Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིམ་དགུའི་ཐེག་པའི་དམ་སྡོམ་ཉམས་ཆག་སྐོང་བཤགས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་།
   
   
   
   


 
previousརིམ་དགུའི་ཐེག་པའི་དམ་སྡོམ་ཉམས་ཆག་སྐོང་བཤགས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་།next

རིམ་དགུའི་ཐེག་པའི་དམ་སྡོམ་ཉམས་ཆག་སྐོང་བཤགས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་།

རིམ་དགུའི་ཐེག་པའི་དམ་སྡོམ་ཉམས་ཆག་སྐོང་བཤགས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་ཞེས་བྱ་བཞུགས་སོ། །ན་མོ་མ་ཧཱ་གུ་རུ་བཛྲ་ས་ཏྭ་ཡེ། རིམ་དགུའི་ཐེག་པའི་དམ་སྡོམ་ཉམས་ཆག་སྐོང་བཤགས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་ཐུགས་ཀྱི་བརྩེ་བས་ཉེར་དགོངས་ཚེ། དབྱིངས་ཀྱི་ཡུམ་ལྔས་མཆོག་གི་དབང་བསྐུར་ཅིང་། སེམས་དཔའ་རྣམས་ཀྱིས་ཤིས་བརྗོད་དབྱངས་སྙན་སྒྲོགས། ཁྲོ་བོའི་ཚོགས་ཀྱིས་བགེགས་དཔུང་ཡོངས་བཅོམས་ནས། སྐལ་བཟང་འགྲོ་ལ་དངོས་གྲུབ་མཆོག་སྩོལ་བའི་རིགས་བདག་བླ་མ་རྡོ་རྗེ་འཛིན་པ་དེའི། མཁྱེན་བརྩེའི་ཐུགས་ཀྱིས་བདག་ལ་དགོངས་མཛོད་ལ། །སྒྲིབ་ཚོགས་ཀུན་བྲལ་ལེགས་ཚོགས་ཡོངས་འདུ་མཛོད། །རྒྱལ་བ་ཞི་ཁྲོའི་རྟག་ཏུ་བྱིན་རློབས་ཅིང་། །མཁའ་འགྲོ་སྲུང་མས་གཡེལ་མེད་གྲོགས་མཛད་པས། །སྔགས་ཀྱི་སྒོར་ཞུགས་རྣལ་འབྱོར་སྒྲུབ་པ་པོའི། །ཉེས་བྱང་ཡོན་ཏན་གོང་ནས་གོང་འཕེལ་གཞི། །དམ་སྡོམ་ཉམས་ཆག་དག་པར་བྱེད་པ་ཡི། །ཆོ་ག་རྣམ་གྲོལ་ལམ་བཟང་ཆུ་དྭངས་ནོར། །ཐར་འདོད་རིས་བྲལ་དད་པའི་རྫིང་བུ་རུ། །འཇུག་ཚེ་ནོངས་པའི་རྙོག་མ་དབྱིངས་སུ་དེངས། །གང་ཞིག་སྔགས་ཀྱི་དམ་ཚིག་ཉམས་གྱུར་ན། །སོརབྱང་བསླབ་པ་ཉམས་ལས་འབུམ་འགྱུར་གྱིས། །ཆར་ཡང་ཕོད་མིན་སྔོན་བྱོན་མཁས་རྣམས་བཞེད། །དེ་ཕྱིར་སོར་བྱང་སྔགས་ཀྱི་སྡོམ་པ་གསུམ། །བསྲུང་བྱ་མ་ཤེས་བསྲུང་མཚམས་ལས་འདས་སྐྱོན། །རང་མཚང་འཆབ་མེད་གནོང་འགྱོད་དྲག་པོའི་བློས། །སྟོབས་བཞིའི་སྒོ་ནས་ཉམས་ཆག་བཤགས་སྦྱང་དང་། །ཕྱིར་བཅོས་རྟེན་འབྲེལ་ཟབ་མོ་འདིར་བརྩོན་འཚལ། །དེ་ལའང་སྤྱི་དོན་རྣམ་པ་གསུམ་ཡིན་ཏེ། །སྦྱོར་བ་ཤོམ་དང་སྔོན་འགྲོ་རྣམ་གཉིས་ལས། །དང་པོ་གནས་ཁང་བྱི་དོར་རྒྱན་ཆས་སྤུད། །རྟེན་གསུམ་བཀྲམ་ཞིང་རྫས་དང་ཡོ་བྱད་བསྟར། །ཞི་ཁྲོའི་དལ་བཀྲམ་རྩ་གསུམ་ཆོས་སྲུང་གི། །མཆོད་གཏོར་རྒྱན་ལྡན་དཀར་དམར་རྫས་དང་བཅས། །སྨན་གཏོར་རཀྟ་མར་མེ་བཞི་པོ་ཡང་། །སོ་སོར་བརྒྱ་རྩ་རེ་ཡིས་མཐའ་ནས་བསྐོར། །དེ་འོག་མདུན་ནས་རིམ་པས་ཉེར་སྤྱོད་ལྔ། །བརྒྱ་རྩའམ་ནི་མང་ཉུང་རིག་པས་དཔག །ཁྱད་པར་ཚོགས་ཀྱི་མཆོད་པ་གྱ་ནོམ་བཤམས། །དངོས་བཤམས་ཕྲིས་ནས་ཡིད་ཀྱིས་སྤྲུལ་རློམ་པ། །སྙིགས་མའི་བསམ་སྤྱོད་ཚོགས་བསག་བཤོལ་བའི་ལས། །པྲེ་ཏའི་རྒྱུ་འབྲས་བླུན་པོའི་ལག་ལེན་ལ། །འཇུག་པར་ལྡོག་སྟེ་རྣམ་དག་ལས་བསྒྲུབ་འཚལ། །གཉིས་པ་སྔོན་འགྲོའི་སྒྲུབ་མཆོད་སྐབས་རང་གཞུང་གསོལ་འདེབས་འཕྲོར་རོལ་མོ་མེད་འདིར་འཇུག །


previousརིམ་དགུའི་ཐེག་པའི་དམ་སྡོམ་ཉམས་ཆག་སྐོང་བཤགས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་།next