Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
འབྱུང་འགྱུར་ལུང་བསྟན་གསལ་བའི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   


 
previousའབྱུང་འགྱུར་ལུང་བསྟན་གསལ་བའི་མེ་ལོང་།next

འབྱུང་འགྱུར་ལུང་བསྟན་གསལ་བའི་མེ་ལོང་།

འབྱུང་འགྱུར་ལུང་བསྟན་གསལ་བའི་མེ་ལོང་བཞུགས། །ཞིང་རབ་འབྱམས་ཀྱི་རྒྱལ་བ་ཀུན་གྱི་དངོས། །དཔལ་ཨོ་རྒྱན་གྱི་མཁན་པོའི་ཞལ་སྐྱིན་མཆོག །ཕ་བླ་མ་མཆོག་མཁྱེན་བརྩེའི་འོད་སྟོང་ཟེར། །བུ་རང་གི་སྙིང་དབུས་པདྨ་རུ། །དུས་རྟག་པ་རུ་འབྲལ་མེད་རྒྱུན་བཞུགས་ནས། །ཆོས་རྟེན་འབྲེལ་གྱི་གནས་ཀུན་ཡོངས་གསལ་མཛོད། །དུས་སྙིགས་མ་ཡི་མར་གཤམ་ལྕགས་ཕོ་རྟ། །འདི་ཆུ་རྟ་ལ་མ་ཐུག་དེ་ཡི་བར། །དགེ་མི་དགེའི་རྟགས་མཚན་སྣ་ཚོགས་གཟུགས། །གཟུགས་མེ་ལོང་དུ་གསལ་བཞིན་འདི་ན་ངོམ། །ཡུལ་འདི་ག་ཡི་སྟོད་དུ་མེ་སོགས་ཀྱི། །རྐྱེན་མ་ངེས་པ་སྒྱུ་མའི་ཆོ་རོལ་བཞིན། །དཔེ་རི་དྭགས་ཀྱི་རྒྱལ་པོ་ཁོང་སྲིན་གྱིས། །དེའི་མངོན་རྟོགས་གཟུགས་གཞིག་དང་མཚུངས་པ་གསལ། །བར་འདི་ག་རུ་བདུད་སྲིན་བཙན་གསུམ་གྱི། །དཔེ་ཕམ་རྒྱལ་གྱི་མིག་མང་རྩེ་བ་བཞིན། །མི་ཕལ་མོ་ཆེའི་བློ་དཀྲུག་ཁྲ་བོར་འགྱུར། །དབྱངས་དང་པོ་ཡི་མིང་ཆགས་སྡེ་དང་དཔོན་པོ། །དཔེ་རྡོ་བརྐོས་ཀྱི་རི་མོ་ཅི་བཞིན་དུ། །འཕྲལ་བྱ་བྱེད་ལས་དལ་ཡང་བརྟན་ཆགས་ངོམ། །ཡུལ་ཚན་བཞི་རུ་བགོས་པའི་འོག་མ་ཟུང་། །དེའི་དང་པོ་དེ་ལྷ་མི་སོ་སོར་འབྲལ། །སྨད་ཕྱོགས་མཚམས་སུ་བལྟ་ཞིང་ཕུང་ལས་བརྩོན། །ཤར་ཙི་ན་ཡི་སྒྲ་གསར་ཡང་ཡང་གྲགས། །མཐར་པ་ཀུ་ཙི་འགའ་རེ་བརྒྱལ་ཡང་སྲིད། །ལར་ལོ་འདི་ནས་བཟུང་སྟེ་ཡུལ་འདི་ཡི། །ཆོས་བསམ་སྦྱོར་ཀུན་མ་ངེས་སྣ་ཚོགས་ངོམ། །བན་བཙུན་པ་འགས་སྡིག་སྤེལ་ལས་ཐབས་བརྩོན། །ཡང་མི་ནག་དག་རྣམ་དཀར་ལས་སྤེལ་ཞིང་། །ཚུལ་གོ་ལོག་གི་སྤྱོད་པ་སྣ་ཚོགས་བྱེད། །དཔོན་འགའ་ཞིག་ནི་རང་སྲིད་ཀྱིས་མི་ངོམས་པར། །གཞན་མངའ་ཞབས་སུ་བཙུད་འདོད་ལས་ཀྱིས་ཕུང་། །ཡུལ་བྱང་རོང་གི་ས་གནས་ཕལ་མོ་ཆེ། །ཤར་རྒྱ་སྟག་གི་སྐྱོ་གླུའི་ངར་སྐད་ལ། །ཡོངས་སུན་གྱུར་ནས་རང་བདེའི་བསྟི་གནས་འཚོལ། །ཡུལ་སོ་སོ་ཡི་བྱ་སྤྲེལ་ཝ་སྤྱང་སྡེ། །མི་ཕལ་མོ་ཆེ་འགྲོ་འཆག་ཉེས་པའི་རྒྱར། །ཚུད་ངེས་མོད་ཀྱང་ད་དུང་ལས་ངན་སྤེལ། །དེ་ལ་ལ་ཞིག་སྔོན་ལས་མཐུས་བསྐུལ་ནས། །ལས་བཟང་པོ་ལ་འཇུག་གམ་འཕྱང་མོ་ཉུག །དཔལ་མྱ་ངན་མེད་ཀྱིས་གནོད་སྦྱིན་དཔུང་། །གྲངས་མང་བསགས་བྲན་དུ་ཡོངས་བཀོལ་ནས། །ཡུལ་འཛམ་གླིང་ས་གནས་བྱེ་བ་རུ། །དུས་ནུབ་གཅིག་མཆོད་རྟེན་བྱེ་བ་གཅིག །བཞེངས་ངེས་པའི་ནང་ཚན་ཡུལ་འདིའི་སྐད། །གནས་བཀྲ་ཤིས་སྒོ་མང་ཞེས་གྲགས་པར། །དུས་ད་ལོ་འཛམ་གླིང་གནས་རྟེན་ལྷ། །ཡོངས་འདུས་ནས་འགྲོ་བའི་ཚོགས་བསགས་ཞིང་། །ཞིང་མངོན་སུམ་འཕོས་ལ་ཐེ་ཚོམ་མེད། །དོན་དེ་ཕྱིར་ཕྱག་མཆོད་བསྐོར་བར་འབུངས། །དེའི་རྟགས་སུ་སྐུ་གསུང་ཐུགས་ཀྱི་རྟེན། །རྟེན་རང་བྱུང་གཟུགས་ལས་སྣང་དག་པར་མངོན། །གཞན་མིག་སྨན་གྱི་མདོག་འཛིན་ཁྱིམ་བསྟི་བའི། །མི་སྟངས་དཔྱལ་ཀུན་བདེ་དོགས་ཚོན་རིས་གཟུགས། །གཟུགས་ངོམ་དེ་རེ་ཞིག་ཅིས་མི་བདེ། །ལྷ་ཨོ་རྒྱན་གྱི་བྱིན་ཐོབ་རྣལ་འབྱོར་པ། །བན་ཨ་བྷྱ་ཡའི་མིང་གིས་མཐོང་ཡུལ་ཚོགས། །དཔལ་ཕན་བདེ་ལ་འགོད་པའི་ཐབས་ལ་བརྩོན། །རྗེ་མི་ལ་ཡིས་བྱིན་རླབས་དམ་པ་མཆོག །མིང་ཨོ་ཊི་ཡ་ཤ་ས་ནས་སྤུད་དེས། །ཡུལ་འདི་ག་རུ་ཕན་བདེ་སྤེལ་ཡང་སྲིད། །ཡུལ་འདི་ག་དང་ཡུལ་གཞན་བརྗེ་བ་འདྲའི། །སེམས་བསམ་པ་དང་སྦྱོར་བ་ངེས་མེད་ངོམ། ཚུལ་དེས་སྐྱོན་གྱིས་སྤྱོད་པ་ཁྲ་བོར་འགྱུར། །ཨེ་མ་ཧོ་སེམས་ཅན་གྱི་ལས་དབང་གཟུགས། །མི་ཕོ་མོ་འགའ་སྡིག་ལ་ངོ་མཚར་བྱེད། །ཁོང་མཁས་པ་ཚོ་དེ་ལྟར་ག་ལ་ཡིན། །དུས་ད་ལོ་ནས་བཟུང་སྟེ་ཡུལ་འདི་ཡི། །བན་བཙུན་གཟུགས་མི་དགེར་ངོ་མཚར་བྱེད། །མི་ཁྱིམ་པ་ཕལ་རྣམ་དཀར་ལས་ལ་བརྩོན། །ཕོ་སྐྱེས་པ་འགའ་སྡིག་ལ་འགྱོད་སེམས་སྐྱེ། །དེའི་ནང་གི་ཁྱད་པར་སེམས་དཔའི་རིགས། །མིང་རིགས་ལྔ་དང་ཚེ་དང་དབང་དང་རིགས། །ཡང་དྷརྨཱ་སོགས་མཆོག་གསུམ་མཚན་འཛིན་གྱིས། །ཡུལ་འདི་ག་དང་གཞན་ལ་ཕན་འདོགས་བརྩོན། །ཡུལ་འདི་ག་ཡི་བུད་མེད་ཕལ་མོ་ཆེས། །མི་དུས་ཡོལ་གྱི་རྗེས་སུ་སྨྲེ་སྔགས་ཀྱི། །ཚིག་ངུ་ངག་གི་དབྱངས་བླངས་དེས་སྐྱོན་གྱིས། །ཁོང་ཚེ་འདས་ཕལ་མཁའ་རྒྱུ་ཡི་དྭགས་སུ། །སྐྱེ་ངེས་པ་དེ་ལས་འབྲས་བསླུ་མེད་འབྲས། །དོན་དེ་ཕྱིར་ན་བླ་དཔོན་མཁྱེན་ལྡན་གཙོའི། །བན་བཙུན་པ་དང་མི་ནག་ཕོ་མོ་ཀུན། །མི་ཁ་ལ་ཉན་ན་དེང་ཕྱིན་ནས། །ཁོང་གཤིན་པོའི་རྗེས་སུ་མྱ་ངན་སྤོངས། །དེས་ཤི་གསོན་ཀུན་ཕན་བདེའི་མངོན་རྟོགས་མཐོང་། །ཡུལ་རྨ་ལུང་གི་མི་སྡེ་ཁྲ་བོའི་ཁྱུ། །ཕྱོགས་དྲེགས་ལྡན་འགས་ཤྭ་འུད་སྐྱོན་གྱིས་འཚེ། །མཐར་ཐ་དད་ཀྱི་གོ་ས་སྙོགས་ཀྱང་སྲིད། །ཡུལ་འདི་ག་ཡི་ཁུག་པ་ཚུ་སྐྱེའི་ཚལ། །དཔལ་མཚོ་སྐྱེས་ཀྱི་བྱིན་ཐོབ་ནིཪྨ་ཀཿ གང་དེ་ཉིད་ཀྱིས་བསྟན་འགྲོར་ཕན་བདེ་སྤེལ། །སྨད་ཉིན་བྱེད་ཀྱི་ཟེར་ནུབ་མཐའ་འཁོབ་དུ། །དཔལ་པད་འབྱུང་གི་སྒྱུ་འཕྲུལ་ཟླ་དཀར་གཟུགས། །སླར་བསྟན་འགྲོ་ཡིི་མུན་པ་སེལ་ཕྱིར་གསོལ། །གང་དེ་མཐུ་ཡི་ཡུལ་དེའི་ལྷ་མིའི་སྡེའི། །ཁྱུ་ཀུ་མུ་ཏའི་ཚལ་ཆེན་རྒྱས་བཞིན་དགོད། །ལྷ་ཨོ་རྒྱན་གྱི་སྤྲུལ་པའི་ཛོ་གི་ཞིག །ཡུལ་འདི་ག་རུ་ཕེབས་ནས་ལས་ཆེན་བཞིའི། །ཚུལ་སྣ་ཚོགས་ཀྱི་བསྟན་འགྲོར་ཕན་བདེ་སྦྱོར། །རྒྱ་ནག་པོ་ཡི་ཕོ་ཉའི་ཤ་སྦྲང་མཆུས། །ཡུལ་ཕལ་མོ་ཆེ་གཡེར་ཆེན་ཤ་ཕུང་གཙེ། །རོང་ལ་ལ་དང་བྱང་གི་སྡེ་བ་འབྲེལ། །ཡང་འགའ་ཞིག་དང་དགྲ་ཟླ་རྡོ་ཆག་གཟུགས། །དུས་རིང་མིན་ནས་མངོན་ཡང་དམ་སྲིའི་འཕྲུལ། །ཡུལ་ལ་ལ་ཡི་ཁ་མཆུའི་ཆུ་འཛིན་གཟུགས། །མགོན་རྒྱལ༷་ཀུན་གྱི་བདེན་མཐུས་རེ་ཞིག་ཡལ། །ཡུལ་འདིའི་སྟོད་ཀྱི་སྡེ་གསར་མཁའ་ལྡིང་ཁྱུ། །རིགས་མི་མཐུན་ཡང་གྲུ་ནང་གཅིག་གི་མགྲོན། །སྨད་གཏན་ཆགས་ཀྱི་བླུན་རྨོངས་ཝ་རའི་ཚང་། །གཞན་བྱམས་བྲལ་གྱི་མཐའ་མིས་རྡོ་བརྡེག་འགྱུར། །བར་ཝ་སྤྲེལ་དང་འཕར་སྤྱང་འཚོགས་ལྟའི་དཔུང་། །དཔེ་སྣལ་མའི་ཐགས་བྲེག་པའི་ཟླ་རུ་འགྲོ། །ལར་ཡུལ་འདི་ནས་མགོ་བཙུག་སྙིགས་མའི་ལྟས། བཞིན་མེ་ལོངདང་འཕྲད་ལྟར་སུས་འགོག་ནུས། །དོན་དེ་ཕྱིར་ན་ཡུལ་འདིར་ཕན་བྱེད་ཆོས། །ལྷ་ཨོ་རྒྱན་གསོལ་འདེབས་ལེའུ་བདུན་དང་། །ཡང་བསམ་ལྷུན་དང་མྱུར་འགྲུབ་ལམ་སེལ་སྒྲུབས། །ཁྱད་པར་དུ་འཆི་ངེས་སྲོག་བསླུ་དང་། །ཇོ་དར་དང་ཇོ་འབུམ་སློབ་དཔོན་གྱི། །གསོལ་འདེབས་དང་སྙིང་པོ་སྔགས་ལ་འབུངས། །ཡང་འབྱུང་འགྱུར་སྒྱུ་མའི་འདུ་བྱེད་གཟུགས། །དཔེ་ཆུ་ཟླ་བཞིན་ངོམ་ལ་ལྟད་མོ་ལྟོས། །ཡུལ་སུ་ཝཪྞའི་མིང་འཛིན་སུམ་ཆ་རུ། །ཡོངས་བགོས་པ་ཡི་སྟོད་པ་འགལ་ཟླར་འབྲེལ། །སྡེ་བར་བ་དག་དཀར་ནག་མགོ་གཉིས་སྟོན། །སྨད་པ་ཡི་ལྷ་མིའི་སྡེ་ཟུང་དབྱེ། །དབྱེ་བ་དག་མཐུན་ཡང་བྱེར་ལ་རིངས། །ཡུལ་རྡོ་ལུང་དུ་གྲགས་པའི་ཆོས་སྲིད་ཟུང་། །དཔེ་བྱེའུ་ཁྱུ་ཧོར་ཁྲས་དཀྲོགས་པ་བཞིན། །ཧོར་སྡེ་བཞི་ཡི་ཐ་མ་མིང་ཐོགས་ཅན། །དཔེ་གདོང་ལྔ་ཡི་ཁོང་སྲིན་དགྲར་ལངས་བཞིན། །ཡང་སྡེ་བཞི་ཡི་དང་པོའི་གཉིས་པའི་མིང་། །ལྷ་བདུད་བཙན་གསུམ་གང་ཐོབ་རྩོད་པས་བྲེལ། །སྟོད་བཀའ་བསྟན་གྱི་འབྱུང་གནས་སྡེ་མང་མཚོ། །ལྷ་འདོད་ཁམས་ཀྱི་བདག་པོའི་རྟ་བདུན་གནོད། །མཐར་དམ་ཉམས་ཀྱི་འབྱུང་བའི་གྲལ་གཤམ་སྙོགས། །ཚུལ་དེ་མཐུ་ཡིས་སྡིག་སྲིན་མགོ་མང་གཟིང་། །ཡུལ་རྡོ་སྟོད་དུ་མཛའ་བཤེས་དགྲ་རུ་ལྡང་། །བར་ཨ༷་ཡ༷ག་སོགས་དབྱར་ཁའི་གངས་ཞུའི་ཟླ། །སྨད་དཔོན་སྡེའི་བཞིན་མེ་ཏོག་སད་ཁྱེར་མཚུངས། །ཁོངཀལྤ་དྲའི་མཚན་འཆང་དམ་པ་དེའི། །ཚུལ་དམན་པ་རུ་བསྒྱུར་ནས་བསྟན་འགྲོ་གསོ། །ཡུལ་རྡོ་སྨད་བར་གསུམ་པོ་རྫིང་དཀྲུགས་ལྟར། །མཛའ་མི་མཛའ་དང་བཏང་སྙོམས་འཆོལ་ཉོག་སྤྱོད། །ལར་ཡུལ་དེ་རུ་འདྲེ་སྲིན་ཚང་མང་འཚོལ། །མཁར་རྒྱུ་བ་ཡི་གདུག་འདྲེའི་རྟེན་ཡུལ་འཆོས། །མི་ཕལ་ཆེའི་སྙིང་དུ་བསེན་མོ་འཇུག །ལས་མཆོག་གསུམ་དང་འགལ་བའི་བྱ་བར་བརྩོན། །དཔལ་བཀའ་བརྒྱུད་ཀྱི་བསྟན་པའི་མེ་རོ་ལངས། །ཆོས་སྔ་འགྱུར་གྱི་ན་བུན་ས་བླར་ཆགས། །རྗེ་ཇོ་ནང་པའི་བསྟན་པའི་དབྱར་རྔ་སྙན། །ཡུལ་འཛི་ཀ་རུ་བདེ་སྡུག་ཅིར་ཡང་མངོན། །གནས་འཛམ་ཐང་དུ་བསོད་ནམས་དམ་ཆོས་འཕེལ། །རྡོའི༷་སྨ༷ད་པ་ཡི་རཱ་ཛ་ཚིག་གིས་བྲེལ། །སྨད་ཚ༷་ཁོ༷་ཡི་མི་རྣམས་གར་ཐབས་བསྒྱུར། །ཡུལ་རྫི༷་འགག༷་ཏུ་ལུགས་ཟུང་དཔལ་ཡོན་ངོམ། །དགྲ་ཐབ་འོག་ཏུ་གབ་ཀྱང་ལྡང་བར་དཀའ། །མ་རལ་གཅིག༷་མ༷འི་སྤྲུལ༷་པས་བསྟན་འགྲོ་སྐྱོངས། དཔལ་བཻ༷་རོ༷་ཡི༷་སྤྲུལ་པ་ཡུལ་དེར་སྨན། །ཡང༷་མཆོ༷ག་རྩེ༷་ལ་དཀར་ནག་ཁྲ་གསུམ་གཟུགས། དཔེ་སྒྱུ་མ་མཁན་མངོན་སུམ་ཆས་པ་བཞིན། །མི་མཆོག་འབྲིང་རལ་བའི་ཆོ་འཕྲུལ་སྟོན། །ཡུལ་ས༷་མ༷་རུ་ལྷ་མིན་ལྷར་བརྫུ་དང་། །མི་མིན་ཀྱང་མི་ཡི་གཟུགས་བསྒྱུར་ནས། །ལྷ་མི་ཡི་བར་དུ་དབྱེན་སྦྱོར་དང་། །མཆོག་དམན་གྱི་ཁྱུ་འདྲོག་བྱ་བས་བསླད། །ཚུལ་འདི་བཞིན་དང་འདི་ལས་གཞན་པ་འགའ། །གཟུགས་མངོན་སུམ་བཞིན་གསལ་ཡང་རེ་ཞིག་བཤོལ། །དེ་སྐད་ཅེས་རྡོ་བླས་བྲིས་པ་ཀུན་ལ་དགེ།། །།སརྦ་མངྒ་ལཾ།། །།རྡོ་རྗེ་ཕུར་པའི་དམ་ཅན་གསོལ་བསྡུས་ནི། མཆོད་གཏོར་གསེར་སྐྱེམས་ཅི་འབྱོར་བཤམས་ལ།ཨོཾ་ཨཱཿཧཱུྃ། ཕྱི་ནང་གསང་བའི་མཆོད་པ་བསྐང་རྟེན་རྫས། །དངོས་འབྱོར་ཡིད་སྤྲུལ་དཔག་མེད་སྤྲིན་ཕུང་འདིས། །ཤྭ་ན་ས་བདག་བདག་ཉིད་མ་བཞི་དང་། །མིང་པོ་གསུམ་དང་དབང་ཕྱུག་ཉི་ཤུ་བརྒྱད། །མ་བདུན་སྲིང་བཞི་དྲེགས་པ་སྡེ་དྲུག་སོགས། །རྡོ་རྗེ་ཕུར་པའི་བཀའ་གཏེར་སྲུང་མའི་ཚོགས། །གསོལ་ལོ་མཆོད་དོ་བཅོལ་པའི་ཕྲིན་ལས་མཛོད། །ཅེས་གྲངས་གསོག་དོན་དུ་འཇི༵གས་མེ༵ད་ཕྲི༵ན་ལ༵ས་འོད༵་ཟེར༵་གྱིས་སྦྱར་བའོ། །དགེའོ།། །།


previousའབྱུང་འགྱུར་ལུང་བསྟན་གསལ་བའི་མེ་ལོང་།next