Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
ཨེ་མ་ངོ་མཚར་་་་
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཨེ་མ་ངོ་མཚར་་་་next

ཨེ་མ་ངོ་མཚར་་་་

ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྣང་བའི་རྨི་ལམ་སྒྱུ་མ་ལྟར། །བཟང་ངན་སོགས་འཆར་སྒོ་ཆུ་རིས་བཞིན། །འགགས་མེད་དུ་སྣ་ཚོགས་མེ་རེ་རེ། །སྟོངཔ་འདི་ཀུན་གསལ་དབྱིངས་བཞིན་དུ། །ཕྱོགས་ཆ་སོགས་དངོས་མཚན་ལས་འདས་ཀྱང། །དྲན་རིག་གི་ཤེལ་སྒོང་དྲི་བྲལ་ལ། །རང་བྱུང་གི་ཡེ་ཤེས་ཝ་ལ་ལ། །ལྷ་འདྲེ་གཉིས་རྟོག་པས་བཏགས་མོད་ཀྱང་། །སེམས་ཉིད་ཀྱི་རང་རྩལ་འགག་མེད་ལས། །སྣ་ཚོགས་ཀྱི་ཆོ་འཕྲུལ་སྨིག་རྒྱུ་ལྟར། །དྲན་ཤེས་ཀྱི་མིག་སྔར་རབ་མ་རིབ། །དུས་གསུམ་གྱི་ཐ་སྙད་རྫུན་རིས་ཚིག །ཟོལ་ཟོག་གི་རང་བཞིན་ཤེས་མོད་ཀྱང་། །འབྱུང་འགྱུར་གྱི་རྟེན་འབྲེལ་བཟང་ངན་གཟུགས། །སྣ་ཚོགས་ཀུན་རྦ་རླབས་བཞིན་ཤ་ར་ར། །རཱ་ཛ་གང་དུས་འདིར་བྲོ་འཚལ་ཡང་། །སྤྱོད་ལམ་གྱི་ཉེས་པས་མ་བསླད་ན། །ལྷུན་པོ་ཡི་སྤོར་ཆགས་ན་བུན་དེ། །བསེར་བུ་ཡིས་བསྐྱོད་བཞིན་ཡ་ལ་ལ། །མཛའ་འཁོན་གྱི་ཡུལ་གྱུར་ལ་ལ་ཞིག །དགའ་སྐྱོ་ཡི་ཉམས་ཀྱིས་འགྲོགས་གྱུར་ནས། །ཡར་མར་གྱི་སོ་མཚམས་མཚང་ཞིག་ནས། །ཅི་བྱེད་ཀྱི་གཏད་སོ་འཁོར་རོ་རོ། །ཧ་ལ་ཡི་སེམས་ལྡན་ལྟོ་འགྲོའི་ཁྱུ། །བྱ་ཁྱུང་གིས་བསྲུང་བའི་བསྲུང་བྱ་ལ། །འཁྲེན་གྱུར་ཞིང་དུར་གྱི་མངོན་རྟོག་གིས། །གཡོ་འཕྲུལ་གྱི་ཐབས་མང་ཐོ་ལོ་ལོ། །འདི་དག་སོགས་མང་ཞིག་ཆུ་རྒྱུན་བཞིན། །ཐོལ་བྱུང་དུ་ཤར་ཡང་ཐོག་མ་ཙམ། །སྨྲོས་པ་ལས་གཞུང་གཤམ་སྙིང་གཏེར་གཏམ། །བྱུང་བ་དང་འབྱུང་འགྱུར་ཡོངས་ལ་དགེ། །ཡང་ད་དུང་མ་ཚང་ཁ་སྐོང་གི། །ཚིག་བྲག་ཆ་བཞིན་བདེན་རྫུན་བྲལ་བར་སྒྲོགས། །ཤར་རྒྱ་སྟག་གི་ངར་སྒྲས་ཡུལ་འགའ་ཡི། །མི་མང་པོ་ཞིག་རབ་ཏུ་སྐྱོ་ནས་སུ། །དགྲ་ཟིན་གཉིས་ཀྱི་ཕྱོགས་འཛིན་རང་ཞིག་ནས། །རང་གང་དགའ་རུ་ཡིན་པའི་ལྟད་མོ་ངོམ། །ལྷོ་རིན་ཆེན་འབྱུང་གནས་སྡེ༵་དཔོན་ཕལ། །ཆོས་དགེ༵་སྡིག་གཉིས་གོ་ས་བརྗེ་འབྲས་ཀྱིས། །ལས་རྣམ་སྨིན་གྱི་གཟུགས་བརྙན་སྒྲ་རུ་གྲགས། །ནུབ་ལྷ་མི་ཡི་མཆོད་སྡོང་ཕྱི་མའི་མཚོར། །མི་མངོན་པའི་རྒྱ་ཡིས་བཏབ་མོད་ཀྱང་། །ཡོངས་འགྲོ་བ་ཡི་བསོད་ནམས་སྐྱ་རེངས་ཀྱིས། །དུས་ཡུན་རིང་དུ་ཐོགས་མིན་རྟ་བདུན་ཅན་། །གསལ་ངེས་འགྱུར་ལོག་རྟོག་ཆུ་ཁུར་གྱིས། །དཔུང་འཐིབས་སྲིད་ན་སོམ་ཉིའི་འབྱུང་བྱ་དགོད། །བྱང་བཻཌཱུར་ཞུན་མའི་ཆུ་གཏེར་དེར། །སྔར་མི་སྲིད་པའི་རྫས་གཟུགས་ཕུང་འཚེངས་ཅན། །ཡུལ་དེ་ཉིད་དང་གཞན་ཡང་དེ་འདྲའི་འཁྲིད། །འཕྲལ་ལེགས་ཉེས་གཉིས་གང་ཡིན་མི་འཚལ་ཡང་། །ཕུགས་མང་པོ་ཞིག་དགའ་སྐྱོའི་རྒྱུ་རུ་འབྱུང་། །དབུས་བཱཻ་རོ་ཡི་གདུལ་ཞིང་ཡུལ་འདི་ཡི། །རྗེ་རཱ་ཛ་དང་རིགས་ཀྱི་མྱུ་གུ་ཟུང་། །རྫས་མིག་སྨན་གྱི་མདངས་འཛིན་གུར་དབུས་སུ། །ཡུལ་གསེར་ཆ་རུ་གཏོགས་སར་གནས་བཟུང་ངམ། །དེ་གནས་དུས་ཀྱིས་བསྐལ་ནས་བློ་བསྒྱུར་ན། །ས་ཡུལ་རི་འདིའི་གང་འགོམ་བཟང་པོའི་སར། །ཚུལ་གོང་བཤད་བཞིན་བཞུགས་ཁྱིམ་རྨད་བྱུང་དུ། །གཞི་ལེགས་ཕེབས་ན་བཟང་པོའི་མངོན་རྟོགས་མཐོང་། །ཡུལ་གོང་འོག་གི་རྫོང་དྲུག་གྲགས་པ་ཅན། །མིང་བཞི་ལུས་ཀྱི་ཕུང་པོ་གནོད་སྦྱིན་དང་། །ལྷ་དཀོར་བདག་ཏུ་བརྫུས་པའི་གཤིན་འདྲེས་བཟུངས། །དོན་དེ་ཕྱིར་ནི་སྤང་བླང་མི་འཛོལ་གལ། །ཡུལ་གསེར་འཛིན་གྱི་དགའ་མར་རྟེན་བཅས་པའི། །ལྷ་ཡོངས་གྲགས་ལ་བསྙེན་ཞིང་སྲིད་ཞུ་བཀུར། །དེས་ཕན་བདེ་ཡི་གྲོགས་བྱེད་དེར་བརྟེན་པས། །གང་མཛའ་བཤེས་ཀྱི་མཆོག་ཏུ་འཛིན་པར་ངེས། །ཚུལ་དེ་མཐུ་ཡིས་འཕྲལ་ཕུགས་དགའ་བདེའི་རྒྱུར། །འགྲོ་ངེས་པ་ཡི་འབྲས་བཟང་སུས་འགོག་ནུས། །མོ་གདོང་གཅིག་མས་ནག་མོའི་བརྡུལ་ཞུགས་ཀྱིས། །ལྷ་རྒྱང་དུ་བྲོས་ཀྱང་རྟོད་ལ་གནོན། །འདྲེ་ལྷར་རློམ་ཡང་ཕན་གནོད་འཕྱང་མོ་ཉུག །དུས་ཇི་ཞིག་ན་དགའ་སྐྱོའི་མིག་མང་རྩེ། །དེའི་ཕན་གནོད་ཀྱིས་མཆོག་དམན་འབྲིང་གསུམ་གཡོ། །རྐྱེན་དེས་བྱས་ནས་སྲིན་བུ་མགོ་མང་གཟིང་། །དེར་ཀླད་མེད་འགས་སྲི་ཞུ་ཕུ་དུད་བརྩོན། །རྐྱེན་དེ་ཀུན་གྱི་ས་བོན་སུས་བཏབ་ན། །འདྲེ་བྲག་གནས་ཀྱི་རཀྴ་མིར་བབས་དོགས། །དེར་ལྟོས་བཅས་ཕལ་སྡིག་ཏོའི་རབ་ནོན་ནས། །འཕྲལ་ཕུགས་ཟུང་གི་བདེ་ལེགས་ས་བོན་འདོར། །ཡུལ་མི་རེ་ཡི་ཕྱོགས་ནས་མཐུན་སྦྱོར་དང་། །ཡང་མི་དོགས་པའི་ཕྱོགས་ནས་ཁོང་སྲིན་ལངས། །ལྷ་མིར་བརྫུས་ཀྱིས་དངོས་དང་བརྒྱུད་ནས་སྨིན། །འདྲེ་གྲོགས་བརྫུས་ཀྱིས་ལུགས་ཟུང་དུམ་བུར་གཏོང་། །མི་བཟང་བརྫུས་འགས་ཕྱི་ནང་མངོན་རྟོགས་གབ། །ལར་བཟང་ངན་གྱི་རྟགས་མཚན་མང་གསལ་ཡང་། །ཚིག་བསེར་བུ་ཡིས་སྙིགས་དུས་ཤོག་གུའི་བློ། །གཏོར་དོགས་པ་ཡིས་དེ་ལས་མ་སྤྲོས་ཀྱང་། །སླར་སྐབས་ཤིག་ཏུ་བླང་དོར་སྤྲོ་གྱུར་དུས། །དེར་ཅི་དགོས་ཀྱི་རྟེན་འབྲེལ་འགྲིགས་པར་མཛོད། །ཚིག་དེ་སྐད་ཅེས་བྱ་བྲལ་རྡོ་རྒན་གྱིས། །ཚུལ་བྱུང་རྒྱལ་དུ་སྨྲས་སོ་ཡོངས་ལ་དགེ། །དགེའོ།། །།


previousཨེ་མ་ངོ་མཚར་་་་next