Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
འབྲེལ་ཐོགས་རྣམས་འཕྲལ་ཕུགས་ཀུན་བདེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའབྲེལ་ཐོགས་རྣམས་འཕྲལ་ཕུགས་ཀུན་བདེ།next

འབྲེལ་ཐོགས་རྣམས་འཕྲལ་ཕུགས་ཀུན་བདེ།

ཨེ་མ་ཧོ། ཞིང་རབ་འབྱམས་རྒྱལ་བ་སྲས་བཅས་ཀྱི། །དཔལ་ཡོན་ཏན་གྱི་མངའ་བདག་ཨོ་རྒྱན་རྗེ། །གང་མངལ་སྐྱེས་ཀྱི་ཚུལ་བཟུང་གྲུབ་མཆོག་གཙོ། །ཨོ་རྒྱན་འཇིགས་མེད་གླིང་པས་དགེ་ལེགས་སྩོལ། །དུས་སྔོན་བྱོན་གྱི་སངས་རྒྱས་བྱང་སེམས་དང་། །ཉན་རང་དང་འཕགས་བོད་གྲུབ་ཐོབ་རྣམས། །ཆོས་ལྐོག་གྱུར་གནས་མངོན་སུམ་གཟིགས་ལགས་ཀྱང་། །དུས་ད་ལྟ་ཡི་བདག་དང་བདག་འདྲ་ཡིས། །ཚུལ་ཇི་བཞིན་དུ་ཤེས་རློམ་ནོངས་པའི་རྒྱུ། །ཡིན་མོད་ཀྱང་བཛྲ་པཱ་ཎི་ཡིས། །རྒྱུད་བྱིན་གྱིས་རླབས་པའི་ནིརྨ་ཀའི། །གསུང་ལན་མེད་བྲག་ཆ་ལྟར་གྱུར་ན། །ཐུགས་རངས་མིན་དོགས་ནས་འབྱུང་འགྱུར་གྱི། །རྟེན་འབྲེལ་དང་ལེགས་ཉེས་བཟང་ངན་གྱི། །གཟུགས་ཨ་ཪྴར་སྣང་བཞིན་འདིར་ངོམ་ན། །སེམས་ཐེ་ཚོམ་དང་བྲལ་བས་ལྟད་མོ་ལྟོས། །སྟོད་དབུས་གཙང་དུ་གཅན་གཟན་མགོ་དགུ་འབྱུང་། །རྐྱེན་དེས་བྱས་ནས་འཁྲུག་རྩོད་ཡོས་ལྟར་རྔོ། །དེར་གསེར་མདོག་གི་པུཥྤེའི་ཞིང་ས་ལ། །གཞན་ལྷ་མིན་གྱི་སྒྱུ་འཕྲུལ་སེར་བས་འཚེ། །དེའི་རྐྱེན་ལངས་ཏེ་དབུས་གཙང་ཁམས་གསུམ་སོགས། །ཡོངས་རྒྱལ་ཁམས་ཀུན་ཝ་སྤྲེལ་ཁྱི་སྤྱང་གི །དུད་མོ་དང་ཕ་ཕ་བི་བིའི་སྒྲ། །མ་མ་དང་མི་མིས་སྣང་བ་གཙེར། །བར་མདོ་སྔགས་ཀྱི་མ་ཕྱིའི་འབྱུང་གནས་སུ། །ཆོས་སྔ་དར་གྱི་ས་བོན་དུག་འབྲུ་བསྲེ། །དེས་རྐྱེན་བྱས་ནས་ལྷ་འདྲེ་མི་གསུམ་འཁྲུག །མཐོ་འཆི་མེད་ལམ་གནས་བྱ་རྒྱལ་རྒོད། །དམའ་དོག་མོ་ཡི་ས་དོང་རྙིས་འཛིན་སྲིད། །སྐྱོན་སྣ་ཚོགས་ཀྱི་བྱ་རིགས་མང་འདུས་ནས། །བར་མདོ་ཁམས་སྟོད་སྣ་ཚོགས་སྒྲ་ཡིས་འགེངས། །སྨད་དར་མདོ་ཡན་སྟག་གཟིག་དོམ་དྲེད་དང་། །འཕར་སྤྱང་སྡིག་སྦྲུལ་སོགས་འཁྲུག་ལྟས་ཤིག་ཤིག་གཟེངས། །ཡུལ་མདོ་སྨད་ཀྱི་རྒྱལ་རོང་ས་ཆ་ཀུན། །ཕལ་མོ་ཆེ་ཁྱི་ཕག་ཚང་འཐོར་བཞིན། །མཆོག་དམན་གྱི་གོ་ས་འཆོལ་ཡང་རྩོད། །ཤར་ཉི་འོག་གི་ཙི་ནའི་རཱ་ཛ་ཆེས། །ཁྲིམས་ཁྲ་བོ་རུ་སྟོན་བཞིན་གོལ་འཆུག་ངོམ། །དེས་རྐྱེན་བྱས་ནས་རྒྱ་བོད་དུམ་བུར་བགོ། །ལྷོ་ཉག་རོང་གི་སྟོད་སྨད་བར་གསུམ་པོར། །སྔར་མ་དར་བའི་ཟ་བྱེད་མཆུ་རྣོན་གྱིས། །དུས་ངེས་མེད་དུ་འབིགས་ཀྱང་རང་བྱས་ལས། །ཡུལ་དེ་ནས་བཟུང་སྟེ་ལྷོའི་རྒྱལ་ཁམས། །ཀུན་ས་འོག་གི་ལྟོ་འགྲོའི་རྩེད་མོས་ཕུངས། །དེའི་ནང་ཚན་ལས་ཧོར་ཞེས་ཁོལ་བུ་པ། །ཀུན་ཕྱི་ནང་དང་བར་གྱི་འཚེ་བས་འགྲོགས། །བྱང་བོད་སོག་གི་ལྷ་སྡེ་མི་སྡེ་དང་། །སྔར་སྡེ་དང་བོན་སྡེ་ཀླ་ཀློའི་སྡེ། །ཀུན་ལུགས་ཟུང་གི་ཁྲིམས་གསར་རེ་འབྱམས་ཀྱི། །ལྕེ་དུག་དང་ཁ་རླངས་ཀྱི་དུག་གིས་མནར། །རྐྱེན་དེས་བྱས་ནས་སེར་བོའི་བསྟན་པའི་ཁྱུ། །དཔེར་ངང་བའི་ཁྱུ་འགྲོགས་བཞིན་བྱེར་ཞིང་སྡུད། །ནུབ་དཀར་སེར་དམར་མཐིང་ནག་ཆོས་ལུགས་སྡེབ། །དཀར་པོའི་དཔུང་བསིལ་རིར་ཉི་མས་བཞིན། །སེར་བོའི་ཞིང་སྒྱུ་མའི་སྲིན་བུས་ཟ། །དམར་པོ་ལ་མཐིང་ནག་རྒྱན་ཆ་འདོག །དེས་རྐྱེན་གྱིས་གསང་སྔགས་འཆོལ་བར་སྤྱོད། །འོན་ཀྱང་ནི་གཏེར་ཆོས་འགྲོ་ལ་སྨན། །ཞྭ་དུང་མདོག་ལ་ལྗང་གུའི་རྒྱན་ཆས་འདོགས། །ཤར་ཀཿཐོག་ལ་ས་བདག་ཀླུ་གཉན་གྱིས། །ཕན་གནོད་གཉིས་རེས་མོས་བྱེེད་ལྟར་འགྲན། །ལྷོ་བལ་ཡུལ་དུ་ཆ་ལུགས་ཆོས་ལུགས་ཚུལ། །རང་ལུགས་ཞེས་སད་ཀྱིས་བཀྲག་མེད་བྱེད། །འཛི་སྟག་མོ་དགོན་སྟག་ལྤགས་རི་མོ་བཞིན། །བཀྲག་གཟི་མདངས་ངོམ་ཡང་གསོབ་ལས་ཅི། །བྱང་ཨ་ཏི་ཡི་ཚོམ་བུའི་རྟེན་བརྟེན་པ། །ཀུན་ཡར་མཐའ་དང་མར་མཐའ་མ་ལྷུང་བཞིན། །དུས་རེ་ཞིག་ལ་མིང་དོན་མ་འཆོལ་ཙམ། །གནས་རྒྱལ་རོང་གི་དབེན་གནས་རི་ཁྲོད་ཀྱང་། །དུས་རེ་ཞིག་ལྷ་ཁང་རི་མོ་བཞིན། །སྟོན་འཁོར་བཅས་དཱི་བཾ་རི་མོར་མཚུངས། །འོན་ཀྱང་ནི་སྟོན་པ་དབྱིངས་བཞུགས་ཀྱི། །མངོན་རྟོགས་ཀྱི་ཐུགས་རྗེས་མ་དོར་ན། །ལྷ་མིའི་སྡེ་ཡ་བྲལ་མ་སོང་ཙམ། །འོང་གྱུར་ན་དགྲ་ཟླ་གྲོགས་སུ་གྱུར། །ལར་དུས་འདི་ནས་བཟུང་སྟེ་བགྲང་བྱ་ཡང་། །ལྔ་དྲུག་ཚུན་དུས་ལོག་གི་གཟུགས་བརྙན་ཡང་། །ལོ་རེ་བཞིན་མི་སྡུག་གཟུགས་དང་སྒྲ། །འབྱུང་བཞི་ཡི་གཡོ་འཁྲུག་སྣ་ཚོགས་གཟུགས། །འབྱུང་ངེས་ཀྱང་སུས་ཀྱང་བཟློག་པར་དཀའ། །འོན་ཀྱང་ནི་སྙིགས་དུས་སྐྱོབས་པའི་ལྷ། །ཨོ་རྒྱན་གྱི་སློབ་དཔོན་པད་འབྱུང་ལས། །གཞན་པ་སུས་བཟློག་པར་དཀའ་ངེས་ཕྱིར། །ཨོ་རྒྱན་གྱི་རྣམ་ཐར་སྟོང་ཚར་དང་། །ལེའུ་བདུན་མ་ཁྲི་དང་བསམ་ལྷུན་འབུམ། །གུ་རུ་ཡི་བསྙེན་པ་དུང་ཕྱུར་གྲངས། །ཆོས་རྒྱལ་གྱི་ཡང་སྲིད་ཉང་རལ་དང་། །ཆོས་དབང་དང་རྒོད་ལྡེམ་པ་གསུམ་གྱིི། །གཏེར་བྱོན་གྱི་བཀའ་བརྒྱད་རྣམ་གསུམ་དང་། །ཕུར་སྒྲུབ་དང་གུ་རུ་དྲག་པོ་ཡི། །སྒྲུབ་པ་དང་འབྲེལ་བའི་ལས་མཐའ་ཡང་། །བསྲེག་མནན་དང་འཕང་བའི་ལས་ལ་བརྩོན། །བྱ་ཁྱུང་གི་གཤོག་པ་གཡོས་གྱུར་ན། །སྔ་འགྱུར་གྱི་ཁྲོ་བོ་བཅུ་ལ་སོགས། །ཁྲག་འཐུང་གི་ཚོགས་ཀྱི་འཐོར་རླུང་དང་། །རིགས་སྔགས་ཀྱི་བརྫུས་པའི་མེ་དཔུང་གིས། །ཡང་ཡང་གིས་བཟློག་ན་ཞི་བར་ངེས། །ས་འོག་གི་ལྟོ་འཕྱེས་འགྲེ་ལྡོག་གིས། །ཡུལ་ཕྲན་འགའི་དབྱིག་འཛིན་སློག་གྱུར་ན། །ག་རུ་ཊ་དམར་ནག་གིས་བསྙེན་སྒྲུབ་དང་། །ལས་སྦྱོར་དང་ས་བདག་དབང་ཆེན་གྱི། །སྒྲུབ་པ་ལ་ནན་གྱིས་འབུངས་གྱུར་ན། །རེ་ཞིག་ཙམ་ཞི་ཞིང་བཟློག་པར་འགྱུར། །འབྲུག་སྦྲུལ་ལ་མཐོ་དམན་གོ་ལྡོག་དང་། །བཟང་ངན་དང་ཡུལ་འབྲོག་དེ་བཞིན་འགྱུར། །རྟ་ལུག་ལ་སྐམ་གཤེར་གོ་ལྡོག་དང་། །སེར་སྐྱ་ཡི་བསམ་སྦྱོར་གོ་ལོག་འབྱུང་། །སྤྲེལ་བྱ་ལ་རི་ཐང་བརྗེ་ལེན་དང་། །དལ་འགྲོའི་རྒྱུན་མགོ་མཇུག་ལྡོག་འདྲ་ལ། །རྐྱེན་བྱས་ཏེ་རྟེན་གསུམ་ག་གེ་གཡོ། །ཁྱི་ཕག་ལ་ནད་མུག་མཚོན་འཁྲུག་དང་། །དབུས་མཐའ་སོགས་མི་འགའ་སྡོད་པ་འདམས། །ནུབ་བྱི་གླང་ལ་ཆོས་དང་འཇིག་རྟེན་ཟུང་། །བབ་ཆོལ་གྱི་ཁྲ་བོའི་གཟུགས་བརྙན་ངོམ། །སྟག་ཡོས་ལ་ཕྱོགས་མཚམས་ཕལ་མོ་ཆེ། །ཡོས་རྔོད་བཞིན་འདུ་ཞིང་འཐོར་ཡང་སྲིད། །དེ་ཕན་གྱིས་བགྲངས་བྱ་འགའ་དང་འགར། །རྫོགས་ལྡན་དང་གསུམ་ལྡན་གཉིས་ལྡན་དང་། །རྩོད་ལྡན་དང་བཅས་པའི་སྒྱུ་མ་ངོམ། །དེའི་རྗེས་སུ་བདེ་ཆེན་འགྱུར་མེད་གྱུར། །མཆོག་གསུམ་དང་རྩ་གསུམ་བདེན་སྟོབས་དང་། །ཁོ་བོ་ཡི་ལྷག་བསམ་རྣམ་དག་མཐུས། །བསྟན་གཡོའི་ཁམས་བདེ་ཆེན་ཞིང་ཁམས་ལྟར། །སྡུག་བསྔལ་གྱི་མིང་མེད་བདེ་སྐྱིད་འཛོམས། །འགྱུར་མེད་ཀྱི་དཔལ་ཡོན་ཕུན་ཚོགས་ཤོག། །།དགེའོ།། །།


previousའབྲེལ་ཐོགས་རྣམས་འཕྲལ་ཕུགས་ཀུན་བདེ།next