Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅའ་ཁྲིམས་ཀྱི་ཡི་གེ་རྒན་ཉམས་བགྲོད་ལམ་ཐར་པའི་ཐེམ་སྐས།
   
   
   
   
   
   
   
   


 
previousབཅའ་ཁྲིམས་ཀྱི་ཡི་གེ་རྒན་ཉམས་བགྲོད་ལམ་ཐར་པའི་ཐེམ་སྐས།next

བཅའ་ཁྲིམས་ཀྱི་ཡི་གེ་རྒན་ཉམས་བགྲོད་ལམ་ཐར་པའི་ཐེམ་སྐས།

བཅའ་ཁྲིམས་ཀྱི་ཡི་གེ་རྒན་ཉམས་བགྲོད་ལམ་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས། །ཨོཾ་སྭ་སྟི་སིདྡྷི། ཀུན་འབྱུང་འདྲེན་པའི་མུ་ཁྱུད་ཀྱིས་བཅིངས་ཤིང་། །དཀའ་ཐུབ་རིག་བྱེད་རྩིབས་སྟོང་རྣམ་བཀྲ་བ། །དབང་སྒྱུར་ཐབས་ཀྱི་འཁོར་ལོས་སྒྱུར་བ་མཆོག །ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་དགེ་ལེགས་སྩོལ། །དཔག་མེད་དཔལ་ཡོན་རྒྱ་མཚོའི་བདུད་རྩིའི་བཅུད། །འཛད་མེད་ནམ་མཁའ་མཛོད་ལྟར་ཡོངས་འཁྱིལ་པའི། །གངའདུལ་འགྲོ་ལ་གྲུབ་གཉིས་ཆར་འབེབས་པ། །སྔ་འགྱུར་མཁས་གྲུབ་ཚོགས་ཀྱི་བྱིན་གྱིས་རློབས། །མཁྱེ༷ན་པའི་ཡེ་ཤེས་གཏིང་མཐའ་དཔག་དཀའ་ཞིང་། །བྱམས་ཆེན་ཐུགས་བརྩེ༷འི་དབང་སྔོན་གཏེར་མཛོད་ནས། །ལེགས་ཐོན་བྱིན་ནུས་འོད༷་ཟེ༷ར་སྟོང་འབར་གཟིས། །སྒྲུབ་བརྒྱུད་བསྟན་པའི་པད་ཚལ་བཞད་གྱུར་ཅིག །གང་གི་བཞེད་གཞུང་ཨ་ཏིའི་ལམ་མཆོག་ལ། །མཆོག་དམན་སྐལ་བས་འཇུག་ཚུལ་མཐའ་ཡས་ཀྱང་། །འདིར་ནི་སྐལ་བཟང་དད་དམ་ལྡན་རྣམས་ཀྱི། །ཉམས་ལེན་ཕྱག་བཞེས་སྤྱོད་ལམ་དགོས་ཚུལ་འཆད། །ཞེས་ཚིགས་སུ་བཅད་པ་ཅུང་ཟད་ཀྱིས་མདུན་བསུས་ཏེ། །གླེང་པར་བྱ་བ་ནི་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་སྒྲུབ་སྡེ་གསར་འཛུགས་པདྨ་འོད་གླིང་དུ་སྒྲུབ་པའི་རྒྱལ་མཚན་ཐོག་མར་འཛུགས་པའི་བྱེད་པོ་ཟབ་གསང་རྡོ་རྗེ་ཐེག་པའི་མངའ་བདག་ཆེན་པོ་ལྷོ་པ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་བཞུགས་པ་ལས་ལྷག་པའི་བཅའ་ཁྲིམས་ཀྱི་ལག་ལེན་ཁོ་བོས་འབྲི་བ་འོས་སུ་མ་གྱུར་མོད་ཀྱང་། གང་གིས་བཀའ་ཕེབས་གསེར་གྱི་ཅོད་པན་མགོར་བཅིངས་པ་ལྡོག་དུ་མ་ནུས་ནས་རང་བློར་འཚམས་པའི་བླངས་དོར་ཅུང་ཟད་འཁོད་པ་ལ་སྤྱི་སྡོམ་ནི། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་དུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པས། རྐང་པ་དང་པོའི་ཉེས་སྤྱོད་སྡོམ་པ། གཉིས་པས་དགེ་བ་ཆོས་སྡུད། གསུམ་པས་སེམས་ཅན་དོན་བྱེད་དེ། སོ་ཐར་གྱི་དང་པོ་དགེ་བསྙེན་ལའང་། འདུལ་བ་རྒྱ་མཚོའི་སྙིང་པོར། སྣ་ཅིག་སྣ་འགའ་ཕལ་ཆེར་སྤྱོད། ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང་། སྐྱབས་འགྲོ་ཙམ་གྱི་དགེ་བསྙེན་བཅས། ཞེས་སོགས་མང་དུ་གསུངས་ཀྱང་། ཡོངས་རྫོགས་སྡོམ་ལྡན་གྱི་སྤང་བྱ། རྩ་བཞི་ཆང་དང་ལྔའོ། །སྐྱབས་འགྲོ་ཁོ་ནའི་སྡོམ་ལྡན་གྱི། སྤང་བྱ་གསུམ་བསྒྲུབ་བྱ་གསུམ་ཆ་མཐུན་རྣམས་དང་བཅས་པའི་བླང་དོར་མ་འཛོལ་བ་སྤྱོད་དགོས་པ་གཞིར་བཅས་ལ། རབ་བྱུང་ལ་བསྙེན་པར་མ་རྫོགས་པ་བར་མ་རབ་བྱུང་དང་། །དགེ་ཚུལ་ཟུང་ལས། སྔ་མའི་སྤང་བྱ་སྐྱབས་འགྲོ་འདོར་བ། མཁན་སློབ་ལ་མ་གུས་པ། ཁྱིམ་པའི་རྟགས་ལེན་པ། རབ་བྱུང་གི་རྟགས་འདོར་བའོ། །རྗེས་མ་དགེ་ཚུལ་ལ་རྩ་བ་བཞི་ཆང་དང་ལྔའི་སྟེང་དུ། གར་ཕྲེང་བ་མལ་སྟན་ཚེ་མཐོ། དུས་མིན་ཁ་ཟས། གསེར་དངུལ་ལེན་པ་དང་བཅུའོ། །དེའི་སྟེང་དུ་བར་མའི་བཞི་བསྣན་པས་བཅུ་བཞིའོ། །རྩ་བ་དེ་ལས་གྱེས་པའི་ཆར་གཏོགས་སུམ་ཅུ་སོ་དྲུག །ཡན་ལག་བཞི་བཞི་སོ་སོོར་དབྱེ་བས་བཞི་བཅུའོ། །དགེ་སློང་ལ་ལྟུང་བ་སྡེ་ལྔའི་དང་པོ་ཕམ་པ་བཞི་ལས། མི་ཚངས་སྤྱོད་པ་ནི་ཕོ་མོ་མ་ནིང་དུད་འགྲོ་སོགས་ཀྱི་སྐྱེ་གནས་སམ་ལུས་ཀྱི་ཆ་ཤས་གང་རུང་ལ་སྤྱད་ནས་སིམ་པ་ཐོབས་པའོ། །མ་བྱིན་ལེན་པ། གཞན་གྱི་དངོས་པོ་རྒྱ་གར་ཀཪྴ་པ་ཎི་བཞི་ཆའི་ཚད། བོད་ཀྱིི་མུ་གེ་ཡོད་མེད་ཀྱིས་ནས་ཁལ་བཞི་དང་ཕྱེད་ཀྱི་ཚད་དུ་བཞག་པའོ། །སྲོག་གཅོད་ནི། མི་འམ།མངལ་གནས་མེར་མེར་པོོ་ལ་སོགས་པ་རྫས་སྔགས་སོགས་ཀྱིས་གསོད་པའོ། །རྫུན་ནི། བླ་མ་ཁོ་ནའི་སྤྱོད་ཡུལ་ཏེ། ཐོས་བསམ་སྒོམ་གསུམ། བསླབ་པ་ཡོན་ཏན་ མངོན་ཤེས་གྲུབ་རྟགས་སོགས་མེད་བཞིན་ཏུ་གཞན་ལས་ཁྱད་འཕགས་ཞིག་ཡོད་ཅེས་གཞན་མགོ་སྐོར་ཐབས་ཀྱི་ཟོལ་ཟོག་བྱེད་པ་དག་གོ །དེའི་སྟེང་དུ་དགེ་འདུན་ལྷག་མ་བཅུ་གསུམ་དང་། སྤང་ལྟུང་སུམ་ཅུ་ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ། སོར་བཤགས་བཞི་ཉེས་བྱས་བརྒྱ་དང་བཅུ་གཉིས་རྣམས་ཡོད་པ་སྔགས་སྤྱོད་ཀྱིས་ཁྱད་གསོད་མི་བྱེད་པར་སྤང་བླང་ཅི་ནུས་དགོས་པ་སྟོན་པས་བཅས་པ་ཡིན་པས་ལས་དང་པོ་པས་ངོ་བོ་ངོས་འཛིན་ཙམ་ཤེས་ཀྱང་། བསྲུང་སྡོམ་གྱི་བླང་དོར་ཅུང་ཟད་ཤེས་སླ་བར་ཕན་ནམ་སྙམ་པ་ལགས་སོ། །འོན་ཀྱང་རྙིང་མ་བར་ཁས་འཆེ་བ་ཕལ་ཆེར་གྱིས་སྡེ་སྣོད་རིན་པོ་ཆེ་གསུམ་གྱི་བསླབ་བྱ་རྣ་ལམ་དུ་སོན་མ་ཐག་ཏུ་ཞེ་ཁྲེལ་གྱི་རྒྱུ་ལས་མི་འདུག་མོད་ཀྱང་། ཁང་པའི་ཡང་ཐོག་ཏུ་འགྲོ་བ་ལ། ཐེམ་སྐས་སོགས་རིམ་བགྲོད་མ་བྱས་པར་གོམ་པ་གཅིག་གིས་ཕྱིན་པར་མི་ནུས་བཞིན། རྫོགས་ཆེན་ཞེས་པའི་ཆོས་སྒོར་ཞུགས་པ་ཁོ་ནས་གྲུབ་པའི་དབང་ཕྱུག་རྣམས་ཀྱི་བརྟུལ་ཞུགས་ལ་འགྲན་པ་བྱུང་ཚེ་བསྟན་བླ་འཚོང་མཁན་གྱི་རྫུ་བག་ཅན་དུ་ངེས་པས་ངན་པ་ལང་ཤོར་དུ་མི་གཏོང་བ་དང་། བྱང་ཆུབ་སེམས་དཔའི་བསླབ་བྱའི་སྔོན་འགྲོ་ཚད་མེད་བཞི་དང་། དངོས་གཞི་སྨོན་འཇུག་གཉིས་ཀྱི་སྔ་མའི་སྤང་བྱ་ནག་པོ་ཆོས་བཞི་བསྒྲུབ་བྱ་དཀར་པོའི་ཆོས་བཞིའི་བླང་དོར་མི་འཛོལ་བ། བདག་གཞན་མཉམ་པ། བརྗེ་བ་བདག་ལས་གཞན་གཅེས་བཞིའི་དོན་ལ་མི་གཡེལ་པ། རྗེས་མའི་བསླབ་བྱ་ཕར་ཕྱིན་དྲུག་ལས་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་སྟེ་སྦྱིན་པ་གསུམ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དེ་ཚུལ་ཁྲིམས་གསུམ། དཀའ་བ་དང་ལེན། ཅི་མི་སྙམ་པ། ཟབ་མོའི་དོན་ལ་མི་སྐྲག་པ་སྟེ་བཟོད་པ་གསུམ། སྦྱོར་བའི་བརྩོན་འགྲུས། གོ་ཆའི་བརྩོན་འགྲུས། ཆོག་པར་མི་འཛིན་པའི་བརྩོན་འགྲུས་དེ་གསུམ། བྱིས་པ་ཉེར་སྤྱོད། དོན་རབ་འབྱེད་པ། དེ་བཞིན་གཤེགས་དགེའི་བསམ་གཏན་དང་གསུམ། ཐོས་བམས་སྒོམ་གསུམ་གྱི་ཤེས་རབ་རྣམས་དང་། བསྡུ་དངོས་བཞིའི་སྒོ་ནས་འགྲོ་བའི་དོན་ལ་བརྩོན་པ་རྣམས་དངོས་བརྒྱུད་དུ་མ་ནས་བསྒྲུབ་པ་གལ་ཆེ་ཞིང་། དེ་ལས་ལྡོག་པའི་བྱང་སེམས་ཀྱི་བསླབ་བྱ་གཏོང་བ་སོགས་ཁ་ན་མ་ཐོ་བའི་ལས་མི་བྱེད་ཅིང་འཁོར་འདས་ཀྱི་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུའི་ལམ་ཁྱེར་ལ་བསླབ་པོ། །གསང་སྔགས་རྡོ་རྗེའི་ཐེག་པ་ནི་སྨིན་བྱེད་དབང་གི་ཐོག་མ་བུམ་དབང་དང་འབྲེལ་བའི་བསྐྱེད་རིམ་གསང་བའི་སྙེ་མ། རྗེ་བླ་མའི་ལུགས་ཀྱི་འོག་མིན་བགྲོད་པའི་ཐེམ་སྐས་ལྟར་ཉམས་སུ་བསྟར་བ་དང་། སྤྲོས་པ་སྐྱུང་ན་ཡི་དམ་གང་ཡིན་གྱི་བྲིས་སྐུར་བག་ཆགས་གོམས་ཐབས་བསླབས་ནས་ཉེར་བསྡུ་ལྷར་ལྡང་དང་བཅས་པར་གོམས་སུ་འཇུག་པ་དགོས་ཤིང་བསྐྱེད་རིམ་གཏན་ནས་མི་བྱེད་ན་རིམ་པ་གཉིས་ཡ་བྲལ་དུ་འགྱུར་བས་གཤོག་པ་ཡ་ཅིག་མེད་པའི་མཁའ་ལྡིང་འཕུར་མི་ནུས་པ་བཞིན་བྱང་ཆུབ་ཀྱི་ས་ལ་ཉེ་བར་མི་ནུས་སོ། །འོན་ཀྱང་གང་ཟག་དབང་རབ་དང་བསྐྱེད་རྫོགས་ལ་སྔར་གོམས་ཡོད་པ་རྣམས་ནི་མ་གཏོགས་སོ། །གསང་དབང་དང་འབྲེལ་བའི་གཏུམ་མོ་ནི་སྤྱིར་གསར་རྙིང་གཉིས་གར་ཡོད་ཅིང་། བྱེ་བྲག་ཟབ་གཏེར་ཚོར་གསལ་བ་ཇི་བཞིན་དང་། ཁྱད་པར་རང་ཉིད་གང་ལ་གོམས་པའམ་གོམས་སུ་འཇུག་རྒྱུའི་ལམ་གང་ཡིན་པ་དེ་ལ་བསླབ་དགོས་ཤིང་། སྤྱིར་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་གནས་ཚུལ་དང་། དེ་དག་གི་སྦྱང་གཞི་ཆོས་ཉིད་འགྱུར་མེད། སྦྱང་བྱ་གློ་བུར་དྲི་མ། སྦྱོང་བྱེད་སྨིན་གྲོལ་ལམ་རིམ། སྦྱངས་འབྲས་སྐུ་ལྔའི་བདག་ཉིད་རྡོ་རྗེ་འཛིན་པའོ། །དེ་ཡང་གཞི་ལ་ཞུགས་པ། ལམ་དུ་གོམས་པ་འབྲས་བུ་མངོན་དུ་གྱུར་པ་ཆོས་ཉིད་ཡིན་ཕྱིར། ཉམས་ལེན་གང་ཡིན་ཀྱང་སྙིང་རུས་ཆེན་པོས་མཐར་འདོན་པར་མ་བྱས་ན་ཐོས་ལོ་ཤེས་ལོ་ཙམ་གྱིས་བློ་དྲེད་ཀྱི་རྒྱུ་ལས་གང་ཡང་མི་ཡོང་སྟེ། མཉམ་མེད་དྭགས་པོས། ཆོས་ཐོས་པ་འགའ་རྣ་དྲེད་དུ་གཏོང་བས་ཉེན། དོན་བསམ་པ་ཕལ་ཀུན་རྟོག་སྤེལ་བའི་རྒྱུ། སྒོམ་བཟང་པོ་ཡང་ཉམས་མྱོང་ཞེན་པས་འཆིངས། ད་བཅོས་མེད་ཀྱི་ངང་དུ་སྡོད་པར་སྤྲོ། ཞེས་གསུངས་པ་ལྟར། དེང་སྐབས་ཐོས་བསམ་ལ་འཇུག་གྲབས་བྱེད་དུས་སྒོམ་སྒྲུབ་ལ་སྨོན་པ་དང་། སྒོམ་སྒྲུབ་ལ་འབུངས་དུས་ཐོས་བསམ་གཉེར་བ་སོགས། བློ་རྩེ་གཉིས་སུ་བྱས་པས་གཅིག་ཀྱང་མེད་པ་སྐྱོན་དུ་བལྟས་ནས་སྒོམ་སྒྲུབ་ལ་སྙིང་རུས་བསྐྱེད་པ་གལ་ཆེ། འོན་ཀྱང་། མི་ལས། ལུང་རིགས་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། ཞེས་དང་། དྭགས་པོས། ཆོས་ལ་ཐོས་བསམ་སྒོམ་གསུམ་སྤུག་མར་བྱེད་པ་ནི་མ་ནོར་བ་ཡིན། ཞེས་གསུངས་པ་ཡང་དྲན་ལོས་དགོས། ལར་གསང་དབང་གི་བཟླས་བརྗོད་དང་གཏུམ་མོ་སོགས་བདག་བྱིན་གྱིས་བརླབ་པའི་ལས་ལ་འཇུག་ཏུ་རུང་བར་བྱ་བའོ། །ཤེར་དབང་དང་འབྲེལ་བའི་རྣལ་འབྱོར་པ་རྩ་འབྱོང་རླུང་ཆུན། ཐིག་ལེའི་དབབ་ལྡོག་ལས་སུ་རུང་བ་དག་གིས་གཞན་ལུས་ཕྱག་རྒྱའི་སྐོར་ཉམས་སུ་ལེན་ཚུལ་གསུངས་མོད་ཀྱང་། ད་ལྟའི་དུས་འདིར་མདོ་མིན་སྔགས་མིན་གྱི་ཤན་ཤོར་བས་མཆོག་དབང་གོང་མ་གསུམ་གྱི་སྔ་མ་གཉིས་ཙམ་པོ་པ་ལས་སྒྲ་ཇི་བཞིན་པར་ཕྱག་ལེན་འདེབས་མཁན་གྱི་བླ་སློབ་སྔ་མ་ཞིག་ནས་དཀོན་པ་དང་། དེར་མ་ཟད་ཁམས་ཕྱོགས་འདིར་འདི་ཚོར་འཕྲལ་ཕུགས་གཉིས་ཀའི་དོན་འབྲས་སྔགས་ལ་རེ་བཞིན་དབང་བསྐུར་བརྒྱ་སྟོང་མང་པོ་ཞུ་ཡིན་འདུག་ཀྱང་བུམ་དབང་གི་དམ་ཚིག་བརྟན་གཡོ་ལྷའི་གསང་བ་གསུམ་གྱི་རོལ་བར་ལམ་ཁྱེར་དགོས་ཚུལ་ཙམ་ཡང་མ་གོ་བར་དབང་ཐོབ་པ་དང་སྔགས་པར་རློམ་པ་ཡ་རེ་ཆ། བརྟག་དཔྱད་ཞིབ་ཏུ་བྱས་ཚེ་སྔགས་ལ་ཡིད་མི་ཆེས་བཞིན་དུ་སྤྱོད་ཅིང་། སོ་ཐར་གྱི་རྩ་བ་བཞིའི་བསྲུང་སྡོམ་ཡང་ཅི་དགར་འདོར་བ་ལས་ཚུལ་བཞིན་སྒྲུབ་པ་ཉུང་ན་དེང་དུས་ཀྱི་ལམ་ཞུགས་པ་རྣམས་མདོ་སྔགས་གང་དུ་ངོས་འཛིན་ཤེས་དཀའ་མོད། འོན་ཀྱང་བླ་མར་མ་འགལ་ཙམ་དང་། བསྐྱེད་རྫོགས་སྒོམ་བཟླས་དགའ་བ་ཙམ་ཡང་དཀའ་བཞིན་ཆེས་དཀོན་དུས་འདིར་སྒྲུབ་པའི་རྒྱལ་མཚན་བཙུགས་པ་ངོ་མཚར་གྱི་ཡུལ་དུ་གྱུར་མོད་ཀྱང་། སྒོ་གསུམ་པོས་དལ་བག་ཡངས་སུ་བསྡད་པ་ཁོ་ནས་རི་ཁྲོད་མི་ཚད་གངས་བྲག་ནགས་ཚལ་ཅི་འདྲ་བརྟེན་ཀྱང་དོན་འབྲས་གང་ཡང་འབྱིན་མི་ནུས་པར་གཞིར་ལ། དེ་ཡང་དབང་གསུམ་པ་ཡན་གྱི་འཕྲོས་སྔོན་དུ་ཅུང་ཟད་བརྗོད་པ་དེའི་འཐུས་ལ་བཞི་པའི་ལམ་ཁྱེར་ནི། ཕྱག་རྫོགས་དབུ་གསུམ་ཞི་གཅོད་སོགས་ཀྱི་རང་གཞུང་ལྟར་སེམས་ངོ་གཏན་ལ་ཕབས་ནས་ཉམས་སུ་བླངས་དགོས་རྒྱུ་ཡིན་ནའང་། དེང་སྐབས་རང་རང་སོ་སོའི་གཞུང་ལྟར་ལྟ་སྒོམ་སྤྱོད་འབྲས་ཀྱི་ངོ་བོ་ངོས་འཛིན་ལུགས་ཙམ་ཡང་ཤན་མ་ཤོར་བ་ཞིག་དཀའ་བར་འདུག་པ་རང་ཉིད་བློ་གྲོས་ཀྱི་རྩལ་ཁ་མ་རྒྱས་པའི་མངོན་རྟོགས་གསལ་བར་བསྟན་པ་ཡིན་ནོ། །སྤྱིར་མདོ་སྔགས་གཉིས་ཀྱི་མདོ་ལུགས་ལ་ཉན་ཐོས་པས་རྣམ་རྟོག་ཕྲ་རགས་རྣམས་འགོག་ཅིང་ཉོན་མོངས་པ་དུག་ལྟར་སྤངས་པ་དང་རང་རྒྱལ་གྱི་རྟེན་འབྲེལ་ལུགས་ལྡོག །ཕར་ཕྱིན་ཐེག་པ་མན་གྱི་སྤྱི་མཐུན་དུ་བདག་མེད་རྣམ་པ་གཉིས་གཏན་ལ་དབབ་པ་སོགས་ཕྲ་ཞིབ་ཡི་གེས་འཇིགས་ཀྱང་སྐབས་འདིར་དགོས་པ་ཡང་ཆུང་མོད། འོན་ཀྱང་མདོ་ལུགས་སུ་ཞི་ལྷག་གི་འཇོག་ཚུལ་དང་སེམས་འཛིན་སོགས་མང་དུ་གསུངས་པའི་སྐྱེལ་སོ་སྤྲོས་བྲལ་སྟོང་རྐྱང་ལ་ཐུག་པ་དང་། ཕྱག་ཆེན་པ་ཇོ་བོ་རྗེ་དང་། མར་མི་ལྷན་རྒྱས་ཀྱི་རྗེས་སུ་འབྲངས་ནས་སེམས་ངོ་སྐྱོང་ཚུལ་ཕལ་ཆེར་མདོ་ལུགས་དང་མཐུན་ཞིང་རྣལ་འབྱོར་བཅུ་གཉིས་གོ་རིམ་དང་ས་བཅུ་ལམ་ལྔའི་ས་བཅད་ཀྱང་སྣང་མོད། དེ་ཡང་ཞིབ་ཏུ་དཔྱད་ན་གནས་འགྱུ་རིག་གསུམ་དུ་བསྡུས་ཏེ་གནས་དགའ་འགྱུ་སྡུག་ལྟ་བུར་རྫོགས་ཆེན་པས་མལ་གཞལ་ཚེ་སྒོམ་གྱི་མུ་གེ་ཟེར་བ་འགྱུ་བ་དགྲར་འཛིན་པ་འདྲ་མོར་འདུག་ཀྱང་། རྗེ་སྙི་སྒོམ་ཆེན་པོ་དང་། མཾ་ག་ལ། ནོར་རྒྱན་པ། བཟང་པོ་རྡོ་རྗེ་དང། ཀརྨ་པ་རང་བྱུང་རྡོ་རྗེ། རོལ་རྡོར། འབྲུག་པ་པད་དཀར་སོགས་རྫོགས་ཆེན་དང་ཤིན་ཏུ་མཐུན་པར་སྣང་ཞིང་རྗེས་འབྲང་འགའ་རེ་དང་ཁྱད་པར་སྨར་ཚང་བཀའ་བརྒྱུད་པ་རྣམས་སེམས་ཀྱི་ངོ་བོ་དང་རང་བཞིན་རྩིས་མེད་དུ་བཏང་ནས་རྩལ་གྱི་རྣམ་རྟོག་ཁོ་ན་ལ་བརྟགས་དཔྱད་བྱེད་པ་དང་། དབུ་མ་རང་རྒྱུད་པས་ཀུན་རྫོབ་ཀྱི་ཆོས་རྣམས་རྨི་ལམ་སྒྱུ་མའི་ཚུལ་དང་། དོན་དམ་མཐའ་དང་བྲལ་བའི་དབུས་སུ་འཇོག་པ། ཐལ་འགྱུར་བས་དབུས་སུ་འཛིན་པ་ཙམ་ཡང་མི་བསྒྲུབ་པ་ཞི་གཅོད་གཉིས་ཧ་ལམ་ཙམ་མཐུན་ཞིང་བཟང་ངན་གྱི་རྣམ་པར་རྟོག་པའི་ཚོགས་ཐད་གར་གཅོད་ཅིང་གཅོད་མཁན་གྱི་རིག་པ་ངར་ཆ་དང་བཅས་ཏེ་མི་ཡེངས་པའོ། །རྫོགས་ཆེན་སེམས་སྡེ་བས་འཁོར་འདས་ཀྱི་ཆོས་རྣམས་སེམས་ལས་གཞན་དུ་མེད་པར་འདོད་པ་སེམས་ཙམ་པ་དང་མཚུངས་ཞེས་ཁ་ཟེར་བ་དག་ཀྱང་ཡོད་མོད། ཀློང་སྡེ་བས་སེམས་ཀྱི་བཏགས་པས་ཆོས་རྣམས་རྣམ་པ་ཀུན་གྱི་མཆོག་ལྡན་ཀུན་ཏུ་བཟང་མོའི་ཀློང་ལས་མ་འདས་པར་འདོད་པ། མན་ངག་སྡེ་བས་ལྟ་སྒོམ་སྤྱོད་གསུམ་གྱི་མཁན་པོ་རང་རིག་ཟངས་ཐལ་དྲན་རྒྱུའི་ཡུལ་དང་དྲན་བྱེད་ཀྱི་མཁན་པོ་གཉིས་སུ་མེད་ཅིང་གཅིག་ཏུ་འཛིན་པ་ཡང་དྲི་མ་ཅན་དུ་ཤེས་དགོས་ཤིང་། དེ་ཡང་ཉམས་ལེན་གྱི་སྐབས་རང་རང་སོ་སོའི་གཞུང་ལྟར་གོ་མྱོང་རྟོགས་གསུམ་གྱིས་གཏན་ལ་ཕེབས་ངེས་དགོས་ཀྱང་། མཐར་ཐུག་གི་སྐྱེལ་པོ་ནི་སོ་སོར་དབེན་ཞིང་ཆུ་རྣམས་རྒྱ་མཚོར་རོ་གཅིག་པ་ཡིན་ནམ་སྙམ། མདོར་དྲིལ་ན་རྫོགས་ཆེན་སྡེ་གསུམ་གོང་མར་བསྡུ་དགོས་ན་དེ་ཉིད་ཉམས་ལེན་གྱི་ཚེ་ཐོག་མར་ལུས་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ། ངག་སྒྲ་ཚིག་བརྗོད་པ་ཅན་འདི་གཉིས་པོ་དང་མཚུངས་པའི་སེམས་ཞེས་པ་གཟུགས་སམ་སྒྲའི་རྣམ་པ་ཅན་ཞིག་གམ། དེ་འདྲ་མེད་པ་གང་ཡིན་བྱ་ཤོར་དུ་མ་སོང་པར་བཙལ་བཅུག་པ་དང་པོའི་ལས་ཅན་ལ་གལ་ཤིན་ཏུ་ཆེ། དེ་ལྟར་བཙལ་ཚེ་སྔར་འདས། མ་འོངས། ད་ལྟ་གསུམ་ལ་རྣམ་པར་རྟོག་པའི་རྒྱུན་འབབ་ཆུ་ལྟ་བུའི་སེམས་ཡིན་པ་ངོ་ཤེས་ཚེ་རྐུན་མ་ངོས་ཟིན་པ་ལྟར་གོ་སླ་བ་ཞིག་འོང་ངོ་། །དེ་ལྟར་ངོས་ཟིན་ཚེ་སེམས་འདི་ཐོག་མ་བྱུང་ས། བར་དུ་གནས་ས། ཐ་མ་འགྲོ་ས་བཙལ་བཅུག་པས་ཚོལ་མཁན་ཁོ་རང་མ་གཏོགས་དེ་གསུམ་གའི་ཁུངས་མ་རྙེད་དུས། དབྱིབས་དང་ཁ་དོག་ལ་ཡང་ཞིབ་མོར་བརྟགས་བཅུག་པས་སྔ་མ་ཇི་བཞིན་རྫུན་ཕུགས་ངེས་པར་རྡིབ་ཚེ། ད་འོ་ན་སྐད་ཅིག་ཙམ་ཡང་མ་ཡེངས་པར་སྒོམས་ཤིག་ཞེས་བསྒོམས་པས་སྒོམ་རྒྱུ་གང་ཡིན་ངོ་མ་འཚལ་ནས་ལ་ལ་མུན་ནེ་ཐོམ་མེ་བའི་ལུང་མ་བསྟན་དང་། ཁ་ཅིག་སྔ་མ་ལྟར་འཕྲོ་རྒོད་ཀྱི་ངང་དུ་འབྱམས་པ། ཕལ་ཆེར་བདེ་གསལ་མི་རྟོག་པའི་ཉམས་མྱོང་རྒྱུད་ལ་སྐྱེ་བ་སོགས་མ་ངེས་པ་འོང་ངོ་། །དེ་དག་ལ་གང་འཚམས་ཀྱི་བསླབ་བྱ་གནང་ནས་མ་ཡེངས་པ་ཁོ་ན་གཙིགས་བྱས་ཏེ་བཟུང་དྲན་གྱིས་རྟོད་ལ་མནན་པ་གལ་ཆེའོ། །དེ་ལྟར་དྲན་པའི་རྒྱུན་ཆད་མིན་བརྟགས་དཔྱད་ཞིབ་མོར་བྱས་ནས་ནན་དུ་བསྐྱངས་པས་ཅི་ཞིག་ན་ཞི་གནས་ཀྱི་ཉམས་ཅི་རིགས་དང་། ལྷག་མཐོང་གི་ཤེས་རབ་གོ་བས་ལྷན་པ་བཏབ་པ་ཙམ་མིན་པ་རྟོགས་ཚེ། རང་བྱུང་གི་ཡེ་ཤེས་ཟེར་ཡང་དཀའ་བར་ཟད་དོ། །ལར་ཁམས་དབུས་གཙང་གསུམ་གྱི་རི་ཁྲོད་པ་ཕལ་ཆེར་ལྟ་སྒོམ་དོར་ནས་སྒྲིགས་གྲ་ཚོའི་ལད་མོ་བྱེད་ཀྱིན་འདུག་པ་དང་། རྡོར་སྨིན་ལྷ་ལུང་དཔལ་རི་སོགས་ཀྱང་རིམ་གཉིས་ཀྱི་ཉམས་ལེན་བཤོལ་ནས་བློ་འཛིན་དང་། གར་ཐིག་དབྱངས་རོལ་ཁོ་ན་ལ་སྙིང་པོ་བྱེད་པ་དགོངས་བཞིན་དང་། ཁམས་འདིར་ཀཿདཔལ་གཉིས་ཉམས་ལེན་ལ་གལ་ཆེན་བྱེད་པ་ལས། ཞེ་རྫོགས་སྟག་དགོན་བཅས་ཀྱང་གསར་དགོན་རྣམས་དང་མཚུངས་ལ་ཁད་ཀྱི་སྤྲོས་བཅས་ཁོ་ནས་དུས་འདའ་བ་ལས་བསྐྱེད་རྫོགས་ཉམས་མྱོང་བྱེད་མཁན་ཉུང་ཞིང་། སྔོན་འགྲོའི་ཁྲིད་རྒྱས་བསྡུས་གང་མཚམས་རེ་གནང་ཡང་ལུང་མཉན་པ་ལྟ་བུ་ལས་ཐོག་མཐའ་བར་གསུམ་ལ་གོ་བ་ཅུང་ཟད་ཀྱང་མ་ཆགས་པ། ཁྱད་པར་སེམས་ཁྲིད་སྐོར་ལ་སྒོ་གསུམ་པ་གཙོ་གང་ཆེ་དྲིས་པར། ཡིད་གཙོ་ཆེ་ཟེར་ཤེས་ན། བྱུང་གནས་འགྲོ་གསུམ། དབྱིབས་ཁ་དོག་བྱ་ཤོར་ཙམ་ཞིག་ངོ་འཕྲོད་རློམ་གྱིས་ཆོག་པར་བཟུང་ནས། རྣམ་ཤེས་ཚོགས་བརྒྱད་དང་། སྣང་བ་སྣང་ཡུལ་ཙམ་ཡང་མི་བྱེད་བཞིན་རང་རང་གི་ངན་རྟོག་དང་ཕྱོགས་སྔ་ཁོ་ནས་འཐེན་འཁྱེར་ལ་བརྟེན་ནས་རྫོགས་ཆེན་པ་ཟེར་བ་ཆོས་ལུགས་གཞན་གྱི་རྗེས་སུ་འབྲང་བ་མང་དུས་འདིར། བསྟན་པའི་སྒྲོན་མེ་རིན་པོ་ཆེ་རྣམས་ཀྱི་ཞབས་པད་ནས་སྤྱིར་ཁྲིད་རིམ་ཀུན་དང་ཁྱད་པར་སེམས་ཁྲིད་འདི་གོང་སྨོས་ཀྱི་སྐྱོན་གསེབ་ཏུ་མི་ལུས་པའི་བཀའ་དྲིན་རྒྱ་གང་ཆེ་དང་། སློབ་བུ་རྣམས་ཀྱིས་ཀྱང་སྒོ་གསུམ་ཐ་མལ་བག་ཡངས་སུ་མི་ཤོར་བར་སྙིང་རུས་དཔྱིས་ཕྱིན་པ་གནང་བའི་གསོལ་བ་འདེབས་སོ། །དེ་ལྟར་རང་གི་བློས་དཔོག་ཚོད་ཀྱིས་འཕྲོས་ཅུང་ཟད་བརྗོད་དོན་རང་དང་སྐལ་མཉམ་འགའ་ལ་དྲན་བསྐུལ་གསལ་འདེབས་ཀྱི་ཚུལ་དུ་བརྗོད་པའོ། །ད་ནི་བཅའ་ཁྲིམས་དངོས་ཀྱི་དོན་ནི། སྤྱིར་ཁྱིམ་ཆུང་སྤངས་པས་ཁྱིམ་ཆེན་དགོན་གནས་ནའང་ཆགས་སྡང་རྨོངས་གསུམ་གྱིས་དུས་འདའ་བའི་སྙིགས་མའི་མར་གཤམ་འདིར་བདག་འདྲས་བཅའ་ཡིག་འབྲི་བ་འཕྱ་སྨོད་ཀྱི་རྒྱུ་ལས་མ་འདས་མོད་ཀྱང་། དེ་དང་ཅུང་ཟད་མི་འདྲ་བའི་འདུ་འཛིའི་དབེན་པའི་རི་ངོགས་གང་དེར་སྔོན་སྨོན་གྱི་འབྲས་བཟང་དུས་སུ་སྨིན་པ་ལྟ་བུའི་སྟོན་པ་རྡོ་རྗེ་སློབ་དཔོན་གཞན་འགྲན་བྲལ་བ་རྩེ་མོའི་གྲངས་ལྡན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་ཕྱག་རྗེས་བྱ་བ་ལས་ཀྱི་འཁོར་ལོའི་ཕུལ་དུ་གྱུར་པ་ཀློག་པ་ཐོས་བསམ་གྱི་འཁོར་ལོའི་རོ་བཅུད་མྱང་བཞིན་སྤོང་པ་བསམ་གཏན་གྱི་འཁོར་ལོའི་རྣམ་པར་གཡེང་བ་རྒྱུན་བཅད་དེ་དྲན་ཤེས་བག་ཡོད་ལ་གནས་དགོས་པ་ནི་གཞིར་བཅས་ལ། དེ་ཡང་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་ལ་བསྔོ་བ་སྟེ་དམ་པ་གསུམ་དང་མི་འབྲལ་བ་ནི་གལ་ཤིན་ཏུ་ཆེ་ཞིང་། གོང་དུ་བཤད་པའི་སོ་ཐར་གྱི་རྩ་བ་བཞི་སོགས་བཅས་རང་རྣམས་དང་། བྱང་སེམས་ཀྱི་དཀར་ནག་ཆོས་བརྒྱད་ཀྱི་བླང་དོར་མི་འཛོལ་བ། ཐེག་ཆེན་ཁས་འཆེ་བཞིན་སེམས་ཅན་ཡོངས་དང་། ཁྱད་པར་མགོན་སྐྱབས་བྲལ་བའི་ངན་སོང་གི་འགྲོ་བ་སྐྱོབ་མཁན་རང་ཅག་རྣམས་ཡིན་དགོས་ན་ཤ་ཁྲག་གི་ལོངས་སྤྱོད་དོན་གཉེར་གྱི་དུད་འགྲོའི་རིགས་གསོད་པ་ལ་ཅི་མི་སྙམ་ན། ཡི་དྭགས་དམྱལ་བ་རྣམས་ལའང་ཕན་ཐོགས་ཆེན་པོ་ཨེ་བྱེད་དོགས། དེས་ན་སྒྲུབ་གྲའི་ཉེ་སྐོར་དུ་བཤས་བཤའ་བ། འཁོན་འཛིང་འཐབ་རྩོད། ཀུ་རེ་ཀྱལ་ཀ་བགད་མོ། ཀུ་ཅོ་སོགས་རང་གཞན་སུས་ཀྱང་མི་ཆོག་པའི་བཀའ་ཁྲིམས་དང་། ནང་དུའང་སྒྲུབ་གྲ་བ་སྤྱིར་ང་རྒྱལ་ཁེངས་སེམས་ཕྲག་དོག་འཁོན་འཛིན་སོགས་མེད་ཅིང་ཁྱད་པར་བླ་མའི་བཀའ་ལས་ཅུང་ཟད་ཀྱང་མི་འདའ་བ་སྔགས་ཀྱི་དམ་ཚིག་གི་གནད་རྣམས་ཀྱང་དེར་འདུས་པ་མཁྱེན་མོད། འོན་ཀྱང་ཤེས་བཞིན་དུ་ཁྱད་གསོད་བྱེད་པ་དང་། མི་ཤེས་སྐྱོན་གྱིས་བླང་དོར་གོ་ལོག་སྤྱོད་པ་གཉིས་ལས་སྔ་མ་སྐྱོན་ཆེ་བ་ཡང་སུན་འབྱིན་པ་གལ་ཆེ། ལར་རང་རང་གི་སྒོ་གསུམ་གྱི་སྐྱོན་གཞན་ལ་གབ་པའི་རིགས་རྣམས་སུན་འབྱིན་རང་ཉིད་ཀྱིས་བྱེད་པ་ལས་བླ་མས་གསུངས་ཀྱང་སྡང་བར་མངོན་ཞིང་ལོག་ལྟའི་རྒྱུ་རུ་འགྲོ་བ་ཡང་སྲིད་པས་རང་ཁྲིམས་རང་ལ་འཛུགས་ཐབས་ཤིག་མ་བྱས་ན། སྒྲུབ་ཁང་དུ་ཕྱིར་མི་མངོན་པར་བཟླས་བརྗོད་ཅུང་ཟད་རེའི་ཁ་ཁྲལ་དང་། རྐང་གླིང་ཌ་དྲིལ་སོགས་ཀྱི་ལག་ཁྲལ་འཇལ་བ་ལྟ་བུའི་ལོ་ཟླའི་གྲངས་བརྩི་བ་རང་མགོ་རང་གིས་བསྐོར་ནས་བསྟན་འགྲོ་ཆབས་ཅིག་ཏུ་བསླུ་བའི་ལག་ལེན་ཡིན་པས་ཀུན་གྱི་ངོས་ལྐོག་སྙོམས་པའི་དམ་ཚིག་ལ་གཅེས་སྤྲས་མཛད་པ་གལ་ཆེ་ཞིང་། དེ་ཡང་རང་རང་སོ་སོ་སྒྲུབ་གྲར་འཚང་དོན་ལ་མོན་བསམ་ཞིབ་ཏུ་ཐོངས་དང་། སྤྱིར་འདུ་འཛི་སྤངས་ཏེ་རྣམ་པར་གཡེངས་བ་རྒྱུན་གཅོད་པའི་དོན་དང་། སྒོས་བསྐྱེད་རྫོགས་ལ་བརྟན་པ་ཐོབ་ངེས་ཀྱི་ཆེད། ཉིང་དགོས་སེམས་རིག་གི་ཁྱད་པར་ཕྱེས་ནས་སེམས་ཉིད་ལས་སུ་རུང་བའི་དོན་ཡིན་ཚེ། བལྟ་བྱ་ལྟ་བྱེད། བསྒོམ་བྱ་སྒོམ་བྱེད་མེད་ངོ་སྙམ་པའི་གོ་བས་རྒྱས་འདེབས་བཞིན་དུས་གསུམ་གྱི་རྟོག་པ་ཆུ་བོའི་རྒྱུན་ལྟར་འཕྲོ་བའི་རྗེས་སུ་འབྲངས་ནས་བསྙེན་བསྒྲུབ་བཟླས་བརྗོད་ལྗགས་མ་རྡུལ་གྱི་བར་བྱས་ཀྱང་འབྲས་བུ་འབྱིན་པ་དཀའ་བས་ན། བརྟན་ཆ་ཐོབ་ངེས་མ་བྱུང་བར་བཟླས་པ་དང་། མཉམ་བཞག་བསྲེ་བ་གཅིག་འགོ་མི་ཐོན་བཞིན་གཉིས་འགོ་མི་སྦྲེལ་བར། ཐུན་གྱི་དངོས་གཞི་གནས་ལུགས་ཁོ་ན་ལ་མཉམ་པར་འཇོག་ཅིང་། ཐུན་བར་རེས་འཇོག་ཚུལ་གྱི་བཟླས་བརྗོད་ཡན་ལག་ལྟར་བྱས་ན་བོགས་སྐྱེད་ཆེ་བ་མྱོང་བས་གྲུབ་པ་ཡིན་མོད། འོན་ཀྱང་རང་སྡེའི་རྫོགས་ཆེན་གྱི་ལུགས་སྲོལ་འདི་ལ་དུས་སྔོན་ཞིག་ནས་གནས་ལུགས་ལ་དམར་ཐག་ཆོད་མིན་སུས་ཀྱང་མཉམ་རྗེས་བསྲེས་ནས་བཟླས་བརྗོད་དང་སྟབས་གཅིག་ཏུ་མི་ཡེངས་པར་རློམ་པ་བྱེད་འདུག་ཀྱང་ལྷ་ས་མ་མཐོང་པར་དཀར་ཆགས་ལ་བྱང་ཆུབ་པ་བཞིན་ནོ། །དེའི་ཕྱིར་ན་དང་པོའི་ལས་ཅན་གྱི་སྐལ་བར་དཀའ་བཞག་སླབ་སྒྲུབ་མི་བྱེད་པར་རང་གིས་རང་ལ་མི་ཁྲེལ་བ་ཞིག་མ་བྱས་ན་རྗེ་བླ་མས། བྲག་ཕུག་ཡུན་རིང་གླ་བས་བཟུང་། བྱ་ནག་རྡོ་རྗེའི་བཟླས་པར་མཁས། གསུངས་པ་བཞིན་དང་། རྗེ་མི་ལ་དང་། སྒམ་པོ་རྣམས་ཀྱིས། ལུས་ཚོང་དུས་ན་ཡོད་ཀྱང་སེམས་རི་ཁྲོད་ན་ཡོད་པ་ཞེས་དྲན་ཤེས་ཀྱི་རྒྱུན་བརྟེན་པ་གལ་ཆེན་དུ་གདམས་པ་དང་། ལུས་རི་ཁྲོད་ན་ཡོད་ཀྱང་སེམས་ཚོང་དུས་སུ་འགྲིམ་པ་ཞེས་སྨྲ་བཅད་འདག་སྦྱར་ཁོ་ན་ལ་བརྩོན་ཚུལ་བྱས་ཀྱང་ཀུན་བྱེད་རྒྱལ་པོ་འཁྲུལ་པ་ནག་འབྱམས་ཀྱི་རྗེས་སུ་ཤོར་ནས་མི་ཡེངས་བའི་གནས་ལུགས་ཀྱི་ངང་དུ་སྡོད་མི་ཐུབ་པ་ལའང་དྲན་པ་གལ་ཆེ་བར་གསུངས་བཞིན་སྒྲུབ་གྲར་གནས་ཕན་ཆད་དྲན་པ་ཁོ་ན་གཙིགས་སུ་བྱེད་པ་གལ་ཆེ་ཡང་། ལས་དང་པོ་པས་སེམས་བརྗེད་མི་ཉན་སྙམ་པ་གཟུང་འཛིན་གྱི་དྲན་པ། དེ་ལས་གོམས་པ་བརྟན་པས་རྩེ་གཅིག་ཆེན་པོ་མན་ཆོད་དུ་བདེ་གསལ་མི་རྟོག་པའི་ཉམས་མྱོང་དང་འབྲལ་མི་ཕོད་པ་ཉམས་ཞེན་གྱི་དྲན་པ། དྲན་པ་ཉིད་དྲན་རྒྱུའི་ངོ་བོར་རྫོགས་ཏེ་གཅིག་ཏུ་འདྲེས་པ་རྟོགས་པའི་དྲན་པ། ད་དུང་ཀྱང་གཅིག་ལ་གཉིས་སུ་བལྟས་དེ་དམིགས་ཡུལ་ལ་གཏོད་པ་རྟོགས་པ་ཉམས་སུ་ཤོར་བ་སོགས་ཕྲ་ཞིབ་རྣམས་བླ་མའི་ཞལ་ལས་ཤེས་དགོས་ཤིང་། དེ་དག་གི་སྐབས་སུ་བྷོ་ཊའི་ལྗོངས་འདིར་ཉམས་རྟོགས་མཐར་ཕྱིན་གྱི་གྲུབ་རྟགས་མངོན་དུ་བྱུངབ་རྣམས་དང་། ཁྱད་པར་མི་ལས་སྒམ་པོ་པར། བུ་ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། ལུས་ངག་གིས་དགེ་སྦྱོར་མ་བརྩོན་ཞིག །མི་རྟོགས་ཀྱི་ཡེ་ཤེས་ཡལ་ཉེན་ཡོད། གསུངས་པ་ལྟར། དམ་པ་རྣམས་མགྲིན་གཅིག་དབྱངས་གཅིག་པ་ལྟར་ལགས་པས། སྒོ་གསུམ་གྱི་གཙོ་བོ་སེམས་ཡིན་པ་ཤེས་ཚེ། དེ་ཉིད་ཐུལ་བར་མཛོད་དང་། བསྐྱེད་རྫོགས་བཟླས་བརྗོད་ཐམས་ཅད་ཀྱི་དོན་འབྲས་དེ་ལ་ཐུག་གདའ་འོ། དེ་ལས་གཞན་དུ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མཐར་ཐུག་རྒྱུ་དཀའ་མོད་དེ། ཨོ་རྒྱན་ཆེན་པོས་ཚེ་གཅིག་དོན་གྱི་སངས་རྒྱས་བསྒྲུབ་པ་ལ། མདོ་རྒྱུད་མང་པོའི་མཁྱེན་རྒྱ་མི་འཚལ་གྱི། གསུངས་བཞིན། སྙིགས་མའི་དུས་ཀྱི་མི་ཚེ་ཡུན་ཐུང་འདི་ལ་ཤེས་བྱ་ནམ་མཁའི་ཕ་མཐའ་འདོམ་གྱིས་གཞལ་དཀའ་བར་ངེས་ཞིང་དེར་མ་ཟད་ཆགས་སྡང་དང་བསྲེས་པའི་ཐོས་བསམ་ཡང་ངན་འགྲོའི་རྒྱུ་ཡིན་པར་གསུངས་ན་སྒོ་གསུམ་གྲོས་མཐུན་གྱིས་བྱང་ཆུབ་གྱི་སེམས་རིན་པོ་ཆེར་བསླབ་པ་གཞིར་བཞག་ནས་དྲན་ཤེས་བག་ཡོད་ཀྱི་རྒྱུན་སྐྱོང་བ་ལྷོད་མེད་ཞིག་གལ་ཆེ། འདི་ལྟར་ཡང་ཟློས་ཀྱི་མང་དུ་འཆད་དོན་འན་བུའི་ཉམས་ལེན་དང་བསྟུན་པ་ཡིན་ཏེ། ཁོ་བོ་རོག་ཏོམ་རི་གངས་རྣམས་སུ་ཉམས་ལེན་ལ་བརྩོན་པའི་ཐོག་མར་ཞག་བརྒྱ་ཙམ་དུ་དྲན་འཛིན་ཁོ་ནས་སེམས་ཉིད་གཅུད་ལ་དྲིལ་ཚེ་དང་པོ་སྐད་ཅིག་ཙམ་ལ་ཡང་ཡེངས་པ་མང་དུ་འགྲོ་ཞིང་མ་ཡེངས་པ་མི་སྲིད་པ་ལྟར་བྱུང་དུས། རང་གིས་རང་ལ་ཁྲིམས་བཅས་ཏེ། ཡེངས་པའི་དབང་དུ་མི་འགྲོ་བའི་གཅུན་ཐབས་བྱས་པས་རིམ་བཞིན་ལྐོག་འགྱུ་ཇེ་ཉུང་དང་། ཡེངས་ཀྱང་ནག་འབྱམས་མ་ཡིན་པ་རེས་གསལ་རེས་འགྲིབ་མིག་ཁྲོལ་མས་བཀབ་པ་དང་མཚུངས་ཏེ། སྔོན་གྱི་གཏམ་རྒྱུད་དུ། བྲམ་ཟེ་ཞིག་གིས་དགེ་སེམས་སྐྱེས་དུས་རྡེལ་དཀར་དང་། སྡིག་སེམས་ལ་རྡེལ་ནག་བཞག་པ། སྔ་མ་ནག་པོ་ཁོ་ན་དང་། རིམ་གྱིས་དཀར་ནག་ཕྱེད་མ། མཐར་དཀར་པོ་ཁོ་ན་བྱུང་བཞིན་ཇ་ཞལ་ཙམ་བཏུང་ཡུན་ལ་ཡང་དྲན་པ་ནན་དུ་གཅུན་པས་སྦྲུལ་བཅངས་ན་རྐང་ལག་མངོན་ཟེར་བའི་དཔེ་བཞིན་ཅི་ཞིག་ན་ཁམས་འདུས་ལྟ་བུའི་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ་བཟོད་པར་དཀའ་བ་བྱུང་ཞིང་། དེ་ཡང་དུས་གསུམ་དུ་དགྲ་གྱོད་ན་ཤི་གོད་གསུམ་གང་བྱུང་དང་འབྱུང་འགྱུར་གྱི་རྟོག་ཚོགས་སེར་རྒོད་བབས་པ་བཞིན་བྱུང་ཞིང་ཡེངས་ལམ་དུ་ཅུང་ཟད་ཀྱང་མི་འགྲོ་བར་དབང་པོས་མངོན་སུམ་དུ་བལྟར་ཡོད་པ་ལྟ་བུའི་ལྷོངས་སྨྱོ་ལ་ཉེ་བ་བྱུང་སྐབས་ཤིན་ཏུ་འཇིགས་པའི་གཟུགས་སྒྲ་མངོན་དུ་བྱུང་བའི་རྐྱེན་གྱིས། སྐད་ཅིག་ལ་རང་རིག་གི་ངོ་བོ་དྲི་མ་མེད་པ་དང་འཕྲད་ཅིང་གཟུང་འཛིན་སྤང་བླང་རེ་དོགས་ཐམས་ཅད་སྨག་རུམ་སྟུག་པོ་གློ་བུར་དུ་དངས་པའི་དཔེར་སོང་བ་ནི་དྲན་པ་ཁོ་ན་ལ་ཉམས་མྱོང་བྱས་པའི་རྟགས་མཚན་བྱུང་ཚུལ་མ་གབ་པར་བསྟན་པ་ཡང་། ནན་ཏན་བསྒོམ་ལ་བྱས་ན་རྟགས་མཚན་མི་འོང་བ་ཞིག་མ་ཡིན་ཏེ། སྙིང་རུས་བསྐྱེད་ན་ཡུན་ཐུང་ངུས་ཀྱང་རང་ཐག་རང་གིས་ཆོད་ངེས་འོངས་རྒྱུ་འདུག་ཅེས་བསྐུལ་མ་གདབ་པ་ཡིན་མོད། འོན་ཀྱང་ཁྱོད་ཀྱི་ཉམས་རྟོགས་དེ་གང་ཡིན་སུས་ཤེས་སྙམ་ན་སྟོན་པ་མངོན་སུམ་བྱོན་ནས་ཐེ་ཚོམ་བསླངས་ཀྱང་དོགས་པ་སྤུ་ཙམ་ཡང་སྐྱེ་རྒྱུ་མེད་པའི་དཔེ་ནི། བྱིས་པ་ཞིག་ཞག་ཉུང་ཤས་ཕ་མར་ཕྲལ་བ་གློ་བུར་དུ་ལྷན་ཅིག་འཛོམས་པ་བཞིན་སོམ་ཉི་ཡོད་པར་མི་གདའོ། །དེའི་ཕྱིར་ན་ཆགས་སྡང་གིས་བསྐྱེད་པའི་རྟོག་ངན་མུ་སྦྲེལ་གྱི་ངང་ནས་ལུས་ངག་གི་དགེ་སྦྱོར་གཙོ་བོར་བྱེད་པ་རྟ་ལས་བབས་ནས་བོང་བུ་ཞོན་པ་དང་མཚུངས་ཞེས་གོང་མ་དག་གིས་གསུངས་ཤིང་། སེམས་མ་བཅོས་ན་བདེ་ཟེར་བར་གོ་བ་ཇི་བཞིན་བླངས་མ་ཤེས་ནས་སྔར་སོང་གི་རྗེས་བཅད། མ་འོངས་པའི་མདུན་བསུས་ཏེ་དྲན་པའི་སོ་བ་ཉམས་བཞིན་རྟོག་ངན་འཁྲུལ་འབྱམས་དང་ཆབས་ཅིག་བལྟས་ཡོད་དོ་སྙམས་པས་བཟླས་བརྗོད་ལ་ནན་ཏན་བསྐྱེད་ཀྱང་བློ་ངན་ལང་ཤོར་སྒོམ་དྲེད་ཀྱི་རྒྱུ་ལས་མ་འདས་པས་དྲན་པ་ཁོ་རང་སྒོམ་དུ་ཤར་བ་ལ་བློ་བྲལ་ལམ། དྲན་པ་ཡེ་ཤེས་ཀྱི་འཁོར་ལོ་ཟེར་བ་དང་འདུ་འབྲལ་མེད་པ་གནད་ཆེ། དེའི་ཚེ་ཐུན་སྡོམ་ལྷོད་ཀྱི་ཚུལ་ནི། རྗེ་རྒོད་ཚང་བ་དང་། རྐོང་པོ་རྫོགས་ཆེན་པ། སྒམ་པོའི་སྒྲུབ་སྡེ། ཡབ་རྗེ་རྣམས་ཕལ་ཆེར་མཐུན་ཞིང་། རང་རེའི་ལུགས་ཀྱི་ཐུན་སྒང་དུ་མེ་འབུད་ཆུ་ལེན་སོགས་དང་འགྲིམ་འགྲུལ་སྡོམ་པ་ཙམ་ལ་སྙིང་པོ་བྱེད་པ་འདི་ལ་དོན་འབྲས་གང་ཡོད་མ་འཚལ་ཞིང་། བརྡ་སྦྱོར་རྐང་གླིང་བྱེད་པ་ནི་གཅིག་ལས། དེ་ཡང་ཉི་མ་དྲོས་ཆེན་ལ་བབས་དུས་སྔ་ཐུན་བསྡམས་ནས་ཉིན་གུང་ལ་མ་སླེབས་ཙམ་དུ་བཀྲོལ་ཞིང་། བཟའ་བཏུང་ཐ་མལ་དུ་མི་སྤྱོད་པར་ཚོགས་འཁོར་གྱི་ལམ་ཁྱེར་དང་ལྡན་པར་བྱ། དེ་སྐབས་གྲུབ་ཐོབ་གོང་མའི་ནམ་མགུར་སོགས་ལ་ཅུང་ཟད་བལྟས་ནས་སྤྲོ་བ་བསྐྱེད། ཐུགས་དམ་ཆགས་མེད་རིགས་ཁ་ཤས་ཀྱང་བཏང་འཕྲལ་རྐང་གླིང་གི་བརྡ་སྦྱར་ནས་ཐུན་སྡོམ་ཚུལ་སྔ་ཐུན་ལྟར་བྱས་ནས་རིང་ཐུང་འཚམས་པར་ཐུན་གྲོལ་ཞིང་དགུང་ཇ་བཞེས་འཕྲལ་ཕུགས་གཏོར་གསོ་བྲན་བགྱིས་ནས་རྒྱུན་གྱི་གསོལ་ཁ་རྣམས་བཏང་ཞིང་ཐུན་མཚམས་ཀྱི་བྱ་བ་རྣམས་རྗེས་ཐོབ་ཀྱི་དྲན་པས་ཟིན་བཞིན་བྱ། ཤར་རིའི་ཉི་ཟེར་ནུབ་ཚེ་ཐུན་དཔོན་གྱིས་ཐུགས་རྗེ་ཆེན་པོས་སྒོམ་བཟླས་ཉུང་ངུ་ཞིག་བཏང་ནས་མཆོད་བསྔོ་དང་གསོན་གཤིན་གྱི་བསྔོ་བ་མཛད་བཞིན་མཐུན་གྱུར་ཚེ་དུང་ཤར་མ་རེ་འབུད་ཅིང་། སྒྲུབ་པོ་ཀུན་གྱི་བསྔོ་བའི་ཐུགས་གཏད་གནང་བ། མཇུག་ཏུ་ཟབ་མདོ་ཚར་གསུམ་མམ་གཅིག་གི་མཐར་བཟློག་པ་ལན་གསུམ་དང་དུང་བཞེས་རོལ་མཐོང་རྒྱུད་ལྟར་བཏང་རྗེས་ཏིང་ཤགས་ཀྱི་བརྡ་སྦྱོར་བྱས་ནས་དམར་གསུར་བཏང་མཐར་ཞི་གཅོད་དང་། རོ་སྙོམས་སོགས་དོན་གཅིག་པ་ལྟར་ཡོད་པས་བཟང་ངན་གཙང་རྩོག་ལྷ་འདྲེ་སོགས་གཉིས་འཛིན་གྱི་རྟོག་པ་གང་ཤར་དང་། ཁྱད་པར་དགྲ་གྱོད་མི་ཁ་རྒྱལ་པོའི་ཆད་པ་སོགས་ཐོགས་བཅས་དང་། ཉོན་མོངས་དུག་ལྔ་དུག་གསུམ་གཞིར་གནས་པ་བསམ་པའི་ལས་དང་། དེས་བསྐྱེད་པའི་བརྒྱད་ཁྲི་བཞི་སྟོང་སོགས་སེམས་པའི་ལས་ཐོགས་མེད་ཀྱི་བདུད། ཆོས་དང་བླ་མ་རང་གི་ཉམས་མྱོང་བཅས་ལ་བཟང་ངན་གྱི་རེ་དོགས་ཐེ་ཚོམ་དང་ཁེངས་དྲེགས་སྐྱེ་བ་སྙེམས་བྱེད་ཀྱི་བདུད། གནས་དང་ལོངས་སྤྱོད་ལྟ་སྒོམ་སྤྱོད་འབྲས་ལ་དགའ་སྤྲོ་སྐྱེས་ཤིང་ཞེན་པར་གྱུར་པ་དགའ་བྲོད་ཀྱི་བདུད། དེ་ལྟའི་རྟོག་ཚོགས་ལངས་དུས་ནམ་མཁར་སྤྲིན་དཔུང་གློ་བུར་དུ་འཐིབ་ཀྱང་ནམ་མཁའི་ངོ་བོ་སྟོང་པ་དང་སྤྲིན་ཕུང་སོ་སོར་མ་གྱུར་ཞིང་སྣང་ལ་རང་བཞིན་མེད་པ་ལྟར། སེམས་ཀྱི་ངོ་བོ་སྤྲོས་པ་དང་བྲལ་བཞིན་རྟོག་ཚོགས་རྒྱུན་ལྡན་དུ་སྐྱེ་ཡང་ཁྱིམ་སྟོང་དུ་རྐུན་མ་ཞུགས་པའི་དཔེའི་ཐོབ་ཤོར་ཅི་ཡང་མེད་དེ་ངོ་བོ་དང་རྩལ་ལ་བཟང་ངན་གྱི་སྤུ་རིས་མི་བྱེད་ཅིང་ཡེ་ནས་ཡོད་མ་མྱོང་པའི་མཚང་ཕུགས་ནས་རིག་པ་དང་། ཡང་ན་རྣམ་རྟོག་གང་ཤར་ཆུ་དང་རླབས་ལྟར་དབྱེར་མེད་དུ་ཤེས་པའམ། ཡང་ན་བཟང་ངན་གང་ཤར་ཡེངས་དབང་དུ་མ་ཤོར་བའི་ངང་དུ་རིག་པ་ངར་དང་བཅས་ཏེ་གཅེར་གྲོལ་གྱི་དོན་ལ་མཉམ་པར་བཞག་མཐར་རྐང་གླིང་བཏང་ནས་ཐུན་གྲོལ་འཕྲལ་རང་རང་སོ་སོའི་ཕུང་པོ་མཆོད་སྦྱིན་ཊ་དྲིལ་བཅས་གནད་འགྲོ་བྱས་ལ་ཉལ་བའི་རྣལ་འབྱོར་གྱི་ཆེད་དུ་རང་ལུས་འཇའ་ཚོན་ལྟ་བུའི་ཡི་དམ་གྱི་ལྷ་སྐུར་གསལ་ཐེབས་པར་བྱས་པའི་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བླ་མ་རྡོ་རྗེ་འཆང་དམར་པོ་ཡུམ་དང་བཅས་པ་གསལ་འཚེར་འོད་ཀྱི་རང་བཞིན་ཅན་མུན་ཁང་དུ་མར་མེ་བལྟམས་པ་ལྟ་བུས་ཁོང་པའི་ནང་ཐམས་ཅད་གསལ་ལམ་མེ་བར་སེམས་བཟུང་བ་ལ་བསླབ་ན་རྨི་ལམ་ཟིན་པར་གསུངས་པ་དང་། གཞན་དབུ་མའི་ནང་ནས་སྤྱི་བོའི་བར་ཨ་ཡིག་བརྩེགས་མར་གསལ་བ་ཡས་རིམ་ནས་སྙིང་ཁའི་བར་བསྡུས་ཏེ་མཉམ་པར་འཇོག་རྒྱུ་དང་། སྙིང་ཁར་འོད་ཀྱི་གོང་བུ་ལ་སེམས་འཛིན་པ་སོགས་གསུངས་བཞིན་གང་རུང་ངམ། མདོར་དྲིལ་ན་སེམས་ཉིད་དམར་ཐག་ཆོད་ངེས་ཞིག་རྟོགས་པར་གྱུར་ན་དམིགས་པའི་སྤྲོས་པ་མང་པོ་དང་པོའི་ལས་ཅན་ལ་དགོངས་པ་ཡང་ཤེས་ལོས་དགོས། ཅི་ལྟར་ཡང་ཐོ་རེངས་བྱ་གྲག་གི་སྐབས་ལ་བབ་ཚེ་ཐུན་དཔོན་གྱིས་འགྱུར་སྔགས་དང་ནུས་པ་སྟོབས་འབྱིན་སྔོན་འགྲོ་སོགས་བཏང་རྗེས་རྔ་བརྡུང་ཞིང་ཡི་དམ་ཞི་དྲག་གང་རུང་གི་ལས་བྱང་བསྙེན་པ་མཆོད་བསྟོད་ཉེར་བསྡུ་ལྷར་ལྡང་སོགས་བཏང་ནས་དེ་རྗེས་རྒྱུན་ཁྱེར་ཅི་ཙམ་བཏང་ཡང་རྔ་མི་རྡུང་ཞིང་ཉམས་ལེན་གྱི་ངང་ནས་གསུངས་ཞིང་ལག་རིས་མཐོང་ཚེ་ཐུན་གྲོལ་བ་དང་། མེ་བཏང་ནས་སྐབས་འདིར་བརྒྱ་རྩ་དང་། དཀར་གསུར་གཏོང་བཞིན་ཏིང་ཤགས་བརྡུངས། ཞོགས་ཇ་བཞེས་འཕྲལ་བསང་རྔ་དང་སྟབས་གཅིག་རྒྱུན་བསང་འཚམས་པ་ཞིག་བཏང་ནས་ཉི་མ་དྲོས་ཆེན་ལ་བབས་ཚེ་ཐུག་པའམ། ཇ་བཞེས་ནས་སྔོན་བཞིན་ཐུན་ལ་འཇུག་དགོས་པའོ། །དེ་ཡང་ཐུན་དངོས་གཞི་ལས་ཐུན་མཚམས་སུམ་ཆ་ཙམ་གྱིས་ཐུང་བ། བརྡ་སྤྲོད་ཀྱི་རྐང་གླིང་ཟངས་རག་ཤིང་དུང་ཅི་རིགས་ལས་མི་རྐང་མེད་ཀྱང་ཆོག་རྒྱུ་དང་། འབུད་ཚུགས་རྒོད་ཚང་ལུགས་ཀྱི་བདུན་འབུད་དང་། སྒམ་པོའི་དགུ་འབུད་དོན་ལ་གཅིག་པར་འདུག་མོད། དེ་ཡང་དང་པོ་བརྡ་སྤྲོད་ཀྱི་ཆེད་དུ་འཇམ་ལ་ཐུང་བ་ཞིག་བུས་ལ་ལྷོད་ཙམ་བྱས་ནས། འཇམ་ལ་རིང་བ་གཉིས། ཡང་འཇམ་ལ་སྔ་མ་ལས་མཐོ་ལ་རིང་བ་གཉིས། ཡང་སྔ་མ་ལས་ཀྱང་མཐོ་ལ་འགྱུར་ཁུག་ལྔ་ཙམ་ཡོད་པ་གཅིག །དེ་རྗེས་ཐུང་ལ་རྩལ་ཅུང་ཟད་དྲག་པ་གཅིག། གཤམ་དུ་རྩལ་ཤིན་ཏུ་དྲག་པ་སྔ་མ་ལས་ཐུང་བ་གཅིག་དང་བདུན་འབུད་དོ། །དོན་ནི། སྔ་མ་གཉིས་བླ་མ། བླ་མ་ཞེས་དང་། རྗེས་མ་གསུམ་པོ། མཁྱེན་མཁྱེན་མཁྱེན་ཞེས་རྗེས་འཁྱུག་དང་བཅས། གཤམ་གཉིས་ཧཱུཾ་དང་ཕཊ྄ཿཞེས་སོ། །སྒམ་པོས་ལུགས་ཀྱང་དེ་བཞིན། སྔ་མ་གསུམ་འབུད་པས། བླ་མར་འབོད་ཚུལ། རྗེས་མ་གསུམ། མཁྱེན་མཁྱེན་མཁྱེན་དང་། ཡང་རིང་བོ་འཁྱུག་བཅས་དང་བདུན། ཧཱུཾ་དང་ཕཊཿསྔར་བཞིན་ནོ། །གཅོད་ཐུན་གྱི་འབུད་ཚུགས་ཡབ་རྗེའི་ལུགས་ནི། ཨོཾ་སྙན་ལ་རིང་བ་དཀྱིལ་དུ་ལྡེམ་ཅུང་ཟད་ཡོད་པ། ཧཱུཾ་དེ་ལས་རྩལ་དྲག་པ་འགྱུར་ལྡེམ་རྟའི་མཚེར་སྐད་ལྟ་བུ། ཏྲཾ་དྲག་ལ་གཏུམ་པ་ཅུང་ཟད་ཐུང་བ། ཧྲཱིཿ རིང་ལ་འགྱུར་ལྡེམ་སྙན་ཆ་ཅན། ཨཱཿ དེ་དང་འདྲ་བ་ལ་གཤམ་འདེགས་ཙམ་གྱིས་གཅོད་པའོ། །དེ་ཡང་གཅོད་ཐུན་མ་གཏོགས་ཐུན་གཞན་ཚོ་རྐང་དུང་བཞག་འཕྲལ་ཀུན་གྱིས་རྔ་བརྡུང་ཞིང་དགོངས་འདུས་སྐྱབས་འགྲོ། ཀྱཻ་ དུས་གསུམ་སངས་རྒྱས་ཐམས་ཅད་ཟེར་བ་དང་། ཡན་ལག་བདུན་པ ཨོཾ་ཨཱཿཧཱུཾ། འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱིཿ ཟེར་བ་དེ་འདོན་སྲོལ་ཀྱང་འདུག །དཔེ་ཆ་བཙལ་དཀའ་ན་ཇི་སྙེད་སུ་དག་གིས་ལོས་ཆོག །སྔར་བཤད་ལྟར་ཐུན་སྒང་རྣམས་སུ་གནས་ལུགས་སྐྱོང་བ་གལ་ཆེ་ཡང་། དེས་སྤྲོས་པ་མ་ཆོད་ན་མཚན་བཅས་ཡི་དམ་གང་རུང་གི་སྒོམ་བཟླས་དང་། མཚན་མེད་གཏུམ་མོ་དང་ལུགས་རྒྱུད་ལྟ་བ་སོགས་བྱ། དེ་ལ་རྩ་རླུང་དང་པོ་ནས་གོམས་ཆ་མེད་ན་སྤྲོས་པ་ཆེ་ཆུང་གནས་དུས་དང་བསྟུན། གོམས་ཆ་མེད་ཀྱང་དགུང་ལོ་ལྔ་བཅུ་ཙམ་ཡོལ་ནས་ལུས་ཁམས་རྒུད་པར་གསུངས་པས་ན། འཇམ་རླུང་དང་བར་རླུང་སོགས་སློབ་པ་ལས་འཁྲུལ་འཁོར་གསར་སློབ་བཤོལ་ན་ལེགས། དར་བབ་ལང་ཚོ་བདོ་བ་རྣམས་སྟོན་ཟླ་ཐ་ཆུང་ཙམ་ནས་རླུང་དང་དམིགས་རིམ་འཁྲུལ་འཁོར་བྱ་བར་བསླབས་ནས་ཞག་བརྒྱའམ། ལྔ་བཅུ། ཟླ་གཅིག་སོགས་སྐབས་བསྟུན་གྱི་ཉིན་ཐུན་གཉིས་ལ་འཁྲུལ་འཁོར་དང་བཅས། མཚན་ཐུན་གཉིས་ལ་རླུང་དང་དམིགས་པ་ཁོ་ནས་ཆོག་ཅིང་། དྲོ་ཡང་གཅེར་བུ་མི་བྱ་བ་དང་། གྲང་ཡང་སྐྱི་ཅན་དང་བེམ་ཐུལ་མི་གྱོན་པར་གོས་སྲབ་མོར་སློབ་པའི་ལུགས་སྲོལ་ཡོད། མེ་དང་ཉི་མར་ཧ་ཅང་མི་བསྲོ་བ། ཟས་བཅུད་མེད་རིགས་སྤང་ཞིང་། ཁམས་རྒྱས་པའི་ཐབས་ལ་བརྩོན་ཞིང་ཐིག་ལེ་བསྲུང་བ་གལ་ཆེ། གཞན་སྒྲུབ་གནས་སུ་དང་པོ་ནས་ཁྱི་ཆགས་མི་བཅུག་པའི་ལོ་རྒྱུས་ཤིག་ཐོས་མྱོང་ཡང་ཆགས་ཚར་ནས་ཕུད་མི་ཐུབ་པ་དང་། སྡིག་རྐྱེན་དུ་འགྱུར་བར་མནོ་བསམ་བཏང་དགོས་དེས་སྐྱབས་གནས་སུ་རེ་བས་སེམས་ཅན་ལ་གནོད་པ་ལས་ལྡོག་དགོས་རྒྱུ་སོ་ཐར་དང་། དེའི་སྟེང་དུ་ཕན་འདོགས་དགོས་རྒྱུ་བྱང་སེམས། བརྟན་གཡོ་ལྷའི་རྟེན་དང་བརྟེན་པར་ལམ་ཁྱེར་སློབ་རྒྱུའི་སྔགས་གསུམ་ག་དང་དངོས་འགལ་དུ་འགྱུར་ཕྱིར་བསམ་གཏན་ཚེར་མར་འགྱུར་མིན་ལ་དཔྱད། མོ་ཁྲིམས་ཡང་གླིང་གསེབ་དུ་བུད་མེད་ཞག་སྡོད་སྤང་པ་དང་། ཤག་དུ་མི་འཛུད་པ་སོགས་མདོ་སྔགས་གཉིས་ཀར་དངོས་འགལ་མེད་པ་ཞིག་གནང་དགོས་རྒྱུ་ལས་གོང་དུ་ཁྱི་ཁྲིམས་ཀྱི་བླང་དོར་ལྟར་ཚོད་ལས་མ་ཐལ་བ་ཞིག་འཚལ། གཞན་རོལ་མོ་འབུད་དཀྲོལ་ལ་རིང་ཐུང་མི་འཆོར་བ་དོན་ཆུང་བས་བཞག །ཐུན་སྒང་དུ་མེ་འབུད་ཆུ་ལེན་འགྲུལ་འགྲིམ་འཇུག་ལྡོག་རྔ་རོལ་སོགས་ཀྱང་སྡོམ་ཐུབ་ངེས་དང་། དུས་རྒྱུན་ཁང་སྟེང་དུ་གོས་མི་རྡེབ་པ་དང་། འབོད་བརྡ་ཆེན་པོ་མི་གཏོང་བ། ལྟད་མོ་བྱ་ར་སོགས་མིག་སྔར་མི་མཛེས་པ་དག་ཀྱང་སྤང་སྲོལ་ཡོད། ལར་ཡང་སྒྲུབ་པོ་རྣམས་རང་ཁྲིམས་རང་ལ་བཅས་ནས་ངོས་ལྐོག་གང་དུའང་རང་སྐྱོན་སྦེད་ཅིང་གཞན་སྐྱོན་འཕྱར་བའི་གཏམ་ངན་མི་སྤེལ་ཞིང་། ཁྱད་པར་ལས་སྨོན་བཟང་པོས་བསྡུས་པའི་མཆེད་གྲོགས་རྣམས་དག་སྣང་སྦྱངས་རེས་ཀྱིས་སྟོན་པ་རྡོ་རྗེ་རྒྱལ་པོ་གཙུག་ཏུ་ཁུར་ནས་དམ་ཚིག་གི་གནས་རྣམས་སྤང་བླངས་གོ་འཛོལ་དུ་མི་བཏང་བར་མགོ་འོག་ལུས་ཚུད་ཀྱི་ཆེ་ཁ་ཆུང་ཉན། རང་ངོར་ལྟོས་ནས་ངོ་ཚ་གཞན་སྔོན་དུ་ཁྲེལ་ཡོད་ཀྱིས་ལུགས་ཟུང་གང་ཡང་རང་འདོད་གྲ་སྡེབ་ཕྱོགས་འཐེན་ཟུར་འགྲོས་དཀྲུག་སེལ་དབྱེན་སྦྱོར་ཆགས་སྡང་མཐོ་འགྲན་དམའ་བརྙས་སོགས་འགལ་རྐྱེན་དུ་འགྲོ་བའི་རིགས་མི་བྱེད་ཅིང་། བྱ་མིག་གྱེན་ལྟོས་ཕྱ་ར་གྲུ་འདེགས་ཀྱི་དཔེས་གཞན་གྱིས་སྨོན་ཡུལ་དུ་འགྱུར་བ་ཞིག་གལ་ཆེ་ཞིང་། ཚེས་བཅུ་དང་དུས་མཆོད་རྣམས་སུ་སྟོན་འཁོར་གདན་འཛོམ་སྐབས་གསུང་ཆོག་རིགས་གང་བྱུང་དེས་ཆོག་མི་བྱེད་པར་དབྱངས་རོལ་སོགས་ཧ་ཅང་སྤྲོས་པས་གཡེངས་རྐྱེན་དུ་མ་ཐལ་བའི་འཁྱེར་སོ་གསུམ་གྱི་གནད་དང་མ་བྲལ་བཞིན་ཆོ་གའི་དུས་འབོལ་སར་འབོལ་མཉམ་གཙེར་སར་གཙེར་མཉམ་སོགས་ཀྱི་སྒྲིགས་ལམ་ཀུན་སྤྱོད་གང་ཡང་དད་ལྡན་དང་བ་འདྲེན་པའི་མིག་རྟེན་དུ་འགྱུར་ངེས་ཤིག་རེ་བཞིན་བསྒྲུབ་འཚལ། དེ་ལྟར་བླང་དོར་མི་འཛོལ་བའི་ངང་ནས་དགུན་ཟླ་གསུམ་དང་ཞག་པོ་བཅུར་དགུན་ཆོས་ཁྲིད་སོགས་ནན་ཏན་གནང་ནས། དཔྱིད་ཟླ་གསུམ་དབྱར་ར་སོགས་ལ་ཉིན་ཐུན་གཉིས་པོ་བཞག་ཅིང་གཅོད་ཐུན་གྱི་རྐང་གླིང་དང་། ཐོར་ཐུན་གྱི་རྔ་རྡུང་ཆབ་གཏོར་དཀར་དམར་གསུར་བསྔོ། དགོང་མོའི་བསྔོ་དུང་རྒྱས་བསྡུས་ཅི་རིགས་མ་ཆགས་ཙམ་བྱེད་པ་བཅའ་བ་ལྷོད་དུས་ཀྱི་ཕྱག་ལེན་ཡིན་ཞིང་སྟོན་ཀ་ཡང་དེ་དང་མཚུངས་སོ། །ཡང་དབྱར་བཅའ་དབྱར་འབྲིང་གི་ཡར་དཀར་ནས་ཞག་པོ་ལྔ་བཅུ་སྒྲུབ་གྲའི་ལུགས་སྲོལ་ཡིན་ཞིང་། དེའི་སྲིད་དུ་ཐུན་སྡོམ་ལྷོད་སོགས་དགུན་བཅའ་ལྟར་ཡིན་ནོ། །དབེན་རི་ལྷུན་གྲུབ་སྒང་གི་ལྗོན་ཚལ་ལ། །རྟེན་བཅས་མོན་བྱ་ཁུ་བྱུག་སྔོན་མོ་གང་། །ཡུན་རིང་བསྡད་ན་ཁ་ཏ་རོག་མོ་བཞིན། །གཞན་མིག་མི་མཛེས་རྣ་བ་གཙེར་གྱིས་དོགས། །མི་རྒས་རང་ཡུལ་བྱ་རྒས་ནགས་སྙོགས་དཔེའི། །ད་ནི་མི་སྡོད་ཀུན་བཟང་གཞན་ཕན་པ། །ཇ་ཆང་ཤ་ཁྲག་དྭངས་མའི་བཟའ་བཏུང་དང་། །སྤུ་ཤུན་དར་ཕྲུག་ན་བཟའ་ཆམས་བཞག་ནས། །ལྟོ་རྒྱབ་ཕྱིད་ཙམ་ཡོང་ངམ་མ་ཡོང་ཡང་། །དམན་ཟས་བཟའ་བཞིན་ཧྲུལ་པོའི་གོས་གྱོན་ནས། །སྐྱེ་འཆི་མེད་པའི་གནས་ལུགས་སྐྱོང་བཞིན་དུ། །ཕུང་པོའི་འདུ་བྱེད་གཏོང་ལ་རབ་ཏུ་སྤྲོ། །སྡོད་གནས་ཁང་ཁྱིམ་བཀོད་ལེགས་ཕུན་ཚོགས་དང་། །ཁྲི་མཐོ་མལ་སྒྲོམ་གཅན་ལྤགས་གོས་གདན་སོགས། །རྨི་ལམ་སྐབས་ཀྱི་ལོངས་སྤྱོད་ཇི་བཞིན་ལས། །ཆགས་ཤིང་ཞེན་པའི་འདུ་ཤེས་ག་ལ་སྐྱེ། །རྒྱལ་པོའི་མཆོད་གནས་ཕེར་ཡོངས་བསྟོད་བསྔགས་དང་། །ཆེ་དགུས་འདུད་ཅིང་སྙན་གྲགས་དཔལ་འབར་ཡང་། །ཁེངས་དྲེགས་བསྐྱུངས་ནས་དམན་ས་སྙོགས་པ་ལས། །གོ་ས་བརྟན་ཐབས་རིམ་གྲོ་ག་ལ་སྐྱེད། །ཆོས་བརྒྱད་དཔུང་གིས་རྫི་བར་མ་ནུས་ན། །གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་བཞིན། །དགའ་བའི་བ་དན་འཕྱར་དང་ཆབས་ཅིག་ཏུ། །འཇིགས་མེད་རྒྱལ་བའི་རྣམ་ཐར་འཁྱོང་ངམ་སྙམ། །ཚུལ་འདི་གཏམ་གྱི་ཐ་མ་ཟློ་བ་ཡི། །ཁ་ཆེམས་ཇི་བཞིན་བྱུང་རྒྱལ་ཁོ་ན་ལས། །གོ་རིམ་སྙན་འཇེབས་ཅི་ཡང་མ་མཆིས་མོད། །འོན་ཀྱང་རྒན་ཉམས་འཆལ་གཏམ་བྲིས་པ་འདིར། །སེམས་དགེ་བ་ལ་ཉེས་པ་མེད་གསུངས་བཞིན། །ཀུན་སློང་དམན་པའི་སྐྱོན་དང་མ་འགྲོགས་པའི། །ལྷག་བསམ་རབ་དཀར་བསོད་ནམས་སྤྲིན་རུམ་ནས། །ལེགས་ཐོན་གཏམ་གྱི་བདུད་རྩིའི་ཆར་རྒྱུན་འདིས། །སྐལ་བཟང་སྒྲུབ་པོའི་ཀུན་གཞི་རབ་བརླན་འབྲས། །སྐུ་བཞི་ཡེ་ཤེས་ལྔ་ལྡན་རྡོ་རྗེ་འཆང་། །མངོན་གྱུར་འགྲོ་རྣམས་དེ་ཡི་གོ་འཕང་ལ། །འགོད་ནུས་མཁྱེན་བརྩེའི་དཔལ་ཡོན་ཀུན་ལྡན་ཤོག །ཅེས་པ་འདི་ཡང་མཆོག་་སྤྲུལ་བའི་སྐུ་ལྷོ་བ་རིན་པོ་ཆེའི་ཞལ་སྔ་ནས་ཀྱི་བཀའ་ཕེབས་གནང་ལྟར་རྡོ་རྒན་ཀུན་བཟང་གཞན་ཕན་མུ་ཏོའི་བརྡུལ་ཞུགས་ལས་བཅའ་ཁྲིམས་སོགས་ཀྱི་གོམས་ཆ་ཆེར་མེད་ཀྱང་རྒན་ཉམས་ཀྱིས་སྤྱི་བརྟོལ་བསྐྱེད་ནས་བཀའ་བཞིན་ཕུལ་བ་ཀུན་ནས་ཀུན་ཏུ་དགེ་བར་གྱུར་ཅིག། །།


previousབཅའ་ཁྲིམས་ཀྱི་ཡི་གེ་རྒན་ཉམས་བགྲོད་ལམ་ཐར་པའི་ཐེམ་སྐས།next