Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
ཡང་ཅིག་ནི་རྟེན་འབྱུང་གཟུགས་འདི་ངོམཿ
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡང་ཅིག་ནི་རྟེན་འབྱུང་གཟུགས་འདི་ངོམཿ next

ཡང་ཅིག་ནི་རྟེན་འབྱུང་གཟུགས་འདི་ངོམཿ

ཡང་ཅིག་ནི་རྟེན་འབྱུང་གཟུགས་འདི་ངོམཿ འཆི་མེད་ཀྱི་ལམ་དོགས་དང་ཉེ་གྱུར་ནཿ སྤྲིན་ཕུང་ཞིག་ཆུ་གཏེར་དབྱིངས་སུ་འགྲོཿ དེར་འཁྲེན་པའི་གདེངས་ཅན་དབང་པོ་རྣམསཿ འབྱིག་འཛིན་གྱི་བླ་ལ་འཕགས་རློམ་ཡང་ཿ མཁའ་ལྡིང་གི་འཇིགས་པས་རབ་སྐྲག་ནསཿ རང་གནས་སུ་ཡིབ་ལ་ལྟད་མོ་ལྟོསཿ ཤར་ནུབ་ཟུང་ཞགས་པས་སྦྲེལ་གྱུར་ནཿ ལྷོ་བྱང་གཉིས་འགྲུལ་བགྲོད་ཤ་ར་རཿ གནམ་ཐིགས་ཀྱིས་དོག་མོ་འབིགས་སྲིད་ནཿ ཕ་ལམ་གྱི་ཞལ་བས་གཡོགས་ནས་འོངཿ ས་རླངས་ཀྱི་བླ་བྲེ་བྲེས་གྱུར་ནཿ ཆུ་འཁྱགས་ཀྱི་ཇག་པར་ཟོབ་འཇུག་གལཿ གསེར་མདོག་གི་རྒྱན་གྱིས་གཙེས་གྱུར་ནཿ ཕ་ལམ་བཞིན་གཞོམ་དུ་མེད་པ་དང་ཿ རྡོ་བརྐོས་ཀྱི་རི་མོ་བསུབ་མེད་གལཿ ཁྱིམ་དབུས་ཀྱི་ཡོལ་གོའི་དུག་ཆུ་དེསཿ མཆོག་དམན་འགའ་མྱོས་པར་བྱེད་ཀྱང་སྲིདཿ ལུགས་ཟུང་གི་སྡེ༷་ཆེན་ཆུ་གཏེར་ཆེཿ དགེ༷་བཅུ་ཡི་ནོར་གྱིས་ཡོངས་གཏམས་ཡང་ཿ དེར་བསྟི་བའི་གདེངས་ཅན་དབང་པོའི་གཙོའིཿ ཆུར་ཉལ་རིགས་སྡིག་ལྡན་འཛིན་ཁྲི་ཡིསཿ དབང་མེད་དུ་འཁྲིད་པའི་ནག་ཕྱོགས་བདུདཿ རྒྱལ་གྱུར་ན་བླ་ལ་ཞབས་རྗེས་འཇོགཿ དེའི་རྐྱེན་གྱིས་ལུགས་ཟུང་སྡེ་རྣམས་ཕལཿ ཕྱོགས་མཚམས་སུ་བལྟ་ཞིང་ཁྲ་བོར་འགྱུརཿ མི་རེ་ཡི་ཕྱོགས་ནས་མཐུན་སྦྱོར་ཞིང་ཿ མི་དོགས་པའི་ཕྱོགས་ནས་འགལ་སྦྱོར་མངོནཿ སྟེང་དབྱིངས་ནས་རྡོ་ཆར་རླུང་ཐོག་དང་ཿ ས་གཞི་ཡི་གོམ་འདེགས་རི་རྒྱུད་དང་ཿ ས་ཤལ་ཡང་མི་རོ་གཅན་གཟུགས་ངོམཿ ཆུ་བོ་ཡི་གཡོ་འཁྲུག་ལམ་ལོག་སྙེགསཿ རྩི་ཐོག་ཀྱང་བཅུད་བྲལ་རྐྱེན་གྱིས་ཕྲིཿ རི་མེ་དང་ཁང་མེས་འཚེ་བ་མང་ཿ དབུས་གཙང་དུ་སྔར་མེད་ལུགས་ཟུང་ཆོསཿ གསར་དར་གྱི་འཕྲུལ་ལས་མཆོག་དམན་འགའཿ ཆོ་ལོ་དང་མིག་མང་རྩེད་མོས་བྲེལཿ རུ་བཞི་ཡི་དབུས་ཀྱི་མཆོད་སྡོང་ལྗོནཿ དམར་སེར་གྱི་ཚོན་རྩིས་བྱུགས་རློམ་ཡང་ཿ ཐོག་ཁེལ་ཞིག་མི་འོང་ཇེ་ཞིག་དང་ཿ ཆུ་འབུར་གྱི་དཔེ་བཞིན་རྡོལ་ཡང་སྲིདཿ དེ་ལྟ་ན་དེ་ལ་ཀུན་དགའ་ཞིང་ཿ པུཥྤ་ཡི་ཆར་གྱིས་འབྲན་ཡང་སྲིདཿ མདོ་སྟོད་གཤིན་རྗེ་གནས་ཕྱོགས་སུཿ སྔར་མེད་ཀྱི་ཆོས་གསར་ངོམ་ཡང་སྲིདཿ དེར་བརྟེན་པ་འགའ་དང་གཞན་འགའ་ལཿ དགའ་སྐྱོ་ཡི་ཉམས་མྱོང་ཅིར་ཡང་འཆརཿ མདོ་སྨད་ཀྱི་ཕྱོགས་བཞི་མཚམས་བརྒྱད་ནསཿ ཤིང་དགྲ་ལ་ལྕགས་དང་ལྕགས་སྒྲ་མེཿ དེ་སོགས་ཀྱི་དགྲ་གཤེད་དུ་མ་ཡིས། །རང་གནས་དང་རང་སྡེ་ཕལ་ཆེར་དབྱེཿ གཅིག་སྟེང་ནས་གཅིག་གིས་གནོན་འགྱུར་ཞིང་ཿ དགྲ་ཟླ་དང་ཉེ་དུ་གོ་ལོག་གིསཿ ཡིད་ཆེས་ཀྱི་གྲོགས་ཉུང་གཞུངས་ངན་མང་ཿ བྲག་རི་དང་ནགས་ཚལ་བཙན་པོའི་སརཿ སྐྱབས་བཅོལ་བའི་བྱ་གཅན་ཇག་པའི་ཁྱུཿ ཅི་ཞིག་ནས་ལས་ངན་མེ་དཔུང་ཆེཿ འཕྲལ་རྐྱེན་གྱི་འཐོར་རླུང་ཤུགས་དྲག་གིསཿ བསྐྱོད་ཚེས་པས་ལ་ལ་ཙམ་ལས་གཞནཿ བྱ་སྒྲོ་བཞིན་བསྲེག་པར་གྱུར་ལ་ལྟོསཿ དར་མདོ་ཡི་ཕྱོགས་བཞི་དབུས་ལྔ་རུཿ ལྷ་མིན་གྱི་སྤྲུལ་པའི་སྡིག་ཏོ་ཅནཿ མིའི་གཟུགས་ལ་གླང་གི་སེམས་ལྡན་འགའིཿ མི་མིན་ཀྱང་མི་རུ་བརྫུ་བ་དང་ཿ ལྷ་མིན་ཡང་ལྷ་བརྫུའི་གཡོ་འཕྲུལ་གྱིསཿ དེ་ཕྱོགས་སུ་སྣ་ཚོགས་སྒྱུ་མ་ངོམཿ དེ་མཐུ་ཡིས་མཆོག་དམན་གོ་ལོག་དང་ཿ ལྷ་འདྲེ་ཡང་གོ་ལོག་ཕན་གནོད་འཛོལཿ རྒྱ་བོད་ཀྱི་བསམ་སྤྱོད་གོ་ལོག་ཅིང་ཿ ཚོང་དུས་སུ་ཇག་རྐུན་གཅན་ལྟར་རྔམཿ མཆོག་གསུམ་གྱི་རྟེན་འགའ་བཤིག་བཀྲལ་ནསཿ མི་དགེ་ཡི་ཉོ་ཚོང་ལས་ལ་སྤྱོདཿ ཧོར་ཁག་འགའ་སེང་གེའི་ཁོག་པའི་འབུསཿ རང་རང་གི་ལུས་རྟེན་གཞིག་དང་མཚུངསཿ འགའ་ཞིག་ནི་དགྲ་ཟིན་མ་ཕྱེད་པའིཿ མགྲོན་པོ་ཡི་སྐྱེལ་མར་ཟོན་འཇུག་ལྟརཿ ཐེ་ཚོམ་གྱི་རྒྱ་ནས་ཐོན་སྐབས་དབེནཿ དེ་ཕྱོགས་སུ་རྒྱ་འདྲེའི་སྣ་ཆེན་པོའིཿ ཆོ་འཕྲུལ་གྱིས་སྲོག་ཆགས་ཕྲ་མོའི་གཟུགསཿ ལྡོག་མེད་དུ་མངོན་རྒྱུ་འཚེ་བ་རྩོམཿ མཛའ་གྲོགས་དང་དགྲ་ཟླ་གོ་ལོག་གིསཿ རང་རང་གི་ལོངས་སྤྱོད་བརླག་ལ་བརྩོནཿ ལུགས་ཟུང་འདིས་མངོན་པར་མཐོ་བ་འགའཿ སྐྱབས་ཡུལ་དུ་འཚོལ་ཕྱིར་བྲེལ་བྲེལ་ཡང་ཿ ཕན་གནོད་གཉིས་རི་མོའི་གཟུགས་བརྙན་བཞིནཿ ཡུལ་དེ་རུ་མི་དགེའི་ཆོས་ཞིག་དརཿ དེ་མཐུ་ཡིས་དེར་ཉེའི་ཚོགས་འཚུབས་ནསཿ ཕག་པའི་ཚང་བེར་གས་དཀྲུགས་པ་བཞིནཿ ཟི་ལོང་གིས་རྣ་བ་གཙེར་འགྱུར་ཞིང་ཿ མགྲིན་བཟང་དག་མུན་ཁང་དུ་བསྐྱལ་བ་ལྟརཿ མགོ་འཐོམས་ཀྱིས་གར་བསྒྲོད་མི་ཤེས་བཞིནཿ ལུགས་ཟུང་གཉིས་རིམ་གྱིས་ཤི་ལྟར་འགྱུརཿ ལྷོ་རོང་གི་གཅན་གཟན་ལ་ལ་ཞིགཿ བྱང་ཕྱོགས་ཀྱི་རྫ་བྲག་སྙོགས་འགྱུར་ཞིང་ཿ བྱང་གནས་ཀྱི་རི་དྭགས་འགའ་ཡི་ཁྱུཿ ཆ་མེད་ཀྱི་ཡུལ་དུ་འབྲོས་ལ་རིངསཿ དེའི་རྐྱེན་གྱིས་རི་དྭགས་ཕལ་མོ་ཆེཿ འདྲོག་གྱུར་ཡང་ཕལ་ཆེར་རྒྱ་ལ་འཐོགསཿ སེར་སྐྱ་ཡི་བསམ་སྤྱོད་གོ་ལོག་གིསཿ ནང་འཁྲུག་དང་བཅོམ་བརླག་མི་རུང་ཚོགསཿ བཙུན་གཟུགས་འགས་བྱེད་ཅིང་མི་ནག་པཿ ལ་ལ་ཡི་དགེ་བསྒྲུབ་སྡིག་སྤངས་འཆདཿ ཐུབ་དབང་གི་བསྟན་ལྷག་ཉི་མའི་ཟེརཿ ནུབ་ཀྱི་རིར་བསྐྱལ་ལ་རིངས་པ་འགསཿ བསྟན་སེལ་གྱི་ཚིག་གིས་སྣ་དྲངས་ནསཿ འོ་མཚོ་ལྟར་དཀར་བའི་རྒྱལ་བསྟན་ཆེཿ ཁྲག་བླུག་བཞིན་དཀྲུགས་པའི་འཁྲེན་རྔུར་གྱིསཿ ནམ་མཁའ་དང་ས་གཞི་མི་རུང་ལྟསཿ རྒྱུ་ཐལ་བས་ཕལ་ཆེར་རྙི་ཡིས་ཟིནཿ ཤ་ཁྲག་གི་སྟོན་མོ་བཟའ་བཏུང་བཅུདཿ ཡོན་སྦྱོར་སོགས་གཉེར་བས་བན་གཟུགས་འགའཿ ཝ་མོ་བཞིན་གལ་ལ་ཟིན་གྱུར་ནཿ འགྲོ་སྡོད་ལ་རང་དབང་མེད་པར་འགྱུརཿ ལན་ཆགས་ཀྱིས་བསྐོས་པའི་དཔོན་དང་སྡེཿ ཕལ་མོ་ཆེ་རྡོ་ཆག་དུམ་བུ་བཞིནཿ འདུམ་མེད་ལྟར་བྱེར་ཞིང་བདེ་བ་བྲལཿ ཆོས་སྡེ་འགའ་བླ་སློབ་གོ་ལོག་ཅིང་ཿ སོལ་བ་ལ་དངུལ་དཀར་བྱུགས་འདྲ་འགསཿ ཚུལ་ལྡན་གྱི་སློབ་དཔོན་ས་བཟུང་ནསཿ ཟས་ནོར་དང་ལོངས་སྤྱོད་བསགས་བསྲུང་བྱེདཿ མཆོད་འོས་ལ་མི་དད་སྐུར་བ་འདེབསཿ སྦྱིན་ཡུལ་ལ་མི་གཏོང་ཁྲོ་སྡང་སྐྱེཿ དེ་མཐུ་ཡིས་འཇིགས་བརྒྱད་ཐོག་ཏུ་བབསཿ དེ་སོགས་ཀྱི་སྤྱི་སྒོས་འབྱུང་འགྱུར་ལུང་ཿ མང་པོ་ཞིག་གསལ་ཡང་བྱ་བྲལ་བཿ མལ་ས་རུ་ལྷུངས་ཤིང་འཆིར་ཉེན་པསཿ དེ་ཙམ་ལས་སྤེལ་དུ་མ་ཐུབ་ཀྱང་ཿ ལྔ་ལམ་དུ་ཞུགས་པར་མ་གྱུར་ནཿ སླར་ནས་སླར་སྤྲོ་ཞིང་སྤེལ་བར་བགྱིཿ འདི་ཉིད་ནི་རེ་གཅིག་ལོ་ཀེག་དུསཿ རྣལ་འབྱོར་པ་ཀུན་བཟང་གཞན་ཕན་ཞེསཿ མཆོག་གསུམ་གྱི་ཁོལ་པོོ་གང་དེ་ཉིདཿ གསར་རྙིང་གི་ནད་ཀྱིས་རབ་གདུང་ཚེཿ ཡིད་ཤེས་ཀྱི་མེ་ལོང་ངོར་གསལ་ཚིགཿ དོགས་མེད་དུ་སྨྲས་པ་ཡོངས་སུ་དགེཿ ཚུལ་འདི་ནི་ལོ་གྲངས་བསེ་རུ་ཚུནཿ གཞན་དག་ལ་ཟུར་ཙམ་མི་འཆད་གནདཿ འདི་ཉིད་ཀྱི་བླང་དོར་བསྲུང་བཟློག་རིགསཿ སྐབས་ཤིག་ཏུ་ཁྱོད་ལ་འཕྲོད་འོང་གིསཿ དེ་དག་གིས་ཟུང་སྦྲེལ་སྤེལ་མཁས་གལཿ དེ་ཡི་དགེ་བས་བསྟན་འགྲོར་སྨན་པར་ཤོགཿ དགེའོཿ ཿ


previousཡང་ཅིག་ནི་རྟེན་འབྱུང་གཟུགས་འདི་ངོམཿ next