Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བསྐང་བཤགས་འདོད་དགུ་ལྷུན་གྲུབ།
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བསྐང་བཤགས་འདོད་དགུ་ལྷུན་གྲུབ།next

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བསྐང་བཤགས་འདོད་དགུ་ལྷུན་གྲུབ།

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བསྐང་བཤགས་འདོད་དགུ་ལྷུན་གྲུབ་བཞུགས་སོ། །བླ་མ་དང་དཀྱིལ་འཁོར་དབྱེར་མེད་པའི་ཇོ་བོ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བསྐང་བཤགས་བྱེད་པར་འདོད་ན། བསྐང་རྫས་གྱ་ནོམ་པར་བཤམས། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་བསམས་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། ཧྲཱིཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་མཆོག་གི །འདྲེན་པ་འོད་དཔག་མེད་ཀྱི་ཐུགས་རྗེ་ལས། །སྤྲུལ་མཛད་འཕགས་མཆོག་སྡུག་བསྔལ་རང་གྲོལ་ལྷ། །བསྐང་བའི་གནས་འདིར་སྤྱན་འདེན་གཤེགས་སུ་གསོལ། །སྣ་ཚོགས་པདྨ་ཉི་ཟླའི་གདན་ལ་བཞུགས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་ཚོགས་དཔག་མེད་འབུལ། །ཉམས་ཆག་ཉེས་ལྟུང་སྡིག་སྒྲིབ་མཐོལ་ཞིང་བཤགས། །འཁོར་འདས་དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །སྡུག་བསྔལ་རང་གྲོལ་ཆོས་འཁོར་བསྐོར་བར་བསྐུལ། །རྟག་ཏུ་འགྲོ་དོན་མཛད་པར་གསོལ་བ་འདེབས། །ཚད་མེད་རྣམ་བཞིའི་དགེ་ཚོགས་འགྲོ་ལ་བསྔོ། །ཞེས་བརྗོད་ཅིང་སྐོང་བ་དངོས་ལ་འཇུག་པ་ནི། ཧྲཱིཿ འཇིག་རྟེན་ཁམས་ཀྱི་དག་བྱེད་ཆེ་ཆུང་ཆབ། །ཆུ་དང་ཐང་སྐྱེས་མེ་ཏོག་སྣ་ཚོགས་རིགས། །རང་བཞིན་ངད་ལྡན་སྤོས་དང་སྦྱར་སྤོས་ཚོགས། །མུན་པ་སེལ་བྱེད་ཉི་ཟླ་སྒྲོན་མེ་སོགས། །བཟང་པོའི་དྲི་ལྡན་གཙང་ཆབ་བསྒྱུར་བའི་དྲི། །བཟའ་བཅའ་ལྡག་གཞིབ་ལྷ་མའི་ཞལ་ཟས་རིགས། །འབུད་དཀྲོལ་སྙན་འཇེབས་རོལ་མོའི་ཚོགས་རྣམས་ཀྱིས། །སྡུག་བསྔལ་རང་གྲོལ་ལྷ་ཚོགས་ཐུགས་དམ་བསྐང་། །རིགས་བདག་འཆི་མེད་མགོན་པོའི་ཐུགས་དམ་བསྐང་། །འཁོར་གྱི་ལྷ་མོ་རྣམ་བཞིའི་ཐུགས་དམ་བསྐང་། །སྒོ་སྲུང་རྟ་མགྲིན་རིགས་བཞིའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ཕྱི་ནང་གསང་བ་ཡི། །དམ་ཚིག་ཉམས་ཆག་ཉེས་ལྟུང་ཡོངས་དག་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་དང་། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཡོངས་འགྲུབ་མཛོད། །ཧྲཱིཿ མིག་ཤེས་འཇུག་ཡུལ་གཟུགས་རྣམས་ཐམས་ཅད་དང་། །སྒྲ་འཛིན་ལམ་དུ་གྲགས་པ་སྒྲ་ཡི་རིགས། །དྲི་འཛིན་ཤེས་ངོར་སྣང་བའི་སྣ་ཚོགས་དྲིས། །སྡུག་བསྔལ་རང་གྲོལ་ལྷ་ཚོགས་ཐུགས་དམ་བསྐང་། །རིགས་བདག་འཆི་མེད་མགོན་པོའི་ཐུགས་དམ་བསྐང་། །འཁོར་གྱི་ལྷ་མོ་རྣམ་བཞིའི་ཐུགས་དམ་བསྐང་། །སྒོ་སྲུང་རྟ་མགྲིན་བཞི་ཡི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ཕྱི་ནང་གསང་བ་ཡི། །དམ་ཚིག་ཉམས་ཆག་ཉེས་ལྟུང་ཡོངས་དག་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་དང་། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཡོངས་འགྲུབ་མཛོད། །ཧྲཱིཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་མཆོག་དང་། །རྒྱུད་དྲུག་དབྱིངས་སུ་བསྒྲལ་བའི་དམར་ཆེན་པོ། །རོ་མཆོག་བརྒྱ་དང་ལྡན་པའི་བྷ་ལིངྟ་། །བདེ་སྟོང་སྦྱོར་དང་རྟོག་ཚོགས་ཀུན་བསྒྲལ་བས། །སྡུག་བསྔལ་རང་གྲོལ་ལྷ་ཚོགས་ཐུགས་དམ་བསྐང་། །རིགས་བདག་འཆི་མེད་མགོན་པོའི་ཐུགས་དམ་བསྐང་། །འཁོར་གྱི་ལྷ་མོ་རྣམ་བཞིའི་ཐུགས་དམ་བསྐང་། །སྒོ་སྲུང་རྟ་མགྲིན་རིགས་བཞིའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ཕྱི་ནང་གསང་བ་ཡི། །དམ་ཚིག་ཉམས་ཆག་ཉེས་ལྟུང་ཡོངས་དག་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་དང་། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཡོངས་འགྲུབ་མཛོད། །ཧྲཱིཿ གཞན་ཡང་མཆོད་རྫས་སྐོང་རྫས་སྒྲུབ་རྫས་སོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །མཐའ་ཡས་འགྲོ་བའི་ཚོགས་བསགས་སྒྲིབ་སྦྱང་ཕྱིར། །བསྐང་བྱ་སྐོོང་བྱེད་དངོས་འཛིན་རྣམ་དག་བས། །སྡུག་བསྔལ་རང་གྲོལ་ལྷ་ཚོགས་ཐུགས་དམ་བསྐང་། །རིགས་བདག་འཆི་མེད་མགོན་པོའི་ཐུགས་དམ་བསྐང་། །འཁོར་གྱི་ལྷ་མོ་བཞི་ཡི་ཐུགས་དམ་བསྐང་། །སྒོ་སྲུང་རྟ་མགྲིན་རིགས་བཞིའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ཕྱི་ནང་གསང་བ་ཡི། །དམ་ཚིག་ཉམས་ཆག་ཉེས་ལྟུང་ཡོངས་དག་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་དང་། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཡོངས་འགྲུབ་མཛོད། །ཧྲཱིཿ དེ་ལྟར་བསྐངས་ཤིང་བཤགས་པའི་མཐུ་སྟོབས་ཀྱིས། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆང་བཟློག །སྔ་འགྱུར་བསྟན་ལ་འཁུ་བའི་ལོག་འདྲེན་རིགས། །རྩ་གསུམ་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགས་ནས་ཀྱང་། །རྡོ་རྗེའི་ཐེག་པ་དར་ཞིང་རྒྱས་པར་མཛོད། །དེ་ལྟར་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སྐོང་བཤགས་འདོད་དགུ་ལྷུན་གྲུབ་འདི་ཉིད་དད་དམ་ནོར་ལྡན་ཤེས་རབ་བསྟན་འཛིན་གྱིས་བསྐུལ་ངོར། །རྡོ་བླས་ཇི་ལྟར་སྨྲས་བཞིན་ཀུན་བཟང་འཆི་མེད་ཀྱིས་བྲིས་པའི་དགེ་བས་འགྲོ་རྣམས་ཐུགས་རྗེ་ཆེན་པོའི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག། །།དགེའོ།། །།དགེའོ།། །།དགེའོ།། །།


previousཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བསྐང་བཤགས་འདོད་དགུ་ལྷུན་གྲུབ།next