Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
གང་ཟག་སྒོས་ཀྱི་ལུང་བསྟན་དོན་གསལ་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགང་ཟག་སྒོས་ཀྱི་ལུང་བསྟན་དོན་གསལ་མེ་ལོང་།next

གང་ཟག་སྒོས་ཀྱི་ལུང་བསྟན་དོན་གསལ་མེ་ལོང་།

གང་ཟག་སྒོས་ཀྱི་ལུང་བསྟན་དོན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་བྷྱཿ དཔལ་དུས་གསུམ་ཀུན་མཁྱེན་པད་འབྱུང་དང་། །དོན་དབྱེར་མེད་རིག་འཛིན་མཁྱེན་བརྩེའི་ཞབས། །འབངས་བདག་གི་གཙུག་ཏུ་བཀོད་ནས་སུ། །དུས་འབྱུང་འགྱུར་གྱི་ལུང་བསྟན་ཚོམ་མེར་སྒྲོགས། །དབྱིངས་ཀུན་རྟོག་འཁྲུལ་བྲལ་ཨ་དཪྴའི། །གཟུགས་མ་འདྲེས་རྟེན་འབྲེལ་ལེགས་ཤར་བ། །སྤྱིར་འཛམ་གླིང་ཡོངས་ཀྱི་ལེགས་ཉེས་དང་། །སྒོས་སྨར་ཁམས་ཡུལ་གྱི་བདེ་སྡུག་འཆད། །ཡུལ་རྨ་སྟོད་ཀྱི་རྐྱང་འབྲོང་ཕྱོགས་ཕྱོགས་འབྲོས། །རྨ་རྐེད་དུ་མ་མོའི་རལ་བ་བསིགས། །རྨ་སྨད་དུ་རྒྱ་མི་ནག་པོས་གང་། །བར་སྐབས་རེར་སྤྲིན་བར་ཉི་མ་འཆར། །མཐའ་མ་ཡང་ས་མཁར་སྐྱ་བོའི་གང་། །རྒྱ་བོད་གཉིས་ཕྱི་ནང་རྩོད་པས་འདར། །ཀུན་ཐེ་ཚོམ་གྱི་བསེར་བུས་ངེས་མེད་འགྱུར། །རྨ་སྟོད་དུ་མཐའ་མི་མང་པོ་འཚོགས། །ཐམས་ཅད་ཀྱི་ཕན་ཚུན་ཐེ་ཚོམ་ཟ། །ལྷ་སྡེེ་དང་མི་སྡེ་འདར་ཤིག་ཤིག །སྔར་མེད་སར་གནས་གཞི་བཅག་ལ་ཁད། །བར་སྐབས་སུ་རང་བྱས་ལས་ཀྱིས་ཕུང་། །དར༷་ཐ༷ང་དང་ཡུལ་དེའི་དགོན་ཕལ་མོ། །མི་སྣ་ནི་འབྲུ་ཚོགས་བསྲེ་བ་བཞིན། །གྲོས་མི་མཐུན་ནས་བྱ་ཚོགས་ཀུ་ཅོ་འདོན། །དུས་ནམ་ཞིག་ནི་ལྷ་ཡིས་མགོན་སྐྱབས་བྱེད། །ལྷ་འཇམ་དབྱངས་སྤྲུལ་དང་ཕྱག་རྡོར་སྤྲུལ། །དགོན་དེ་རུ་ནམ་ཡང་རྒྱུན་ཆད་མེད། །དགོན་དེ་ཡི་བྱང་ཕྱོགས་རི་ཐང་མཚམས། །དཔལ་བདུད་འདུལ་མཆོད་རྟེན་ཚད་གྲུབ་ན། །ས་དེ་རུ་བསྟན་འཛིན་བསྟན་པ་རྒྱས། །རྨར་སེ་ལེ་ཐང་ལ་དམག་སྒར་བཅའ། །དམག་ནག་པོའི་དལ་ཁ་ཕུར་བས་བཤོལ། །ཡ༷ར་ཐ༷ང་གི་བསྟན་པ་ཡ་མ་ཟུང་། །རེ་ཞིག་ནི་རྨ་བྱ་ཚང་ལ་ཞུགས། །ཐ་མ་ཡང་གོས་དཀར་བ་མོ་ཅན། །གསང་སྔགས་ཀྱི་བསྒྲུབ་སྡེ་འཐོར་ལ་ལྟོས། །བར་མ་ཡང་ཡ་མ་ཟུང་དུ་གནས། །ཡོ༷་སྟ༷ག་དང་ཁྱེ༷་མདར༷་རྒྱ་གྲོང་ཆགས། །ཁ་མི་འཆམས་འབྲོག་པའི་ཁྱི་ཚོགས་འདྲ། །བར་སྐབས་ཤིག་དགོ༷ན་གན༷ས་བརྒྱ༷་ཕྲག་འབྱུང། །གསང་སྔགས་ཀྱི་བསྟན་ལ་བྱ་ར་བྱེད། །རྡོ་སྟོད་ཀྱི་ཡུལ་སྡེ་རྐྱང་འབྲོང་འདྲེས། །ཐམས་ཅད་ཀུན་བདེ་སྡུག་སྣ་ཚོགས་ངོམ། །སྔར་བྱས་ཀྱི་འབྲས་བུ་སྨིན་ལ་ལྟོས་། །ཆོས་དཀོན་མཆོག་གི་བདེན་པ་མང་བརྗོད་ན། །མཐའ་མ་ཡང་ལེགས་པའི་ལྟས་བཟང་འཆར། །རྡོ་རྐེད་དུ་གསེར་གྱི་ཉི་ཟླ་ཟུང་། །སྔ་དགོང་གཉིས་རེ་མོས་འཆར་བ་མཚར། །དགོན་ཕྲ་མོའི་གྲགས་པས་ས་སྟེང་ཁྱབ། །དཔལ་ཨོ་རྒྱན་གྱི་སྤྲུལ་པ་རྒྱུན་ཆད་མེད། །གསར་རྙིང་གི་བསྟན་ལ་བྱ་ར་བྱེད། །ང་རྒྱལ་གྱི་རི་བོ་མ་མཐོ་ན། །མདོ་སྨད་ཀུན་ཉི་ཟླའི་འོད་ཀྱིས་ཁྱབ། །དོན་དེའི་ཕྱིར་ན་བླང་དོར་ཞིབ་མོ་མཛོད། །གནས་ཤུགས༵་འབྱུང༵་གི་དགོན་པ་ལྷ་ཡི་ལམ། །དཔལ་སངས་རྒྱས་ཀྱི་སྤྲུལ་པ་བར་བར་འབྱུང་། །ཆོས་སྔར་དར་ལ་བཟོ་བཅོས་མང་བྱས་ན། །བཀའ་བསྟན་སྲུང་གི་ཕྲག་དོག་བྱས་པའི་སྐྱོན། །དགོན་དེ་ལ་ནི་ནང་འཁྲུགས་དམག་སྣ་ཞུགས། །ལས་མཐོ་དམན་དུ་གྱུར་པ་འཕྱང་མོ་ཉུག །གནས་དེ་ལ་ནི་དད་གུས་བསྒྲུབ་པའི་ཚེ། །དུས་ནམ་ཡང་ནི་བདེ་སྐྱིད་ལེགས་ཚོགས་འཕེལ། །མཐར་ནམ་ཞིག་ཚེ་ཟངས་མདོག་དཔལ་གྱི་རིར། །དེར་ཐེ་ཚོམ་མེད་དོ་ཨོ་རྒྱན་བཀའ། །དཔལ་བཀའ་བརྒྱུད་པའི་སྒྲུབ་གནས་རྣ༵མ་རྒྱལ༵་དགོ༵ན། །ཁོང་བསྟན་འཛིན་གྱི་སྐྱེས་བུ་བར་བར་འབྱུང་། །དགོན་དེ་ལ་ནི་སྦས་པའི་རྣལ་འབྱོར་གཅིག །དཔལ་ན་རོའི་སྤྲུལ་པས་འགྲོ་དོན་བྱ། །མགོན་བེར་ནག་གིས་བསྟན་ལ་བྱ་ར་བྱེད། །དགོན་དེ་ལ་ནི་འཕོ་འགྱུར་ག་ལ་འབྱུང་། །ཡུལ་རྡོ་སྨད་ཀུན་རྩིད་རྐུད་རྩེ་བྲེགས་འདྲ། །ལྷ་སྡེ་དང་མི་སྡེ་ཐམས་ཅད་ཀྱིས། །འདི་སྣང་གི་ལས་ལ་འབད་ལ་ལྟོས། །མཐའ་མ་ཡང་ཅིར་འགྱུར་ཆ་མ་མཆིས། །གསེར་ལྷ་ཚེ་དགོན་སྒྱུ་མའི་འཁྲུལ་འཁོར་འབྱུང་། །ཡུལ་དེ་ཕྱོགས་སུ་སྐྱས་ཆེན་ཡང་ཡང་འདེགས། །དགོན་ཕལ་ཆེར་ཞིག་བྱ་ཁྱུ་རྡོས་དཀྲོགས་བཞིན། །ལས་ཅིི་བྱ་དང་འདི་བྱ་མེད་ལ་ཐུག །ལྷ་དཀོན་མཆོག་ལ་རྒྱུན་དུ་གསོལ་བཏབ་ན། །དེ་ནམ་ཞིག་ཚེ་སྔར་དཔེ་འདྲེན་ལ་ཁད། །ལྷོ་དེ་ཕྱོགས་ཀྱི་གསར་རྙིང་དགོན་སྣ་ཚོགས། །བདེ་སྡུག་གི་བླང་དོར་མང་པོ་འབྱུང་། །མཐའ་མི་ཡི་ཉུལ་མས་བར་བར་བྲེལ། །ཐ་མ་ཡང་དོན་མེད་མི་ཚོགས་ལ། །བཀུར་སྟི་དང་ཞེ་ས་བྱེེད་དགོས་སྡུག །ཡུལ་སུ་ཝརྞའི་སྡེ་དཔོན་མཆོག་དམན་ཀུན། །དུས་རེ་ཞིག་ནི་ཡུལ་ལྷའི་བྱ་ར་བྱེད། །དེ་མི་བརྟན་ནི་ཡ་མ་བླ་རུ་འགྱུར། །ལྷ་ཨོ་རྒྱན་གྱིས་བྱིན་ཐོབ་པུཎྱེའི་མཚན། །དཔལ་རྒོད་མ་ཡི་ཐང་གི་ས་མིག་དེར། །སྔར་མེད་ཀྱི་བྱིན་རྟེན་རྣམ་པར་རྒྱལ། །མཐུ་དེ་ལ་ནི་བརྟེན་ནས་ཡུལ་ཁམས་བདེ། །དེ་ལོ་རེ་བཞིན་རྟེན་བཞུགས་ཞིག་གསོ་དང་། །རྟེན་ཆ་བརྒྱད་དང་རྡོ་བརྐོས་ཇོ་དར་སོགས། །ལས་དཀའ་ཚེགས་ཡང་མེད་པར་མང་བསྒྲུབ་ན། །ལས་དེར་གཏོགས་ཀྱི་མི་སྡེ་ལྷ་སྡེ་རྣམས། །དུས་ནམ་ཡང་ནི་བདེ་སྐྱིད་དཔལ་ལ་སྤྱོད། །ཚ༷་ཁྲོ༷་སྐྱབ་གཉིས་མ་བུ་ཟུང་འབྲེལ་ཡང་། །བར་སྐབས་རེར་མི་བདེའི་ནང་སྡུག་འབྱུང་། །སྟོད་སྨད་ཀུན་དམག་གི་ལས་ལ་འབད། །བདེ་སྡུག་གཉིས་སོས་ཀའི་ཉིན་མོ་བཞིན། །ཐམས་ཅད་ཀྱིས་བསམ་པ་གཅིག་དྲིལ་དུ། །ལྷ་སྤྱན་གཟིགས་ཀྱི་སྣང་བསྙན་ཁྱད་འཕགས་མདུན། །ལས་དགེ་བསྒྲུབ་དང་བསྙེན་གནས་བསྙུང་གནས་དང་། །ཇོ་དར་དང་མར་མེ་ཁྲི་འབུམ་སོགས། །རྟེན་བཞུགས་དང་ཚོགས་མཆོད་གྲངས་མེད་དང་། །ཁྱད་པར་དུ་ཕྱི་བསྐོར་ནང་བསྐོར་བཞིན། །མ་ཎི་དང་སིངྔྷིའི་སྒྲ་དབྱངས་ལ། །ལོ་དུས་བཞིན་ཀུན་གྱིས་འབད་གྱུར་ན། །གནས་སྐབས་སུ་བསྐལ་པ་རྫོགས་ལྡན་བཞིན། །མཐར་ཐུག་ནི་བདེ་ཆེན་ས་ལ་འཕོ། །ཡུལ་འཛི་སྟོད་དུ་རང་བྱས་རང་ལ་སྨིན། །ལས་འབྲས་ཀྱི་ལྟས་ངན་རང་གིས་བསྒྲུབ། །རང་ཉིད་ལ་འབྱུང་བའི་སྔ་ལྟས་སུ། །སྔར་མེད་སར་ཆུ་ཤིང་སོལ་མདོག་དང་། །བར་སྐབས་རེར་རེ་ནག་སྦྲ་བའི་གང་། །ཆོས་དགེ་བསྒྲུབ་དང་སྡིག་སྤངས་ལས་ལ་འབད། །ལས་འབྲས་ལ་ཞིབ་མོ་ནན་བསྐྱེད་ན། །གནས་སྐབས་རེར་བདེ་བའི་ཁྲི་གདུགས་གསལ། །ཡུལ་ཛམ་བྷ་ལའི་ཐང༵་ཡང་ཁྲ་བོར་འགྱུར། །དཔལ་ཀ་ལ་ཙཀྲའི་རྣལ་འབྱོར་པ། །དེས་སྦས་པའི་ཚུལ་བཟུང་བསྟན་པ་གསོ། །ཆོས་ཕྱོགས་རིས་བྲལ་བའི་བསྟན་འཛིན་འབྱུང་། །ལྷ་ཨོ་རྒྱན་གྱི་སྣང་བསྙན་ང་འདྲ་དང་། །མགོན་བསྟན་པའི་བདག་པོའི་གཟུགས་སྐུ་གཉིས། །འདི་མཐོང་ཐོས་ཀུན་བདེ་ཆེན་ས་ལ་རེག། །དུས་རྒྱུན་དུ་ཚོགས་མཆོད་རྟེན་བཞུགས་གལ། །བར་སྐབས་རེར་སྐུ་ལ་བསེར་བུ་འབྱུང་། །འཛི༷་སྐེད༷་གཉིས་དཔུང་ཚོགས་འགྲན་བཞིན་དུ། །རང་གཞན་གཉིས་གཅིག་སེམས་གཅིག་གིས་དཀྲུགས། །དགྲ་ཟིན་གྱི་བྱ་ར་རེས་མོས་བྱེད། །དབལ་ཤུལ་དང་ཨ་སྐྱོང་གཉིས་པོ་གཏུག། །སྡེ་གཉིས་དེ་ཡ་མ་བླ་རུ་འགྱུར། །འཛི༷་སྨད༷་དུ་དགེ་བའི་ལྟས་བཟང་འཆར། །ཤི་འདྲེ་ཡིས་སྣ་འདྲེན་དར་རྒུད་འབྱུང་། །བར་སྐབས་ཞིག་སངས་རྒྱས་སྤྲུལ་པ་འབྱུང་། །ཁྱད་པར་དུ་འཕགས་པའི་རྗེས་བཟུང་བ། །ཉི་ཕུག་གི་སྤྲུལ་པའི་སྐྱེས་བུ་ཞིག །དེ་ག་རུ་བཞུགས་ནས་འགྲོ་ཚོགས་འདུལ། །ཡུལ་གཞན་འགའ་ཐར་བའི་ལམ་ལ་བཀོད། །སྔར་མེད་ཀྱི་གནས་སམ་གནས་ཆེན་ལ། །རྟེན་བཞེངས་ནས་དེར་འབྲེལ་སེམས་ཅན་ཀུན། །བདེ་ཆེན་གྱི་ས་ལ་བཀོད་ངེས་སོ། །བན་གཟུགས་དང་བུད་མེད་གཉིས་འཚོགས་ནས། །དགེ་བ་ལ་བར་ཆད་མ་བརྩམ་ན། །རྡོར་སེམས་དང་འཕགས་པའི་སྒྲུབ་བཙུགས་ནས། །དེར་འབྲེལ་ཀུན་ཐར་བའི་ལམ་ལ་སྙེགས། །ཡུལ་སྨར༷་རོང་དུ་མུན་པའི་ས་ཆ་ལ། །ཆོས་དགེ་སྡིག་གཉིས་ཡ་མ་ཟུང་དུ་འགྲོ། །ཡུལ་དེར་གནས་ཀྱི་མི་ཆེན་དབང་མཐོ་རྣམས། །ལྷ་ཨོ་རྒྱན་གྱི་གསོལ་འདེབས་ཁྲི་འབུམ་དང་། །མ་ཎི་དང་ཇོ་དར་གྲངས་མེད་ཀྱིས། །རི་ལུང་ཀུན་འགེངས་དང་སྡིག་སྤོངས་རེམས། །ཁྱད་པར་དུ་སེམས་ཅན་སྲོག་བླུ་དང་། །དོན་མེད་ཀྱི་རི་དྭགས་བྱ་གཅན་སོགས། །སྲོག་སྐྱོབས་དང་ཚེ་ཐར་མང་བྱས་ན། །འདི་ཕྱི་གཉིས་བདེ་སྐྱིད་ཉི་མ་འཆར། །བར་སྐབས་ཀྱི་སྡུག་བསྔལ་དེ་ཡིས་སེལ། །རྔ་སྟོད༷་ཀུན་དྲི་ཟའི་གྲོང་ཁྱེར་འདྲ། །རྔ་རྐེད་རྣམས་ཡ་མ་བླ་རྒྱུ་འགྲོ། །རྔ་སྨད་ཀྱི་ཤ་བ་རྒྱ་བོ་དེ། །ཤ་བ་དེ་རྐྱང་ལ་འགྱུར་ཉེན་ཆེ། །རྐྱང་བུ་དེ་འབྲོང་གིས་མ་བསད་ན། །རེ་ཞིག་ནི་ཡུལ་དེའི་བདག་པོར་འགྱུར། །ཐ་མ་བྱང་གི་ཡུལ་དུ་འཕོ། །ཡུལ་སྡེ་གཞན་རབ་ཁའི་ཁྱི་རྒན་འདྲ། །དེར་གནས་ཀྱི་དགོན་སྡེ་ཕལ་མོ་ཆེ། །ཆོས་བཤད་སྒྲུབ་ཀྱི་གྲུབ་མཐའི་རུ་འཛིངས་ངོམ། །དགོན་ལ་ལ་ཞིག་སྟོང་པའི་མཁའ་ལ་ཡལ། །ལ་ལ་ཞིག་དམག་གི་ལས་ལ་རྒྱུག །ལ་ལ་ཞིག་ཅི་བྱ་གཏོལ་མེད་འགྱུར། །ཤར་བཀྲ་ཤིས་སྒོ་མང་རྣར་སྙན་ཡང་། །དུས་དེ་ནས་བཟུང་ཀུན་གྱི་རྩོད་གཞིར་འགྱུར། །དེར་བསྟི་བའི་མཆོག་དམན་ཕལ་མོ་ཆེ། །ཆོས་ཐོས་བསམ་ལ་ཁག་བཞག་རང་གཞན་ཕུང་། །ར༷་རྒྱ༷་དགོན་མི་ནག་འོ་དོད་འབོད། །གསེར༵་ཁང༵་དང་ཆུ༵་བཟང༵་དུང་སྐད༵་སྙན། །བྱ༵་ཁྱུང༵་དགོན༵་ཆུ་དཀྱིལ་ཕ་ཝོང་བཞིན། །སྐུ༵་འབུམ༵་དང་ཇོ༵་ནེ༵་དགུང༵་ལ་རེག །སྟག༵་ཚ༵ང་དང་ལྷ་མོར་དབྱར་རྔ་ལྡིར། །རྒྱལ་ཚ་ཁག་སྣལ་མ་མགོ་བྲེག་འདྲ། །ཟེད་ཟེད་དུ་གྱུར་ནས་ཐ་མ་འཐོར། །ཙི་ན་ཡི་རྒྱལ་ཁབ་དམར་པོས་བཟུང་། །ཡུལ་གྲུ་འགའ་དེ་ཡི་དབང་དུ་འགྲོ། །དེ་སོགས་ཀྱི་ལེགས་ཉེས་མང་འཆར་ཡང་། །དུས་རེ་ཞིག་བཞག་ལ་ནམ་ཞིག་འཆད། །ཨེ་མ། ཡང་ཅིག་སྒྱུ༷་འཕྲུལ༷་མེ༷་ལོང༷་སྐབས། །ཡུལ་དང་དུས་ལ་ཕན་བྱེད་པའི། །གང་ཟག་བཟང་ངན་འབྱོན་ཚུལ་རྣམས། །རེ་ཞིག་གབ་ལ་སླད༷་འཆད༷་ཚུལ༷། །སྣང་མཐའི་སྤྲུལ་པ་པཎ་ཆེན་ནི། །ཙི་ནའི་ཡུལ་བྱོན་ཆོས་ལ་བཙུད། །བདུད་སྤྲུལ་ཁྱི་ཡི་མིང་ཅན་གྱིས། །ཡུལ་སྡེ་ལ་ལ་ཕུང་དུ་བཅུག །སྤྱན་གཟིགས་སྤྲུལ་པས་ལྷ་ལྡན་གྱི། །འགྲོ་བློ་ཆོས་ལ་བསྒྱུར་ནས་ཀྱང་། །མཐའ་ཡི་དམག་ཚོགས་རིམ་བཞིིན་བཟློག །ཙི་ནའི་དམག་ཚོགས་ལོ་རེ་བཞིན། །འུར་ཞིང་ཡུལ་འགར་འཕོ་སྐྱས་བྱེད། །དགོན་ཚོགས་མང་བཅོམ་བསྟན་འཛིན་གསོད། །ནད་མཚོན་མུ་གེའི་སྣ་ཡང་འདྲེན། །ཆོམ་རྐུན་སྣ་ཚོགས་རླུང་ལྟར་འཚུབས། །ལང་གྲོ་པ་དང་གྲུབ་ཆེན་སཱ་ར་ཧའི། །རྣམ་སྤྲུལ་ལྕགས་ཁམས་རྡོ༷་རྗེ༷་གྲོ༷་བོ༷་ལོད༷། །དེར་འབྲེལ་ཕྱིར་མི་ལྡོག་པའི་སོ་ལ་རེག །སངས་རྒྱས་སྤྲུལ་པ་མང་བྱོན་འགྲོ་ཁམས་འདྲེན། །མཆོག་དབྱངས་སྤྲུལ་པ་ཉག་གི་ཕྱོགས་ནས་འབྱུང་། །ཆོས་འབྲེལ་ཐོབ་དང་དེ་ལ་དད་བྱས་ན། །ཨོ་རྒྱན་པདྨ་མཇལ་དང་ཁྱད་པར་མེད། །གང་ཟག་ལས་རབ་དེ་ལ་འཕྲད་པར་ངེས། །འཇམ་དབྱངས་སྤྲུལ་པ་སྨར་གྱི་ཕྱོགས་ནས་འབྱུང་། །གསང་སྔགས་ཆོས་ཀྱི་བསྟན་པའི་སྒྲོན་མེ་སྦར། །ཕྱག་རྡོར་སྤྲུལ་པ་ག༷ར་གྱི་མིང་ཅན་གྱིས། །རེ་ཞིག་བར་དུ་མཐའ་ཡིི་དམག་སྣ་བཟློག །འཇམ་དཔལ་སྤྲུལ་པ་བྱང་གི་ཕྱོགས་ནས་འབྱོན། །འབྲེལ་བ་ཐོབ་ཚད་དཀར་པོའི་ཆོས་ལ་བསྒྱུར། །མདོ་ཁམས་སྟོད་ནས་པདྨའི་མིང་ཅན་གྱིས། །སྔར་མེད་གནས་སུ་རྟེན་བཞེངས་འགྲོ་བ་འདྲེན། །གསེར་གྱི་ཡུལ་ནས་པུ༷ཎྱེ༷་ས་ཁམས་པ། །སྐྱེས་བུ་དེ་ཡིས་སྔར་མེད་རྟེན་བཞེངས་ནས། །རྒྱ་འདྲེ་མ་རུང་འཚོགས་པའི་མགོ་བོ་མནན། །ཡུལ་ཁམས་དེ་རུ་བདེ་སྐྱིད་རེ་ཞིག་འབྱུང་། །ལྷོ་ཡུལ་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཞིག །བར་སྐབས་རེར་བྱུང་ཐམས་ཅད་ཆོས་ལ་བསྒྱུར། །ལྷོ་ཁམས་བྲག་ནས་སྤྱན་གཟིགས་སྤྲུལ་པ་འབྱུང་། །འབྲེལ་བ་ཐོབ་ཚད་དཀར་པོའི་ལམ་ལ་འཁྲིད། །བུད་མེད་བདུད་སྤྲུལ་དེ་ཡི་གྲོགས་བྱས་ནས། །རྡོ༷་འཛི༷་སྨར༷་གསུམ་བདེ་ཆེན་ལམ་ལ་བཀོད། །བྱང་སེམས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་གཅིག །ཨ་ཡི་ཕྱོགས་ནས་པ༷དྨ༷་དངོ༷ས་གྲུབ༷་མཚན། །དེ་དང་འབྲེལ་ཚད་ངན་སོང་དོང་ནས་སྤྲུགས། །ཐམས་ཅད་ཀུན་གྱིས་བླ་མར་འཛིན་པར་བྱེད། །ཕྱག་རྡོར་སྤྲུལ་པ་རྡོ་ཡི་ཡུལ་ནས་འབྱོན། །གསང་སྔགས་བསྟན་པ་ཉིན་མོ་བཞིན་དུ་རྒྱས། །བཻ་རོའི་སྤྲུལ་པ་སྨར་ཁམས་ཕྱོགས་ནས་འབྱུང་། །ཡུལ་ཁམས་སྤྱི་ལ་དགེ་བའི་ལྟས་བཟང་འཆར། །གཡུ་སྒྲའི་སྤྲུལ་པ་མདོ་ཁམས་སྨད་ནས་འབྱུང་། །ཆོས་ཀྱི་མིང་ཅན་རྫོགས་ཆེན་རྣལ་འབྱོར་པ། །གསང་སྔགས་བསྟན་པའི་བདག་པོ་ཁྱད་པར་འཕགས། །རེ་ཞིག་བར་དུ་རྒྱ་འདྲེ་བཟློག་པར་བྱེད། །མཚོ་རྒྱལ་སྤྲུལ་པ་བདེ༷་བའི༷་རྡོ༷་རྗེའི༷་མཚན། །དེར་འབྲེལ་དད་ལྡན་ཕོ་མོ་བདེ་ལ་བཀོད། །འཕགས་པའི་རྣམ་སྤྲུལ་འཛི་ཀའི་ཡུལ་དུ་བྱུང་། །རྟེན་བཞེངས་འབྲེལ་ཐོག་ཐར་བའི་ལམ་ལ་འགྲོ། །ཚ་ཡི་ཕྱོགས་ནས་པདྨའི་མིང་ཅན་ཞིག །སྔར་མེད་གནས་སུ་རྟེན་བཞེངས་འགྲོ་ལ་སྨན། །རྔ་ཡི་ཕྱོགས་ནས་བློ༷་ཡི་མིང་ཅན་གྱིས། །སྒྲུབ་སྡེ་གསར་བཞེངས་བསྟན་པའི་བདག་པོར་འགྱུར། །བདུད་སྤྲུལ་སྤྱོད་པ་ཡ་མ་ཟུང་ཅན་ཞིག །ཡུལ་གྲུ་སོ་སོར་ཆོས་ལུགས་མི་འདྲ་སྟོན། །དེ་དང་འབྲེལ་ཚད་ངན་སོང་གནས་སུ་ལྟུང་། །དེ་ཡི་རྟགས་སུ་ཧ་ལའི་ཚོང་དུས་འོང་། །དེ་སོགས་བཟང་ངན་མང་སྣང་རེ་ཞིག་བཞག ། ༈ ཡང་ཅིག་ནི་སྤྱི་དང་བྱེ་བྲག་གིས། །མཆོག་དམན་ཀུན་བསམ་པ་གཅིག་དྲིལ་དུ། །སོ་སོ་ཡི་དགེ་བསྒྲུབ་སྡིག་སྤངས་རེམ། །ནམ་ཞིག་ཡང་དགེ་བའི་ལྟས་བཟང་འཆར། །ཀཿརྫོགས་དང་དཔལ་ཡུལ་བསྟན་འཛིན་རྣམས། །ཐུགས་མཐུན་ཞིང་གཅིག་གྲོགས་གཅིག་བྱས་ན། །རྙིང་བསྟན་འདི་བླ་ནས་བླ་རུ་འཕགས། །སངས་རྒྱས་ཀྱི་བསྟན་པའི་སྲོག་ཤིང་ཡིན། །ས་བརྟན་གྱི་སྤོ་ལ་ཉི་ཤར་བཞིན། །འཛམ་གླིང་གི་འགྲོ་ལ་ལྷག་པར་སྨན། །དགེ་ལུགས་ཀྱི་བསྟན་པ་རིན་པོ་ཆེ། །ཡུལ་ཕྱོགས་ཀུན་དབྱར་རྔ་བཞིན་དུ་གྲགས། །ཁྱད་པར་དུ་བྱང་གི་ཕྱོགས་སུ་རྒྱས། །མཐའ་མ་ཡང་རྙིང་མའི་ཁུངས་སུ་ཐིམ། །ཇོ༷་ན༷ང་གི་བསྟན་པ་བྱིན་ཆེ་ཡང་། །གསར་རྙིང་ནི་གང་ལ་མ་གཏོགས་པའི། །གྲུབ་མཐའ་འདི་བཞི་ལྔའི་ཕྱོགས་བརྩད་ནས། །ཐ་མ་ཡང་གཞན་གྱི་ཁུངས་སུ་ཐིམ། །བཀ༷འ་བརྒྱུད༷་ཀྱི་བསྟན་པ་འཛིན་མའི་སྤོར། །ཁྲི་གདུགས་ཀྱིས་བསྐོར་བ་བྱེད་བཞིན་རྒྱས། །བཀ༷འ་གད༷མས་ཀྱི་བསྟན་པ་འཕེལ་འགྲིབ་མེད། །ཞི༷་གཅོད༷་གཉིས་གངྒཱའི་རྒྱུན་བཞིན་རིང་། །གྲུབ་མཐའ་གཞན་དུས་ཀྱི་འཕོ་འགྱུར་མཚུངས། །དོན་དེ་ཕྱིར་ན་མཆོག་དམན་འགྲོ་ཚོགས་ཀུན། །ཆོས་དགེ་བསྒྲུབ་དང་སྡིག་སྤངས་མ་བྱས་ན། །དུས་ལྔ་བདོ་ཡི་སྙིགས་མའི་མར་གཤམ་ལ། །ལས་ཅི་འགྱུར་རེ་མི་ཤེས་ཨ་རེ་སྡུག །བྱ་དགེ་དང་མི་དགེའི་སེར་གཟུགས་འགས། །ཡུལ་ལ་ལ་ཙམ་ལ་ལ་ཕལ་མོ་ཆེར། །ཁྲ་གླག་དང་འཕར་སྤྱང་བརྟུལ་ཞུགས་འཛིན། །ཡང་ལ་ལ་ཞིག་བྱི་ལའི་བསམ་སྦྱོར་ངོམ། །གཞན་འགའ་ཞིག་རང་མཐོང་ང་རྒྱལ་གྱིས། །སྦོས་ཆེ་བས་ཁ་ནས་སྒྲེགས་པ་དང་། །དེ་བཞིན་དུ་རྐུབ་ནས་དྲི་ངན་གཏོང་། །དགེ་འདུན་པའི་གཟུགས་བརྙན་བན་འགོང་འགས། །རྩ་བཞི་ཡི་ཁྲིམས་དང་དབང་བཞི་ཡི། །དམ་ཚིག་གི་རིམ་པ་ཆུ་ནང་དུ། །རྡོ་འཕང་བཞིན་བསྐྱུར་ནས་འཁྲུག་ལོང་སྤེལ། །སྤྱི་བྱེ་བྲག་གི་སེར་གཟུགས་ལྟོ་འགྲོ་ཡི། །སེམས་ཇི་ལྟར་འཁྲོས་པས་དམར་སེར་གྱི། །ཕག་གཡར་ནས་ཧ་ལའི་བཟའ་བའི་བཅུད། །དེ་སྙིང་པོར་བཅངས་ནས་ཆེ་དགུ་འགར། །གཡོ་ཟོལ་གྱི་མགོ་སྐོར་རྫུན་ལ་རངས་། །དེ་བཞིན་དུ་མཚོན་ཆའི་ཕུགས་ནོར་གསོག །ལུགས་ཟུང་གཉིས་ཤར་རིའི་ཉི་གྲིབ་བཞིན། །ཆེར་མི་འགྱང་མཚན་མོར་འགྲོ་འདིས་སྐྱོ། །དོན་དེ་ཕྱིར་མཆོག་དམན་འགྲོ་བ་ཀུན། །སྐྱབས་དཀོན་མཆོག་གསུམ་ལ་དད་པ་དང་། །ལར་མ་ལུས་འགྲོ་ལ་སྙིང་རྗེ་དང་། །ཆོས་རྟེན་འབྲེལ་གྱི་བདེན་པ་འདི་ལྟར་སྒྲུབས། །ལྷ་དཀར་ཕྱོགས་ལ་གཏང་རག་བཟང་པོ་དང་། །ནག་ཕྱོགས་ལ་སྦྱིན་པ་གྲངས་མང་སྒྲུབས། །ཁྱད་པར་དུ་གུ་རུའི་རྣམ་ཐར་དང་། །ལེའུ་བདུན་དང་བསམ་ལྷུན་ཁྲི་འབུམ་སྒྲུབས། །ཞི་དྲག་གི་སྦྱིན་བསྲེག་གྲངས་མང་པོ། །གུ་དྲག་དང་རྟ་ཕྱག་ཁྱུང་གསུམ་གྱི། །སྒྲུབ་བསྙེན་དང་བཀའ་བརྒྱད་གཤིན་རྗེ་ཕུར། །འཁྲུགས་སྐོང་དང་སྡེ་བརྒྱད་ཁང་བཟློག་མདོས། །ཁྱད་པར་དུ་མ་ཎི་སིདྡྷི་དང་། །སྒྲོལ་མ་ཡི་ཇོ་དར་རྡོ་བརྐོས་གནད། །དེའི་ཕྱིར་ན་བཟླས་བརྗོད་རེམ་ལ་གྱིས། །དེས་རང་གཞན་དོན་གཉིས་ལྷུན་གྲུབ་འགྱུར། །དོན་དེ་ཕྱིར་ལུང་བསྟན་ཟོལ་མ་འདི། །མི་མདོ་ཁམས་སྨད་དུ་སྐྱེས་པའི་མི། །མིང་བྱང་ཆུབ་རྡོ་རྗེར་འབོད་པ་འདིས། །ཡིད་སྣང་ངོར་གང་ཤར་ལྷུགས་པར་བྲིས། །དབྱིངས་ཆོས་ཉིད་འགྱུར་མེད་བདེན་པ་དང་། །ཆོས་བསླུ་མེད་རྟེན་འབྲེལ་འབྱུང་བའི་མཐུས། །མ་འགྲོ་བའི་སྡུག་བསྔལ་རྒྱུ་རྐྱེན་འབྲས། །ཡོངས་ཟད་ནས་བདེ་ཆེན་འགྱུར་མེད་སྨོན། །ཞེས་འབྱུང་འགྱུར་ལུང་བསྟན་ཐོལ་བྱུང་ཐོགས་མེད་དུ་སྤེལ་བ་འདི་ནི་ཟབ་མོ་གཅོད་ཀྱི་རྣལ་འབྱོར་པ་འཇིགས་མེད་གཞན་ཕན་མཐའ་ཡས་དང་། སྔགས་ཀྱི་རྣལ་འབྱོར་པ་རྔ་བླ་རྒྱལ་བ་མཆོག་དབྱངས་གཉིས་ཀྱིས་བསྐུལ་ངོར། བྱ་བྲལ་རྡོ་བླའི་བྲིས་པ་རིས་མེད་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིག་གུ། །དགེའོ། །དགེའོ། །དགེའོ།།


previousགང་ཟག་སྒོས་ཀྱི་ལུང་བསྟན་དོན་གསལ་མེ་ལོང་།next