Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
ན་མོ་གུ་རུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousན་མོ་གུ་རུ། next

ན་མོ་གུ་རུ།

ན་མོ་གུ་རུ། རྗེ་མཆོག་གསུམ་ངོ་བོ་རྡོ་རྗེ་འཆང་། །མགོན་ཨོ་རྒྱན་པདྨ་དབྱེར་མེད་པའི། །དཔལ་མཁྱེན་བརྩེའི་འོད་ཟེར་རིན་པོ་ཆེས། །ཁོངས་དབང་དམ་པར་བྱིན་གྱིས་རློབས། །བདག་ཆུང་ནས་ཤེས་བྱར་མ་སྦྱངས་པས། །ཚིག་སྐྱོན་མེད་ཀྱི་ལན་ལྡོན་དཀའ་མོད་ཀྱང་། །ཕ་བླ་མ་རྣམ་པ་ཉི་ཤུའི་གྲངས། །ཡོངས་སྐྱབས་ཡུལ་དུ་བརྟེན་བཞིན་སེལ་མེད་མཐུས། །ཆོས་རྟེན་འབྲེལ་བདེན་པ་གསལ་སྙམས་ཡོད། །དོན་དེ་ཕྱིར་འཕགས་མཆོག་དམ་པ་ཡིས། །བཀའ་ཇི་ལྟར་ཕེབས་བཞིན་འདིར་སྤེལ་ན། །ཡོངས་ཐོག་ཏུ་ཁེལ་ཞིག་བླ་མ་མཁྱེན། །ད་གསོན་དང་ཆོས་རྒྱལ་རྡོ་རྗེ་འཛིན། །ཐུགས་འཕྱང་མོ་ཉུག་གི་བློ་སྤོང་ལ། །དོན་འདི་རྣམས་དགོངས་པར་བསྟིམས་འཚལ་ལོ། །ཤར་མ་ཧཱ་ཙི་ནའི་རྒྱལ་ཁམས་སུ། །སྔར་མི་སྲིད་པའི་ཁྲིམས་གསར་མངོན་རྟོགས་ངོམ། །རྐྱེན་དེས་བྱས་ནས་གོ་ལོག་སྣ་དགུ་འབྱུང་། །འོན་ཀྱང་ནི་སྔ་འགྱུར་རཏྣའི་སྒྲོམ། །ཡོངས་སྡེ་བརྒྱད་ཀྱིས་གབ་པ་མངོན་ཕྱུང་ནས། །ཡུལ་དེ་ག་རུ་མི་མངོན་ཚུལ་གྱིས་ནི། །དུག་རེག་ཕུང་རྫས་འཚོ་བྱེད་སྨན་མཆོག་ཏུ། །བསྒྱུར་ངེས་གྱུར་ན་དགའ་སྐྱོའི་གཏམ་མང་སྦིར། །འཕྲལ་ཕམ་རྒྱལ་གྱི་མིག་མང་རྩེ་གྱུར་ཡང་། །ཕུགས་སྔ་འགྱུར་གྱི་གངས་རྩེར་གདོང་ལྔ་འགྱིང། །ཚུལ་དེ་མཐུ་ཡིས་གནམ་ས་གོ་འཕྱུག་བྲལ། །ལྷ་མི་སྡེ་ཕལ་ཆེར་བྱེར་ཞིང་འདུ། །ཧོར་ཕལ་མོ་ཆེས་རང་ཕུང་རང་བརླག་བྱེད། །དེའི་ནང་ཚན་ལ་བྲག་རྩེར་བྱ་འུག་འཚོགས། །རྐྱེན་དེས་བྱས་ནས་རྒྱ་བོད་ཐན་ལྟས་རིགས། །མི་གཡོ་ཅན་གྱི་རྗེས་སུ་འབྲང་སྟེ་མཆི། །ཧོར་དྲེ་བོ་ཡང་ཕྱི་མཛེས་ནང་རུལ་བཞིན། །ཆོས་འཇིག་རྟེན་ཟུང་དབྱར་ཁའི་འཁྱག་རོམ་བཞིན། །ཞག་འགའ་སོང་གི་རྗེས་སུ་ཡོན་ཏན་བྲི། །དགོས་ནི་རི་བ་གྲུབ་མཐའི་བསམ་ངན་འཆང་། །དུས་ཡང་ཡང་དུ་མངོན་མིན་མཐོང་ཆེས་སྐྱོན། །དཔོན་ཆབ་འབངས་ཀུན་བདེ་དོགས་རེས་འགའ་ལྟར། །འགྱུར་མོད་ཀྱང་དཔོན་གྱིས་རེ་ཞིག་སྐྱོབས། །འོན་ཀྱང་་ནི་ལོ་ལྔ་ཚུན་དུ་འཚུབས། །ཡོངས་རྒྱལ་བསྟན་གྱི་འབྱུང་གནས་སྡེ་བཞི་དང་། །དགེ་བཅུ་སོགས་མདོ་སྔགས་ཆུ་མགོ་ཡི། །གངས་རི་ལྟར་དཀར་ཞིང་བརྟན་པའི་གནས། །དུས་དབང་གི་ཁྲ་བོར་འགྱུར་ངེས་ན། །མཆོག་གསུམ་གྱི་བདེན་མཐུས་དེ་བཟློོག་ནས། །རབ་དཀར་གྱི་འོད་མདངས་འཕྲོ་ཡང་སྲིད། །ཞབས་པད་ཉིད་ད་ལྟའི་བགྲང་བྱའི་གྲངས། །བཞི་ལྔ་ཚུན་གེགས་འཚུབས་ཅུང་ཟད་ཅིག །འབྱུང་བའི་ལྟས་ཤར་བའི་འགལ་སྤོངས་ཕྱིར། །ཚེ་བསྙེན་གྱི་གཟུངས་གཞུག་ལྡན་པ་ཡི། །ཚྭ་འབུམ་ཡང་གསུམ་ལས་མི་ཉུང་དང་། །དེ་བཞིན་དུ་ཆུ་གཏོར་འབུམ་ཕྲག་བཅུ། །མཎྜལ་ཡང་དེའི་གྲངས་འདོད་གསོལ་བཅས། །བྱ་སྟོན་དང་བྱིས་པས་སྟོན་མོ་གཟབ། །སྔོན་ཞུས་བཞིན་སྤྲང་སྦྱིན་ཕྱོགས་མེད་བཏང་། །གསར་རྙིང་གི་དགོན་སྡེ་ཐམས་ཅད་དང་། །གཤེན་བོན་དང་བཅས་པ་ཀུན་ལ་ཡང་། །སོ་སོ་ཡི་ཚེ་སྒྲུབ་ཚེ་བསྙེན་དང་། །ཚེ་གཟུངས་ཀྱང་འབུམ་རེའི་གསུངས་བསྐུལ་གནད། །བརྒྱ་བཞི་ཡང་ལོ་གྲངས་བརྒྱ་རྩ་རེ། །ཁ་འབར་མའི་མདོས་བཏང་ཆུ་ལ་བསྐྱལ། །ལན་ཆགས་ཀྱི་གླུད་བསྔོས་གང་མང་བཏང་། །རང་ཡུལ་དུ་བཞུགས་གདན་གཏན་འཇགས་ལས། གཞན་ཡུལ་དང་ལ་རྩེ་ཆུ་སྒྲོལ་སོགས། །འབྱོན་བཞུགས་ཀྱི་མཛད་པ་མ་སྤངས་ན། །འགྱོད་ཆེན་གྱི་མངོན་རྟོགས་གསལ་བར་ངེས། དེའི་ཕྱིར་ན་བླ་དོར་མི་འཛོལ་གནད། །ཚིག་འདི་རྣམས་ཡལ་བར་མི་དོར་གལ། །ནུབ་དབུས་གཙང་རུ་བཞི་མ་ངེས་གཟུགས། །ལྟས་མི་རུང་སྣ་དགུ་འགྲན་པ་བཞིན། །ཆོས་འཇིག་རྟེན་གཉིས་ཀ་ཁྲ་བོ་རུ། །འགྱུར་ངེས་པ་ཡི་སྔོན་ལྟས་འབྱུང་འགྱུར་ཚེ། །དབུས་ལྷ་ལྡན་གྱི་མཆོད་སྡེ་གསར་སློང་ཡང་། །དེར་རེ་དོགས་ཀྱི་དགའ་སྐྱོའི་ཚོན་མང་བྱུགས། །རྐྱེན་དེ་ལངས་པས་བོད་ཡུལ་འཚུབས་མས་ཁྱབ། །བཀྲ་ཤིས་ཀྱིས་ལྷུན་པོའི་ལྷུམས་བྲལ་བའི། །རྐྱེན་བྱས་ནས་ཕ་བི་བི་དང་། །མ་མ་དང་མི་མིའི་ཆོ་རོལ་ངོམ། །དེ་ལྟར་ཡང་རེ་ཞིག་མོག་པོར་འགྱུར། །དེ་ཕྱིན་ཆད་ནས་ངང་བའི་ཁྱུ་ཆེན་པོ། །རྒྱ་ཁྲ་ཡི་འཇིགས་པས་སྐྲག་གྱུར་ནས། །དོགས་ཟོན་གྱི་ངང་དུ་གནས་དགོས་ཀྱང་། །སོ་ཐར་གྱི་ན་བཟའ་རལ་བས་བཏུམ། །ཡུལ་ཕལ་མོ་ཆེར་འཁྱམས་ཡང་སྐྱོ་དགའ་འཕེལ། །ཆོས་བརྒྱད་ཀྱི་མངའ་བདག་སྟོན་གཟུགས་ཕལ། །ཆོས་མིན་གྱི་སྤྱོད་པའི་ཆེ་ཐང་གི །ཁེངས་དྲེགས་ཀྱི་སྐྱོན་ཆེན་རང་ཐོག་ཏུ། །ལྡོག་གྱུར་ན་ཅི་བྱ་གཏོལ་མེད་འགྱུར། །རྨ་བྱ་ལྟར་དུག་གི་ལྟོ་ཟ་ཡང་། །གསང་སྔགས་ཀྱི་དུག་སེལ་སྔགས་དབེན་པས། །ཧ་ལ་ཡིས་ཐར་ལམ་སྲོག་གཅོད་འགྱུར། །དེ་ལ་སོགས་མི་རུང་མི་ཤིས་ལྟས། །མང་རབ་ཞིག་གསལ་ཡང་དེ་ཙམ་མོ། །བྱང་ཕྱོགས་ནས་གངས་ཆེན་ཞུ་བའི་ཆབ། །མཚོ་སྔོན་དང་འདྲེས་པའི་ཆོ་རོལ་གྱིས། །རྒྱ་སོག་གི་རི་བོ་གང་མང་གི། །ལྟོ་དྲལ་ནས་ཤྭ་འུད་རྒྱུག་གྱུར་ན། །ཁམས་ཡུལ་འདིའི་ཞིང་མང་གྲམ་པར་བརྡལ། །རང་འབྱོར་གྱི་མ་ངོམས་གཅན་གཟན་ཁྱུས། །གཞན་སྡེ་ཡང་བག་མེད་ཟས་སྐྱེན་གྱིས། །བླར་གནས་ཀྱི་བྱ་ཁྱུང་ག་རུ་ཊས། །ཁྲེལ་མེད་ཀྱི་གཅན་གཟན་གདུག་པའི་ཁྱུ། །ལྷག་མེད་དུ་གཞོམཚེ་སྐྱབས་ཡུལ་བྲལ། །དེ་ཐམས་ཅད་དགོས་པ་ཆུང་ན་ཡང་། །ཚིག་ཐོལ་བྱུང་དུ་ཤར་བ་ཐོགས་མེད་སྨྲས། །མདོར་རྒྱལ་ཁབ་དེའི་ཆབ་འབངས་ཕལ་མོ་ཆེས། །ཕྱོགས་གཞན་ཞིག་ལ་བལྟ་འདོད་ལམ་རྒྱུག་མིན། །རྗེ་རྒྱལ་པོ་ཉིད་འབངས་འཁོར་ཐམས་ཅད་ལ། །ཕ་མ་ལྟར་བྱམས་པར་གྱུར་ན་ནི། །ཁོང་མངའ་འོག་ཐམས་ཅད་བུ་ལྟར་འདུད། །དོན་དེ་ཕྱིར་ན་ཞལ་ཆེམས་ཐུགས་ལ་ཆོངས། །དུས་ས་ཡོས་ལོ་ལོ་ཐོག་གསར་སྐྱེས་ལ། །ཉེར་འཚེ་ཡང་ཅུང་ཟད་ཆེ་བའི་ལྟས། །ཤར་གྱུར་ན་དེ་ལ་ཕན་བྱེད་ཆོས། །སྟོད་སྨད་ཀྱི་གྲོང་པ་ཐམས་ཅད་ཀུན། །སྤྱི་རིམ་དང་སྒོས་རིམ་ཅི་འདོད་བཞིན། །སྤྲིན་ཆེན་མདོ་སྟོང་ཚར་གསུང་སྒྲོགས་དང་། །ཀླུ་ཆོག་དང་ས་བདག་འཁྲུགས་བཅོས་ལ། །བརྟེན་ས་ཡི་བཅོས་ཕྲན་གཟབ་རྒྱས་དང་། །སྒྲོལ་མ་དང་རིག་བྱེད་ལྷ་མོ་ཡི། །ཆོ་ག་དང་བསྐང་ཚོགས་ཅི་མང་དང་། །བསྟན་མ་དང་ཚེ་རིང་མཆེད་ལྔ་ཡི། །གསལ་མཆོད་དང་ལོ་ཏོག་སྤེལ་ཐབས་འབུངས། །ཁྱད་པར་དུ་འཁོར་འདས་མཆོད་པ་དང་། །སྡེ་བརྒྱད་ཀྱི་མཆོད་པ་ཅི་མང་དང་། །ཆུ་གཏོར་ཡང་འབུམ་ཕྲག་གྲོང་བའི་གྲངས། །རི་རྒྱ་དང་ཀླུང་རྒྱ་བྱ་བྱིས་སྟོན། །སྤྲང་སྦྱིན་དང་བཀྲ་ཤིས་བརྩེགས་མདོ་ཡང་། །སྟོང་ཕྲག་གི་བར་དུ་ཀློག་བཅོལ་གལ། །ཚུལ་དེ་དག་ཇི་བཞིན་ཐོག་ཁེལ་ན། །ཕན་ངེས་པ་བླ་མའི་བཀའ་རྗེས་འགྲོ། །སྐྱབས་མཆོག་གསུམ་བདེན་པའི་བྱིན་རླབས་དང་། །མི་བདག་གི་ལྷག་བསམ་རྣམ་དག་མཐུས། །འདིར་འགལ་སྤོང་མཐུན་བསྒྲུབ་སྨོན་པའི་དོན། །ཀུན་ཡོངས་སུ་འགྲུབ་པའི་བཀྲ་ཤིས་ཤོག། །།


previousན་མོ་གུ་རུ། next