང་རྒྱལ་བའི་བསྟན་པ་ཡོད་པའི་ཞིང་ཁམས་སུ་སྐྱེས་ཤིང་ཿ སངས་རྒྱས་ཀྱི་མཚན་ཐོས་པ་དང་ཿ དེའི་སྡེ་སྣོད་ལས་དབུགས་འབྱིན་ཐོབ་པའི་སྐལ་བ་དང་ལྡན་པ་ཡིན་པས། སྟོན་པ་དེ་བཞིན་གཤེགས་པ་ལ་དད་པ་བླ་ལྷག་ཏུ་སྐྱེད་ཅིག། བསྟན་པ་དམ་པའི་ཆོས་ལ་སྐྱབས་སུ་སོང་ཞིག། བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་རམ་ཟླར་སྦྲོན་ཅིག། ཁྱད་པར་དུའང་གང་གི་མཚན་དང་སྒྲ་དང་ལྟ་བ་ལ་ཞུགས་པས་ཀྱང་། བར་དོའི་འཇིགས་པ་དང་ཿ ངན་སོང་གི་རྒྱུད་ཡོངས་སུ་གཅོད་པར་ཞལ་གྱིས་བཞེས་པ། བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་དང་ཿ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་དང་། །མཐུ་ཆེན་ཐོབ་ཀྱི་ཡོངས་སུ་བརྟེན་པ་དང་ཿ དེའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ཡིད་ལ་མ་བརྗེད་པར་ཟུངས་ལ། ཁྱོད་གདོས་བཅས་ཤ་ཁྲག་གི་ལུས་ལས་འདས་པའི་ཕྱིར་རོ། །ཞིང་མཆོག་དེ་རུ་ཏ་ལ་ལར་སོང་ཞིག། ཁྱོད་རང་དད་པ་ཐོབ་པའི་བླ་མ་ཡིད་ལ་སྒོམས་ཤིག། ཐེག་པ་ཆེན་པོའི་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ཅིག། ཡི་དམ་དང་ལྟ་བ་རྗེས་སུ་དྲན་པར་གྱིས་ཤིག། དེ་དག་གནད་དུ་འགྲོ་བའི་རྟེན་འབྲེལ་དུ་མ་བསྒོམ་པར་འཚང་རྒྱ་བ། འཕོ་བའི་གདམ་པ་འདེབས་པའི་དུས་ལ་བབས་པ་ཡིན་ནོ། །ཞེས་བརྗོད གཉིས་པ་ནི། ཟབ་ལམ་འཕོ་བའི་མན་ངག་འདི་ཉིད་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། སྟོན་པ་ཤཱཀྱ་ཐུབ་པའི་ཞལ་སྐྱིན། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ནས། བསམ་ཡས་ཀྱི་གོང་བ། མཆིམས་ཕུར་བཞུགས་པའི་སྐབས་ཤིག་ཏུ། བློོན་པོ་ཉི་མ་ཞེས་བྱ་བ། འཇིག་རྟེན་ལུགས་ཀྱི་བྱ་བ་ལ་མཁས་པའི་རྩེ་མོར་སོན་པ་ཞིག་ཡོད་པ། དེ་ཉིད་ཀྱིས་རང་གི་གནས་ཁང་ནས་ཀ་ཅ་འབྱིན་འཇུག་གི་ཆེད་དུ། མཚན་མོ་ལྕེ་སྡེ་འབར་བ་ཐོགས་ནས། ཁྱིམ་ཕུག་ཉུལ་བས། རྫས་ཁྲོད་དུ་མེ་ཤོར་བས། མཆོད་གནས་གཅིག་དང་། ཕ་མ་གཉིས། བྲན་ཁོལ་སུམ་ཅུ་སྐོར། རྟ་ནོར་ར་ལུག་སོགས། ནོར་རྫས་ཀྱི་དངོས་པོ་གང་ཡོད་ལྷག་མེད་དུ་ཚིག་པར་གྱུར་པས། བློན་པོ་བཟོད་གླགས་མེད་པའི་སྡུག་བསྔལ་གྱིས་ནོན་ཚེ། རྒྱལ་པོས་སློབ་དཔོན་ཆེན་པོ་ལ། དེ་ཚུལ་གྱི་ལོ་རྒྱུས་ཞིབ་ཏུ་གསོལ་ནས། བློན་པོ་ཉི་མ་སྡུག་བསྔལ་ལས་གྲོལ་བའི་གསོལ་བ་བཏབ་བཞིན། གུ་རུ་རིན་པོ་ཆེས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞབས་དྲུང་དུ་ཕྱིན་ནས། ཟབ་ལམ་འཕོ་བའི་གདམ་པ་འདི་ཉིདཿ བློན་པོ་ཉི་མ་ཁོ་ན་ལས་གཞན་ལ་མི་འཆད་པའི་བཀའ་རྒྱས་བཏབ་སྟེ་གནང་བཞིན། སློབ་དཔོན་གྱིས་བློན་པོ་གཅིག་པུ་ལ་གནང་ཞིང་། ཉམས་སུ་བླངས་པས་གྲུབ་འབྲས་མངོན་དུ་གྱུར་ནས། མེས་ཚིག་པའི་སེམས་ཅན་རྣམས། ཐར་ལམ་དུ་དྲངས་པའི་རྟགས་མཚན་ཁྱད་པར་ཅན་བྱུང་བར་གྱུར་ཏོ། །དེ་ནས་གདམ་པ་ཟབ་མོ་འདི་ཉིད། གུ་རུ་རིན་པོ་ཆེའི་ཤངས་མཚལ་གྱིས་ཏ་ལའི་ལོ་མར་བྲིས་ཏེ། མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་དབུ་སྐྲས་བཅིངས་ནས། རིན་པོ་ཆེ་སྣ་བཞིའི་སྒྲོམ་ཕྱི་ནང་གི་ཚུལ་དུ་བྱས་པ། ཆུ་དར་སྔོན་པོས་དྲིལ་དེ་བསྩལ་ནས། དྭགས་ལྷ་སྒམ་པོའི་རྒྱབ། མཚོ་མཎྜལ་ནག་པོར་གྲགས་པའི་དབུས་སུ། གཏེར་དུ་སྦས་ཤིང་ཀླུ་རྒྱལ་གཙུག་ན་རིན་ཆེན་གཏེར་གྱི་སྲུང་མར་བསྐོས་ཏེ། མ་འོངས་པའི་དུས་ཀྱི་ཚེ། གཏེར་སྟོན་ཉི་ཟླ་སངས་རྒྱས་ཉིད་མ་བྱུང་གི་བར་དུ། སུ་ལའང་མ་གཏད་ཅིག་ཅེས་གསུངས་བཞིན། གཏེར་འདོན་པའི་དུས་ལ་བབས་པའི་ཚེ། བློན་པོ་ཉི་མས་གདམ་པ་འདི་ཉིད་ཞུ་བའི་ཡོན་དུ་གསེར་དངུལ་ཉི་ཟླའི་རྣམ་པ་ལྟ་བུ་ཟུང་ཞིག་ཕུལ་རྟེན་འབྲེལ་གྱིས་གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་གྲགས་པ་དེ་ཉིད། དུས་རྟགས་མངོན་གྱུར་གྱི་སྐབས་སུ་བྱོན་ནས། ཟབ་ཆོས་འདི་ཉིད་གཏེར་ནས་དྲངས་ཤིང་། མཚོ་དེར་གནས་པའི་ཀླུ་རྣམས་ཀྱི་གཙོས་སྲོག་ཆགས་ཕྲ་མོ་ཡན་ཆོད། རང་སྐལ་དང་མཚམས་པའི་ཐར་ལམ་ལ་བཀོད་པ་ཡང་། ཟབ་ཆོས་འདི་ཉིད་ཁོ་ནའི་བྱིན་རླབས་ཡིན་པར་རིགས་ཏེ། མདོ་ལམ་དུ་གྲངས་མེད་གསུམ་གྱི་དམ་བཅའ། སྔགས་ཀྱི་ཚེ་གཅིག་ལུས་གཅིག་ལ་གྲོལ་བ་ཐོབ་པར་གསུངས་པའི་དགོངས་པ་དང་། སྔགས་ཀྱི་ཚེ་གཅིག་ལུས་གཅིག་གི་དམ་བཅའ་ཡང་། མྱོང་གྲོལ་དམ་རྫས་བཏགས་གྲོལ་འཁོར་ལོཿ རེག་གྲོལ་མུ་ཏྲཿ མཐོང་གྲོལ་ཙཀྲ་ཐོས་གྲོལ་འཕོ་བ་སོགས་མང་དུ་ཡོད་པ་བཞིན། འཕགས་ཆོས་སོ་སོར་སྣང་ཞིང་སངས་རྒྱས་སྨན་བླའི་མཚན་གཅིག་ཐོས་པས་ངན་སོང་གི་སྡུག་བསྔལ་སེལ་བ་དང་། རིན་ཆེན་གཙུག་ཏོར་ཅན་གྱི་མཚན་འཆི་ཁ་མའི་རྣ་ལམ་དུ་བསྒྲགས་ན། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་དང་། སོར་འབྲང་འཁོར་ལོས་བར་དོའི་འཇིགས་པ་དང་སྡུག་བསྔལ་བསལ་བ་སོགས། ཟབ་ཁྱད་ཅན་གྱི་གདམ་པ་སྔགས་གསར་རྙིངགཉིས་ཀ་ན་མང་དུ་ཡོད་མོད། དེ་དག་ལས་ཁྱད་པར་དུ་འཕགས་པ། མྱུར་ལམ་འཕོ་བའི་མན་ངག་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་གདམ་ངག་འདི་ལ་དད་གུས་བསྐྱེད་དེ་ཉན་པ་གལ་ཆེ་སྟེ། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་བྱེད། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ཞེས་དང་། རྒྱུད་ཀྱི་རྒྱལ་པོ་སམ་བྷི་ཊི་ལས། བུ་ག་དགུ་ཡི་སྟེང་ཕྱོགས་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ན། །ཉིན་རེར་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །སྲོག་ཆགས་གསོད་ལ་དགའ་བ་རྣམས། །འདི་ཡི་ལམ་གྱིས་གྲོལ་བར་འགྱུར། །ཞེས་གསུངས་པ་སྡིག་པའི་ཕུང་པོ་ཅི་ཙམ་ཡོད་ཀྱང་སྦྱོང་། ནུས་པ་སྔགས་ཀྱི་ཁྱད་ཆོས་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། །གདོལ་བ་སྨྱིག་མ་མཁན་ལ་སོགས། །མཚམས་མེད་ལྔ་ནི་བྱེད་པ་དག །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་གསང་སྔགས་སྤྱིའི་ཁྱད་ཆོས་དང་། ཁྱད་པར་འཕོ་བ་དངོས་ཀྱི་ཁྱད་པར་ནི། ཀྱེ་རྡོར་རྩ་རྒྱུད་ལས། བདེ་བ་གང་ཡིན་འཆི་བ་སྟེ། དེ་ཡི་བདེ་བ་བསམ་གཏན་བརྗོད། ཅེས་འཕོ་བའི་སྟོབས་ཀྱིས་བདེ་བ་ཐོབ་པར་གསུངས་པ་དང་། རྡོ་རྗེ་གདན་བཞིའི་རྒྱུད་ལས་ཀྱང་། །ཉེས་པ་ཀུན་གྱིས་གོས་པ་ཡང་། །འཕོ་བའི་སྦྱོར་བ་སྦྱར་བས་གྲོལ། །སྡིག་པས་ཀུན་ནས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་སོགས་སྔགས་གསར་རྙིང་གཉིས་ཀར་འཕོ་བའི་འཕགས་ཆོས་དང་ཕན་ཡོན་མང་དུ་གསུངས་པ་ལ་དད་པ་དང་མོས་གུས་སྐྱེད་ཅིག། གསུམ་པ་ནི། དེ་ཡང་གཤིན་པོ་དེ་ཉིད་དབུགས་དང་བྲལ་ཉེའི་སྐབས་རང་ཉིད་སྔས་དྲུང་འདྲ་མོར་ཡོད་ན་མན་ངག་ཟབ་མོ་འདི་བཞིན་གལ་ཆེ་བས་མཉམ་བཞག་གི་ངང་ནས། འོ་ཆྒཻ་མོ་ཁྱོད་རང་གི་སྙིང་ནང་དུ་ཡི་གེ་ཨཱཿ དམིགས་གསལ་ལ་ཡི་གེ་ཧྲཱིཿཞེས་ཀྱང་བསྒྱུར་ཆོག། དཀར་པོ་ཞིག་སྒོམ་ལ་ངེད་ཀྱིས་ཨའི་སྒྲ་བརྩེགས་མར་བརྗོད་པ་དང་ལྷན་ཅིག་བརྡ་དོན་ངོ་འཕྲོད་པར་མཛོད་ལ། ཨཱཿ དེ་ཉིད་བདེ་བ་ཅན་གྱི་ཞིང་ཁམས་སུ་དཔག་ཆེན་གྱི་མདའ་འཕང་བ་བཞིན་དུ་སོང་བར་དམིགས་ཤིག། ཅེས་བརྗོད་ལ་གཙོ་བོར་རང་ཉིད་ཀྱི་འདུན་པ་གཅུར་ནས་དེའི་ལོ་གྲངས་ཀྱི་ཨཱཿསྙན་པོར་བཟླས་རྗེས། གཙུག་སྐྲ་འཐེན་པ་དང་ཿ ཨཱཿཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་པས་མཐོ་རིས་སུ་དྲངས་ཏེཿ ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨཱཿཡི་སྦྱོར་བ་ཡིས། དབུགས་དང་དེ་ཡི་ལོ་གྲངས་སྦྱར། གལ་ཏེ་དེ་ལ་མ་ཤི་ན། སྤྱི་བོར་ཁ་གཏད་དབུགས་ཀྱིས་ནི། ཤེས་པ་ལུས་ཀྱི་དཀྱིལ་དུ་ཡང་། ཨ་རུ་དམིགས་ཏེ་བསྡུ་བར་བྱ། ཞེས་དང་། དེ་ལྟར་ཆོ་ག་ལྡན་པའི་ཚེ། །མི་དེ་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་ནས་སྦྱོང་། །ཞེས་ཐིམ་རིམ་འཆར་པའི་དུས་རླུང་ཕྱིར་འགྲོ་བ་དང་བསྟུན་སྐྱེ་མེད་ཡི་གེས་སྦྱང་བར་བྱ་བ་ནི། ཤིན་ཏུ་ཟབ་པོ། འཕོ་བའི་དུས་ནི། རྒྱུད་ལས་ དུས་ལ་བབས་ན་འཕོ་བྱ་སྟེ། དུས་མིན་ལྷ་རྣམས་བསད་པར་འགྱུར། ཞེས་དང་། ཕྱི་འབྱུང་རྣམས་ཐིམ་རྗེས་སུ་འཕོ་བ་འདེབས་པ་ལ་ལ་དག་བཞེད་པ་ཡོད་ཀྱང་། གདོན་བགེགས་སོགས་ཀྱིས་དེ་ལྟར་བྱུང་བ་སླར་ལྡོག་སྲིད་ན་ཆོས་དང་གང་ཟག་ལ་བསྐུར་བ་སོགས་ཀྱིས་སྡིག་པ་བསགས་རྐྱེན་འགྱུར་སྲིད་པའི་ཕྱིར། ཕྱི་དབུགས་ཆད་ནས་ནང་གི་ཐིམ་རིམ་གྱི་སྐབས་སུ་བཏབ་ན་ལེགས་པར་གསུངས་སོ། །འཕོ་བ་སྦྱོངཐབས་ཀྱི་རྣམ་གྲངས་མང་ཡང་བསྡུ་ན་གསུམ་དུ་འདུས་ཏེ། དང་པོ་ཆོས་སྐུ་གཏད་མེད་ཀྱི་འཕོ་བ་ནི། རྣལ་འབྱོར་པ་རབ་ཕྱག་རྫོགས་ཀྱི་དོན་མངོན་དུ་གྱུར་ནས་དབུགས་ཆད་པ་དང་གྲོལ་བ་དུས་མཉམ་གྱི་གདེང་དང་ལྡན་པ་རྣམས་ལ་ནི་འཕོ་བ་སྦྱང་པ་དང་འདེབས་པ་གང་ཡང་མི་དགོས་ཏེ། འཕགས་ཡུལ་གྱི་པཎ་གྲུབ་མང་པོ་དང་། བོད་ཀྱི་རྗེ་འབངས་ཉེར་ལྔ་སོགས་འདས་ཚུལ་ལྟར་དང་། རྗེས་མར་པ་གཤེགས་ཁར་སྐུ་ལུས་བསྲངས་ནས་བུ་ཀུན་འཕོ་བ་འདི་ལྟར་གྱིས་གསུངས་ནས་སྤར་ཆོག་མཛད་པས་དབུ་གཙུག་གི་རུས་པའི་ཚལ་བུ་ཡལ་བའི་ཤུལ་ནས་འོད་ཁ་དོག་ལྔ་ལྡན་བྱ་སྒོང་ཙམ་ཞིག་ནམ་མཁར་ཐིམ་པ་ཀུན་གྱིས་མཐོང་བ་དང་། གྲུབ་ཐོབ་མེ་ལུང་རྡོ་རྗེས་ཚོགས་འཁོར་གྱི་དབུས་སུ་ཞལ་ཆེམས་ཀྱི་མགུར་གསུངས་མཐར་དབུ་གཙུག་ནས་འོད་ཟེར་དཀར་པོ་རྦ་ཕུབ་ཙམ་ཞིག་ནམ་མཁར་འཕགས་པ་ཇེ་ཆེར་གྱུར་པའི་འཇའ་འོད་དང་ཐིག་ལེས་ཁྱབ་པར་མཛད་པ་དང་། རྗེ་མི་ལ་ཡབ་སྲས་དང་། སྒམ་པོ་ཡབ་སྲས་སོགས་གསར་རྙིང་གི་སྐྱེ་ཆེན་མང་པོའི་མཛད་ཚུལ་ངོ་མཚར་བ་དག་ནི་ཕྱག་རྫོགས་ལ་བརྟན་པ་ཐོབ་པའི་ལོགས་སུ་སྦྱོང་ཐབས་མི་དགོས་སོ། །གཉིས་པ་ལོངས་སྐུ་ཟུང་འཇུག་གི་འཕོ་བ་ནི། གང་ཟག་བསྐྱེད་རིམ་ཚུལ་ལྡན་ལ་རང་དབང་ཐོབ་པ་དང་། སྒྱུ་ལུས་ལ་ཤིན་ཏུ་གོམས་པ་དག་གི་ལུས་སེམས་བྲལ་བ་དང་མཉམ་དུ་ཡི་དམ་གང་ཡིན་གྱི་གསང་གསུམ་རྒྱན་གྱི་འཁོར་ལོ་གནས་འགྱུར་གྱི་ཚུལ་དུ་འཕོ་བའོ། །གསུམ་པ་སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བ་ནི། སྤྱིར་ཁྲིད་རིམ་གངདག་གི་དཀྱུས་ནས་འབྱུང་བ་ལྟར་བླ་མ་མཉམ་མྱོང་ཅན་ལ་ཞུས་ནས་རྟགས་ཐོན་དུ་སྦྱོང་དགོས་པ་ཡིན་ནོ། །གང་ཞིག་རྩ་བའི་དམ་ཚིག་ཉམས་ཤིང་བཤགས་པས་མ་སྦྱང་བའི་རིགས་ལ་འཕོ་བ་བཏབ་ཀྱང་མི་ཐེབས་ཏེ། འཕོ་བ་སོགས་གདམ་ངག་རྣམས་བྱིན་རླབས་ལ་རག་ལས་ཤིང་། དེ་ཉིད་བླ་མ་ལ་རག་ལས་པའི་ཕྱིར་རོ། །འོ་ན་གོང་དུ་གསང་སྔགས་དང་ཁྱད་པར་འཕོ་བའི་ཁྱད་ཆོས་བཤད་པ་དང་འགལ་ལོ་ཞེན་མི་འགལ་ཏེ། དེ་ཉིད་སྡིག་པ་ཅན་གྱི་གང་ཟག་གིས་བླ་མ་དམ་པ་ལ་བརྟེན་ནས་འཕོ་བ་སོགས་མན་ངག་ཞུས་ནས་གྲོལ་བ་ཐོབ་པ་ལ་དགོངས་པའོ། །ཁྱད་པར་མན་ངག་འདི་ཉིད་ཀྱི་ལུགས་ལ་སྐབས་འདིར་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོ་དབང་བཞི་བླང་བ་བཅསཿ བསྔོ་སྨོན་མ་གཏོགས་ཚང་མ་བཏང་རྗེས། ལྟུང་བཤགས་ཚར་ཅི་ནུས་དལ་བྲེལ་དང་བསྟུན་ནས་བཏངས་ལ་ཚེ་འདས་ཀྱི་ལུས་རྟེན་སྦྱང་བ་ནི། ཨོཾ་མ་ཧཱ་ཤུ་ནྱཻ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ༴ སོགས་ཀྱི་སྦྱངས། སྟོང་པའི་ངང་ལས་དག་ཆེན་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཆུ་སྐྱེས་དང་ཚ་ཟེར་བརྩེགས་པའི་སྟེང་དུ་བམ་རོ་སེར་པོ་མགོ་གཡོན་བསྟན་གན་རྐྱལ་དུ་བསྒྱེེལ་བའི་གདན་ཁར་བྃཿཡིག་བྱུ་རུའི་མདོག་ཅན་གསལ་བ་ལས་འོད་ཟེར་ཡར་འཕྲོས་རྒྱལ་བ་སྲས་དང་བཅས་པ་མཆོད། མར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་གྲིབ་སྦྱངས། ཚུར་འདུས་ས་བོན་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། ཚེ་འདས་ཀྱི་ལུས་རྟེན་དེ་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་འཛུམ་ལ་ཆགས་པའི་ཉམས་དང་ལྡན་ཞིང་ནུ་འབུར་ཟུང་གིས་མཛེས་པ་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་ཞལ་གདངས་ལྗགས་འདྲིལ་མཆེ་བའི་མྱུ་གུ་བཞི་ངོམ་ཞིང་རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པ། དབུ་སྐྲ་ཐོར་ཅོག་བྱས་ཤིང་ལྷག་མས་སྐུ་རྒྱབ་ཁེབས་པ། ཐོད་སྐམ་ལྔས་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ། རུས་པའི་རྒྱན་དྲུག་དང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་གཡོན་བརྐྱངས་བམ་རོའི་སྙིང་གར་བརྫིས་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བཞུགས་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་བས་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་ཅིང་། གཡོན་པས་ཐོད་ཁྲག་ཐུགས་དཀར་འཛིན་པས་ཟག་མེད་བདེ་བའི་རོས་ཚིམས་པར་མཛད་པ། མཆན་ཁུང་གཡོན་ན་ཡབ་ཧེ་རུ་ཀ་མཚོན་ཕྱིར་ཁ་ཊཱཾ་རྩེ་གསུམ་ཊཱ་མ་རུ་དང་དར་དཔྱང་གིས་སྤྲས་པ་བཅིང་པ། སྣང་ལ་རང་བཞིན་མེད་པ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟ་བུ་གསལ་ལ་འཛིན་པ་མེད་པ་ཆུ་ནང་དུ་ཟླ་བ་ཤར་བ་ལྟ་བུ། ཐོགས་པ་དང་རེག་པའི་སྐྱོན་དང་བྲལ་བའི་ལུས་དབུས་སུ་རྩ་ཨ་ཝ་དྷུ་ཏིའམ། དབུ་མ་ཤེལ་དཀར་གྱི་ཀ་བ་བཙུག་པ་ལྟ་བུ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། པདྨའི་འདབ་མ་ལྟར་མཉེན་པ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དྭངས་པ། ཏིལ་གྱི་མར་མེ་ལྟར་གསལ་བ། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་ཟུག་ཅིང་ཕུག་རྡུགས་སུ་འགགས་པ། ཡར་སྣེ་ཚངས་པའི་བུ་གར་ཟུག་པ་ཟང་ཐལ་དུ་ཁ་ཕྱེ་བ། སྙིང་ཀའི་ཐད་དུ་སྨྱུག་མ་ཚིགས་ཀྱིས་འགགས་པ་ལྟར་པདྨ་དཀར་པོ་འདབ་བརྒྱད་ཀྱིས་བཀག་པའི་ཟེའུ་འབྲུའི་སྟེང་དུ། ཚེ་འདས་ཀྱི་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་འོད་ཀྱི་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་རྒྱ་སྲན་ཙམ་ཞིག་འཕར་འདར་གྱི་རྣམ་པར་གནས་པར་བསམ་ལ། དབུ་མའི་ཡར་སྣེའི་བླར་སེང་གེ་བརྒྱད་ཀྱིས་བཏགས་པའི་རིན་པོ་ཆེའི་ཁྲི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་མང་དུ་གྱེས་པའི་གདན་ཁར་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཔལ་ཡོན་གཅིག་ཏུ་དྲིལ་བའི་སྤྱི་གཟུགས་བཅོམ་ལྡན་འདས་རྒྱལ་བ་འོད་མཚན་སྟོང་འབར་སྐུ་མདོག་པདྨ་ར་གའི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུའི་གཟི་འོད་ཀྱིས་སྲིད་ཞིའི་གནས་ཀུན་ཡོངས་སུ་ཁྱབ་པའི་བདག་ཉིད་ཅན། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པ། ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་བ། དེའི་གཡས་སུ་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དཀར་པོ་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་པདྨ་དཀར་པོའི་ཡུ་བ་མཐེབ་མཛུབ་ཀྱིས་ཐུགས་ཀར་འཛིན་པ། གཡོན་དུ་རྒྱལ་བ་ཀུན་གྱི་མཐུ་སྟོབས་ཀྱི་མངའ་བདག་སེམས་དཔའ་མཐུ་ཆེན་ཐོབས་མཐིང་ག་གཡས་སྐྱབས་སྦྱིན་དང་གཡོན་ཆུ་སྐྱེས་ཀྱིས་བཏེགས་པའི་རྡོ་རྗེ་འཛིན་པ་གཉིས་ཀའང་གཙོ་བོ་ལ་ཞལ་ཕྱོགས་པའི་བཞེངས་སྟབས་ཀྱིས་བཞུགས་པ། མཐའ་བསྐོར་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུཪྱའི་འོད་ཀྱི་རྒྱལ་པོ་དང་། གཡས་སུ་བྱང་སེམས་ཉི་མ་ལྟར་སྣང་བྱེད་དང་། གཡོན་དུ་ཟླ་བ་ལྟར་གསལ་བྱེད་སོགས་དང་། གཞན་ཡང་བདེ་གཤེགས་མཆེད་བདུན་བྱང་སེམས་ཉན་རང་སོགས་མདོར་ན་བདེ་ཆེན་ཞིང་གི་རྟེན་དང་བརྟེན་པར་བཅས་པ་རྣམས་དང་། ཁྱད་པར་ཟབ་ལམ་འཕོ་བའི་བརྒྱུད་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་བཞུགས་པ་དེ་རྣམས་ཀྱི་མཁྱེན་པའི་ཡེ་ཤེས་ཀྱིས་དགོངས་ཤིང་བྱམས་བརྩེའི་ཐུགས་རྗེས་གཟིགས་བཞིན་མཛད་ཕྲིན་མཐུ་སྟོབས་ཀྱི་ནུས་པས་ཚེ་ལས་འདས་པ་ལས་ངན་འཁྲུལ་པའི་དབང་དུ་མི་གཏོང་བར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་མྱུར་བ་ཉིད་དུ་འདྲེན་པའི་ཐུགས་དམ་ཞལ་བཞེས་དུས་ལས་མི་ཡོལ་བ་ཞིག་མགོན་པོ་འོད་དཔག་ཏུ་མེད་པ་ཁྱེད་མཁྱེན་ནོ་ཁྱེད་ལ་བརྟེན་ནོ། །སྐྱབས་དང་རེ་ས་ཁྱེད་ལས་གཞན་མེད་པས་བཀའ་དྲིན་དང་ཐུགས་རྗེ་མ་ཆུང་ཞིག །ཅེས་བློ་སྙིང་རྩེ་གཅིག་ཏུ་བཀལ་བཞིན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་མ་ཡེངས་པའི་ངང་ནས་བརྒྱ་རྩ་བརྒྱད་ལ་སོགས་པ་དལ་ཁོམ་དང་བསྟུན་ཏེ་རིགས་པར་བརྗོད། སྤྲོ་ན་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་དང་། སེམས་དཔའ་གཉིས་ཀྱི་མཚན་སོགས་ཅི་ནུས་བརྗོད་ནས། སྐབས་འདིའི་དགོས་དོན་ནི། ཕ་དམ་པས། འཆི་བ་འཆི་བ་མ་ཡིན་ཏེ། རྣལ་འབྱོར་སངས་ཆུང་རྒྱ་བ་ཡིན། ཞེས་གསུངས་པ་ལ། ཚེ་འདས་ཀྱི་རྣམ་ཤེས་འོད་དཔག་མེད་པའི་ཐུགས་ཀར་གནས་སྤར་དགོས་པ་ལ་རྟེན་འབྱུང་བསླུ་མེད་ལྟར་གལ་ཆེ་བ་ཡང་། ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པའི་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེའི་དགོངས་གཏེར་འཕོ་ལུང་ལས་མ་དག་འཁོར་བའི་སྒོ་དགུ་དགག་དགོས་པར་གསུངས་པ་སྔགས་གསར་མ་དང་ཤིན་ཏུ་མཐུན་ཏེ། རྡོ་རྗེ་གདན་བཞིའི་རྒྱུད་ལས། སྒོ་རྣམས་ཀྱི་ནི་བྱེ་བྲག་ལས། །འཁོར་བའི་བྱེ་བྲག་འབྱུང་བ་ཡིན། །དེ་ཡང་སྒོ་ཡི་བྱེ་བྲག་ལས། །བསྒྲུབ་པའི་ལམ་ནི་བཟང་པོ་བསྟེན། །ཞེས་གསུངས་པས། ལུས་ཀྱི་བུ་ག་དགུ་པོ་ལས་རྣམ་ཤེས་ཐོན་འབྲས་སོ་སོར་ཡོད་དེ། གང་ཞེ་ན་བཤང་ལམ་ནི་དམྱལ་བ། གསང་གནས་དུད་འགྲོ། ལྟེ་བ་འདོད་ལྷ། ཁ་ཡི་དྭགས། སྣ་བུག་གནོད་སྦྱིན། མིག་གཡས་མིའི་རྒྱལ་པོ་གཡོན་མི་ཕལ་བ། རྣ་བ་མིའམ་ཅི། མཛོད་སྤུ་ནི་གཟུགས་ཁམས་ཀྱི་འདོད་ལྷ། མཚོགས་མ་ནི་གཟུགས་མེད་ཀྱི་ཁམས། ཚངས་བུག་དག་པ་མཁའ་སྤྱོད་ཀྱི་ལམ་ཞེས་བཤད་དོ། །དེ་ལ་ཚངས་བུག་མ་གཏོགས་གཞན་རྣམས་དགག་དགོས་པ་ཡང་། བྱང་ཕྱོགས་སྒོ་སྲུང་ན་རོ་པས། །སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་བཅད་ནས་སྒོ་གཅིག་ཕྱེ། །ཐར་བའི་ལམ་ལ་ཐེ་མི་ཚོམ། །ཞེས་གསུངས་པ་བཞིན་རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་ཧྲཱིཿཡིག་དམར་པོ་དགུ་འཕྲོས་པས་མ་དག་འཁོར་བའི་སྒོ་དགུ་པོ་བུག་པ་འདག་ཞལ་གྱིས་བཀག་པ་ལྟར་བསེར་བུ་ཙམ་ཡང་རྒྱུ་བའི་སྐབས་དང་བྲལ་བར་བསམ། ལ། ཧྲཱིཿ དགུ་བརྗོད དེ་ནས་དད་པ་རྣམ་གསུམ་དང་ལྡན་བཞིན་བདག་དང་འཕོ་བྱ་ཟུང་འཇུག་གི་འདུན་པ་དམིགས་འདོན་ཡ་མ་བྲལ་བའི་ངང་ནས། རབ་ཏུ་སྙན་པའི་དབྱངས་ཀྱིས་གསོལ་བ་འདི་བཞིན་གདབ་པོ། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ༴ ཟབ་ལམ༴ སོགས༴ སངས་རྒྱས་འོད་དཔག༴ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ༴ ཟབ་ལམ༴ སོགས༴ སངས་རྒྱས་འོད་དཔག༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ༴ ཟབ་ལམ༴ སོགས༴ སངས་རྒྱས་འོད་དཔག༴ གཏེར་སྟོན་ཉི་ཟླ་སངས་རྒྱས་ལ༴ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། སངས་རྒྱས་འོད་དཔག༴ མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ རྟོགས་ལྡན་སཾ་ག་བྷ་ཏྲ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག་མེད༴ ཕ་རྒོད་དྲི་མེད་བློ་གྲོས་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ༴ ཟབ་ལམ་འཕོ༴ སངས་རྒྱས་འོད་དཔག༴ མཚུངས་མེད་མ་ཏིའི་མཚན་ཅན་ལ་གསོལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ འདྲེན་མཆོག་ཀརྨ་ཆོས་རྒྱལ་ལ༴ ཟབ་ལམ༴ སངས་རྒྱས་འོད༴ གསང་སྔགས་འཆང་པདྨ་དབང་དྲག་ལ་གསོལ༴ ཟབ་ལམ༴ སངས་རྒྱས་འོད་དཔག་མེད་ལ༴ ཐུགས་ཆེན་ཀརྨ་ཆགས་མེད་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག་མེད༴ གྲུབ་ཐོབ་པདྨ་རིག་འཛིན་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག་མེད་ལ༴ འདྲེན་མཆོག་ནམ་མཁའ་འོད་གསལ་ལ་གསོལ༴ ཟབ་ལམ༴ སངས་རྒྱས་འོད་དཔག་མེད༴ འགྱུར་མེད་ཐེག་མཆོག་བསྟན་འཛིན་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག་མེད་ལ༴ པདྨ་ཀུན་གྲོལ་རྣམ་རྒྱལ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ ངེས་དོན་བསྟན་འཛིན་བཟང་པོ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག་མེད༴ འཇིགས་མེད་ཕྲིན་ལས་འོད་ཟེར་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ མི་འགྱུར་ནམ་མཁའི་རྡོ་རྗེ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག་མེད༴ གྲུབ་དབང་ཛྙཱ་ན་བཛྲ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ འཇིགས་མེད་ཆོས་ཀྱི་དབང་པོ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ འཇིགས་མེད་ཕུན་ཚོགས་འབྱུང་གནས་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ འཇིགས་མེད་བསྟན་པའི་ཉི་མ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ༴ ཟབ་ལམ༴ མྱུར་ལམ༴ ཚེས་འདས༴ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། ཞེས་གསོལ་བ་བཏབ་མཐར། ཚེ་འདས་ཀྱི་རིག་པ་སེམས་ཀྱི་ངོ་བོ་འོད་ཀྱི་ཐིག་ལེ་དེ་ཉིད་སྐར་མདའ་འཕང་བ་བཞིན་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག །ཅེས་བསམ་ལ། ཧིཀ། ཉེར་གཅིག་ཙམ་བརྗོད་པས་འཕོ་ཞིང་། ཡང་འོད་དཔག་མེད་ཀྱི་མཚན་བརྗོད་ལན་གསུམ་མཐར། གོང་བཞིན་གསོལ་འདེབས་སྤར་ཆོག་བཅས་ལན་གཉིས་ལྡབ་མཐར། མཚན་ལན་གསུམ་བརྗོད་མཐར། གསོལ་འདེབས་འབྲིང་པོ་ནི། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ༴ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན༴ ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐགཿ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། སངས་རྒྱས་འོད་དཔག༴ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ༴ ཟབ་ལམ༴ སངས་རྒྱས་འོད་དཔག་མེད༴ སྤྲུལ་སྐུ་པདྨ་འབྱུང་གནས་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ གཏེར་སྟོན་ཉི་ཟླ་སངས་རྒྱས་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ རྩ་བ་བརྒྱུད་པའི་བླ་མ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ དྲིན་ཅན་རྩ་བའི་བླ་མ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག་མེད་ལ༴ ཡི་དམ་ཞི་ཁྲོ་རབ་འབྱམས་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག་མེད་ལ༴ མཁའ་འགྲོ་རྡོ་རྗེ་ཕག་མོ་ལ༴ ཟབ་ལམ༴ སངས་རྒྱས་འོད་དཔག༴ ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ༴ ཟབ་ལམ༴ མྱུར་ལམ༴ ཚེ་འདས༴ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། དམིགས་པ་དང་བཅས། ཧིཀཿ བདུན་ནམ་གསུམ་བརྗོད། གསོལ་འདེབས་བསྡུས་པ་ནི། མཚན་བརྗོད་ལན་གསུམ་མཐར། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ༴ དྲིན་ཅན་རྩ་བའི་བླ་མས་ཐུགས་རྗེས་ཟུངས། རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངསཿ ཟབ་ལམ༴ མྱུར་ལམ༴ ཚེ་འདས༴ བདེ་བ་ཅན༴ གོང་བཞིན། ཚེ་འདས་ཀྱི་རྣམ་ཤེས་ཐིག་ལེ་དེ་སྐར་མདའ་འཕང་བ་བཞིན་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ། ལ་ ཧིཀཿ ཉེར་གཅིག་བརྗོད་པས་འཕོ་ཞིང་། དམིགས་པ་སྤར་ཆོག་བཅས་བཏང་ངོཿ དེ་ཡང་གསོལ་འདེབས་རྒྱས་པ་ལན་གསུམ་མམ། མ་ལྕོགས་ཚེ་རྒྱས་འབྲིང་བསྡུས་གསུམ་ཚར་རེ་བཏང་ཡང་རུང་མོདཿ གང་ལྟར་ཡང་ཁྱད་པར་འབྲི་གོང་ཆོས་ཀྱི་གྲག་པས་འཕོ་བ་འཇའ་ཟུག་མ་འདོན་འགྲིགས་སུ་བཀོད་པ་ལས། སེམས་ཅན་འཆི་ཁ་མའི་རྣ་ལམ་དུ་སངས་རྒྱས་སྨན་བླའི་མཚན་བརྗོད་ནཿ བདེ་བར་གཤེགས་པ་བརྒྱད་ཀྱིས་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེལ་བར་གསུངས་བཞིནཿ གལ་ཤིན་ཏུ་ཆེ་སྟེ་མཚན་བརྗོད་འདི་ལྟར་རོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་དུ། བཅོམ་ལྡན་དེ་བཞིན་གཤེགས༴ རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ༴ བཅོམ་ལྡན་དེ་བཞིན་གཤེགས༴ གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོ་ལ༴ བཅོམ་ལྡན་འདས་དེ༴ སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ༴ བཅོམ་ལྡན་འདས་དེ་བཞིན༴ སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ༴ བཅོམ་ལྡན་འདས༴ ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པའི་མངོན་པར་མཁྱེན་པའི་རྒྱལ་པོ་ལ༴ བཅོམ་ལྡན་འདས༴ སངས་རྒྱས་སྨན་གྱི་བླ་བཻཌཱུཪྱའི་འོད་ཀྱི་རྒྱལ་པོ་ལ༴ བཅོམ་ལྡན་འདས༴ དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ༴ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ༴ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་དབྱངས་དང་སྐྱབས་གྲོལ་མཛད་རྡོ་རྗེ་འཛིན་པ་ཉི་མ་ལྟར་རྣམ་པར་སྣང་བྱེད་དང་ཟླ་བ་ལྟར་གསལ་བྱེད་ལ་སོགས་པའི་སེམས་དཔའ་ཆེན་པོ་བཅུ་དྲུག་གཙོ་བོར་བཞུགས་པའི་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གསོལ་འདེབས་ནི། ཨོཾ་སྭ་སྟི། གསེར་གྱི་མདོག་ཅན་སྐྱབས་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བརྒྱད་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིདཿ གཞན་གྱིས་མི་ཐུབ་ཞིང་གི་དཔལ་གྱུར་པའི། །མཚན་ལེགས་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །སྐུ་མདོག་སེར་པོ་མཆོད་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བརྒྱད་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །རིན་ཆེན་ལྡན་པའི་ཞིང་གི་དཔལ་གྱུར་བའི། །རིན་ཆེན་ཟླ་བའི་ཞབས་ལ༴ མགོན་པོ་ཁྱེད་ལ༴ ཚེ་འདས་བདེ་ཆེན༴ འཛམ་བུའི་གསེར་འདྲ་ཆོས་སྟོན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །སྤོས་ཀྱི་ཡོངས་གང་ཞིང་གི་དཔལ་གྱུར་པའི། །གསེར་བཟང་དྲི་མེད་སྣང་ལ༴ མགོན་པོ་ཁྱེད༴ ཚེ་འདས་བདེ་ཆེན༴ སྐུ་མདོག་དམར་སྐྱ་མཉམ་བཞག་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །མྱ་ངན་མེད་པའི་ཞིང་གི་དཔལ་གྱུར་པའི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །སྐུ་མདོག་དཀར་དམར་ཆོས་སྟོན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །ཆོས་ཀྱི་རྒྱལ་མཚན་ཞིང་གི་དཔལ་གྱུར་པའི། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ༴ མགོན་པོ༴ ཚེ་འདས༴ བྱུ་རུའི་མདོག་ཅན་མཆོག་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །རིན་ཆེན་རྒྱ་མཚོའི་ཞིང་གི་དཔལ་གྱུར་པའི། །མངོན་མཁྱེན་རྒྱལ་པོ་དེ་ལ༴ མགོན་པོ༴ ཚེ་འདས༴ སྐུ་མདོག་སྔོན་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །བཅུ་གཉིས་སྨོན་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །བཻཌཱུཪྱ་སྣང་ཞིང་གི་དཔལ་གྱུར་པའི། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །མགོན་པོ༴ ཚེ་འདས༴ གསེར་གྱི་མདོག་ཅན་ས་གནོན་ཕྱག་རྒྱ་ཅན། །རྨད་བྱུང་ཐུགས་རྗེ་བརྩོན་འགྲུས་ཆེན་པོའི་མཐུས། །མི་མཇེད་འཇིག་རྟེན་ཁམས་ཀྱིི་དཔལ་གྱུར་པའི། །འདྲེན་མཆོག་ཤཱཀྱའི་ཏོག་ལ༴ མགོན་པོ༴ ཚེ་འདས༴ དམར་སེར་ཕྱག་གཡས་ཆོས་འཆད་རྡོ་རྗེ་ཅན། །གཡོན་པ་མཉམ་བཞག་པོ་ཏི་ལེགས་པར་བསྣམས། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་ལ༴ ཡུམ་ཆེན་ཁྱེད་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས༴ རབ་མཛེས་ཡིད་འོང་རིན་ཆེན་རྒྱན་གྱིས་སྤྲས། །ཟླ་བའི་གདན་ལ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །མཁྱེན་དང་བརྩེ་དང་ནུས་པ་ཕུན་སུམ་ཚོགས། །སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པའི་ཚོགས་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །ཞེས་གསོལ་བ་བཏབ་མཐར། ཚེ་འདས་ཀྱི་རྣམ་ཤེས་ཀྱི་ངོ་བོ་སྙིང་གའི་ཐིག་ལེ་དེ་ཉིད་མེ་སྟག་ཡལ་བ་བཞིན་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ་བཞིན། ཧིཀཿ ཉེར་གཅིག་གམ་བདུན་བརྗོད། ༈ སྔགས་གསར་མའི་ལུགས་ལས་འཕོ་བའི་གདམ་པ་མང་དུ་ཡོད་ཀྱང་། གང་ཟག་སྙན་བརྒྱུད་དང་བཀའ་བབས་དོན་གྱི་བརྒྱུད་པ་ལྟར་འགོད་པ་ལ། རྗེས་མར་པ་ནས་མི་ལ་རས་པ་སྒམ་པོ་པ་སོགས་བཀའ་བརྒྱུད་གསེར་གྱི་ཕྲེང་བ་རིམ་བྱོན་གྱི་རྗེས་སུ་འབྲང་ནས་རྗོད་བྱེད་མདོར་དྲིལ་ཏེ་བསྟན་པ་ལ། འཕོ་བྱ་འཕོ་བྱེད་འཕོ་ཡུལ་སོགས་ཕྱིར་གོང་ལྟར་ལ། སྒོས་སུ་སྙིང་གའི་ཐིག་ལེ་ཧཱུཾ་སྔོན་པོར་གྱུར་བ། འཕོ་ཡུལ་གྱི་ཐུགས་ཀ་ནས་ཐུགས་རྗེའི་དཔྱང་ཐག་ཡེ་ཤེས་ལྔའི་འོད་ཟེར་འཇའ་ཚོན་གྱི་ཆུན་པོ་ལྟ་བུ་བྱུང་ནས་རང་གི་སྙིང་གའི་ཧཱུྃ་ཡིག་ལ་རེག་པས་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་དེ་སྦུབ་ཆུ་ནས་ཆུ་དྲངས་བ་བཞིན་འཇའ་ཚོན་གྱི་ཐག་པ་བརྒྱུད་དེ་སངས་རྒྱས་ཀྱི་ཐུགས་ཀར་ཐིམ་པའི་དམིགས་པ་དང་བསྒྲགས་ཏེ་སྤར་ཆོག་བྱེད་དགོས་པའི་ཁྱད་པར་ཙམ་མོ། །གསོལ་འདེབས་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོངཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །ཏེ་ལོ་ཤེས་རབ་བཟང་པོ་གསང་བའི་བདག །བཟོད་མེད་གདུང་ཤུགས༴ གོང་ལྟར་འགྲེས་སོ། །བྱང་ཕུ་ལ་ཧ་རིའི་དགོན་པ་ན། ན་རོ་ཡེ་ཤེས་དངོས་གྲུབ་པཎྜི་ཏ། བཟོད་མེད་གདུང་ཤུགས༴ སོགས༴ ལྷོ་གྲོ་བོ་ལུང་གི་དགོན་པ་ན། སྒྲ་བསྒྱུར་མར་པ་ཆོས་ཀྱི་བློ་གྲོས་རྗེ། བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །ནུབ་ལ་ཕྱི་གངས་ཀྱི་ར་བ་ན། །མི་ལ་བཞད་པ་རྡོ་རྗེ་གྲུབ་པའི་གཙོ། བཟོད་མེད་གདུང༴ སོགས༴ ཤར་དྭགས་ལྷ་སྒམ་པོའི་གནས་མཆོག་ན། །ཆོས་རྒྱལ་ཟླ་འོད་གཞོན་ནུ་རིན་པོ་ཆེ། །བཟོད་མེད༴ སོགས༴ རྣམ་དག་བཤད་སྒྲུབ་རྒྱ་མཚོའི་ཕོ་བྲང་ན། རྒྱལ་བསྟན་འཛིན་སྐྱོང་སྤེལ་མཛད་བརྒྱུད་འཛིན་སྡེ། བཟོད་མེད༴ སོགས༴ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན། དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ། བཟོད་མེད༴ སོགས༴ མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་མངའ་བདག་མཆོག །རྒྱུད་སྡེ་བཞི་དྲུག་ཡི་དམ་དཀྱིལ་འཁོར་ལྷ། །བཟོད་མེད༴ སོགས༴ བཀའ་གསང་དམ་ཚིག་རྡོ་རྗེའི་གན་མཛོད་ལ། །དབང་བསྒྱུར་མཁའ་འགྲོ་ཆོས་སྐྱོང་མཐུ་སྟོབས་བདག །བཟོད་མེད༴ སོགས༴ འཕོ་བྱ་འཕོ་བྱེད་འཕོ་ཡུལ་ཀུན་རྫོབ་ཆོས། །ཡོད་མེད་ལ་སོགས་མཐའ་ལ་མི་གནས་པ། །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །དོན་དམ་ཆོས་ཉིད་འཕོ་བ་མངོན་གྱུར་ཤོག །ཅེས་འདི་ཉིད་ཀྱི་དམིགས་གནད་བཤད་མ་ཐག་བཞིན། འཕོ་ཡུལ་གྱི་ཐུགས་ཀ་ནས་ཐུགས་རྗེའི་དཔྱང་ཐག་ཡེ་ཤེས་ལྔའི་འོད་ཟེར་འཇའ་ཚོན་གྱི་ཆུན་པོ་ལྟ་བུ་བྱུང་ནས་རང་གི་སྙིང་གའི་ཧཱུཾཿཡིག་དེ་སྦུབ་ཆུ་ནས་ཆུ་དྲངས་པ་བཞིན་འཇའ་ཚོན་གྱི་ཐག་པ་བརྒྱུད་དེ་སངས་རྒྱས་ཀྱི་ཐུགས་ཀར་ཐིམ། ཧཱུྃ་གསུམ་དང་ཕཊ྄ཿལྔའམ་གསུམ་བརྗོད་དོ། །


previousདམ་ཆོས་བདེ་ཆེན་ལམ་མཆོག་ལས་གཤིན་པོ་ལ་འཕོ་བ་འདེབས་ཚུལ་རྣམ་གྲོལ་མྱུར་ལམ།next