Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
ཐོལ་བྱུང་གི་གཏམ་ཐོགས་མེད་དུ་སྨྲས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐོལ་བྱུང་གི་གཏམ་ཐོགས་མེད་དུ་སྨྲས་པ།next

ཐོལ་བྱུང་གི་གཏམ་ཐོགས་མེད་དུ་སྨྲས་པ།

ཨོཾ་སྭ་སྟི། རབ་འབྱམས་རྒྱལ་ཀུན་གྱི་མཁྱེན་བརྩེའི་ནུས་པའི་བདག །དུས་གསུམ་ཀུན་མཁྱེན་གྱི་སློབ་དཔོན་པད་འབྱུང་དང་། །དབྱེར་མེད་མཁྱེན་བརྩེ་ཡི་འོད་ཟེར་སྟོང་འབར་གཟིས། །སྙིགས་དུས་སྐྱེ་དགུ་ཡི་སྨག་རུམ་ཡོངས་གསལ་མཛོད། །ལེགས་པར་གསོན་མཛོད་དང་བསོད་ནམས་ནོར་བུ་ཀྱེ། །དུས་ངན་མེ་གླང་ལ་ཤར་བ་ཙམ་ཉིད་ནས། །སྙིགས་མའི་མངོན་རྟོགས་ཀྱི་ངན་ལྟས་ཤར་བ་ཡིན། །ད་སྟེ་བགྲང་བྱ་གྲངས་མང་ཞིག་མ་འདས་པར། །སྟོད་སྨད་བར་གསུམ་སོགས་དམག་འཁྲུག་མུ་གེ་དང་། །ལོ་ཉེས་སད་སེར་སོགས་མང་ཞིག་འབྱུང་ལྟས་དང་། །ཁྱད་པར་མདོ་སྨད་འདིར་དཀར་ནག་ཁྲ་བོའི་གཟུགས། །མངོན་ཞིངསྣ་ཚོགས་ཀྱི་སྤྱོད་པའི་མིག་མང་རྩེ། །ཤར་ཕྱོགས་ཁྲི་ལྡན་གྱི་རཱ་ཛས་ལྕེ་གཉིས་སྐྱོང་། །ལྷོ་ཕྱོགས་གཅན་གཟན་གྱི་ཁྱུ་སྡེབ་ཀུ་ཅོ་འདོན། །ནུབ་ཕྱོགས་ཆོས་མདོག་གིས་གྲུབ་མཐའི་སྒྲ་རྣམས་སྒྲོགས། །བྱང་ཕྱོགས་རི་འགལ་གྱི་བྱ་སྤྲེལ་མང་ཞིག་འཐབས། །ངང་ཁྱུའི་སྡེ་ཚོགས་ལ་རྒྱ་ཁྲའི་འུར་ཞོགས་སློང་། །པད་རག་གཙུག་རྒྱན་ལ་ཚ་ཟེར་འོད་མདངས་འབར། །དུང་མདོག་ཞྭ་མོའི་རྩེར་ཁུ་བྱུག་གསུང་སྙན་སྒྲོགས། །དཀར་མདོག་ས་བོན་ལ་དམར་པོའི་འབྲས་བུ་སྨིན། །དབུས་གཙང་རི་བཞི་ལ་སྣ་ཚོགས་གཟུགས་བརྙན་ངོམ། ། མདོ་ཁམས་སྒང་དྲུག་ལ་མིག་མང་ཆོ་ལོ་འགྱེད། །རྒྱལ་རོང་རྒྱལ་ཁག་རྣམས་དགྲ་ཟུན་ཡོས་ལྟར་རྔོ། །རྒྱ་སོག་བོད་གསུམ་པོ་ཐག་བྲན་ཇི་བཞིན་བྲེལ། །ཡུལ་ཕྱོགས་ཕལ་མོ་ཆེ་བྱ་ཁྱུ་སྡེབ་བཞིན་འུར། །ཡུལ་འབྲོག་ངེས་མེད་ཀུན་བག་མི་ཕེབས་བཞིན་འདྲོག །ཅི་བྱ་གཏོལ་མེད་ཀྱི་བསམ་སྤྱོད་ཐགས་བྲེགས་བཞིན། །དེ་འདྲེའི་དུས་ངན་གྱི་མངོན་རྟོགས་ངོམ་གྱུར་ཡང་། །སྙིགས་དུས་སྐྱོབས་ངེས་ཀྱི་ལྷ་མཆོག་པད་འབྱུང་ལ། །ཁ་ཞེ་མེད་པ་ཡིས་གསོལ་བ་ཐོབ་དང་ནི། །ངེས་པར་ཕན་བདེ་ཡི་མངོན་རྟོགས་མཐོང་ཞེས་སྨྲ། །མཆོག་གསུམ་རྩ་གསུམ་གྱི་བདེན་པའི་བྱིན་རླབས་དང་། །བདག་གི་ལྷག་བསམ་གྱི་མཐུ་སྟོབས་ནུས་པ་ཡིས། །འགྲོ་རྣམས་དགའ་བདེ་ཡི་དཔལ་ལ་ལོངས་སྤྱོད་ཤོག །ཅེས་འདི་ཡང་རྒྱལ་རོང་པ་བསོད་ནམས་ནོར་བུའི་ངོར་རྡོ་བླ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ཐོལ་བྱུང་གི་གཏམ་ཐོགས་མེད་དུ་སྨྲས་པའི་དགེ་བའི་འགྲོ་རྣམས་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག། །།དགེའོ།། །།


previousཐོལ་བྱུང་གི་གཏམ་ཐོགས་མེད་དུ་སྨྲས་པ།next