Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ འབྱུང་འགྱུར་ལུང་བསྟན་སྒྱུ་འཕྲུལ་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཆོས་བདེ་ཆེན་ལམ་མཆོག་ལསཿ འབྱུང་འགྱུར་ལུང་བསྟན་སྒྱུ་འཕྲུལ་མེ་ལོང་།next

དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ འབྱུང་འགྱུར་ལུང་བསྟན་སྒྱུ་འཕྲུལ་མེ་ལོང་།

དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ འབྱུང་འགྱུར་ལུང་བསྟན་སྒྱུ་འཕྲུལ་མེ་ལོང་བཞུགསཿ

རང་རིག་ཆོས་སྐུ་སྣང་བ་མཐའ་ཡསཿ ཕྱོགས་རིས་རྟག་ཆད་མཐར་འདས་ཀྱང་ཿ རང་གསལ་འཁོར་འདས་ལྷུན་གྱིས་གྲུབཿ མ་འགགས་ཐུགས་རྗེའི་རྩལ་སྣང་ལསཿ རང་བྱུང་རང་སྒྲ་འདི་ལྟར་བྱུང་ཿ ཐུབ་བསྟན་ལྔ་བརྒྱ་ཕྲག་བཅུ་ཡིསཿ ཕྲི་ཞིང་རྟགས་ཙམ་འཛིན་ལ་ཉེཿ པད་འབྱུང་བོད་དུ་བྱོན་མོད་དེཿ དམ་སྲིའི་སྤྲུལ་བས་འགྲོ་བློ་བསྒྱུརཿ ཐུགས་རྗེའི་སྤྲུལ་སྐུ་མང་བྱོན་ཀྱང་ཿ སྙིགས་མའི་འགྲོ་བ་དད་མོས་ཆུང་ཿ ཁྱད་པར་ཀུ་ཀུ་ལྕགས་སྡེར་ལོརཿ སྟོད་ནས་སྔར་མེད་སྒྲ་གསར་གྲགསཿ བར་དུ་སྡེ་དགེ་གཡོ་ཞིང་འགུལཿ སྟག་དང་འབྲོང་གི་གཡུལ་ཆེན་གཤོམཿ གཡུལ་སྣ་ཉི་མའི་འོག་ཏུ་གཏདཿ ནག་པོ་རྒྱ་ཡི་ཉུལ་མི་ཡིཿ རྗེས་སུ་བདུན་དྲུག་ཁྱི་ལྟར་འབྲངསཿ མཐོང་ཐོས་མ་མྱོང་མི་ཞིག་གིསཿ ཡུལ་ཀུན་ཉུལ་ཞིང་ཆོ་འཕྲུལ་སྟོནཿ དེ་དང་གང་འབྲེལ་ལོག་ལམ་འགྲོཿ བརྟུལ་ཞུགས་ཞི་དྲག་འདྲེས་པ་ཡིཿ རྣལ་འབྱོར་ཧེ་རུ་ཀ་པ་ཡིསཿ ཕྱོགས་ཀུན་ཉུལ་ནས་བསྟན་འགྲོ་གསོཿ དམར་པོའི་ཞིང་ལ་ངང་བ་འཁོརཿ མི་དགེའི་ཕྱུ་གུ་སྡིག་པས་གསོཿ བསྟན་སྲུང་རྙིང་མས་གནམ་ལྕགས་འབེབསཿ ལྷོ་བྱང་ཇོ་དར་སེར་པོ་སྦྲེལཿ དར་ཡུ་ཁུ་ལེ་ལག་དགུས་འཛིནཿ དར་ཐིག་ས་ཐེལ་སྤྲུལ་པས་འཐེནཿ མཐུན་རྐྱེན་གུར་དཀར་སྤྲུལ་པས་སྦྱོརཿ འགལ་རྐྱེན་གཟའ་བདུད་ཆེན་པོས་བྱེདཿ དེ་མཐུས་ཡུལ་ཁམས་རླུང་ལྟར་འཚུབསཿ ཚ་ཁོའི་ཕྱོགས་སུ་སེར་པོའི་ཞིང་ཿ ལོ་ཐོག་སྨིན་ཀྱང་སྲིན་བུས་འཚེཿ ཁྲོ་སྐྱབས་གོང་ནས་གནམ་རྡོ་འབེབསཿ རྡོ་སྟོད་རྡོ་སྨད་མ་བུའི་ཚུལཿ སྲིད་སྡེབས་དགྲ་དཔུང་ཟིལ་གྱིས་གནོནཿ གསེར་ཤོད་བཻ་རོའི་སྤྲུལ་པས་སྐྱོང་ཿ གསེར་སྟོད་གྲུབ་མཐའི་རུ་འཛིངས་འོང་ཿ མགོ་ལོག་སྟོད་པ་སྐྱས་ཆེན་འདེགསཿ བར་མ་གནམ་ས་གོ་ལོག་འོང་ཿ སྨད་པ་སྣལ་མ་མགོ་བྲེག་འདྲཿ ཕ་ནོར་བུས་འཕྲོག་ཉེ་དུ་དགྲཿ བྱ་རིགས་གཅན་གཟན་སྔར་མེད་མང་ཿ ལྷ་འདྲེ་དངོས་རྒྱུ་ཆུ་ལོག་དང་ཿ ས་འཇིགས་ས་རལ་གཟུགས་མེད་སྒྲཿ མཐའ་མི་མང་འཚོགས་མཚོན་ཆ་དརཿ རྡོ་སྟོད་སྨྱོན་པའི་བརྟུལ་ཞུགས་ཅནཿ རྣལ་འབྱོར་ཞིག་གིས་དགེ་བཅུ་སྤེལཿ བར་དུ་དད་མེད་སྙིང་རྗེ་དབེནཿ བླུན་པོ་གོ་ས་མཐོ་བ་ཞིགཿ མཐོན་པོར་བཀུར་ཀྱང་དམའ་བ་འབྱུང་ཿ སྨད་དུ་འདྲེ་བབ་མི་ཞིག་དང་ཿ དེར་མཚུངས་བུད་མེད་རྒན་ཞིག་གིསཿ རྐྱེན་བྱས་ལོག་ལྟ་དར་བར་འབྱུང་ཿ རྣལ་འབྱོར་མི་ལས་བྱིན་བརླབས་པའིཿ བླུན་ཚུལ་ངེས་མེད་སྤྱོད་པ་ཅནཿ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པསཿ སྔར་མེད་གནས་སུ་རྟེན་གསུམ་བཞེངསཿ དད་ལྡན་འབྲེལ་ཐོག་འགའ་ལ་ཕནཿ བདུད་སྤྲུལ་ཞིག་གིས་རྐྱེན་བྱས་ནསཿ མི་མོས་གཤེ་ཞིང་ཁ་མཆུ་འབེབསཿ ཆོས་སྐྱོང་ཆད་པས་དེ་དག་མནརཿ བྱང་གི་རི་དྭགས་ཀླུང་དུ་འབེབསཿ རོང་གི་གཅན་གཟན་བྱང་དུ་རྒྱུཿ འཇམ་དབྱངས་བཞད་སྒྲའི་གླིང་བུ་ཡིསཿ རྐང་གཉིས་རི་དྭགས་རྣམ་ཤེས་འཕྲོགཿ སྔར་དར་དམ་ཆོས་ཟོང་ལ་འཆོརཿ དེའི་རིན་གཙུག་ལ་རྒྱན་སེར་དང་ཿ མགུལ་དུ་དེ་བཞིན་སྔར་མེད་པའིཿ བཟླས་པ་ཞིག་གིས་ཁྲལ་ཆོས་འགེལཿ ཐང་ནག་བོན་པོའི་སྤྲུལ་པ་ཡིསཿ བླ་ཆེན་གཅིག་དང་དམར་རྒྱན་གྱིཿ སྤྲུལ་པ་དབང་ཆེན་མི་དཔོན་ཞིགཿ བུད་མེད་དབང་ཆེན་བསེན་མོའི་རིགསཿ གསུམ་གྱིས་རྐྱེན་བྱས་མགོ་ལོག་ཁྲཿ གོ་ས་མཐོན་པོའི་དཀོར་སྡུད་མཁནཿ འགྲོ་མགོན་ཚུལ་བཟུང་ནང་གནག་པའིཿ བླ་མ་ཞིག་གིས་དམག་འཁྲུགས་སྤེལཿ དེས་རྐྱེན་ཁོ་རང་ལྔ་ལམ་ལཿ ཞུགས་ཚེ་འགོང་པོར་སྐྱེས་པའི་ལྟསཿ མངོན་དུ་བྱུང་ནས་ཡུལ་དེར་གནོདཿ སྔགས་འཆང་ཧཱུཾ་ནག་མེ་འབར་གྱིཿ སྤྲུལ་པས་འདུལ་ཞིང་མགོ་ལོག་བདེཿ རྡོ་ཡུལ་འདི་གར་སྔར་མེད་པའིཿ སྡེ་གསར་ཞིག་གིས་ས་མཁར་འཛུགསཿ ཡུལ་རིགས་མི་གཅིག་མི་མང་པོསཿ རྡོ་སྟོད་བཟུང་ནས་ཕན་གྲོགས་བྱེདཿ གསེར་གྱི་ལྷ་སེར་གདོང་ལྔ་པའིཿ སྒྲ་སྐད་གྲགས་པས་ཝ་སྙིང་འགསཿ སྔར་མེད་ནོར་དང་ལས་ཀ་ཞིགཿ རྡོ༷་འདི༷ར་དར་ནས་ངོ་མཚར་བྱེདཿ ནག་པོ་རྒྱ་ཡི་ཉུལ་མི་ཡིསཿ ཡུལ་ཀུན་གཡེངས་ཞིང་ས་སྲུང་འཇོགཿ ཕལ་ཆེར་གཞན་གྱི་དབང་དུ་འགྲོཿ ཆོས་དང་འཇིག་རྟེན་བྱ་བ་གཉིསཿ སྔོན་དང་མི་མཚུངས་འགྱུར་ལྡོག་མང་ཿ ཡུལ་ཕྱོགས་གཞན་གྱི་ལྷ་རྫུ་ཞིགཿ འཁོར་མང་ཁྲིད་ནས་ཆོས་མིན་པའིཿ གཏེར་འདོན་ལག་རྗེས་རྡོ་ལ་འཇོགཿ སྤྲུལ་པ་མང་སྟོན་མངོན་ཤེས་འཆདཿ དེར་འབྲེལ་བསོད་ནམས་ཉེར་དགུའི་ཟླཿ རྫོགས་པ་ཆེན་པོའི་དོན་སྟོན་པའིཿ སྔར་མེད་རྙིང་མའི་བླ་མ་ཞིགཿ ཡུལ་འདིར་འཇགས་ནས་ཕན་བདེ་སྤེལཿ མི་རྗེ་དྲིལ་དཀར་རྒྱན་ཆས་འབྱོརཿ བཙུན་མོ་གཞན་དབང་གཞན་སེམས་འཛིནཿ སྡེ་བ་གཅིག་དྲིལ་གྲུ་ནང་མགྲོནཿ ལྕགས་ཁྱི་ལྕགས་ཕག་མན་ཆད་ནསཿ ཆུ་ཡི་ཁྱི་ཕག་ཚུན་ཆད་དུཿ དེ་ལྟར་ངོམ་མོ་པདྨའིབཀའཿ གཞན་ཡང་ཡུལ་དུ་ལེགས་ཉེས་དང་ཿ གང་ཟག་བཟང་ངན་ལ་སོགས་པའིཿ རྣམ་གྲངས་རྒྱུ་མཚན་མང་ཡོད་ཀྱང་ཿ རེ་ཞིག་འདིར་གབ་སླད་ཀྱི་འཆདཿ སྤྲོའམ་ཡང་ན་བཤོལ་ཡང་ལེགསཿ ཅིས་ཕྱིར་ཞན་ལོ་རེར་བཞིནཿ བཟང་ལ་ངན་དང་ཡིན་ལ་མིནཿ བདེན་ལ་རྫུན་སོགས་འགལ་ཟླ་ཡིཿ རྟེན་འབྱུང་གོ་ལོག་མང་འབྱུང་དོགསཿ འདི་འདྲའི་དུས་འདིར་ཕན་བྱེད་ཆོསཿ ཆོས་གཞན་བྱིན་རླབས་ཡལ་གྱུར་ནཿ སྨན་བླའི་ཆོ་ག་ཡིག་དྲུག་པཿ རྡོ་ལ་བརྐོ་དང་བཟླས་རྒྱུན་འཛིནཿ བཛྲ་གུ་རུ་མཐོན་པོར་བཟླཿ བུམ་གཏེར་མང་སྦ་ཆུ་གཏོར་འབུམཿ བསང་འབུམ་སྦྱིན་བསྲེགས་འབུམ་ཐེར་དང་ཿ སྡེ་བརྒྱད་ཁང་བཟློག་མདོས་གཏོང་ཞིང་ཿ ཁ་འབར་མ་དང་བརྒྱ་བཞི་གཏོང་ཿ འདི་རྣམས་སྤྱི་རིམ་བྱས་ན་ཕནཿ ཁྱད་པར་བཛྲ་གུ་རུ་དང་ཿ མ་ཎི་རྡོ་བརྐོས་ཤིན་ཏུ་ཕནཿ ཇོ་དར་ལ་བརྒལ་ཕན་སྟོབས་མཆོགཿ མཆོག་ཏུ་ཡུལ་ཀུན་སྤྱི་རིམ་དང་ཿ འབྲིང་དུ་གྲོང་ཚོས་མཉམ་པར་བྱཿ ཐ་ན་རང་སྒོོས་རིམ་གྲོར་འབདཿ འབད་པས་བདེ་བ་མྱུར་དུ་ཐོབཿ དམ་སྲི་སྤུན་དགུ་མནན་གཟིར་བསྲེགསཿ སྙིང་རྗེའི་བློ་ཡིས་བྱེད་པ་གཅེསཿ རྒྱ་སྟག་རི་རྩེར་ངར་གྱུར་ཚེཿ དེ་ལ་ཚོགས་བདག་ས་མདའི་གཟིརཿ འབྲོང་བུ་ཀླུང་དུ་རྒྱུག་པའི་ཚེཿ དེ་ལ་ཕུར་བའི་རྔོན་པས་དགུགཿ ངེས་མེད་ཐན་གཟུགས་མང་ངོམ་ཚེཿ དེ་ལ་བྱ་ཁྱུང་དམར་ནག་འབེབསཿ བསྟན་སེལ་ཁྲག་ཡིག་གཏན་འབེབ་ཚེཿ དེ་ལ་གཟའ་བདུད་ཁ་ཆུས་བྲནཿ ཐེའུ་རང་གཅེར་རྒྱུག་ངོམ་པ་ལཿ དེ་ལ་གཟའ་ཀླུས་གྲང་རེག་འབེབསཿ བདུན་དྲུག་གཅན་སྤྱང་རྒྱུ་བ་ལཿ དེ་ལ་རྟ་ནག་རལ་གྲིས་བརྡེགཿ གནམ་ས་གོ་ལོག་ལྟས་མཐོང་ཚེཿ དེ་ལ་པདྨའི་བཀའ་དམ་བསྒྲགསཿ ལྷོ་བྱང་ཟས་སྤྱོད་ལོག་པ་ནཿ དེ་ལ་སྦྱིན་བསྲེགས་རྒྱ་ཆེན་བཏང་ཿ དབྱར་དགུན་དྲོ་གྲང་ལོག་པ་ནཿ དེ་ལ་མཁའ་འགྲོའི་མེ་མཆོད་བྱཿ སེར་སྐྱའི་བསམ་སྤྱོད་ལོག་པ་ནཿ དེ་ལ་གསོལ་འདེབས་ལེའུ་བདུན་འབུམཿ དགྲ་གཉེན་མཐུན་པ་གོ་ལོག་ནཿ དེ་ལ་སྐུ་ལྔའི་གསོལ་མཆོད་གཟབཿ ས་གཞིའི་གོམ་པ་འདེགས་གྱུར་ནཿ དེ་ལ་དབང་ཆེན་ཆོ་ག་གཟབཿ བར་སྣང་རླུང་ཐན་མང་བྱུང་ཚེཿ དེ་ལ་སྡེ་བརྒྱད་གསེར་སྐྱེམས་གཟབཿ དེ་ཀུན་སྤྱི་ལུང་སྒོས་ལུང་འགྲེསཿ ཁྱད་པར་རྡོ་འདིར་སྐོར་གྱི་གནསཿ སྤོར་དགེ་ལྷུན་པོ་དཔལ་བརྩེགས་དང་ཿ ཤུགས་ཆེན་འགྲོ་དོན་ལྷུན་གྲུབ་གསུམཿ རྡོར་འཆང་ཏེ་ལོ་ནཱ་རོ་པཿ མར་པ་མི་ལ་སྒམ་པོ་པཿ ཕག་གྲུ་དུས་མཁྱེན་ལྕེ་སྒོམ་པཿ པཀྴི་རང་བྱུང་རྡོ་རྗེ་རྣམསཿ སྤྲུལ་པ་བྱོན་ནས་བྱིན་རླབས་མཛདཿ དེ་ཕྱིར་འབྲེལ་ཐོག་ཀུན་ལ་ཕནཿ དད་ཅིང་གུས་པས་ཕྱག་མཆོད་སོགསཿ སྤེལ་ན་ཕན་བདེ་གོང་དུ་འཕེལཿ འདི་ཕྱིའི་དོན་ཆེན་འགྲུབ་པར་ངེསཿ འདི་ཉིད་ལྕགས་ཕོ་ཁྱི་ཡི་ལོརཿ རྣལ་འབྱོར་བྱང་ཆུབ་རྡོ་རྗེ་ལཿ རང་བྱུང་པདྨས་གསུངས་བཞིན་བྲིསཿ དགེ་བའི་བསྟན་འགྲོར་སྨན་ནུས་ཤོག དགེའོ།། །།


previousདམ་ཆོས་བདེ་ཆེན་ལམ་མཆོག་ལསཿ འབྱུང་འགྱུར་ལུང་བསྟན་སྒྱུ་འཕྲུལ་མེ་ལོང་།next