Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
དཔལ་ཨོ་རྒྱན་གྱི་ཐུགས་རྗེའི་འོད་ཟེར་འཕྲུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཨོ་རྒྱན་གྱི་ཐུགས་རྗེའི་འོད་ཟེར་འཕྲུལ།next

དཔལ་ཨོ་རྒྱན་གྱི་ཐུགས་རྗེའི་འོད་ཟེར་འཕྲུལ།

དཔལ་ཨོ་རྒྱན་གྱི་ཐུགས་རྗེའི་འོད་ཟེར་འཕྲུལ། །དུས་སྙིགས་མའི་འདྲེན་མཆོག་ཨ་བྷྱཿ དཱི་པ་ཡིས་ཇི་བཞིན་གསལ་མཛད་ན། །ཀུན་དག་སྣང་དང་དད་མོས་གསལ་པོར་ངོམ། །གནས་མཆོག་དེའི་སྒོ་མོ་འབྱེད་པའི་ལྟས། །སྟེང་ནམ་མཁའ་སྟོང་པའི་དབྱིངས་རུམ་ནས། །སྔར་མ་མངོན་པའི་གཟུགས་དང་མ་ཐོས་སྒྲ། །འོག་དབྱིག་འཛིན་གྱི་བུ་མོས་གར་བསྒྱུར་ནས། །ཤར་མ་ཧཱ་ཙི་དང་བྷོ་ཊའི་ཡུལ། །དབུས་གཙང་དང་ཁམས་གསུམ་རི་མོར་འགོད། །ཡུལ་འདི་ཡི་དབ༵ལ་མིའི་བྱེའུ་ཚང་དུ། །གཞན་ཟ་འདོད་ལྟོ་འགྲོ་ཞུགས་ལ་ལྟོས། །རྩེ་རྣོ་རྟུལ་གསུམ་གྱི་རྭ་བར་དུ། །གཞན་ཚ༷་དྲོད༷་ཁོལ༷་མའི་ཁྲོ༷་ཆུའི༷་ཞུན། །བླུགས་བྱུང་ན་སྔོན་གྱི་ལས་སུ་སོམ། །ཚད་ལས་ཐལ་གླང་ལོ་དྲེགས་ཤིང་རྒྱགས། །ཆུང་སྲེ་མོ་མ་བུའི་ཚང་བརྡིབས་པས། །སྐྱོན་རང་གཟུགས་སྟེང་དུ་ཆས་པ་བཞིན། །དེ་དཀར་ནག་བསོད་ནམས་གོ་ལྡོག་དོན། །ཡུལ་རྡོ༷་སྟོ༷ད་འཇིགས་བརྒྱད་སེར་བས་དོགས་རྡོའི༷་སྨད༷་ཀྱང་ཕུན་ཚོགས་འཕྱང་མོ་ཉུག །བྱང་གཞན་གནོད་རྒྱུ་སྒྲུབ་ཀྱི་གཅན་གཟན་ཁྱུ། །ལྷ་མ་ཧཱ་རཱ་ཛའི་གམ་དུ་ཐོགས། །ཡུལ་འདི་ཡི་མཛའ་འཁོན་བར་མའི་འགྲོ། །ཡོངས་གོ་ལོག་ཚུལ་གྱིས་འཆལ་ སྤྱོད་ངོམ། །གནས་འདི་ལ་དང་བ་སྟོན་པའི་མི། །དཔལ་ཡོན་ཏན་ཀུན་ལྡན་བོས་པ་བཞིན། །མགོན་མཆོག་གསུམ་རྩ་གསུམ་བྱིན་ནུས་མཐུས། །དུས་རྒྱལ་པོ་ལྕགས་ཀྱི་རྟ་ལུག་ནས། །ལོ་ལེགས་ཤིང་ཆར་ཆུ་དུས་སུ་འབེབས། །མི་ཀུན་ཀྱང་དགེ་ལ་རབ་དད་ཅིང་། །ཕྱུགས་ཐམས་ཅད་ནད་མེད་བདེ་བར་འཚོ། །ཡུལ་ཕལ་ཆེར་རྩི་ཤིང་ལོ་ཐོག་རྒྱས། །ཁོང་འཕགས་པའི་སྒྱུ་འཕྲུལ་གཏམ་གྱིས་བྲེལ། །མོ་བྲག་གནས་མིར་བརྫུས་དུཿཁས་གདུང། །གྱོད་དྲག་རྒན་དུས་ཀྱི་བསེར་བུས་འདག །སྟོད་སྡེ༷་བཞིའི་སྤྲིན་ཕུང་དྲི་བཞོན་འཕྲད། །དགེ༷་མི་དགེར་གྱུར་པ་རྗེ་འབངས་དམན། །ཡུལ་ལྷ༷་ལྡན༷་མི༷་དགའ་དམན་མཆོག་བརྗེས། །ཁོང་དྲེགས་ལྡན་ལ་ལ་སོམ་ཉིས་འདར། །ཡུལ་འགའ་འགར་དམན་མཆོག་གོ་ས་འཛོལ། །ལྷ་ཨོ༷་རྒྱན༷་སྤྲུལ་པ་མང་དུ་ངོམ། །བདུད༷་ཕོ༷་མོ༷འི་སྤྲུལ༷་པའ༷ང་དེའི་རྗེས་འབྲངས། །གནས་སྐལ་བཟང་གི་རྟེན་ལ་བརྟེན་པ་དེས། །འདྲེ་བྲག་ལ་གནས་པ་ཐབས་ཀྱིས་འདྲི། །གདོན་ཕུན༷་ཚོ༷གས་དབ༷ང་རྒྱལ༷་མཁར་ཁང་ནང་། །མགོན་དགྲར་ལངས་ཀྱི་འཇིགས་ཚོགས་སུ་ཡིས་འགོག །བདུད་རྡོ་རྗེ་དམྱལ་བའི་སྙིང་རྩ་དེ། །ལྷ་སྒེག་པའི་རྡོ་རྗེའི་མཚོན་གྱིས་གཞོམ། །ཡུལ་པ༷དྨ་ཅན་དུ་གནས་གསར་འཛུགས། །དེར་ལེགས་སོ་སྒྲ་ཡིས་ཕྱོགས་མཚམས་འུར། །མ་མཁའ་འགྲོ་ཤྲཱྀ་དྷཱ༷་ར༷་རྒྱལ། །གང་བཤེས་ཀུན་དགའ་བདེའི་རྫོགས་ལྡན་མཇལ། །དེ་ལྟར་ཡང་གཟུགས་སྐུ་དབང་པོའི་མཚོན། །རྟེན་འབྱུང་གི་བདེན་པའི་བྱེད་ལས་ཀྱིས། །ཞག་སྟོང་ཕྲག་དང་བརྒྱད་ཅུ་མ་འཁྱོལ་ཙམ། །དབྱིངས་སྟོང་པའི་ངང་གར་སོང་ཆ་མེད་འགྱུར། །ཁོང་སྦས་པའི་རྣལ་འབྱོར་འཕགས༷་པའི་མིང་། །ཡུལ་མཐའ་འཁོབ་ཀྱི་མུན་པ་སེལ་སླད་དུ། །རྡོ་ཐལ་བའི་འོག་ནས་ཐོན་སྲིད་ཚེ། །རྟེན་འབྲེལ་གྱི་སྣ་ཁ་མ་ལོག་ན། །ངམ་གྲོག་དང་གཡང་སའི་གཅོང་རོང་འགའ། །ཕན་བདེ་ཡི་ལེགས་ཚོགས་སྤེལ་ཡང་སྲིད། །གླིང་བདུད་འཇོམས་རྡོ་རྗེ་གནས་འདི་རུ། །ལྷ་མཚོ་སྐྱེས་རྡོ་རྗེས་མངགས་བྱུང་ན། །ཡོངས་ཕྱོགས་འདིའི་འགྲོ་ལ་ཕན་བདེ་མོ། །ཁོང་གང་ལ་གང་འདུལ་དཔལ་མངའ་ཞིང་། །ཚུལ་མ་ངེས་སྤྱོད་པས་བསྟན་འགྲོ་གསོ། །མགོན་ཨོ་རྒྱན་མཁན་པོ་བསྟན་འཛིན་པ། །མི་གཞན་ལས་འཕགས་པའི་སྐྱེས་མཆོག་དེས། །གནས་འདི་ཡི་བཀོད་པ་གཞན་ལ་འདོམས། །དེར་གཤེ་སྐུར་འདེབས་མཁན་ས༷པྟ༷་འབྱུང་། །ཡུལ་འཛམ༷་བུའི་གླིང་གི་ཐ༷ང་ཆེན་ན། །བློ་ཀཱ་ལ་ཙཀྲར་གཞོལ་བའི་མ། །མིང་པུཎྱེ་དྷ༷རྨཱའི༷་སྲོག་ཤིང་ཅན། །ཕྱོགས་རིས་བྲལ་བསྟན་འགྲོར་སྨན་ལགས་ཀྱང་། །དུས་ཡུན་རིང་མ་ཡིན་བདུད་དང་རྩོད། །ཚུལ་དེ་ལས་རྒྱལ་ན་གནས་འདི་དང་། །དཔལ་ལག༷་ན༷་རྡོ༷རྗེས༷་བྱིན་རླབས་པའི། །ཁོང་ཀརྨ་དཔའ་བོ་ཧེ་རུ་ཀས། །གནས་འདི་ལ་རྒྱན་གྱིས་བརྒྱན་གྱུར་ན། །ཡུལ་འདི་གའི་བདེ་སྐྱིད་བོས་པ་བཞིན། །ལྷ་ཚེ་དཔག་མེད་ཀྱི་དཔལ་བྱིན་པ། །ཁོང་ཆོས་ལ་དབང་ཐོབ་དམ་པ་དང་། །དཔལ་ཛྙཱ༷་ན༷་སིང༷་ཧཱ༷་སླར་ཡང་འདིར། །གནསཕབ་ན་རང་དང་གཞན་ལ་སྨན། །གནས་རྫོང་ཆེན་རྫོང་ཆུང་ཆུ་གཏེར་གྱི། །རྟེན་འགའ་ལ་བརྟེན་བཅས་ཆོས་ནོར་རྫས། །བདུད་ཕོ་མོས་མ་བཀག་མངོན་ཕྱུང་ན། །དེས་བསྟན་འགྲོའི་རྒུད་པ་རེ་ཞིག་གསོ། །མི་བདག་གི་དགོས་འདོད་གཏེར་གྱི་ནོར། །ཡོངས་བསྟན་འགྲོའི་དབུལ་སེལ་མཆིས་པ་དག །ཚེ་ཕྱི་མར་སྨོན་ལམ་སྙིང་གི་བུ། །ཕ་པདྨའི་གདུང་འཛིན་འགྲོ་ཕན་གླིང་། །མིང་དེ་ལྡན་སྔགས་སྤྱོད་སྐྱེས་བུ་ལ། །གཏེར་དངོས་སམ་དག་སྣང་གསལ་བའི་ངོར། །ཆོས་ཕྱག་རྫོགས་དབུ་མ་ཞི་གཅོད་སོགས། །མཐའ་མ་བཀག་མེ་ལོང་བཞིན་འཕྲད་དེ། །ཚུལ་དེས་ནི་བསྟན་འགྲོར་ཕན་བདེ་སྟེར། །གནས་ལྷ༷་ཚེ༷འི་གུ༷་རུ༷་ཀ༷རྨཱ༷འི་མིང་། །ཡང༷་བཱི༷དྱ༷་དྷཱ༷་ར༷་ཆུ་སྐྱེས་དང་། །དཔལ་ཡོན་ཏན་ཀུན་ལྡན་པུ༷ཎྱེ༷་གཞན། །ཁྱད་པར་དུ་ག་ག་རཏྣ་ཡིས། །བྱིན་རླབས་ཀྱི་སྤྲུལ་སྐུཤཱི་ལས་མཚན། །དེ་རྣམས་ཀྱིས་གནས་འདི་དགའ་ཞིང་མཆོད། །ཚུལ་དེ་མཐུས་ཡུལ་འདིར་ལུགས་ཟུང་དར། །སྐྱབས་རྡོ་རྗེ་ཆོས་ཀྱིས་བྱིན་རླབས་པའི། །མི་རྣམ་གསུམ་བཟོད་པའི་བརྟུལ་ཞུགས་ཅན། །ཁོང་འོད་ཟེར་རྡོ་རྗེའི་ཟེར་མདངས་ཀྱིས། །ཡུལ་ཆེ་ཕྲ་འགའ་ལ་ཕན་སྲིད་ཀྱང་། །མི་བདག་དང་འབྲེལ་མིན་རྗེས་སུ་འགྲོ། །གནས་ལྷ༷་ཚེ་དགོན་གྱི་དོ་ར་རུ། །དཔལ་ཨོ་རྒྱན་མཁན་པོའི་བྱིན་ཐོབ་མགོན། །ཆོས་ཡོ་ག་གསུམ་གྱི་ཡེ་ཤེས་ལ། །དབང་བསྒྱུར་དེའི་ཟློས་གར་པདྨའི་གཉེན། །དཔལ་རྙིང་མའི་ཕྲིན་ལས་གསལ་བྱེད་ཉི། །གེགས་དཀར་ནག་སྤྲིན་གྱིས་མ་བསྒྲིབ་ན། །དེས་གནས་དེའི་ཆུ་སྐྱེས་དགའ་བར་བྱེད། །གནས་དེ་རུ་སྔོན་དར་མདོ་རྒྱུ་སེམས། །དཔལ་བཀའ་དགོངས་དང་ཕུར་བ་བཀའ་མ་སོགས། །དཀྱིལ་གསར་རྙིང་གི་ཞི་དྲག་སྒྲུབ་མཆོད་རིགས། །ཕྱོགས་རིས་གཅོད་ཀྱི་བར་ཆོད་མ་ཞུགས་བཞིན། །ཚུལ་ཇི་ལྟར་དུ་བསྒྲུབ་ན་དར་རྒྱས་ཤིང་། །དེ་བཟློག་འགྱུར་ན་དགོན་དེ་ཁྲ་བོར་འགྱུར། །ལར་མདོ་སྨད་འདིར་གཞན་གྱི་རྦོད་གཏོང་གི །ཤྭ་འུད་ཀྱིས་མི་སྡེ་འཛིན་མའི་ཞིང་། །ལུགས་ཟུང་གི་ལོ་འབྲས་ལེགས་པ་འགའ། །འཁྲུག་རྩོད་ཀྱི་གྲམ་པར་བརྡལ་ལ་ལྟོས། །དཔལ་ཨོ་རྒྱན་ཆེན་པོའི་རྗེས་འཇུག་པའི། །ཀཿརྫོགས་དང་དཔལ་ཡུལ་བསྟན་འཛིན་རྣམས། །ཐུགས་མཐུན་དང་བསྟན་ལ་ཐུགས་བསྐྱེད་ན། །རྙིངབསྟན་འདི་བླ་ནས་བླ་རུ་འཕགས། །མཁོན་རིགས་ལས་མཆེད་པའི་ས༷་བསྟན༷་དང་། །རི་མོ་ཡི་འཆད་རྩོད་རྩོམ་པའི་གཟུགས། །ཀར༷་བསྟན༷་གྱི་ཉི་འོད་ཤར་རའི་སྤོར། །གསལ་གྱུར་ཡང་སྤྲིན་གྱིས་མི་སྒྲིབ་སྨོན། །མི་དགེ༷་བ་སྡོམ་རློམ་ཆོས་ལུགས༷་ཀྱང་། །ཕྱོགས་ལྷུང་གི་གདོན་གྱི་ཆུ་འཁྱགས་ཀྱིས། །དགེ་བཅུ་ཡི་ལོ་ཐོག་ལྷག་མེད་དུ། །གཞོམ་སྐྱོན་གྱིས་དཔལ་ཡོན་རི་མོའི་ཆབ། །ཞི༷་གཅོད་ཟུང་འཕེལ་མེད་འགྲིབ་པའང་མེད། །གནས་འདི་ཡི་ཤར་ནས་ལྷ་མིན་གྱི། །སེམས་མི་ལ་ཞུགས་འགས་ཀུ་ཅོ་འདོན། །ལྷོར་གནས་པའི་སྤྲ་སྤྲེལ་ཙི་སྦིར་སྒྲས། །ཁེང་ནགས་ཉལ་གཉིད་ལོག་ཕལ་ཆེར་སད། །ནུབ་གངས་ཆེན་ཞུ་བའི་ཆུ་རྒྱུན་སྒྲས། །བོད་ཆེ་ཆུང་འདྲོོག་པ་ཙི་ནར་གྲགས། །བྱང་གཅན་སྤྱང་སེམས་ལྡན་བྱུར་པོ་ཆེའི། །ལས་ནག་པོའི་སྟོབས་རྒྱས་རང་ཕུང་བརྩོན། །ཁོང་བླ་དཔོན་ལ་ལ་ཕྱོགས་ཕྱོགས་རྒྱུ། །ཡུལ་ཀུན་གྱི་བསམ་སྦྱོར་དཀར་ནག་ཁྲ། །སྔོན་མ་དེ་འཕགས་པའི་ཟླ་རུ་ངེས། །བར་མ་དེས་གཞན་གནོད་གཞིར་བཅས་སྤྱོད། །ཐ་མ་དེས་དཀར་ནག་འདྲེས་མར་བརྩོན། །དེ་ཀུན་ཀྱང་གཟུང་འཛིན་མཐུས་བསྐྲུན་ལས། །ཆོས་བདག་མེད་དོན་རྟོགས་ན་རེ་དོགས་བྲལ། །དབལ་ཤུལ་ཁག་རྩེ་མོ་སྲད་བུས་སྦྲེལ། །མགོ༷་ལོག་པ༷་ཕུ༷་བ༷་གཞན་ཡུལ་སྙེགས། །སྨད༷་པ༷་ཡང་སྲིན་བུའི་ཚང་འཐོར་འདྲ། །བར༷་མ༷་རྡོ་བརྐོས་གཟུགས་བརྙན་བཞིན། །འཛི༷་ཀའི༷་ཡུལ་ཁོལ་བུར་སྟོང་ལ་ཉེ། །ཛམ༷་བྷ༷་ལའི་ཐང༷་ཡང་ཁྲ་བོར་འགྱུར། །རྒྱལ༷་རོང༷་ཁག་གཅིག་སྟེང་གཅིག་གིས་གནོན། །ཅི་ཞིག་ནས་གཞན་གྱིས་འཐེན་ཁྱེར་བྱེད། །སུ༷་ཝ༷རྞའི༷་མཆོག་དམན་སྡེ་འགའ་ཡིས། །དོན་ཆུང་ལ་ཉེས་ཆེན་བསླངས་ནས་སུ། །འདུམ་མེད་ཀྱི་ལས་ལ་སྦྱོར་དེར་ལྟོས། །གེ༷་འཕན༷་ཡང་སྣལ་མ་མགོ་བྲེགས་ཟླ། །ཧོར༷་སྡེ༷་ཁག་སེང་གེའི་ཁོག་པའི་འབུས། །རང་ལུས་ཀྱི་ལྟོ་བ་འབིགས་དང་མཚུངས། །དོན་དེ་ཕྱིར་ན་མཆོག་དམན་བར་གསུམ་གྱི། །མི་སེར་སྐྱ་རྣམས་མཆོག་གསུམ་སྐྱབས་བརྟེན་ལ། །ཆོས་དགེ་བསྒྲུབ་དང་སྡིག་སྤང་བླང་དོར་རེམ། །སྤྱི་དང་ནི་བྱེ་བྲག་ཡུལ་འདི་ཡི། །སྡེ་མཆོག་དམན་ཀུན་བསམ་པ་སྤྱི་དྲིལ་གྱིས། །ལྷ་ཨོ་རྒྱན་གྱི་རྣམ་ཐར་གསུང་སྒྲོགས་དང་། །ལེའུ་བདུན་མ་བཛྲ་གུ་རུ་སོགས། །གང་མང་དུ་འདོན་དང་བཀའ་ཀླུ་ཡི། །ཞི་དྲག་དང་གཏོར་བཟློག་མདོས་གཏོར་བརྡེག །ཉེས་སེལ་དང་རྒྱལ་མཚན་རྩེ་མོའི་གཟུངས། །དར་ཅོག་ཏུ་བྲིས་ལ་གང་མང་འཛུགས། །ཡུལ་འདི་ཡི་མངའ་ཞབས་སུ་གཏོགས་རྣམས། །འཆི་ངེས་པ་ཅན་གྱི་སྲོག་བླུ་དང་། །ཚེ་ཐར་དང་ཁྱད་པར་གནས་འདི་ཡི། །སྐོར་ལམ་གྱི་ནང་གནས་རི་དྭགས་དང་། །བྱ་རིགས་དང་ཆུ་གནས་ལ་སོགས་པའི། །སྲོག་ཆགས་རིགས་མི་གསོད་དམ་མནོས་ན། །དེ་མཐུ་ཡིས་མི་ཕྱུགས་བདེ་ལྡན་ཞིང་། །ལོ་ལེགས་དང་འབྲུ་འཕེལ་དཔལ་འབྱོར་ལྡན། །འཕྲལ་ཕུགས་གཉིས་བདེ་བའི་རྒྱུ་རུ་འགྱུར། །ཚུལ་དེ་ལས་བཟློག་ཅིང་བླང་དོར་གནས། །གོ་ལྡོག་ན་བླ་དཔོན་ཐམས་ཅད་དང་། །ཡུལ་མི་བདེ་ནད་རིམས་སད་སེར་ལྡང་། །རྟ་ནོར་དང་ར་ལུག་ཤི་གོད་མང་། །འཕྲལ་ཕུག་གཉིས་མི་བདེའི་རྒྱུ་རུ་འགྱུར། །དེའི་ཕྱིར་ན་སྤང་བྱ་ཡོངས་སྤངས་ཤིང་། །བླང་བྱ་རྣམས་ཇི་བཞིན་བསྒྲུབ་གྱུར་ན། །འདི་ཕྱི་གཉིས་དགའ་བདེའི་འབྲས་བཟང་མཐོང་། །ཚུལ་དེ་སྐད་ཅེས་སྨྲ་མཁན་གང་ཞེ་ན། །ཕ་མཁྱེན་བརྩེའི་འོད་ཟེར་རིགས་བདག་ཏུ། །དུས་ནམ་ཡང་མི་འབྲལ་རྣལ་འབྱོར་པ། །དཔལ་བྱང་ཆུབ་རྡོ་རྗེ་ཞེས་འབོད་པའི། །ཉམས་ཤེལ་གྱི་གོང་བུར་ཤར་བའི་གླུ། །འདི་ཤར་མར་སྤེལ་བའི་ཡི་གེ་པ། །རང་ཉིད་ཀྱི་སློབ་བུ་དད་དམ་དང་། །ཐོས་བསམ་དང་སྒོམ་གྱི་ནོར་ལྡན་པ། །མིང་འཇིགས་མེད་སྐལ་པ་བཟང་པོ་ཞེས། །རྗེ་བླ་མས་ལུང་དུ་བསྟན་པའི་བུ། །དེས་བྲིས་པའི་དགེ་བས་གནས་འདི་དང་། །འབྲེལ་ཐོགས་རྣམས་འཕྲལ་ཕུགས་ཀུན་བདེ་ཤོག། །།དགེའོ།། དགེའོ།། དགེའོ།། །།


previousདཔལ་ཨོ་རྒྱན་གྱི་ཐུགས་རྗེའི་འོད་ཟེར་འཕྲུལ།next