Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིགས་བརྒྱུད་ལྟར་ན་ཆོས་རྗེ་ཀུན་མཁྱེན་པའི་འཕྲོ་ནས། །
   
   


 
previousརིགས་བརྒྱུད་ལྟར་ན་ཆོས་རྗེ་ཀུན་མཁྱེན་པའི་འཕྲོ་ནས། །next

རིགས་བརྒྱུད་ལྟར་ན་ཆོས་རྗེ་ཀུན་མཁྱེན་པའི་འཕྲོ་ནས། །

ཆོས་སྡང་དཔལ་གྱི་ཕོ་བྲང་དུ། །ཐེག་མཆོག་ཆོས་འཁོར་ཀུན་གྱི་བདག །ཆོས་ཀྱི་གྲགས་པར་གསོལ་བ་འདེབས། །གཞན་དོན་འགྲུབ་པར་བྱིན་གྱིས་རློབས། །གྲོགས་རི་ཨོ་རྒྱན་ཡངདབེན་དུ། །བསླབ་གསུམ་ནོར་བུའི་རྒྱལ་མཚན་འཛིན། །ཉི་མ་འོད་ཟེར་གསོལ༴ དགོས་འདོད་འགྲུབ་པར༴ དཀར་པོ་ཆོས་ལུང་དགོན་པ་རུ། །རྡོ་རྗེ་སྙིང་པོའི་དངོས་གྲུབ་བརྙེས། །ཀུན་དགའ་རྒྱལ་མཚན་ལ༴ ཟབ་ལམ་མཐར་ཕྱིན༴ ཀུན་བཟང་གླིང་གི་ཕོ་བྲང་དུ། །ཟབ་དོན་རྒྱ་མཚོའི་བསྟན་པ་འཛིན། །ཆོས་དབྱིངས་གྲགས་པར༴ ཐམས་ཅད་མཁྱེན་པར་བྱིན༴ མཁྱེན་རབ་འཆི་མེད་ལམ་ཆེན་དུ། །སྐུ་གསུམ་སྙིང་པོའི་དོན་རྟོགས་ཤིང་། །མཁྱེན་བརྩེའི་རོལ་པ་དཔག་ཡས་ཀྱིས། །འགྲོ་བའི་ལམ་བཟང་སྟོན་མཛད་པ། །སྤྲུལ་སྐུ་ལེགས་ལྡན་ལ་ཕྱག་འཚལ། །ཐུགས་རྗེའི་མངའ་བདག་ཤཱཀྱའི་སྲས། །བསླབ་གསུམ་རྒྱན་གྱིས་རབ་མཛེས་ཤིང་། །ཐེག་གསུམ་སྙིང་པོའི་དོན་རྟོགས་པ། །ཤན་ཏ་དེ་བ་ལ་ཕྱག་འཚལ། །མདོ་རྒྱུད་ཤེས་བྱའི་གནས་ལ་མཁས། །བསླབ་གསུམ་རིན་ཆེན་རྒྱན་གྱིས་མཛེས། །ཨ་ཏིའི་གསང་མཛོད་འཛིན་པའི་ཕ། །ཆོས་ཀྱི་གྲགས་པ་ལ༴ གྲུབ་ཐོབ་རྗེ་ཡི་བརྒྱུད་པ་འཁྲུངས། །སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ། །གནས་ལྔ་རིག་པའི་པཎྜི་ཏ། །ཉི་མ་འོད་ཟེར་ལ༴ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ། །སྐུ་ལྔ་ཡོངས་རྫོགས་འགྲོ་བའི་མགོན། །བྱང་སེམས་ཆེན་པོ་ལ་ཕྱག་འཚལ། །ཕྲི༷ན་ལས༷་རྩལ་རྫོགས་གདོང་ལྔ་པ། །འོད་ཟེར་དཔལ་འབར་གསོལ༴ གཞན་དོན་འགྲུབ་པར༴ སྤངས་རྟོགས་ཡེ༷་ཤེས༷་ཉི་མ་ཡིས། །གདུལ་བྱའི་པད་ཚལ་རྒྱས་མཛད་པ། །བདེ་བའི་རྡོ༷་རྗེར༷་གསོལ༴ འགྲོ་དོན་འབྱུང་པར༴ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །སྨིན་གྲོལ་མཆོག་གི་དངོས་གྲུབ་བརྙེས། །རྩ་བའི་བླ་མར་གསོལ༴ སྐུ་ལྔ་ལྷུན་གྲུབ་བྱིན༴ ཁྲ་མོ་བྲག་གི་ཕོ་བྲང་དུ། །ཚེ་གཅིག་སངས་རྒྱས་འགྲུབ་པའི་མཆོག །མཁའ་འགྲོ་སྙིང་ཐིག་ལ་གསོལ༴ ལྷག་མེད་འགྲུབ་པར༴ ལས་ཅན་འདུལ་བའི་ཕོ་བྲང་དུ། །མཐུ་སྟོབས་རྫུ་འཕྲུལ་ཐོགས་པ་མེད། །གཏེར་སྲུང་རྣམས་ལ༴ བར་ཆད་ཞི་བར་བྱིན༴ གར་བཞུགས་ཆོས་ཀྱི་ཕོ་བྲང་དུ། །བསླབ་གསུམ་སྒྲུབ་པའི་རྒྱལ་མཚན་འཛིན། །ཆོས་མཛད་ཡོངས་ལ་གསོལ༴ བསྟན་པ་གནས་པར༴ རང་ལུས་ལྷ་ཡི་ཕོ་བྲང་དུ། །སྟོང་གསལ་ཡེ་ནས་ལྷུན་གྱིས་གྲུབ། །ཞི་ཁྲོ་རབ་འབྱམས་ལ་གསོལ༴ འོད་གསལ་འབྱོང་བར༴ གྲགས་སྟོང་གསུང་གི་ཕོ་བྲང་དུ། །རྩ་གནས་ཡི་གེའི་འཁོར་ལོ་ཉིད། །རང་བྱུང་ཡེ་ཤེས་གསོལ༴ ཚངས་དབྱངས་ཐོབ་པར༴ སེམས་ཉིད་དོན་གྱི་ཕོ་བྲང་དུ། །ཐམས་ཅད་མ་སྐྱེས་མཉམ་པ་ཉིད། །རིག་སྟོང་ཆོས་སྐུར་གསོལ༴ རང་ཤར་རང་གྲོལ་བྱིན༴ སྣང་སྲིད་སྣོད་བཅུད་ཕོ་བྲང་དུ། །ཐམས་ཅད་ཡེ་ནས་སངས་རྒྱས་ཤིང་། །སྲིད་གསུམ་ཡོངས་ལ་གསོལ༴ མཉམ་ཉིད་རྟོགས་པར་བྱིན༴ མཐའ་གྲོལ་ཀློང་ཡངས་ཕོ་བྲང་དུ། མཐའ་བྲལ་གཉིས་མེད་ནམ་མཁའི་དོན། །ལྟ་བ་མཆོག་ལ་གསོལ༴ ཕྱོགས་ལྷུང་མེད་པར་བྱིན༴ འོད་གསལ་དོན་གྱི་ཕོ་བྲང་ནས། །གསལ་སྟོང་གཉིས་མེད་གཉུག་མའི་དོན། །སྒོམ་པ་མཆོག་ལ་གསོལ༴ གསལ་འགྲིབ་མེད་པར༴ བླང་དོར་མེད་པའི་ཕོ་བྲང་ནས། །ཐམས་ཅད་ཡེ་ཤེས་སྒྱུ་མའི་ངང་། །སྤྱོད་པ་མཆོག་ལ་གསོལ༴ གཉིས་འཛིན་ཞིག་པར༴ རེ་དོགས་མེད་པའི་ཕོ་བྲང་དུ། །རང་རིག་འོད་གསལ་འཕོ་འགྱུར་མེད། །འབྲས་བུ་མཆོག་ལ༴ ཟད་སར་འཁྱོལ་བར་བྱིན༴ དུས་གསུམ་བདེ་གཤེགས་ཐམས་ཅད་དང་། །མཆོད་འོས་རྣམས་ལ་དུས་ཀུན་དུ། །སྙིང་ནས་གུས་པས་གསོལ༴ ཕྲིན་ལས་འགྲུབ་པར༴ བྱམས་དང་སྙིང་རྗེ་འབྱོང་བ་དང་། །ངེས་འབྱུང་སྐྱོ་ཤེས་སྐྱེ་བ་དང་། །ཉིན་མཚན་ཆོས་ཀྱིས་འདའ་བ་དང་། །བློ་སྣ་ཐུང་བར་བྱིན༴ སྣང་སྲིད་བླ་མར་རྟོགས་པ་དང་། །བྱིན་རླབས་རྒྱུན་ཆད་མེད་པ་དང་། །དག་སྣང་ཕྱོགས་མེད་འཆར་བ་དང་། །མོས་གུས་སྐྱེ་བར་བྱིན༴ རྟག་ཏུ་དབེན་པར་གནས་པ་དང་། །རྣམ་གཡེང་འདུ་འཛི་མེད་པ་དང་། །དངོས་འཛིན་འཁྲུལ་བ་ཞིག་པ་དང་། །ལམ་སྣ་ཟིན་པར་བྱིན༴ ཚེ་འདི་ཆོས་ཀྱིས་འདའ་བ་དང་། །རྟག་ཏུ་བླ་མ་མཉེས་པ་དང་། །སྒྲུབ་པ་མཐའ་རུ་ཕྱིན་པ་དང་། །གཞན་དོན་འགྲུབ་པར་བྱིན༴ ལས་དང་ཉོན་མོངས་ཟད་པ་དང་། །བྱང་ཆུབ་ལམ་ལ་བརྩོན་པ་དང་། །ས་དང་ལམ་རྣམས་རྫོགས་པ་དང་། །སངས་རྒྱས་འགྲུབ་པར་བྱིན༴ ཚེ་འདིར་འོད་ལུས་འགྲུབ་པ་དང་། །བར་དོ་རང་ངོ་ཤེས་པ་དང་། །རང་བཞིན་སྤྲུལ་པར་སྐྱེ་བ་དང་། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །གསོལ་འདེབས་བདུད་རྩིའི་ཆར་རྒྱུན་གྱི། །དགེ་བས་སྲིད་པའི་སེམས་ཅན་རྣམས། །འཁོར་བའི་རྒྱ་མཚོ་རབ་བརྒལ་ཏེ། །ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག །རོལ་མོ་༼ཛ༽སྐབས་འདིར་སྡེ་བརྒྱད་གསེར་སྐྱེམས་གཏོང་བར་བྱ། །སྤྱི་དོན་གཉིས་པ་དངོས་གཞིའི་ཆོ་ག་ཡང་། །རྣམ་གྲངས་གཉིས་ཀྱི་དང་པོ་བདག་མདུན་དལ། །གཙོ་ལས་བུམ་སོགས་སྐྱབས་རྗེ་བླ་མ་ཡིས། །ལྗགས་བསྒྲིགས་གནང་བའི་དོང་སྤྲུག་གཞུང་བཞིན་ནམ། །ཡང་ན་ཀར་གླིང་ཞི་ཁྲོའི་ལས་བྱང་སོགས། །གང་རུང་ཛབ་བཟླས་བསྟོད་དང་བཀའ་སྲུང་བཅས། །གྲུབ་རྗེས་གཉིས་པ་སྐོང་བཤགས་དངོས་ལ་ཡང་། །ནང་གསེས་རྣམ་གྲངས་དགུ་རུ་དབྱེ་བ་ལས། །དང་པོ་ལྟུང་བཤགས་ཚར་གྲངས་གང་ནུས་རྗེས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་རྣམས་དང་། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆྒཻ་མོ་ཐོག་མར་འཁྲུལ་པ་ནས་བཟུངསྟེ། དུས་དེ་རིང་ལ་ཐུག་གི་བར་དུ་མ་རིག་པའི་གཞན་དབང་དུ་སོང་སྟེ། ཀུན་འབྱུང་གི་ཉེ་བར་ལེན་པའི་ཉོན་མོངས་པ་འདོད་ཆགསདང་། ཞེ་སྡང་དང་། གཏི་མུག་མངོན་པར་འདུ་བགྱིས་ཏེ། ལུས་ཀྱི་སྒོ་ནས་སྲོག་བཅད་པ་དང་། གསོད་སེམས་སྐྱེ་དང་བ། མ་བྱིན་པ་བླང་བ་དང་། འདོད་པའི་ལོག་པར་གཡེམ་པའི་རིགས། ངག་གི་སྒོ་ནས་རྫུན། ཕྲ་མ། ཚིག་རྩུབ་ངག་འཁྱལ། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས་ལོག་ལྟ་སྟེ་མི་དགེ་བ་བཅུ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལ་སོགས་ཏེ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ་ལ་སོགས་ཏེ་མི་དགེ་བའི་ཕྱི་མོ་རྣམས་ཀྱི་སྟེང་། བཅས་པའི་ཁྲིམས་དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་སྟེ་སོ་སོར་ཐར་བའི་སྡོམ་པ་རིགས་བདུན་ལ་ཕམ་ལྟུང་དང་ཉེས་བྱས་བྱུང་བ་དང་། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་བསླབ་བྱ་སྤྱི་དང་། རྩ་ལྟུང་དང་སྦོམ་པོའི་རྣམ་གྲངས་ཐ་དད་པ་དང་འགལ་བ་དང་། ཁྱད་པར་དུ་རིག་པ་འཛིན་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས། རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ། བླ་མ་སྨོད་པ་ལ་སོགས་པ་རྩ་བའི་ལྟུང་བ་བཅུ་བཞི་དང་། ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད་ལས་ཕས་ཕམ་པ་དང་། ཁ་ན་མ་ཐོ་བའི་མཐུས་བཅོམ་སྟེ་གསང་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་པ་ཕྲ་ཞིབ་བསྲུང་དཀའ་བ་ལས་འདས་པ་ཐམས་ཅད་དང་། རང་བཞིན་དུ་ཉོན་མོངས་པའི་གཞན་དབང་གིས་སེམས་ཟིལ་གྱིས་ནོན་ནས་དཀོན་མཆོག་གསུམ་དང་། བླ་མ་ལ་བརྙས་པ་དང་། དམ་པའི་ཆོས་སྤངས་པ་དང་། མཁན་པོ་ལ་མ་གུས་པ་དང་། བྱང་ཆུབ་སེམས་དཔའ་ལ་སྐུར་བ་བཏབ་པ་དང་། ཕ་མའི་དྲིན་ལན་མ་གཞལ་བ་དང་། དཀོན་མཆོག་གི་དཀོར་འཕྲོག་པ་དང་། ཚངས་པར་མཚུངས་སྤྱོད་སུན་ཕྱུང་བ་དང་། བསམ་གཏན་སྒོམ་པའི་ཐུགས་དཀྲུགས་པ་དང་། དགེ་བ་ཅན་གྱི་ཚོགས་བཅག་པ་དང་། དད་པ་ཅན་སུན་ཕྱུངབ་དང་། རྒྱུ་འབྲས་ལ་སྐུར་བ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བྱས་པ་དང་། ཁྲེལ་དང་ངོ་ཚ་སྤངས་པ་ལ་སོགས་ཏེ་མདོར་ན་སྡིག་པ་མི་དགེ་བའི་ལས་རང་གིས་བགྱིས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། བྱས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དེ་དག་ཀྱང་རྟག་པའི་སེམས་དང་། མངོན་པར་ཞེན་པ་དང་། གཉེན་པོའི་སྟོབས་ཞན་པ་དང་། ཡུལ་ཁྱད་པར་ཅན་དང་གཞི་ལས་བྱུང་བ་ལ་སོགས་པས་ཁ་ན་མ་ཐོ་བ་ཆེན་པོར་གྱུར་པའི་མཚོན། མདོར་ན་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་ཐོགས་མེད་ཀྱིས་གཟིགས་པ་ལྡན་པ་རྣམས་ཀྱི་སྤྱན་སྔར་ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས་སོ། །སྔོན་ཆད་ནི་བཀའ་ལས་འདས་སོ། །ད་ནི་ཉེས་པ་ལ་ཉེས་པར་མཐོང་ལགས་པས་མི་འཆབ་པོ། །མི་སྦེད་དོ། མངོན་གྱུར་དུ་སྒྲོགས་པས་མི་སྦེད་དོ། །ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་ལགས་སོ། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སྡིག་ལྡན་བདག་ལ་དགོངས་ཤིག །དེང་བདག་གིས་འགྱོད་ཚངས་དང་དུ་མ་བཞེས་ན། སྐྱབས་མེད་དོ། །མགོན་མེད་དོ། །དཔུང་གཉེན་དང་བྲལ་ལོ། །དེ་བས་ན་སེམས་ཅན་གྱི་རང་བཞིན་ལས་དང་ཉོན་མོངས་པའི་གཞན་དབང་ཅན་ལགས་པས། དེ་ལ་དགོངས་ཏེ་ཚངས་པར་སྩལ་དུ་གསོལ། །གཉིས་པ་ཐེག་དགུའི་བཤགས་པ་འདི་བཞིན་བྱ། ལྷུག། ཨོཾ་དང་པོར་བདག་དང་ཁམས་གསུམ་སེམས་ཅན་རྣམས། །ཡུལ་ལ་ཆགས་པ་སྐྱེ་བར་མི་བགྱིད་དེ། །ཕ་དང་མ་ལ་བརྟེན་ནས་གཟུགས་སུ་སྣང་། །རང་དབང་མེད་པར་འཇིག་རྟེན་གནས་འདི་མཐོང་། །མ་རིག་ཆུང་ཞིང་གཞོན་པའི་དུས་མཚམས་ན། །གཏི་མུག་དབང་གིས་དགེ་སྡིག་དོན་མ་རྟོགས། །འདོད་ཆགས་དབང་གིས་ཕ་རོལ་འཁོར་བར་འཁྱམས། །ཞེ་སྡང་དབང་གིས་སྡིག་པའི་ལས་རྣམས་བགྱིས། །ངན་སོང་གསུམ་དུ་འགྲོ་བའི་རྒྱུ་བསགས་ཏེ། །མནོ་བསམ་ཤེས་ནས་ཆོས་ལ་སྐྱབས་སུ་མཆི། །དང་བས་ཉ་སྟོང་དུས་དྲུག་སྒོར་ཞུགས་ཏེ། །ཉ་སྟོང་ཚེ་བརྒྱད་འདུལ་ཁྲིམས་མནོས་པ་ལས། །དེ་ལ་ཉམས་པའི་སྐྱོན་སེམས་མ་མཆིས་ཏེ། །ཉ་སྟོང་ཚུལ་བཞིན་སྲུང་བའི་དགེ་བསྙེན་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །སྦྱངས་པའི་ཡོན་ཏན་བཅུ་གཉིས་སྒོར་ཞུགས་ནས། །ཉན་ཐོས་སྡོམ་པ་ཚུལ་བཞིན་མནོས་པ་ལས། །རྩ་བ་བཞི་དང་ཡན་ལག་དྲུག་ལ་སོགས། །ཉེས་བརྒྱ་ལྔ་བཅུའི་ཁྲིམས་ལ་སྐྱོན་མ་མཆིས། །ཉན་ཐོས་འདུལ་ཁྲིམས་བསྲུང་པའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །རྟེན་འབྲེལ་བཅུ་གཉིས་སྒྲུབ་པའི་སྒོར་ཞུགས་ཏེ། །རང་རྒྱལ་སྡོམ་པ་ཚུལ་བཞིན་མནོས་པ་ལ། །འཁོར་བ་རང་བཞིན་མེད་པར་མངོན་རྟོགས་ཤིང་། །སྣང་སྲིད་སྒྱུ་མ་ལྟ་བུར་ཤེས་པས་ན། །དེ་ལ་ཉམས་པར་བྱ་བའི་སྐྱོན་མ་མཆིས། །རང་རྒྱལ་སྡོམ་པ་བསྲུང་བའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །ཐེག་ཆེན་བྱང་ཆུབ་སེམས་ཀྱི་སྒོར་ཞུགས་ཏེ། །བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པ་ལས། །སྨོན་འཇུག་ཀུན་རྫོབ་དོན་དམ་བྱང་ཆུབ་སེམས། །སྡོམ་པ་ཉི་ཤུའི་ཚུལ་ཁྲིམས་སྐྱོན་མ་མཆིས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་པའི། །སྡོམ་བརྩོན་ཚུལ་བཞིན་བསྲུང་བའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །དག་པ་རྣམ་པ་གསུམ་གྱི་སྒོར་ཞུགས་ཏེ། །ཀྲྀ་ཡའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །དཀོན་མཆོག་གསུམ་དང་རྡོ་རྗེ་སློབ་དཔོན་དང་། །རྡོ་རྗེ་སྤུན་དང་རྡོ་རྗེ་མིང་སྲིང་དང་། །དེ་བཞིན་རང་གི་སྔགས་དང་ཕྱག་རྒྱ་རྣམས། །དེ་ལས་ཉམས་པའི་སྐྱོན་ལྟ་མ་མཆིས་པའི། །ཀྲྀ་ཡའི་དམ་ཚིགས་སྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་༴ དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །ཨུ་པ་ཡ་ཡི་དམ་ཚིག་སྒོར་ཞུགས་ནས། །ཕྱག་རྒྱ་ལྔ་དང་མན་ངག་སྒྲུབ་པ་ཡི། །ལྟ་སྤྱོད་ཀྲི་ཡོག་ཚུལ་བཞིན་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ༴ དེ་ནས་ཡར་ལ་བློ༴ ལྟ་སྤྱོད་རྣམ་པ་གཉིས་ཀྱི་སྒོར་ཞུགས་ནས། །ཡོ་གའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །དཀོན་མཆོག་གསུམ་དང་དེ་འཁོར་བྱང་ཆུབ་སེམས། །རྡོ་རྗེའི་བླ་མ་མཆེད་དང་ལྕམ་དྲལ་དང་། །དབང་ཐོབ་རྣལ་འབྱོར་གཞན་ལ་མི་སྨོད་ཅིང་། །རང་རྟགས་ཕྱག་རྒྱ་རྟག་ཏུ་བསྲུང་བ་དང་། །དེ་ལ་ཉམས་པའི་སྐྱོན་ལྟ༴ ཡོ་གའི་དམ་ཚིག་བསྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ༴ དེ་ནས་ཡར་ལ༴ ཐབས་དང་ཤེས་རབ་གཉིས་ཀྱི་སྒོར་ཞུགས་ནས། །མ་ཧཱ་ཡོ་གའི་དམ་ཚིག་མནོས་པ་ལས། །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། །ཡབ་ལྔ་དང་ནི་ཡུམ་ལྔ་སྦྱོར་བས་ན། །རྒྱལ་བའི་དམ་ཚིག་མཆོག་ཏུ་གསུངས་པ་ལ། །དེ་ལ་ཉམས༴ མ་ཧཱ་ཡོ་ག་བསྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི༴ དེ་ནས་ཡར་ལ་བློ༴ དབྱིངས་དང་ཡེ་ཤེས་གཉིས་ཀྱི་སྒོར་ཞུགས་ནས། །ཨ་ནུ་ཡོ་གའི་དམ་ཚིག་མནོས་པ་ལས། །ཕྱི་ནང་སྣང་སྲིད་དུས་གསུམ་ཐམས་ཅད་དུ། །རང་རིག་ཡེ་ཤེས་དབྱིངས་ལས་མི་གཞན་ཏེ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འཆང་བྱེད་ཅིང་། །དེ་ལ་ཉམས་པའི་སྐྱོན་ལྟ༴ ཨ་ནུ་ཡོ་ག་བསྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ༴ དེ་ནས་ཡར་ལ་བློ་སེམས༴ ཁྱབ་བདལ་ཆེན་པོའི་ཐེག་པའི་སྒོར་ཞུགས་ནས། །ཨ་ཏི་ཡོ་གའི་དམ་ཚིག་མནོས་པ་ལས། །མེད་པའི་དམ་ཚིག་དང་ནི་ཕྱལ་བ་དང་། །གཅིག་པུའི་དམ་ཚིག་དང་ནི་ལྷུན་གྱིས་རྫོགས། །གྲངས་དང་ཕྱོགས་ལས་འདས་པའི་དམ་ཚིག་ལ། །རྒྱལ་བ་རྣམས་ཀྱིས་དམ་ཚིག་མཆོག་ཏུ་གསུངས། །བསྲུང་མཚམས་མེད་པས་མེད་པའི་དམ་ཚིག་ལ། །གཟུང་དང་འཛིན་པ་མེད་པས་ཕྱལ་བ་ཡིན། །ཐམས་ཅད་སེམས་སུ་འདུས་པས་གཅིག་པུ་ཉིད། །ལྷག་མ་མེད་པར་རྫོགས་པས་ལྷུན་གྱིས་རྫོགས། །དེ་ལ་ཉམས༴ ཨ་ཏི་ཡོ་ག་བསྲུང་༴ ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །སྡེ་སྣོད་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །ཚུལ་ཁྲིམས་རྣམ་པར་དག་པས་འདུལ་མཐར་ཕྱིན། །རང་དབང་མངོན་དུ་གྱུར་པས་མངོན་མཐར་ཕྱིན། །ཤེས་རབ་རྣམ་དག་མདོ་སྡེ་མཐའ་རུ་ཕྱིན། །ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་སྲུང་མ་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །ཀྲྀ་ཡོག་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །དག་པ་རྣམ་གསུམ་ཀྲི་ཡ་མཐའ་རུ་ཕྱིན། །ལྟ་སྤྱོད་རྣམ་གཉིས་ཨུ་པ་མཐའ་རུ་ཕྱིན། །སུམ་ཅུ་ལྷ་ཡི་སྐུར་གསལ་རྣལ་འབྱོར་མཐའ། །དཔལ་མགོན་བདུན་ཅུ་ལ་སོགས་སྲུང་མ་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །ཡོ་ག་རྣམ་པ་གསུམ་གྱི་བསྲུང་བྱ་རྣམས། །རྩ་བ་ཡན་ལག་བསྲུང་བ་རྣལ་འབྱོར་ཆེ། །སྒྲུབ་པ་ཁྱད་པར་དམ་ཚིག་ཨ་ནུའི་མཐའ། །ལྷག་པའི་དམ་ཚིག་རྣམ་བཞི་རྫོགས་ཆེན་པ། །ནང་དང་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །མཚན་ཉིད་སྡེ་སྣོད་གསུམ་དང་ཐེག་པ་གཉིས། །ཕྱི་པ་ཐུབ་པའི་རྒྱུད་ལ་ཀྲི་ཡོག་གསུམ། །ནང་པ་ཐབས་ཀྱི་རྒྱུད་ལ་ཡོ་ག་གསུམ། །ཐེག་པ་རིམ་པ་དགུ་ཡི་དམ་ཚིག་རྣམས། །ལྟ་སྤྱོད་འབྲེལ་བར་སྤྱོད་པའི་རྣལ་འབྱོར་ལ། །མཁའ་འགྲོས་བཀའ་ཡི་ཆད་པ་ཅི་སྟེ་གཅོད། །དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ཅི་སྟེ་དགྱེས། །རྒྱུ་འབྲས་མ་སྤང་དགེ་བ་དང་དུ་བླངས། །སྡིག་པ་མ་སྤྱད་རྣམ་པར་སྨིན་ལ་འཛེམ། །བཀའ་གཞུང་མ་བོར་རྒྱུད་ལུང་མན་ངག་འབྲེལ། །ཡལ་བར་མ་དོར་གཞུང་བཞིན་དང་དུ་བླངས། །ལུས་ངག་ཡིད་གསུམ་བཏུད་ནས་གསང་སྔགས་ཆོས། །སྒོམ་བསྒྲུབ་སྤྱོད་པའི་རྣལ་འབྱོར་དབང་ཕྱུག་ལ། །དམ་ཚིག་ཉམས་ཆག་བྱུང་ན་བསྐང་གྱུར་ཅིག །རྩ་བ་ཡན་ལག་ཕམ་ལྟུང་ཉེས་བྱས་དང་། །སྦོམ་པོ་ཕྲ་མོ་ལ་སོགས་ཉེས་སྐྱོན་རྣམས། །སྐྱོན་དུ་གྱུར་པ་ཐམས་ཅད་ཚངས་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྷ་ལ་རྣམ་རྟོག་མི་མངའ་ཡང་། །དེ་འཁོར་བཀའ་ཡི་སྲུང་མ་དམ་ཚིག་ཅན། །ཐུགས་དང་འགལ་བར་གྱུར་ན་བཟོད་པར་གསོལ། །ཡུན་གྱི་སྒྲིབ་པ་མཆིས་ན་སྒྲིབ་པ་སྦྱོང་། །འཕྲལ་གྱི་རྐྱེན་བགེགས་མཆིས་ན་རྐྱེན་བགེགས་བཟློག །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །གསུམ་པ་ཕྱག་འཚལ་ཆོ་གར་རྣམ་པ་གཉིས། །དང་པོ་བརྒྱུད་པའི་བླ་མར་ཕྱག་འཚལ་ཞིང་། །གཉིས་པ་ཞི་ཁྲོའི་དལ་དུ་ཕྱག་འཚལ་བའོ། །དེ་གཉིས་ཐོག་མར་ཚོགས་ཞིང་གསལ་བ་ནི། ། ༈ མདུན་བསྐྱེད་ཇི་བཞིན་རྩ་གསུམ་ཁྲའམ་ལྷ། །མདུན་མཁར་སྤྲིན་གྱི་ཕུང་པོ་གཏིབས་པའམ། །རྒྱ་མཚོར་གཟའ་སྐར་སྣང་བ་ཇི་བཞིན་དུ། །ཐོགས་བྲལ་ཡེ་ཤེས་སྤྱན་གྱིས་གཟིགས་པར་བསམ། །སྙན་པའི་དབྱངས་དང་བཅས་ཏེ་འདི་སྐད་དོ། །ཨོཾ་བཛྲ་གུ་རུ་པདྨ་སིདྡྷིུ་ཨཱཿཧཱུཾ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཐུགས་ཡེ་ཤེས་གངས་ཅན་མཚོ་ལས་ལྷུན་གྱིས་གྲུབ་པའི་རང་བཞིན། རྒྱལ་སྲས་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །བཞི་ཆོད། མགོན་པོ་གདོད་ནས་རྫོགས་སངས་རྒྱས། །བདེ་ཆེན་ཡོན་ཏན་འབྱུང་བའི་མཛོད། །སངས་རྒྱས་ཀུན་གྱི་བླ་མ་མཆོག །ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །རྡོ་རྗེ་འཆང་གི་ངོ་བོ་ཉིད། །ཞི་དང་ཁྲོ་ཚུལ་དཔག་མེད་སྟོན། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །རྒྱལ་བའི་ཕྲིན་ལས་དཔག་མེད་ལས། །རང་བྱུང་རིག་འཛིན་ཀུན་གྱི་གཙོ། །ལྷ་མིའི་སྟོན་པ་བླ་ན་མེད། །དགའ་རབ་རྡོ་རྗེ་ལ་ཕྱག་འཚལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་ཤིང་། །སྐུ་དང་ཕྲིན་ལས་བསམ་ཡས་ཀྱིས། །འགྲོ་བའི་དོན་གཉིས་རྫོགས་མཛད་པ་། །ཤྲྀ་རི་སིང་ཧ་ལ་ཕྱག་འཚལ། །བདེ་གཤེགས་རྒྱ་མཚོའི་རྣམ་འཕྲུལ་ལས། །རང་བྱུང་གེ་སར་པདྨའི་སྟེང་། །མཚན་རྫོགས་དཔེ་བྱད་འབར་བའི་སྐུ། །པདྨ་འབྱུང་གནས་ལ་ཕྱག་འཚལ། །ངོ་བོ་ཡེ་ནས་ཀུན་ཏུ་བཟང་། །རང་བཞིན་བདེ་གཤེགས་འོད་དཔག་མེད། །ཐུགས་རྗེ་པདྨར་སྐུ་སྤྲུལ་པ། །ཤཱཀྱ་སེང་གེ་ལ་ཕྱག་འཚལ། །སྐུ་གསུམ་མཛད་པའི་ཕྲིན་ལས་ཀྱིས། །གདུལ་བྱའི་རེ་བ་རྣམ་སྐོང་ཞིང་། །མཁའ་འགྲོ་འབར་བའི་སྤྲིན་འཕྲོ་བ། །པདྨ་རྒྱལ་པོ་ལ་ཕྱག་འཚལ། །ཇི་སྙེད་ཇི་བཞིན་ཐམས་ཅད་མཁྱེན། །སྣ་ཚོགས་ཆོས་ཀྱི་རྔ་སྒྲ་ཡིས། །བདུད་དང་མུ་སྟེགས་ཚར་གཅོད་པའི། །བློ་ལྡན་མཆོག་སྲེད་ལ་ཕྱག་འཚལ། །ཀུན་མཁྱེན་ཡེ་ཤེས་གངས་རི་ལས། །རྣམ་གྲོལ་མཆོག་གི་གོ་འཕང་བརྙེས། །དཔག་མེད་འཁོར་བའི་ཚོགས་ནང་ན། །སེང་གེ་སྒྲ་སྒྲོགས་ལ༴ ཐུགས་རྗེའི་ཆར་སྤྲིན་རོལ་བ་ལས། །ཕན་བདེའི་གློག་ཕྲེང་ཆར་འབེབས་ཤིང་། །འགྲོ་བློའི་ཕུན་ཚོགས་རྒྱས་མཛད་པ། །པདྨ་སཾ་བྷ་ལ་ཕྱག་འཚལ། །མཁྱེན་བརྩེའི་འོད་སྟོང་དཀྱིལ་འཁོར་གྱིས། །གསུང་རབ་པདྨ་རྒྱས་མཛད་ཅིང་། །འགྲོ་བའི་ལམ་ཡང་དཀར་པོར་མཛད། །ཉི་མ་འོད་ཟེར་ལ༴ རྣམ་སྤྲུལ་དྲག་པོས་འདུལ་བ་དང་། །འཇིགས་རུང་གར་དགུའི་ཉམས་ལྡན་ཞིང་། །ལྷ་སྲིན་གདུག་པ་ཚར་གཅོད་པའི། །རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ། །མཁའ་འགྲོ་འབར་བའི་སྤྲིན་ཕུང་ལས། །དངོས་གྲུབ་བདུད་རྩིའི་ཆར་འབེབས་ཤིང་། །བདེ་ཆེན་རྒྱལ་བ་མཉེས་མཛད་ཡུམ། །མཁར་ཆེན་མཚོ་རྒྱལ་ལ་ཕྱག་འཚལ། །ཤེས་བྱའི་དཀྱིལ་འཁོར་རབ་རྒྱས་ཤིང་། །དམ་ཆོས་རིན་ཆེན་མཛོད་འཛིན་པའི། །ཟབ་མོའི་དགོངས་གཏེར་རྒྱས་མཛད་པ། །དྲི༷་མེ༷ད་འོ༷ད་ཟེ༷ར་ལ༴ མཁྱེན༷་བཟང་ཀུན་གསལ་ལམ་ཆེན་དུ། །བྱམ༷ས་བརྩེ༷འི་འོད་སྟོང་སྤྲོ་བའི་ཟེ༷ར། །གདུལ་བྱའི་པད་ཚལ་རྒྱས་པའི་གཉེན། །འཇི༷གས་མེ༷ད་གླིང༷་པ༷་ལ༴ ཀུན༷་བཟ༷ང་རོལ་རྩལ་བསམ་ཡས་འཕྲུལ། །གཞ༷ན་ཕ༷ན་ཕྲིན་ལས་ཉིན་བྱེད་གཟིས། །གདུལ་བྱའི་པད་ཚལ་བཞད་པའི་གཉེན། །བྱང་ཆུབ་རྡོ་རྗེ་ལ་ཕྱག་འཚལ། །བསྐལ་མང་གོང་ནས་སངས་རྒྱས་ཀྱང་། །ཐུགས་བསྐྱེད་ཡེ་ཤེས་ཉི་མ་ཡིས། །འགྲོ་བའི་མ་རིག་སངས་མཛད་པ། །བདེ་བ་རྡོ་རྗེ་ལ་ཕྱག་འཚལ། །རྒྱལ་ཀུན་གསང་བའི་མཛོད་འཛིན་ཅིང་། །འགྲོ་མགོན་སངས་རྒྱས་མི་གཟུགས་ཅན། །གུ་རུའི་སྤྲུལ་པ་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མ་ལ༴ ཆོས་དབྱིངས་བདེ་ཆེན་ནམ་མཁའི་ཀློང་། །ཡེ་ཤེས་མཁའ་འགྲོའི་སྤྲིན་འཕྲོ་བ། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །རྡོ་རྗེ་ཕག་མོ་ལ༴ ངང་ཉིད་ཆོས་དབྱིངས་རོལ་པ་ལས། །སྣ་ཚོགས་ཐབས་ཀྱི་རྣམ་འཕྲུལ་གྱིས། །ཕྲིན་ལས་རྣམ་བཞིའི་ལས་མཛད་པ། །དམ་ཅན་རྒྱ་མཚོ་ལ༴ གཞན་ཡང་ཕྱོགས་བཅུའི་རིག་འཛིན་དང་། །བདེ་གཤེགས་ཚོགས་དང་འཕགས་པའི་ཚོགས། །མཁའ་འགྲོ་བདེ་ཆེན་རྒྱ་མཚོ་དང་། །མཆོད་འོས་ཀུན་ལ་བདག་ཕྱག་འཚལ། །ཞིང་རྣམས་ཀུན་གྱི་རྡུལ་ཕྲན་གྱི། །གྲངས་དང་མཉམ་པའི་ལུས་སྤྲུལ་ཏེ། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །ནམ་མཁའ་རབ་འབྱམས་ཡོངས་བཀང་སྟེ། །བླ་མེད་བླ་མའི་ཚོགས་རྣམས་དང་། །རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས། །མཆོད་འོས་རྣས་ལ་མཆོད་པར་འབུལ། །ཐོག་མ་མེད་ནས་ལུས་དང་ངག །ཡིད་ཀྱིས་སྡིག་པའི་ལས་བགྱིས་པ། །དེ་ཀུན་རབ་ཏུ་འགྱོད་སེམས་ཀྱིས། །མཆོད་འོས་རྣམས་ཀྱི་སྤྱན་སྔར་བཤགས། །ཤེས་དང་མི་སྤང་དང་དུ་བླངས། །སྒྲུབ་དང་ཁས་བླངས་ལ་སོགས་པ། །རྩ་བ་ཡན་ལག་དམ་ཚིག་ལས། །འགལ་ཞིང་ཉམས་པ་སོ་སོར་བཤགས། །བདག་གཞན་ཀུན་གྱི་དུས་གསུམ་གྱི། །དགེ་བ་ཀུན་ལ་ཡི་རང་ཞིང་། །འགྲོ་བའི་ཁམས་ལ་མོས་པ་དང་། །བློ་ཡི་རིམ་པ་ཇི་བཞིན་དུ། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དེང་ནས་སྲིད་པ་མ་སྟོངས་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །ཐུགས་རྗེའི་རྣམ་འཕྲུལ་དཔག་ཡས་ཀྱིས། །འགྲོ་བའི་དོན་གཉིས་མཛད་པར་གསོལ། །བདག་གཞན་དུས་གསུམ་དགེ་བ་ཀུན། །མ་ལུས་བློ་ཡིས་གཅིག་བསྡུས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྒྱལ་བའི་གོ་འཕང་ཐོབ་པར་ཤོག །དུས་གསུམ་སྲིད་པའི་སེམས་ཅན་ཀུན། །རྡོ་རྗེ་ཐེག་ལ་རབ་ཞུགས་ནས། །གཉིས་མེད་ཡེ་ཤེས་དོན་རྟོགས་ནས། །ཚེ་འདི་ཉིད་ལ་སངས་རྒྱས་ཤོག །རྣམ་སྨིན་འབྱུང་བའི་ལུས་འདི་ཡང་། །མངོན་སུམ་འོད་གསལ་བསྒོམས་པ་ཡི། །རང་མདངས་འོད་ཀྱི་ཕུང་པོ་རུ། །ཚེ་འདི་ཉིད་ལ་འགྲུབ་པར་ཤོག །ཕྱོགས་མཐར་གཏུགས་པའི་སེམས་ཅན་ཀུན།།བདེ་ཐོབ་སྡུག་བསྔལ་ཀུན་བྲལ་ཏེ། །དམ་པ་རྣམས་ལས་ཆོས་ཐོབ་ནས། །ཐར་པའི་གྲོང་དུ་ཕྱིན་པར་ཤོག །བདག་ཀྱང་དེང་ནས་དུས་ཀུན་ཏུ། །ཟབ་མོའི་ཆོས་རྣམས་འཛིན་པ་དང་། །རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །འགྲོ་ཀུན་མ་ལུས་སྒྲོལ་བར་ཤོག །བདག་གི་བདེ་བའི་ཆ་ཤས་ཀྱིས། །སེམས་ཅན་རྣམས་ནི་ཉེར་འཚོ་ཞིང་། །སེམས་ཅན་སྡུག་བསྔལ་མ་ལུས་ཀུན། །བདག་ལ་སྨིན་ནས་གྲོལ་པར་ཤོག །བདག་གིས་བརྩམས་པ་ཐམས་ཅད་ཀུན། །སེམས་ཅན་དོན་ལས་མ་གཏོགས་པ། །གཞན་དུ་རྡུལ་ཙམ་མི་དམིགས་པས། །འགྲོ་བའི་དོན་གཉིས་འགྲུབ་པར་ཤོག །བར་དོའི་ཡུལ་ལ་འཇུག་པའི་ཚེ། །འོད་གསལ་རང་ངོ་ཤེས་པ་ཡིས། །གདོད་མའི་གཞི་ལ་མཐར་ཕྱིན་ནས། །སེམས་ཅན་ཀུན་དོན་འགྲུབ་པར་ཤོག །ཡེ་ཤེས་དག་པའི་རང་བཞིན་གྱིས། །སྲིད་པའི་བར་དོ་མི་མཐོང་ཞིང་། །ཕྱོགས་བཅུའི་རང་བཞིན་སྤྲུལ་པའི་ཞིང་། །བགྲོད་ནས་འགྲོ་བ་སྒྲོལ་བར་ཤོག །པདྨའི་མཚོ་ལས་བུང་བ་ལྟར། །འགྲོ་བ་ལས་འབྲེལ་ཡོངས་རྩལ་ཏེ། །དྲི་མེད་ཡེ་ཤེས་འོད་ཟེར་གྱིས། །སྐལ་ལྡན་སྣང་བ་འབྱེད་པར་ཤོག །བདག་བློའི་དགེ་ལེགས་ཕུན་ཚོགས་ཀྱིས། །འགྲོ་བའི་བསམ་པ་ཀུན་འགྲུབ་ཏེ། །སྲིད་ན་འགའ་ཡང་མི་གནས་པར། །ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག །བྱེ་བྲག་རྒྱལ་བ་ཞི་བའི་ལྷ་ཚོགས་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བ། །ཧོ་ཀློང་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་དོན་དམ་པར་ཆོས་ཀྱི་དབྱིངས། ཡུམ་གྱི་བྷ་ག་ཡངས་པའི་ཀློང་། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་བཞུགས་པའི་བདེ་བར་གཤེགས་པ་རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཀུན་གཞི་གསང་བ་དག་པའི་དབྱིངས་ནས་ཡིད་རང་བྱུང་གི་ཡེ་ཤེས་རང་ཤེས་རིག་གི་རྒྱལ་པོ་ཡིད་བྱེད་པ་པོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡབ། ཆགས་མེད་སྐྱོན་དང་བྲལ་བས་གདན་པདྨ་ལ་བཞུགས་པ། སངས་རྒྱས་དང་སེམས་ཅན་མཉམ་པར་མཁྱེན་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་དོན་དམ་པར་ཆོས་ཀྱི་དབྱིངས་སུ་སྡུད་མ། ཆོས་ཅན་མཚན་མའི་སྐྱོན་གྱིས་མ་གོས་པས་གདན་པདྨ་ལ་བཞུགས་པ། ཀུན་ལ་ཁྱབ་པར་གནས་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན། ཆོས་བྱ་བ་མོ་དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་གཞི། ཡུམ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། བཞི་ཆོད། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པས། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམས་མཛད་པ། ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། མི་འཇིགས་སེང་གེའི་ཁྲི་ཅན། སྟོང་པ་ཉིད་ཀྱིས་ཡེ་ཤེས་ཀྱི་སྐྱེ་ཤི་དང་འཕོ་འགྱུར་གྱི་རྟོག་པ་མི་མངའ་བས་ཕྱག་རྒྱ་རྡོ་རྗེ་ཅན། བཅོམ་ལྡན་འདས་དཔལ་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་གཟུགས་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད། སྟོབས་གླང་པོ་ཆེའི་ཁྲི་ཅན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཀུན་ལ་དབང་བསྒྱུར་བས་ཕྱག་རྒྱ་འཁོར་ལོ་ཅན། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཚོར་བའི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད། ཤུགས་འཆང་རྟ་ཡི་ཁྲི་ཅན། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མ་གཡོས་པར་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བས། ཕྱག་རྒྱ་རིན་པོ་ཆེ་འབར་བ་ཅན། བཅོམ་ལྡན་འདས་དཔལ་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདག་ཉིད། མཛེས་བྱེད་རྨ་བྱའི་ཁྲི་ཅན། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་གསལ་ལ་མ་ཆགས་པས་ཕྱག་རྒྱ་པདྨ་ཅན། བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད། ཅང་བྱེད་ཤང་ཤང་ཏེའུའི་ཁྲི་ཅན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཕྲིན་ལས་མཐར་ཕྱིན་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །བཞི་ཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ནམ་མཁའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་ཀུན་ཏུ་བཟང་མོ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འབྱུང་བའི་གནས། ཡུམ་ཆེན་མོ་ནམ་མཁའི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ས་ཡི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་སངས་རྒྱས་སྤྱན་མ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསྐྱེད་པའི་གཞི། ཡུམ་ཆེན་མོ་རྡོ་རྗེ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ཆུའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་མཱ་མ་ཀི། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་གྱི་གཏེར་འཛིན་མ། ཡུམ་ཆེན་མོ་རིན་ཆེན་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་མེའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་ན་བཟའ་དཀར་མོ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་གསུང་མཆོག་མ། ཡུམ་ཆེན་མོ་པདྨ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་རླུང་གི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་དམ་ཚིག་སྒྲོལ་མ། འགྲོ་བ་རྣམས་འཕགས་པའི་ས་བཅུར་སྒྲོལ་མ། ཡུམ་ཆེན་མོ་ལས་ཀྱི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་རྣམ་པར་ཤེས་པ་གནས་སུ་དག་པ། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ། འགྲོ་བ་རྣམས་བླ་ན་མེད་པའི་གནས་སུ་སྐྱེད་པར་བྱེད་པས། ཕྱག་རྒྱ་རིན་པོ་ཆེ་མྱུ་གུ་ཅན། ཤར་ཕྱོགས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ། ཉོན་མོངས་པའི་སྐྱེ་རྒྱུན་གཅོད་པས་ཕྱག་རྒྱ་རལ་གྲིི་ཅན། ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག །ཉོན་མོངས་པའི་སྐྱོན་གྱིས་མ་གོས་པས་ཕྱག་རྒྱ་པདྨ་ཅན། །ནུབ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེ་ཡི་རྣམ་པར་ཤེས་པ་གནས་སུ་དག་པ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པས་ཕྱག་རྒྱ་རྡོ་རྗེ་ཅན། བྱང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་བྱམས་པ། ཉོན་མོངས་པའི་གདུང་བ་ལས་རྣམ་པར་རྒྱལ་བས་ཕྱག་རྒྱ་ཀླུ་ཤིང་མགོ་ལྕོག་ཅན། ཤར་ལྷོ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ། ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པས་ཕྱག་རྒྱ་གླེགས་བམ་པོ་ཏི་ཅན། ལྷོ་ནུབ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣ་ཡི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། ཉོན་མོངས་པ་གནས་སུ་དག་པ་ལས་དགོས་འདོད་ཀྱི་རེ་བ་ཡིད་བཞིན་སྐོང་བས་ཕྱག་རྒྱ་རིན་པོ་ཆེའི་སྙེ་མ་ཅན། ནུབ་བྱང་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེ་ཡི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ། ཉོན་མོངས་པའི་ཟུག་རྔུ་མི་མངའ་བར་ཤིན་ཏུ་མཛེས་པས་ཕྱག་རྒྱ་མེ་ཏོག་ཨུཏྤལ་ཅན། བྱང་ཤར་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས། བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ། སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་ཡུལ་གཟུགས་སུ་སྣང་བ་གནས་སུ་དག་པ་བཛྲ་ལཱ་སེ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པས་མཉེས་པར་བྱེད་པ་ལས་མི་འགྱུར་བས་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་ཅན། རྡོ་རྗེ་སྒེག་མོ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་ཡུལ་དྲིར་བསྣམ་པ་གནས་སུ་དག་པ། བཛྲ་མཱ་ལེ་སྟེ་དྲིའི་མཆོད་པ་རྒྱུན་མི་ཆད་པར་བྱེད་པས་ཕྱག་རྒྱ་རིན་པོ་ཆེའི་ཕྲེང་བ་ཅན། རྡོ་རྗེ་ཕྲེང་བ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་ཡུལ་སྒྲར་གྲགས་པ་གནས་སུ་དག་པ་བཛྲ་གཱིཪྟིི་སྟེ། སྒྲའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་པི་ཝང་ཅན། རྡོ་རྗེ་སྒྲ་དབྱངས་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་ཡུལ་རོར་བྲོོ་བ་གནས་སུ་དག་པ། བཛྲ་ནིཪྟི་སྟེ། ཕྱག་རྒྱའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་གར་བསྒྱུར་ཅན། རྡོ་རྗེ་གར་བསྒྱུར་མ་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་འདས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་པུཥྤེ་སྟེ། སྤྱན་གྱི་མཆོད་པས་མཉེས་པར་བྱེད་པ་ཕྱག་རྒྱ་མེ་ཏོག་ཅན། རྡོ་རྗེ་མེ་ཏོག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་ད་ལྟ་བ་ཞེས་བྱ་བ་གནས་སུ་དག་པ། བཛྲ་དྷུ་པེ་སྟེ། ཤངས་ཀྱི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་བདུག་སྤོས་ཅན། རྡོ་རྗེ་སྤོས་མེ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་མ་འོངས་པ་ཞེས་བྱ་གནས་སུ་དག་པ། བཛྲ་ཨ་ལོ་ཀེ་སྟེ། སྐུའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་མར་མེ་ཅན། རྡོ་རྗེ་མར་མེ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་ཕྱིས་འབྱུང་བར་མ་ངེས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་གྷནྡྷེ་སྟེ། ལྗགས་བྱུག་པའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་བྱུག་པ་ཅན། རྡོ་རྗེ་དྲི་ཆབ་མ་ལ་ཕྱག་འཚལ་ལོ། །བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་པ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་པོ་སྟེ། བྱམས་པ་ཆེན་པོས་འགྲོ་བའི་དོན་ཚར་གཅོད་པར་མཛད་པས་ཕྱག་རྒྱ་ནྲྀ་མགོ་གདེངས་པ་ཅན། ཤར་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་དབང་པོ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་སྟེ། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་དུག་ལྔ་ཡེ་ཤེས་ལྔས་འཇོམས་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་ཅན། ལྷོ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་བྱ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་རྟ་མགྲིན་ཏེ། དགའ་བ་ཆེན་པོས་འགྲོ་བའི་དོན་མཛད་པས་ཕྱག་རྒྱ་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་ཅན། ནུབ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་ཤེས་གནས་སུ་དག་པ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་སྟེ། བཏང་སྙོམས་ཆེན་པོས་འགྲོ་བའི་དོན་མཐར་ཕྱིན་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བྱང་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུང་། ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྟག་པར་ལྟ་བ་གནས་སུ་དག་པ། བཛྲ་ཨངྐུ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འཛིན་པར་བྱེད་པས་ཕྱག་རྒྱ་ལྕགས་ཀྱུ་ཅན། རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཆད་པར་ལྟ་བ་གནས་སུ་དག་པ། བཛྲ་པཱ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འདྲེན་པར་བྱེད་པས་ཕྱག་རྒྱ་ཞགས་པ་ཅན། རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་བདག་ཏུ་ལྟ་བ་གནས་སུ་དག་པ། བཛྲ་སྥོ་ཊ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་མི་འཆོར་བར་མཛད་པས་ཕྱག་རྒྱ་ལྕགས་སྒྲོག་ཅན། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མཚན་མར་ལྟ་བ་གནས་སུ་དག་པ། བཛྲ་གྷཎྜེ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་ཐལ་བར་རློག་པར་མཛད་པས་ཕྱག་རྒྱ་དྲིལ་བུ་ཅན། རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། སྒོམ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱིས་ལྷའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ལྷ་ཡི་ཐུབ་པ་སྟེ། ཉོན་མོངས་པ་ང་རྒྱལ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་པི་ཝང་ཅན། ལྷའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱིས་ལྷ་མ་ཡིན་གྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ལྷ་མ་ཡིན་གྱི་ཐུབ་པ་སྟེ། ཉོན་མོངས་པ་ཕྲག་དོག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གོ་ཆ་ཅན། ལྷ་མ་ཡིན་གྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱིས་མིའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། མིའི་ཐུབ་པ་སྟེ། ཉོན་མོངས་པ་འདོད་ཆགས་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གསེག་ཤང་པར་བུ་ཅན། མིའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱིས་བྱོལ་སོང་གི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་བྱོལ་སོང་གི་ཐུབ་པ་སྟེ། ཉོན་མོངས་པ་གཏི་མུག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གླེགས་བམ་པོ་ཏི་ཅན། བྱོལ་སོང་གི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱིས་ཡི་དྭགས་ཀྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ཡི་དྭགས་ཀྱི་ཐུབ་པ་སྟེ། ཉོན་མོངས་པ་སེར་སྣ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་རིན་པོ་ཆེའི་སྒྲོམ་བུ་ཅན། ཡི་དྭགས་ཀྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དམྱལ་བའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། དམྱལ་བའི་ཐུབ་པ་སྟེ། ཉོན་མོངས་པ་ཞེ་སྡང་གནས་སུ་དག་པར་མཛད་པས་ཕྱག་རྒྱ་མེ་ཆུ་ཅན། དམྱལ་བའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞིའི་འཇིག་རྟེན་འདུལ་བའི་མགོན། །ཉོན་མོངས་དྲུག་འཇོམས་རྒྱུ་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །ཧོ་སྒྱུ་འཕྲུལ་རང་བཞིན་གྱི་དཀྱིལ་འཁོར་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། རང་བཞིན་གྱི་དཀྱིལ་འཁོར་འདི་ལྟར་སྣང་བ་ཐམས་ཅད་ལ་ཡང་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཅིང་། བརྗོད་ཀྱིས་མི་ལང་བའི་ལྷ་རྣམས་ལ་རྣལ་འབྱོར་པ་བདག་གིས་ལུས་རྡུལ་སྙེད་དུ་སྤྲུལ་ནས་ལུས་ངག་ཡིད་གསུམ་ཤིན་ཏུ་གནོང་འགྱོད་དང་བཅས་པས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། གལ་ཏེ་རྣལ་འབྱོར་པ་གང་ཞིག་གི་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣ་བར་ལན་ཅིག་ཐོས་པ་ཙམ་གྱིས་ཀྱང་དམྱལ་བ་ཆེན་པོར་མི་ལྟུང་ངོ་། །དེ་བས་ན་གུས་པས་ཕྱག་འཚལ་ལོ། །རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལ། གང་ཞིག་གུས་པས་ཕྱག་འཚལ་ན། ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར། དམ་ཚིག་སྐོང་ནས་དངོས་གྲུབ་ཐོབ། ཅེས་དང་། དེ་ནས་ཁྲོ་བོའི་དལ་དུ་ཕྱག་འཚལ་བ། ཧོ་དགོངས་སུ་གསོལ། རང་རིག་པ་ཐབས་ཀྱི་རྒྱལ་པོ་ཁྲོ་བོ་ཐམས་ཅད་ཀྱི་རྗེ་བཙུན་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ། བཅོམ་ལྡན་འདས་བླ་ན་མེད་པའི་དཔལ་ཆེན་པོ། ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྟ་བུའི་སྐུ་དུས་གསུམ་དུ་འགྱུར་བ་མི་མངའ་ཞིང་། ཞེ་སྡང་ཆེན་པོའི་ཐབས་ལ་མཁས་པས་དྲེགས་པ་ཕོ་མོའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་ནས། སྐྱེ་བ་མེད་པའི་སྐུ་བརྙེས་པ་གཏི་མུག་ཆེན་པོའི་ཐབས་ལ་མཁས་པས་མ་ཧཱ་དེ་ཝའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་སྐུའི་བདག་ཉིད་བུདྡྷ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་ཉིད་བྱང་ཆུབ་སེམས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་པ། ང་རྒྱལ་ཆེན་པོའི་ཐབས་ལ་མཁས་པས་གཤིན་རྗེའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད། རཏྣ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཆགས་པ་མེད་པའི་དབྱིངས་ནས་བྱང་ཆུབ་སེམས་དཔའི་སྐུ་བརྙེས་པ། འདོད་ཆགས་ཆེན་པོའི་ཐབས་ལ་མཁས་པས་ཀླུའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་གསུང་གི་བདག་ཉིད། པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཕྲིན་ལས་གྲུབ་པའི་དབྱིངས་ནས་སྤྲུལ་པ་མཆོག་གི་སྐུ་བརྙེས་པ་ཕྲག་དོག་ཆེན་པོའི་ཐབས་ལ་མཁས་པས་གནོད་སྦྱིན་གྱི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད། ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྦྱོར་བའི་དབྱིངས་ནས་ཕྱིན་ཅི་ལོག་གི་ལྟ་བ་འཇོམས་པའི་སྐུ་བརྙེས་པ། ག་ནའི་ཐབས་ལ་མཁས་པས་དྲང་སྲོང་གི་གདན་ལ་བཞུགས་པ། རཀྴ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དམ་ཚིག་གི་དབྱིངས་ནས་མྱོང་བྱེད་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། ཉམས་པ་བསྐང་བའི་ཐབས་ལ་མཁས་པས་སྲིན་པོའི་གདན་ལ་བཞུགས་པ། ས་ནུ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གསང་བའི་དབྱིངས་ནས་སྐྱེ་གནས་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ མཚན་མའི་ཐབས་ལ་མཁས་པས་རླུང་ལྷའི་གདན་ལ་བཞུགས་པ། གུ་ཧྱ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྒྲོལ་བའི་དབྱིངས་ནས་རེག་བྱའི་རྟོགས་པ་འཇོམས་པའི་སྐུ་བརྙེས་པ། ཏ་ནའི་ཐབས་ལ་མཁས་པས་བགེགས་ཀྱི་གདན་ལ་བཞུགས་པ། ཡཀྴ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བཞི་ཆོད། འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ། གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། ཧེ་རུ་ཀ་དཔལ་རྣམས་ལ་ཕྱག་འཚལ་ལོ། །རང་བཞིན་དག་པའི་དབྱིངས་ནས་ཡུམ་ཆེན་མོའི་སྐུ་བརྙེས་པ། སྐུ་དཔལ་དུ་འབར་བས་རྔམ་པའི་ཆ་ལུགས་ཅན། །གསུང་དཔལ་དུ་འབར་བས་རྔམ་པའི་གདངས་སྐད་ཅན། །ཐུགས་དཔལ་དུ་འབར་བས་ཐུགས་རྗེ་ཆེན་པོ་སྟེ། །དཔལ་འབར་ཁྲོས་བས་རྒྱལ་མོ་ཆེ། །ཁྲོ་མོ་ཆེན་མོ་གནམ་ཞལ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །ཆོས་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལས་རྣམ་པར་ཐར་བའི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། བཛྲ་ཀྲོ་ཏི་ཤྭ་རི་མ་ལ་ཕྱག་འཚལ་ལོ། །མཉམ་ཉིད་བླང་དོར་མེད་པའི་དབྱིངས་ནས་རོལ་པ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། བྷུདྷ་ཀྲོ་དྷི་ཤྭ་རི་མ་ལ་ཕྱག་འཚལ་ལོ། །བྱམས་མགོན་ཆོས་ཉིད་ཀྱི་དབྱིངས་ནས་རོལ་པ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ་རཏྣ་ཀྲོ་ཏི་ཤྭ་རི་མ་ལ་ཕྱག་འཚལ་ལོ། །ཆོས་ཉིད་པདྨའི་དབྱིངས་ནས་སྐྱོན་བྲལ་པདྨའི་སྐུ་བརྙེས་པ་ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། པདྨ་ཀྲོ་དྷི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ལས་རབ་རོལ་པའི་དབྱིངས་ནས། དོན་གྲུབ་མཆོག་གི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། ཀརྨ་ཀྲོ་དྷི་ཤྭ་རི་མ་ལ་ཕྱག་འཚལ་ལོ། །དྲོད་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། །རཀྴ་ཀྲོ་ཏི་ཤྭ་རི་མ་ལ་ཕྱག་འཚལ་ལོ། །མངལ་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། །ས་ནུ་ཀྲོ་ཏི་ཤྭ་རི་མ་ལ་ཕྱག་འཚལ་ལོ། །བརྫུས་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། །གུ་ཧྱ་ཀྲོ་ཏི་ཤྭ་རི་མ་ལ་ཕྱག་འཚལ་ལོ། །སྒོ་ང་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། །ཡཀྴ་ཀྲོ་དྷི་ཤྭ་རི་མ་ལ་ཕྱག་འཚལ་ལོ། །བཞི་ཆོད། ཁྲོ་མོ་དབྱིངས་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ཁྲོ་མོ་སྔོན་མོ་བམ་དབྱུག་འཛིན། །ཀོའུ་རི་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་སེར་མོ་མདའ་གཞུ་འཛིན། །ཙཽ་རི་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དམར་མོ་ཆུ་སྲིན་འཛིན། །པྲ་མོ་ཧཱ་ལ༴ ཁྲོ་མོ་མཐིང་ནག་རྡོ་རྗེ་འཛིན། །བཻ་ཏཱ་ལི་ལ༴ ཁྲོ་མོ་དམར་སེར་བྱིས་རྒྱུ་འཛིན། །པུཀྐཱ་སཱི་ལ༴ ཁྲོ་མོ་ལྗང་གུ་དུང་ཁྲག་འཐུང་། །གསྨ་རི་ལ༴ ཁྲོ་མོ་ནག་མོ་བྱིས་སྙིང་ཟ། །སྨེ་ཤ་ནི་ལ༴ ཁྲོ་མོ་སེར་སྐྱ་མཆོག་ལུས་འདྲལ། །ཙཎྜ་ལི་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་གྱད་ཀྱིས་བཞུགས། །ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །སིང་ཧ་ཁ་རོ་བསྣོལ་སེར་སེང་། སེང་གེའི་དབུ་ལ༴ བྱཱ་ཀྲི་མནན་ལྟར་བསྣོལ་དམར་སྟག །སྟག་གི་དབུ་ལ༴ སྲི་ལ་ནག་མོ་བྱིས་ལྡག་ཝ། ཝ་ཡི་དབུ་ལ༴ ཤྭ་ན་འདྲལ་ལྟ་མཐིང་ག་སྤྱང་། སྤྱང་མོའི་དབུ་ལ༴ གྲི་ཌྷ་གྲི་དམར་རྒྱུ་འདྲེན་རྒོད། བྱ་རྒོད་དབུ་ལ༴ ཀངྐ་ཞིང་ཕྲག་སྣར་མགོ་རིང་། དུར་བྱའི་དབུ་ལ༴ ཀཱཾ་ཀ་ཁ་རོ་བན་ཀྲི་ནག། བྱ་རོག་དབུ་ལ༴ ཧུ་ལུ་མཐིང་ག་རྡོ་རྒྱུ་འུག། འུག་པའི་དབུ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། ཕྲ་མིན་ཆེན་མོ་བརྒྱད་ལ༴ སྒོ་མ་སྔོན་མོ་ལྕགས་ཀྱུ་འཛིན། རྟ་གདོང་མ་ལ༴ སྒོ་མ་སེར་མོ་ཞགས་པ་འཛིན། ཕག་གདོང་མ་ལ༴ སྒོམ་དམར་མོ་ལྕགས་སྒྲོག་འཛིན། སེང་གདོང་མ་ལ༴ སྒོ་མ་ལྗང་གུ་དྲིལ་བུ་འཛིན། སྤྱང་གདོང་མ་ལ༴ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ༴ ཆོས་ཉིད་རྣམ་དག་ངང་ལས་ཅིར་ཡང་སྣང་། །སྣ་ཚོགས་ཅིར་ཡང་བསྒྱུར་བའི་སྐུ་མངའ་ཞིང་། །སྲིད་གསུམ་ཞིང་དུ་སྦྱོར་བའི་གཡང་གཞི་གསོལ། །སྟོང་ཁམས་གནས་སྤོར་ཉི་ཟེར་ཞགས་པ་འཕེན། །སྤོར་བྱེད་ཉི་ཞགས་འཕེན༴ རྣམ་རྟོག་ནད་རྣམས་རྟག་ཏུ་བསལ་བའི་ཕྱིར། །མི་འབྲལ་ཅིར་ཡང་བསྒྱུར་བའི་སྐུ་མངའ་ཞིང་། །ཉོན་མོངས་ལྔ་གཞོམ་ཐོད་ཁྲག་མདུང་ཐུང་འཕེན། །ཐུགས་རྗེ་ཐབས་མཁས་མི་རྣམས་གནས་སུ་སྤོར། །སྤོར་བྱེད་མདུངཐུང་འཕེན་ལ༴ མ་རིག་སེམས་ཅན་དབྱིངས་ལ་གཟུད་པའི་ཕྱིར། །ཆོས་ཉིད་བདེ་བའི་སྐུ་ལས་གཡོ་བ་མེད། །སྟོང་ཁམས་དབང་སྡུད་དུང་ཁྲག་ཐུགས་ཀར་བསྐྱིལ། །བརྗིད་པའི་རོལ་པས་སྟོང་ཁམས་གནས་སུ་སྤོར། །སྤོར་བྱེད་དྲིལ་འཁྲོལ་མ་ལ༴ ཐུགས་རྗེ་བྱམས་པས་ཀུན་ལ་ཁྱབ་པ་ཡི། །མདོག་བཟང་དཀར་སེར་ཞི་རྒྱས་ལྡན་པའི་སྐུ། །འདོད་ལྔ་དབང་སྡུད་དུང་ཁྲག་ཐུགས་ཀར་འཛིན། །ལྷ་རྣམས་གནས་སྤོར་རྡོ་རྗེ་ཁྱུ་ཆེན་འཛིན། །སྤོར་བྱེད་ཁྱུང་ཐོགས་མ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་མི་བཟད་ཡོངས་སུ་གཞིག་པའི་ཕྱིར། །མཐིང་ནག་ཆེན་པོ་རྔམ་པའི་སྐུ་མངའ་ཞིང་། །གཡུལ་ཆེན་རབ་བཟློག་རྡོ་རྗེ་སྐར་མདའ་འཕེན། །ལྷ་མིན་གནས་སྤོར་དུང་ཁྲག་ཞལ་དུ་གསོལ། །སྤོར་བྱེད་སྐར་མདའ་འཕེན་ལ༴ ལོག་པར་ལྟ་བ་དབང་དུ་མཛད་པའི་ཕྱིར། །སྐུ་མདོག་དམར་ནག་དབང་དྲག་འཇོམས་པའི་ཞལ། །ཕྱི་ནང་སྒྲིབ་གཉིས་སྦྱངས་ནས་བདེ་བའི་ཕྱིར། །རྡོ་རྗེ་གློག་ཕྲེང་ཡི་དྭགས་གནས་སུ་སྤོར། །སྤོར་བྱེད་གློག་ཕྲེང་ཅན་ལ༴ གཏི་མུག་རྨོངས་པ་དབང་དུ་མཛད་པའི་ཕྱིར། །དཀར་ནག་ཕྱེད་མ་ཞི་དྲག་ལྡན་པའི་སྐུ། །གཏི་མུག་སྟོངས་མཛད་ཐོད་ཁྲག་ཞལ་དུ་གསོལ། །བྱོལ་སོང་གནས་སུ་སྤོར་བས་གློག་རྡེབ། །སྤོར་བྱེད་གློག་ཤ་རྡེབ་ལ༴ སྡུག་བསྔལ་བརྒྱད་དང་བཅུ་དྲུག་སྦྱང་བའི་ཕྱིར། །སྐུ་མདོག་སེར་ནག་དྲག་པོ་རྒྱས་པའི་སྐུ། །དམྱལ་བ་སྟོངས་མཛད་ཐོད་ཁྲག་ཞལ་དུ་གསོལ། །དམྱལ་བ་གནས་སྤོར་རྡོ་རྗེ་རལ་གྲི་འཛིན། །སྤོར་བྱེད་རལ་གྲི་འཛིན་ལ་ཕྱག་འཚལ་ལོ། །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རོལ་པ་ལས། །འགྲོ་དོན་མཛད་པའི་ཐུབ་པ་ཆེན་པོ་རྣམས། །ལས་ངན་ཞི་བས་འདུལ་བར་མི་འགྱུར་བས། །རྒྱུད་དྲུག་རྣམས་ལ་དབང་དྲག་རོལ་པར་མཛད། །སྤོར་བྱེད་བརྒྱད་དུ་མཚན་གསོལ་མི་བཟད་མ། །ཀུན་ཀྱང་འཇིག་ཚུལ་ཆེ་ལ་སྙིང་རྗེར་ལྡན། །སྐམ་གཤེར་སྤེལ་བའི་གདན་ལ་བརྐྱང་བསྐུམ་བཞུགས། །ཐོད་ཁྲག་མཚོན་ཆ་འཛིན་ཅིང་གཡང་གཞི་གྱོན། །རལ་བ་དབྱིངས་འབར་བཤུག་གླུས་སྟོང་ཁམས་འགེངས། །ཧ་ཧའི་གད་འདེབས་རྒྱུ་དྲུག་སེམས་ཅན་སྐྱོངས། །རྒྱུ་དྲུག་འཁོར་བའི་སེམས་ཅན་བདག་འདྲ་བ། །ལྷ་མཆོག་ཁྱེད་ཀྱི་སྤྱན་སྔར་ས་ལེ་བས། །འགྲོ་བ་རིགས་དྲུག་སེམས་ཅན་ཀུན་སྦྱངས་ནས། །ལྷ་མཆོག་ཁྱེད་ཀྱིས་དངོས་གྲུབ་སྩལ་དུ་གསོལ། །རྣལ་འབྱོར་དམར་ནག་ཏྲི་ཤུལ་འཛིན། །གཡག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་རྩེ་ལྔ་འཛིན། །སྦྲུལ་མགོ་ཅན་ལ༴ རྣལ་འབྱོར་སེར་ནག་དབྱུག་སྡིག་འཛིན། །གཟིག་མགོ་ཅན་ལ༴ རྣལ་འབྱོར་དཀར་དམར་དུང་དམར་འཛིན། །སྲི་མོ་མགོ་ལ༴ རྣལ་འབྱོར་སེར་མོ་འཁོར་ལོ་འཛིན། །ཕ་ཝང་མགོ་ཅན༴ རྣལ་འབྱོར་དམར་སྐྱ་བམ་དབྱུག་འཛིན། །དྲེད་མགོ་ཅན་ལ༴ རྣལ་འབྱོར་དམར་སེར་རྒྱུ་ཞགས་འཛིན། །དོམ་མགོ་ཅན་ལ༴ རྣལ་འབྱོར་སྔོན་མོ་བུམ་པ་འཛིན། །ཆུ་སྲིན་མགོ་ལ༴ རྣལ་འབྱོར་སྔོ་སྐྱ་པུཎྜ་འཛིན། །སྡིགས་པའི་མགོ་ལ༴ རྣལ་འབྱོར་ནག་མོ་ཐོད་རློན་འཆང་། །ཁྲ་མགོ་ཅན་ལ༴ རྣལ་འབྱོར་དམར་ནག་རྒྱུ་ཞགས་འཛིན། །ཝ་མགོ་ཅན་ལ༴ རྣལ་འབྱོར་ནག་མོ་བམ་ཆེན་འཛིན། །སྟག་མགོ་ཅན་ལ༴ རྣལ་འབྱོར་དམར་པོ་ཁོག་ཆེན་འཛིན། །རྒོད་མགོ་ཅན་ལ༴ རྣལ་འབྱོར་དམར་ནག་རྡོར་དབྱུག་འཛིན། །རྟ་མགོ་ཅན༴ རྣལ་འབྱོར་དཀར་མ་བྷནྡྷ་འཛིན། །ཁྱུང་མགོ་ཅན༴ རྣལ་འབྱོར་དམར་སེར་བྱིས་བཾ་འཛིན། །ཁྱི་མགོ་ཅན༴ རྣལ་འབྱོར་དཀར་དམར་པདྨ་འཛིན། །པུ་ཤུད་མགོ་ལ༴ རྣལ་འབྱོར་དམར་སྐྱ་བྷནྡ་འཛིན། །ཤ་བའི་མགོ་ལ༴ རྣལ་འབྱོར་ལྗང་ནག་རྔེའུ་ཆུང་འཛིན། །སྤྱང་མགོ་ཅན༴ རྣལ་འབྱོར་དམར་སེར་མེ་སྒྲོན་འཛིན། །སྐྱིན་མགོ་ཅན༴ རྣལ་འབྱོར་ལྗང་སེར་མཆེ་བ་འཛིན། །ཕག་མགོ་ཅན༴ རྣལ་འབྱོར་ལྗང་སྔོན་དུང་ཁྲག་འཛིན། །ཁཱ་མགོ་ཅན༴ རྣལ་འབྱོར་དམར་ལྗང་བཾ་ཆེན་འཛིན། །བ་ལང་མགོ་ལ༴ རྣལ་འབྱོར་ལྗང་ནག་བདུད་རྩི་འཛིན། །སྦྲུལ་མགོ་ཅན༴ རྣལ་འབྱོར་ནག་མོའི་ལྕགས་ཀྱུ་འཛིན། །ཁུ་བྱུག་མགོ་ལ༴ རྣལ་འབྱོར་སྔོན་མོ་ཞགས་པ་འཛིན། །ར་མགོ་ཅན༴ རྣལ་འབྱོར་དམར་པོ་ལྕགས་སྒྲོག་འཛིན། །སེང་མགོ་ཅན༴ རྣལ་འབྱོར་ལྗང་ནག་དྲིལ་བུ༴ སྐྱ་ཀའི་མགོ་ལ༴ དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ལ༴ ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །རྡོ་རྗེ་གཞོན་ནུའི་སྐུ་ལ༴ འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འཁོར་ལོ་རྒྱས་འདེབས་ཡུམ་ལ༴ འདོད་པའི་སྐྱོན་སྤངས་སྐྱེ་ལ་དབང་མཛད་པ། །ཁྲོ་ཆེན་ཧཱུཾ་ཀ་ར་ལ༴ མ་བྱིན་ལེན་སྤངས་ཡོ་བྱད་དབང་མཛད་པ། །ཁྲོ་ཆེན་རྣམ་པར་རྒྱལ་ལ༴ སྲོག་གཅོད་སྐྱོན་སྤངས་ཚེ་ལ་དབང་མཛད་པ། །ཁྲོ་ཆེན་གཤིན་རྗེའི་གཤེད་ལ༴ ཕྲ་མའི་སྐྱོན་སྤངས་ཆོས་ལ་དབང་མཛད་པ། །ཁྲོ་ཆེན་རྟ་མཆོག་དཔལ༴ ངག་རྩུབ་སྐྱོན་སྤངས་ལས་ལ་དབང་མཛད་པ། །ཁྲོ་ཆེན་བདུད་རྩི་འཁྱིལ་ལ༴ ལོག་པར་ལྟ་སྤངས་ཡེ་ཤེས་དབང་མཛད་པ། །ཁྲོ་ཆེན་དབྱུག་སྔོན་ཅན་ལ༴ རྫུན་གྱི་སྐྱོན་སྤངས་མོས་ལ་དབང་མཛད་པ། །ཁྲོ་ཆེན་མི་གཡོ་མགོན་ལ༴ ངག་འཁྱལ་སྐྱོན་སྤངས་སེམས་ལ་དབང་མཛད་པ། །ཁྲོ་ཆེན་འདོད་པའི་རྒྱལ་ལ༴ གནོད་སེམས་སྐྱོན་སྤངས་རྫུ་འཕྲུལ་དབང་མཛད་པ། །ཁྲོ་ཆེན་ཁམས་གསུམ་རྒྱལ་ལ༴ བརྣབ་སེམས་སྐྱོན་སྤངས་སྨོན་ལམ་དབང་མཛད་པ། །ཁྲོ་ཆེན་སྟོབས་པོ་ཆེ་ལ༴ ཡེ་ཤེས་ཕ་རོལ་ཕྱིན་མ་སྟེ། །སྒྲ་འབྱིན་མ་ལ༴ ཤེས་རབ་ཕ་རོལ་ཕྱིན་མ་སྟེ། །རྡོ་རྗེ་སྙེམས་ལ༴ ཚུལ་ཁྲིམས་ཕ་རོལ་ཕྱིན་མ་སྟེ། །རྡོ་རྗེ་སྡེར་ལ༴ བསམ་གཏན་ཕ་རོལ་ཕྱིན་མ་སྟེ། །དུར་ཁྲོད་མ་ལ༴ ཐབས་ཀྱི་ཕ་རོལ་ཕྱིན་མ་སྟེ། །གཏུན་ཁུང་མ་ལ༴ བརྩོན་འགྲུས་ཕ་རོལ་ཕྱིན་མ་སྟེ། །རབ་གཏུམ་མ་ལ༴ སྦྱིན་པའི་ཕ་རོལ་ཕྱིན༴ མདའ་སྙེམས་མ་ལ༴ སྨོན་ལམ་ཕ་རོལ་ཕྱིན༴ སྐྱོང་བྱེད་མ་ལ༴ སྟོབས་ཀྱི་ཕ་རོལ་ཕྱིན༴ གསོད་བྱེད་མ་ལ༴ བཟོད་པའི་ཕ་རོལ་ཕྱིན༴ སྐུལ་བྱེད་མ་ལ༴ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ནས། །ཡེ་ཤེས་བསྐལ་པའི་མེ་དཔུང་འབར་བའི་ཀློང་། །བདུད་འདུལ་ཡབ་ཡུམ་རྣམས་ལ༴ དམིགས་མེད་ཆོས་ཀྱི་སྐུ་ལ༴ ལོངས་སྤྱོད་རྫོགས་པའི་སྐུ་ལ༴ ཅིར་ཡང་སྤྲུལ་པའི་སྐུ་ལ༴ མི་འགྱུར་རྡོ་རྗེའི་སྐུ་ལ༴ མངོན་པར་བྱང་ཆུབ་སྐུ་ལ༴ དུས་གསུམ་རྒྱལ་བ་རྣམས་ཀྱི་བསྒྲུབ་པ་ཡི། །ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ། །སྐུ་དང་ཡེ་ཤེས་ཚོགས་ལ༴ འབྱུང་བ་ལྔ་ལས་སྐུར་བཞེངས་མ། །རྟག་རྒྱལ་ལྔ་ལ༴ རང་བཞིན་དབྱིངས་ལས་གྲུབ་པ་མོ། །དབྱིངས་ཕྱུག་ལྔ་ལ༴ རྒྱུ་འབྲས་བྱང་ཆུབ་སེམས་ཀྱི་སྤྲུལ་པ་སྟེ། །མཁའ་འགྲོ་སུམ་ཅུ་གཉིས་ལ༴ ག་ཎ་པ་ཏིའི་སྤྲུལ་པ་སྟེ། ཀིང་ཀ་ར་ལ༴ ལྷ་མོ་དཔལ་མོའི་སྤྲུལ་པ་སྟེ། །ཀིང་ཀ་རི་ལ༴ འཇིག་རྟེན་ཁམས་ལ་དབང་མཛད་མ། །འཇིགས་བྱེད་དཔལ་འབར་རལ་པ་ཅན། །འདོད་པའི་རོ་ལ་ཆགས་པ་མོ། །མམོའི་ཚོགས་ལ༴ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་བསྒྲུབ་པའི་གྲོགས་མཛད་མ། །དམ་ཅན་རྒྱ་མཚོའི་ཚོགས་ལ༴ སྟོན་པ་ཀུན་ཏུ་ཟང་པོ་ཡིས། །དེ་སྐད་ཅེས་ནི་བཀལ་སྩལ་པ། །གང་གིས་སྒྱུ་འཕྲུལ་ཁྲོ་བོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་དག་འགྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང། །ན་རག་གནས་ཀྱང་དོང་སྤྲུག་སྟེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་དང་། བཞི་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི༴ ཨཱཿ ལྷུག། བདག་ཉིད་ཐ་མལ་སྤྱི་བོ་རུཿ པད་དཀར་ཟླ་བའི་གདན་གྱི་སྟེང་ཿ ཧཱུཾ་ལས་བླ་མ་རྡོ་རྗེ་སེམསཿ དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུཿ རྡོ་རྗེ་དྲིལ་འཛིན་སྙེམ་མ་འཁྲིལཿ ཁྱེད་ལ་ཕྱག་འཚལ་སྡིག་པ་སྦྱོང་ཿ འགྱོད་སེམས་དྲག་པོས་མཐོལ་ལོ་བཤགསཿ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམཿ ཁྱེད་ཐུགས་ཟླ་བ་རྒྱས་པའི་སྟེང་ཿ ཧཱུཾ་ཡིག་ཐ་མར་སྔགས་ཀྱིས་བསྐོརཿ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་ནསཿ ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནསཿ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིནཿ ག་བུར་རྡུལ་ལྟར་འཛག་པ་ཡིསཿ བདག་དང་ཁམས་གསུམ་སེམས་ཅན་གྱིཿ ལས་དང་ཉོན་མོངས་སྡུག་བསྔལ་རྒྱུཿ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབཿ མ་ལུས་བྱང་བར་མཛད་དུ་གསོལཿ ཨོཾ་བཛྲ་ས་ཏྭ་ས་མ་ཡཱཿ མ་ནུ་པཱ༴ སོགས། སཏྭ་ཨཱཿ དེ་ལྟར་ཡིག་བརྒྱ་བཟླའ་དུས་དམིགས་པ་ནིཿ རྡོར་སེམས་ཐུགས་སྲོག་སྔགས་འཕྲེང་བཅས་པ་ལས། །བདེ་ཆེན་ཡེ་ཤེས་བདུད་རྩི་འོ་རྒྱུན་བཞིན། །བབས་པས་སྐུའི་དབྱིབས་བརྒྱུད་དེ་སྦྱོར་མཚམས་ནས། །ཚངས་བུག་ཏུ་ཞུགས་ནད་གདོན་སྡིག་སྒྲིབ་ཀུན། །རྣག་ཁྲག་སྲོག་ཆགས་དུད་སོལ་ཁུ་རླངས་བཞིན། །ལྷག་མེད་སྦྱངས་ཏེ་རིམ་དགུའི་ས་འོག་ཏུ། །ལས་གཤིན་ཁར་སོང་དུས་མིན་འཆི་བཟློག་བསམ། །ལྔ་པ་འགྱོད་ཚངས་བཤགས་པའི་རིམ་པ་ནི། །སྟོབས་བཞིའི་གནད་དོན་དྲན་བཞིན་འདི་སྐད་བརྗོད། །ཧོ་དགོངས་སུ་གསོལ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། །རིགས་ལྔའི་བདེ་བར་གཤེགས་པ་ལ་སོགས་པ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་རྣམས་ཐུགས་རྗེ་ཆེ་ལ་ཐབས་མཁས་པས་ཀུན་ལ་སྙོམས་པའི་ཡབ་ཡུམ་ལགས། །སྔར་འདས་པའི་རིག་འཛིན་གྱི་ས་ལ་བཞུགས་པ་རྣམས་ཀྱི་དགེ་བའི་བཤེས་གཉེན་ལགས་ན། བདག་ཅག་ལ་སོགས་པ་གསང་སྔགས་ཀྱི་སྒོར་ཞུགས་སོ་འཚལ་རྣམས་ཀྱི། བདེ་བར་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང་། དགོངས་སྤྱོད་དམ་པར་གདེང་དུ་མ་ཆུད་པའི་དབང་གིས་བཀའ་གསང་བ་ཆེན་པོ་སྤྱད་ཉེས་པར་གྱུར་ཏེ། རྩ་བ་དང་ཡན་ལག་གི་དམ་ཚིག་ལས་འགོངས་ཤིང་འདས་པར་གྱུར་པས། ལ་ལས་ནི་དེ་བཞིན་གཤེགས་པའི་བཀའ་ངོ་བོ་ཉིད་ཀྱིས་མ་བཅོས་པ་ལ། གཟུ་ལུམ་དང་རིས་གཅོད་བགྱིས། ལ་ལས་ནི་དམ་པ་སྟོན་པའི་རྡོ་རྗེ་སློབ་དཔོན་ལ་སྙིང་ནས་སྨད་པ་དང་། བཀའ་བརྐུ་བ་དང་། ཐུགས་དང་འགལ་བའི་ལས་མང་པོ་བགྱིས། ལ་ལས་ནི་དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་གྲོགས་ལ། ལྟ་སྤྱོད་ལོག་པ་དང་། ངན་སེམས་དང་འཕྱ་སེམས་དང་། རྐུན་འཕྲོག་དང་། བརྡེག་བཙོག་དང་། ངན་དུ་སྨྲ་བ་ལ་སོགས་པ་སྐུའི་དམ་ཚིག་ཉམས་པའི་ལས་བགྱིས། ལ་ལས་ནི་དང་པོ་རྡོ་རྗེ་སློབ་དཔོན་གྱིས་ལུང་ཕོག་སྟེ། བཀའ་དྲིན་མནོས་པ་ལས། ཡི་དམ་ལྷ་ཡི་ཏིང་འཛིན་མ་གསལ་ཞིང་། སྒོམ་སྒྲུབ་རྔོ་མ་ཐོགས་པ་དང་། འཛབ་དང་བཟླས་བརྗོད་རྒྱུན་ཆད་པ་དང་། བསྙེན་བསྒྲུབ་ཟབ་མོ་དུས་ལས་ཡོལ་ཏེ། ལོ་ཟླ་འདས་པ་ལ་སོགས་པའི་ལས་བགྱིས། ལ་ལས་ནི་བཀའ་གསང་བ་ཟབ་མོའི་ལྟ་སྤྱོད་མངོན་དུ་ཕྱུང་ཞིང་། སྦས་པའི་གསང་བར་འོས་པ་དང་། གསང་བར་གཉེར་གཏད་པ་རྣམས་གཞན་ལ་སྤེལ་བ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པའི་དབང་གི་ལུས་ངག་ཡིད་གསུམ་འཚིག་པའི་ལས་བགྱིས་པ་འདི་དག། ཕྱོགས་བཅུའི་སྒྱུ་འཕྲུལ་རང་བཞིན་གྱི་དཀྱིལ་འཁོར་དང་། གྲུབ་པའི་ས་ལ་བཞུགས་པའི་རིག་འཛིན་ཕོ་མོ་རྣམས་དང་ཡེ་ཤེས་དང་ལས་ལ་གྲུབ་པའི་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་དམ་ཚིག་གི་རྗེས་གཅོད་པའི་དམ་ཅན་རྒྱ་མཚོ་རྣམས་ལ་མཆོད་པ་འདི་དག་ལ་བརྟེན་ནས། འགྱོད་ཚངས་སུ་གསོལ་བའི་མདོ་ནི་སྐུ་ཡི་དམ་ཚིག་ལས་འདས་པའི་དབང་གིས། འཇིག་རྟེན་འདིར་ཡང་ལུས་མཛེ་ཤུ་ལ་སོགས་པའི་སྡུག་བསྔལ་འབྱུང་ཞིང་། ཚེ་འཕོས་ཀྱང་དམྱལ་བ་ཆེན་པོའི་ཡང་གཏིང་ཐར་བའི་དུས་མེད་པའི་གནས་སུ་ལུས་གཤག་གཏུབ་ལ་སོགས་སྡུག་བསྔལ་གྱི་རྒྱུ་འདི་ལྟ་བུ་བསགས་པ་རྣམས་མཐོལ་ཞིང་བཤགས་སོ། །གསུང་གི་དམ་ཚིག་ལས་འདས་པའི་དབང་གིས། འཇིག་རྟེན་འདི་དང་ཕྱི་མའི་ངག་དིག་ལྐུག་ལ་སོགས་པ་ངག་གི་རྒྱུ་འདི་ལྟ་བུ་བསགས་པ་རྣམས་མཐོལ་ཞིང་བཤགས་སོ། །ཐུགས་ཀྱི་དམ་ཚིག་ལས་འདས་པའི་དབང་གིས། འཇིག་རྟེན་འདི་དང་ཕྱི་མའི་སེམས་སྨྱོ་འབོག་ལ་སོགས་པ་དང་། ངན་སོང་གི་རྒྱུ་བསགས་པ་རྣམས་མཐོལ་ཞིང་བཤག་སོ། །ལ་ལས་ནི་དབང་མ་ནོས་པར་རྡོ་རྗེ་སློབ་དཔོན་གྱི་ས་བཟུང་ནས། བཀའ་ཟབ་མོ་ལ་དབང་ཟོས་ཏེ་བརྫབས་པ་དང་། ལ་ལས་ནི་གབ་པའི་མན་ངག་མ་གཏོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་ཏེ། གསང་སྔགས་སྤྱོད་པ་ཟབ་མོ་བབ་ཅོལ་དུ་སྤྱད་པས། ཁྲ་དང་སྤྱང་ཀི་ལྟ་བུའི་སྡིག་པའི་ལས་བགྱིས་ཏེ་དམྱལ་བ་མི་བཟད་ལས་བགྱིས་རྣམས་མཐོལ་ཞིང་བཤགས་སོ། ལ་ལས་ནི་ཡེ་ཤེས་ཀྱི་ལྷ་དང་རྡོ་རྗེ་སློབ་དཔོན་གྱི་གསང་བའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། གསོག་འཇོག་གིས་བཀའ་བསླུས་ཏེ། ཚོགས་ཀྱི་སྤྱང་ཀི་དང་། ཁྲལ་གྱི་གསོག་འཇོག་དང་། གྲོགས་ཟླ་ལ་ཚོད་ཡོད་པ་དང་། རྔམ་ཆོས་ཀྱི་ཕུད་དང་འཕགས་པ་ལ་བསྔོས་པ་ལ་ཐུགས་ཐུབ་བགྱི། ལ་ལས་ནི་འཇིག་རྟེན་འདི་ཡི་སྐད་ཅིག་ཡུད་ཙམ་ལས་མ་གཏོགས་པ། འཇིག་རྟེན་ཕྱི་མ་ངོ་མ་འཚལ་ཏེ། གྲོགས་ཀྱི་ངོ་དགའ་དང་། བཙན་ཐབས་དང་དྲེགས་ཆོས་ཀྱི་ལས་བགྱིས་ཏེ། གསང་སྔགས་ཀྱི་གཞུང་མ་བསྙེགས་པ་མཐོལ་ལོ་བཤགས་སོ། །གཞན་ཡང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་ལ་སྤྱད་པར་བྱ་བའི་དམ་ཚིག་ལྔ་ལས་འདས་ཏེ། ཏ་ན་ག་ན་གཉིས་དང་། མ་བྱིན་པར་ལེན་པ་དང་། རྫུན་དུ་སྨྲ་བ་དང་། ངག་འཁྱལ་བ་རྣམས་ལས་གཞུང་མ་བསྙེགས་པ་རྣམས་མཐོལ་ཞིང་བཤགས་སོ། །མི་སྤང་བའི་དམ་ཚིག་ལྔ་ལས་འདས་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་རྣམས་ལས་གཞུང་མ་བསྙེགས་པ་རྣམས་མཐོལ་ལོ་བཤགས་སོ། །ད་དུང་བླང་བའི་དམ་ཚིག་ལྔ་ལས་འདས་ཏེ། དྲི་ཆེན་དང་། དྲི་ཆུ་དང་། དམར་ཆེན་དང་། མང་ས་དང་། རྡོ་རྗེ་ཟིལ་བ་རྣམས་ལས་གཞུང་མ་བསྙེགས་པ་མཐོལ་ཞིང་བཤགས་སོ། །ཤེས་པར་བྱ་བའི་དམ་ཚིག་ལྔ་ལས་འདས་ཏེ། ཕུང་པོ་ལྔ་དང་། འབྱུང་བ་ལྔ་དང་། དབང་པོ་ལྔ་དང་། ཡུལ་ལྔ་དང་། ཁ་དོག་ལྔ་ལ་སོགས་པ་རྣམས། རིགས་ཀྱི་ཡབ་དང་། རིགས་ཀྱི་ཡུམ་དང་། སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་ཁྲོ་མོ་དང་། ལྷ་དང་ལྷ་མོའི་རང་བཞིན་དུ་མ་འཚལ་བ་རྣམས་མཐོལ་ལོ་བཤགས་སོ། །བསླབ་པར་བྱ་བའི་དམ་ཚིག་ལྔ་ལས་འདས་ཏེ། དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ལ་སོགས་ཏེ། རིགས་ལྔའི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བགྱིད་རྒྱུ་ལས། འབད་རྩོལ་དང་བརྩོན་འགྲུས་ཆུང་བ་མཐོལ་ལོ་བཤགས་སོ། །གཞན་ཡང་སྒྲུབ་པ་ཁྱད་པར་ཅན་གྱི་དམ་ཚིག་ཉི་ཤུ་དང་། སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི་དང་། རང་བཞིན་ལྟ་བའི་དམ་ཚིག་བཞི་དང་། གལ་མདོ་ངེས་པའི་དམ་ཚིག་གསུམ་ལ་སོགས་ཏེ། ནང་བ་ཐབས་ཀྱི་རྒྱུད་ལས་བྱུང་བའི་དམ་ཚིག་རྣམས་ཀྱི་བསྲུང་མཚམས་མི་ཤེས་ཤིང་གཞུང་དང་འགལ་བ་ཅི་བགྱིས་པ་མཐོལ་ཞིང་བཤགས་སོ། །གཞན་ཡང་གསང་སྔགས་ཀྱི་རྒྱུད་ཀུན་གྱི་ལུང་ལས་འབྱུང་བའི་དམ་ཚིག་དང་། བྱང་ཆུབ་སེམས་དཔའ་སྡོམ་པ་དང་། ཉན་ཐོས་ཀྱི་འདུལ་ཁྲིམས་དང་། འཇིག་རྟེན་པའི་ཁྲིམས་དང་མནའ་ལས་འགལ་བ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །གཞན་ཡང་བཀའ་ཟབ་མོ་ཁྱད་དུ་བསད་དེ་སྐྱེ་བོ་རང་ཐད་ཀྱི་དབང་གིས་ནོར་དང་གསོག་གི་དབང་དུ་བཏང་སྟེ། དཀོན་མཆོག་གསུམ་གྱི་སྐུ་དགྲའི་སྔགས་བཟློག་བྱས་པ་དང་། པྲ་ཏི་ཧ་ན་དུས་ཀྱི་མཆོད་པ་ཆེན་པོ་ལ་བསྔོས་པ་དང་། མ་ཧཱ་བོ་དྷི་དཀོན་མཆོག་གསུམ་གྱི་དཀོར་ལ་ཐུགས་ཐུབ་བགྱིས་ནས་སྤྱད་པ་དང་། ཁྱད་པར་དུ་ཡང་ཚོགས་མཆོད་ཆེན་པོ་ལ་བསྔོས་པ། སྒོམ་སྒྲུབ་ཟབ་མོ་ལ་བསྔོས་པ་ལ་སོགས་པ། མཆོད་པའི་ཡོ་བྱད་ཐམས་ཅད་ལ་ཚོད་ཡོད་བགྱིས་ཏེ། དངོས་སུ་སྤྱད་པ་དང་དབྲི་གཞོག་བགྱིས་ཏེ་ངན་སོང་གི་རྒྱུ་བསགས་པ་ཐམས་ཅད་མཐོལ་ཞིང་༴ གཞན་ཡང་ཡན་ལག་གི་དམ་ཚིག་སྟོང་རྩ་བརྒྱད་ལས་འདས་ཏེ། ངན་སོང་འཁོར་བའི་རྒྱུ་བསགས་པ་ཐམས་ཅད་མཐོལ་ཞིང་༴ གཞན་ཡང་གསང་སྔགས་ཀྱི་སྒོར་ཞུགས་སོ་འཚལ་གྱི་མ་རིག་པའི་དབང་གིས་དམ་ཚིག་ངོ་མ་འཚལ་ཏེ། དམ་ཚིག་ཉམས་པ་དང་། ལས་ངན་སྣ་ཚོགས་སྤྱད་པས། སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་བསགས་པ་མཐོལ་ཞིང་༴ ཉ་སྟོང་དང་དུས་དྲུག་དང་། དུས་བཞི་ལ་སོགས་དུས་དམ་དུ་བཅས་པ་ལས་འདས་ཏེ། དུས་ལས་གཡེལ་བའི་ཉམས་ཆག་ཐམས་ཅད་མཐོལ་ཞིང་༴ གཞན་ཡང་ཆོས་སྤྱོད་བཅུའི་སྒོ་ནས། དགེ་བའི་ཕྱོགས་བགྱིད་པར་དམ་བཅས་པ་ལས་རྔོ་མ་ཐོགས་པ་དང་། སྡིག་པ་མི་དགེ་བའི་ལས་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་༴ སྒྱུ་འཕྲུལ་ཡེ་ཤེས་ཀྱི་རང་སྣང་གི་ལྷ་ལ་རྟོག་པ་མི་མངའ་ཡང་། དེའི་འཁོར་དུ་གཏོགས་པའི་ཡེ་ཤེས་དང་ལས་ལ་གྲུབ་པའི་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་དམ་ཚིག་གི་རྗེས་གཅོད་པའི་བསྟན་པ་གཉེན་པོ་བསྲུངས་བ་དང་། ཆོས་སྐྱོང་བ་རྣམས་ཀྱི་ཐུགས་དང་འགལ་བ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་༴ གཞན་ཡང་ཕྱོགས་བཅུའི་དུས་གསུམ་གྱི་རྣལ་འབྱོར་བ་མཆེད་དང་ལྕམ་དྲལ་རྣམས་ཀྱི་ཐུགས་དང་འགལ་བའི་ལས་ཅི་བགྱིས་ཐམས་ཅད་མཐོལ་ཞིང་༴ དེ་ལྟར་མཐོལ་བཤགས་ཟབ་མོ་དང་། འགྱོད་ཚངས་དྲག་པོ་ཤིན་ཏུ་གནོང་འགྱོད་དང་བཅས་བགྱིས་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་སོར་ཆུད་དེ་ཉམས་ཆག་ཐམས་ཅད་བསྐང་བར་གྱུར་ཅིག །བཀའ་ལ་རས་གཅོད་བྱེད་ཅིང་། སྦས་པའི་གསང་བ་ལ་མངོན་པར་འཆེལ་བ་དང་། །ཏ་ན་བསྒྲལ་བ་གནས་སུ་མ་གཏོགས་པ་དང་། །གྷ་ན་སྦྱོར་བ་བྱིན་གྱིས་མ་བརླབས་པ་ལ་སོགས་པ་གསང་སྔགས་སྤྱད་ཉེས་པའི་དབང་གིས་ངན་སོང་གི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །བསྙེན་བསྒྲུབ་ཟབ་མོ་དམ་དུ་བཅས་པ་ལས་རང་ཉམས་དང་ཚོད་ཡོད་དུ་གྱུར་ཏེ་མཆོད་པ་ལོ་ཟླར་འདས་པ་དང་། །ཉ་སྟོང་དུས་ཚོད་ལས་འདས་པ་དང་། །དགེ་བའི་ཕྱོགས་བགྱིད་པར་དམ་བཅས་པ་ལས། རྔོ་མ་ཐོགས་པ་དང་། ངན་སོང་གི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །དུས་ཀྱི་མཆོད་པ་ཆེན་པོ་ལ་བསྔོས་པའི་ཡོ་བྱད་དང་། །མ་ཧཱ་བོ་དྷི་མཆོད་རྟེན་ཆེན་པོའི་ཡོ་བྱད་དང་། །སྒོམ་སྒྲུབ་ཟབ་མོའི་ཡོ་བྱད་དང་། །གཞན་ཡང་ཕུད་ལ་གཞོགས་ཤིང་། །ལྷག་ལ་འཕྲི་བ་དང་། ཁྲལ་ལ་ངན་པ་དང་། གསོག་འཇོག་གི་ལས་བགྱིས་པས་པྲེ་ཏ་ཀ་ཡི་དྭགས་ཀྱི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །མ་རིག་པའི་དབང་གིས་སྤ་ལོ་དང་། ཚུལ་འཆོས་ཀྱིས་གསང་སྔགས་སྤྱད་ཉེས་པས་ལྟ་སྤྱོད་ཟབ་མོའི་གཞུང་མ་བསྲིང་བ་དང་། ཡང་དག་པ་ཡིན་ནམ་མ་ཡིན་སྙམས་ནས་སེམས་ལ་རྟོག་པ་བྱུང་བ་དང་། ཡིན་པར་ངོ་ཤེས་ཀྱང་སེམས་ལ་སེལ་ཞུགས་ཏེ། ཤེས་བཞིན་ཏུ་མ་སྤྱད་པས། ཏིཪྻ་ཀ་བྱོལ་སོང་གི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཆོས་ཉིད་དོན་གྱི་ལྟ་བ་ནི་མ་རྟོགས། ཁ་འབྱམས་ཚིག་གི་ལྟ་བ་ལ་གདང་དུ་བྱས་ནས་དམ་ཚིག་ཉམས་པ་ཅན་དང་། དམ་འདྲེས་ཅན་དང་། དམ་མེད་པ་དང་། སྡིག་སྒྲིབ་ཅན་དང་། གསང་སྔགས་ཀྱི་སྣོད་དུ་མི་རུང་བ་རྣམས་ལ་ཆོས་བཤད་པ་དང་། བསྐང་བ་དང་། ཚོགས་འདྲེས་པ་དང་། ཚིག་ཏུ་འཇགས་ཤིང་སྤྱོད་ལམ་རྩིང་པ་དང་། སྣོད་མེད་པ་ལ་གསང་སྔགས་སྤེལ་བ་ལ་སོགས་པ་འབགས་འབོག་གི་ལས་བགྱིས་པས། ཕྱི་ནང་གི་དམ་ཅན་རྣམས་ཀྱི་ཐུགས་དང་འགལ་བས་འཇིག་རྟེན་འདི་ཡི་རྐྱེན་དུ་གྱུར་ཏེ་ཚེ་ཐུང་ཞིང་ནད་མང་བ་དང་། ཕྱི་མའི་སྒྲིབ་བར་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །གཞན་ཡང་བདག་ཅག་རྣལ་འབྱོར་པ་འདིར་འཚོགས་ཤིང་འདུས་པ་རྣམས་ཀྱི་འགྱོད་ཚངས་འདི་ལ་བརྟེན་ནས་གསང་སྔགས་ཀྱི་སྒོར་ཞུགས་པ་མཐའ་དག་གི་ཉམས་ཆག་དང་། རྟོག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །དེ་ལྟ་བུའི་འགྱོད་ཚངས་རྣལ་འབྱོར་སྤྱི་ཁྲུས་འདི་དང་དེང་གི་རྒྱུ་སྦྱོར་ཏན་གྷན་གྱི་མཆོད་པ་ཟབ་མོ་འདི་ལ་བརྟེན་བྱས་ཏེ། འགྱོད་ཚངས་ཕུལ་བས་ཚངས་པ་གནང་བར་གསོལ་ཏེ། སླན་ཆད་ཀྱང་མི་བགྱིད་པར་གྱུར་ཅིག །དེ་ལྟར་ཚངས་པར་གསོལ་བའི་བདེན་པའི་བྱིན་རླབས་ཀྱིས། བདག་ཅག་འདིར་འདུས་པའི་རྣལ་འབྱོར་བ་མཆེད་ལྕམ་རྣམས་དང་། གཞན་ཡང་གསང་སྔགས་ཀྱི་སྒོར་ཞུགས་སོ་འཚལ་རྣམས་ཀྱི་སྒྲིབ་པ་བྱང་སྟེ། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཅིག །བདག་ཅག་གི་དུས་གསུམ་གྱི་རྡོ་རྗེ་སློབ་དཔོན་དང་། གཟུངས་མ་དང་། མཆེད་དང་ལྕམ་དྲལ་དང་། ཕ་མ་དང་དམ་རྫས་རྒྱུ་བསྒྲལ་ལོ་འཚལ་ལ་སོགས་པ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་ས་ནོན་ཏེ་ཡེ་ཤེས་བླ་མའི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཅིག། དེ་ལྟ་བུའི་བདེན་པས་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱའི་བག་ཆགས་ཕྲ་མོ་ཡན་ཆད། གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཆེན་པོས་སྦྱངས་ཏེ། ས་བཅུ་རིམ་གྱིས་བགྲོད་ཏེ་མཐར་ཕྱིན་ནས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་གྱུར་ཅིག །རང་བྱང་ཆུབ་རྣམས་ནི་རྟེན་འབྲེལ་བཅུ་གཉིས་མཐར་ཕྱིན་པའི་འབྲས་བུ་བསེ་རུའམ་ནེ་ཙོ་ལྟ་བུ་ཐོབ་པར་གྱུར་ཅིག །ཉན་ཐོས་རྣམས་ནི་བདེན་པ་བཞི་མཐར་ཕྱིན་པའི་འབྲས་བུ་དགྲ་བཅོམ་པ་འཐོབ་པར་གྱུར་ཅིག །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་ཆོས་དགེ་བ་བཅུ་ལ་སྤྱོད་པར་གྱུར་ཏེ་ལྷ་དང་མིའི་གོ་འཕང་ཐོབ་པར་གྱུར་ཅིག །ལྷ་དང་མི་རྣམས་ནི་ཆོས་སྤྱོད་བཅུའི་སྒོར་ཞུགས་ཏེ་དཀོན་མཆོག་གསུམ་གྱི་གདུང་འཛིན་ཅིང་ཐེག་པ་ཆེན་པོར་སེམས་བསྐྱེད་ནས། གསང་སྔགས་རྡོ་རྗེ་ཐེག་པ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ཚད་མ་དང་རྟག་ཏུ་འགྲོགས་ཤིང་། དེས་བསྟན་པའི་དོན་མ་ནོར་བར་འགྲེལ་ཞིང་རྟོགས་ནས་རིག་འཛིན་རྣམ་གསུམ་མྱུར་དུ་འགྲུབ་བར་གྱུར་ཅིག །དེ་ལྟ་བུའི་འགྱོད་ཚངས་ལ་བརྟེན་ནས། བདག་ལ་མན་ངག་གི་དོན་སྟོན་པའི་རྡོ་རྗེ་སློབ་དཔོན་དང་། དགེ་བའི་བཤེས་གཉེན་རྣམས་སྐུ་ཚེ་རིང་བ་དང་། འཁོར་དང་ལོངས་སྤྱོད་འཕེལ་བ་དང་། དགོངས་སྤྱོད་ཐམས་ཅད་ལྷུན་གྱིས་གྲུབ་ཏེ། བསྟན་པའི་སྒྲོན་མེ་མཛད་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བདག་ཅག་རྣལ་འབྱོར་པ་འདིར་འདུས་ཤིང་ཚོགས་པ་རྣམས་ནི། འཇིག་རྟེན་མཐོང་བའི་ཆོས་ཚེ་འདི་ལ། ཚེ་རིང་བ་དང་། ནད་མེད་པ་དང་། དཔལ་དང་གཟི་མདངས་དང་། འབྱོར་བ་ཕུན་སུམ་ཚོགས་པ་ལྡན་ཏེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །གསང་བའི་ཐེག་པ་ཆེན་པོ་འདི་ཡང་བཀའ་བཙན་ཞིང་བྱིན་ཆེ་སྟེ་དར་ཞིང་རྒྱས་པར་གྱུར་ཅིག །གསང་སྔག་ཟབ་མོ་འདི་དར་བའི་ཡུལ་ཁམས་ལ་སོགས་ཏེ། རྒྱལ་ཁམས་ཐམས་ཅད་དུ་དུས་ཀྱི་འཁྲུག་པ་ཞི་བར་གྱུར་ཅིག །མཚོན་གྱི་བསྐལ་པ་ཉམས་པར་གྱུར་ཅིག །མི་ནད་དང་ཕྱུག་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ཆར་ཆུ་དུས་སུ་བབས་ཏེ། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །དེ་ལྟར་ནོངས་བཤགས་རྣམ་དག་སྨོན་ལམ་ལྟར། སྒོ་གསུམ་གུས་པའི་གསོལ་བ་འདི་བཞིན་གདབ། ལྷུག། ཨོཾཿ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེཿ བདག་ལ་རྗེས་སུ་ཆགས་པར་མཛོདཿ སྐྱེ་རྒ་ན་དང་འཆི་བ་སོགསཿ འཇིགས་རུང་སྲིད་པའི་སྡུག་བསྔལ་ལསཿ མགོན་པོ་ཁྱེད་ཀྱིས་བདག་སྐྱོབས་ཤིགཿ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་ཿ ཡང་དག་ཡེ་ཤེས་སེམས་དཔའ་ཆེའིཿ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིགཿ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོཿ དེ་ལྟར་གསོལ་བ་བཏབ་པས་རྡོར་སེམས་ཀྱིཿ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་བདུད་རྩིའི་རྒྱུནཿ ཟླ་བ་ཞུན་མ་ལྟ་བུར་བབས་པ་ཡིསཿ རང་ལུས་ཡོངས་ཁེངས་སྡིག་སྒྲིབ་ཀུན་དག་ཅིང་། རྡོར་སེམས་དགྱེས་བཞིན་དབུགས་དབྱུང་ལུངབསྟན་མོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་སྙིང་ཡི་གེ་བརྒྱ་བ་ཞེས་བྱ་བ་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འདི་བཟླས་པས་རྣལ་འབྱོར་པ་རྟོག་སྒྲིབ་ཅན། ཉམས་ཆག་ཅན། གསོག་འཇོག་ཅན། བག་ཆགས་ངན་པ་ཅན་ཁྱེད་རྣམས་ཀྱི་ཉམས་ཆག་ཐམས་ཅད་བསྐངས་ཏེ་ངན་སོང་གསུམ་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལ་ཡང་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་སྲུང་ཞིང་སྐྱོབས་པར་མཛད་ལ་ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོ་འགྱུར་བར་གདོན་མི་ཟའོ། །ཞེས་པས་གནང་བ་བྱིན་དང་ཆབས་གཅིག་ཏུ། །རྡོར་སེམས་འོད་ཕུང་དཀར་པོའི་རྣམ་པ་རུ། །གྱུར་ནས་རང་ལ་ཐིམ་པས་རང་ཉིད་ཀྱང་། །རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀ་རུ། །ཟླ་སྟེང་ཧཱུཾ་མཐར་ཡིག་དྲུག་ཕྲེང་བས་བསྐོར། །དེ་ཡི་འོད་ཀྱིས་རིགས་དྲུག་འགྲོ་བའི་ཁམས། །རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པ་ཡི། །རང་བཞིན་ཉིད་དུ་མངོན་སངས་རྒྱས་བསམ་ལ། །ཡིག་དྲུག་གང་མང་གཤམ་འདོགས་དང་བཅས་བརྗོད། །ཨོཾ་བཛྲ་ས་ཏྭ་ཧཱུཾ་ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊཿ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊཿ ཨོཾ་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊཿ དེ་མཐར་བཟོད་གསོལ་སྐྱབས་འཇུག་འདི་བཞིན་བྱ། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས། །ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་བརྗོད་དྲུག་པ་ལྟ་བའི་ཀློག་བཤགས་ནི། བཞི་ཆོད། ཨཱཿ འཁོར་འདས་བྱེད་པོ་བྱང་ཆུབ་སེམས། །གཞི་མེད་རྩ་བྲལ་རྫོགས་ཆེན་དོན། །བརྗོད་བྲལ་བློ་འདས་ཆེན་པོ་ལ། །ཉམས་དང་བཤགས་པའི་མཁན་པོ་མེད། །ཡེ་བསྲུང་ཐིག་ལེ་ཉག་གཅིག་པུ། །སྤང་བླང་ཡོངས་གྲོལ་ཕྱལ་པ་ཆེ། །རང་ཤར་ལྷུན་གྲུབ་ཆོས་ཀྱི་སྐུ། །དེ་ལྟར་རྟོགས་ན་བཤགས་པའི་རྒྱལ། །ཞེས་བརྗོད་དགོངས་པ་དབྱིངས་ལ་གཏད། འ་ཨ་ཧ་ཤ་ས་མཿ སྟོང་ཉིད་ངང་ལས་ཡི་དྲུག་བཟླས། །ཉེས་རྣམས་མ་ལུས་ཀུན་རྫོབ་ཕྱིར། །མེ་ལོང་བག་རྡུལ་ཕྱིས་བཞིན་བྱང་། །ཡིད་སྒྲིབ་དག་ཅིང་ཐུགས་དམ་བསྐང་། །ཞེས་དང་བདུན་པ་སྐོང་བཤགས་དཔང་པོ་རུ། །ཚོགས་ཞིང་སྤྱན་འདྲེན་མཆོད་གཏོར་བྱིན་བརླབ་པ། །དྲིལ་བཅས་བཞི་ཆོད། ན་མོཿ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབཿ སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིང་ཿ འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུཿ འདི་ན་སྣོད་མིན་སེམས་ཅན་གང་ཡང་མེདཿ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷཿ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནཿ སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམཿ ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུཿ རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལཿ བཛྲ་ས་མ་ཡཱ་ཛཿ པདྨ་ཀ་མ་ལ་ཡ་སྟྭཾཿ དེ་ནས་ཚོགས་འཁོར་ནང་མཆོད་ཀྱིས་བྲན་ཞིང་ཿ ཨཱོཾཿ ཀུན་བརྟགས་སྣང་བ་སྣོད་ཀྱི་གཏོར་གཞོང་དུཿ གཞན་དབང་སྲིད་པ་བཅུད་ཀྱི་གཏོར་མར་སྦྱརཿ ཡོངས་གྲུབ་ཆོས་དབྱིངས་ཀློང་ཆེན་དགོངས་པ་ཡིསཿ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པའི་སྤྲིནཿ འཕོ་མེད་ནམ་མཁའ་མཛོད་དུ་མངའ་དབང་བསྒྱུརཿ ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། ཁཾ་སྭཱ་ཧཱཿ ཞེས་གསུམ་བརྒྱད་པ་བསྐང་བ་ཡང་གཉིས། དང་པོ་ཐེག་དགུ་སྤྱི་དང་བྱེ་བྲག་ཏུཿ སྡེ་སྣོད་གསུམ་དང་སྤྱི་རྒྱུད་སྡེ་གསུམ་སྐོང་ཿ ཨཱཿ རང་བྱུང་ལྷུན་གྲུབ་འཇའ་ཟེར་ལུས་ཀྱི་སྦུབསཿ སྒྱུ་འཕྲུལ་ཚོགས་བརྒྱད་རོལ་པ་སྲིན་པོའི་གྲོང་ཿ སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ནསཿ རིགས་འདུས་མ་ཧཱ་གུ་རུའི་ཐུགས་དམ་བསྐང་ཿ གཞི་དབྱིངས་སྟོངགསལ་ཀུན་ཏུ་བཟང་པོ་ཡིཿ གཞི་སྣང་ལོངས་སྐུའི་རྩལ་ལས་དགོངས་པ་འཕོསཿ བརྡ་ཚིག་བློ་ལས་འདས་པའི་དཀྱིལ་འཁོར་ནསཿ དགོངས་བརྒྱུད་དག་པ་གཉིས་ལྡན་ཐུགས་དམ་བསྐང་ཿ ངེས་པ་ལྔ་ལྡན་ལྷུན་གྲུབ་ལོངས་སྐུའི་རྩལཿ རིག་འཛིན་རིག་པའི་འཁོར་ལ་བརྡ་སྟོན་ཅིང་ཿ དགོངས་བརྡའི་དོན་རྒྱུད་ཚིག་རྫོགས་སྤྲུལ་པའི་གརཿ སྙན་བརྒྱུད་ཐོས་གྲོལ་ཆེན་པོའི་ཐུགས་དམ་བསྐང་ཿ མཚོན་བྱེད་རྟགས་ཀྱི་བརྡ་ཤོག་ཆེན་པོའི་དབང་ཿ ལས་ཅན་སྐྱེས་བུའི་སྙིང་ལ་བསྐུར་བ་ལསཿ མཚོན་བྱ་དོན་གྱི་དགོངས་པའི་གསང་མཛོད་རྡོལཿ གཏད་རྒྱ་སྨོན་ལམ་དབང་བརྒྱུད་ཐུགས་དམ་བསྐང་ཿ གདོད་ནས་ཀུན་ཏུ་བཟང་པོ་རང་རིག་ལཿ ཁྱབ་བརྡལ་དགོངས་པ་གུད་དུ་བཅད་པ་དང་ཿ སངས་རྒྱས་གཞན་དུ་བཙལ་བའི་ནོངས་པ་ཀུནཿ དག་ནས་བྱ་རྩོལ་བྲལ་བའི་ས་ལ་སྐྱོལཿ ཀ་དག་ཕྱོགས་ཡན་ཆེན་པོའི་དགོངས་པ་ལཿ བགྲང་བྱའི་ཐེག་པ་ཐ་དད་མ་གྲུབ་ཀྱང་ཿ ཀུན་རྟོགས་གདུལ་བྱའི་ཁམས་དབང་བསམ་པའི་ཕྱིརཿ ཐེག་པ་རིམ་དགུར་ཤར་བའི༴ འཁོར་བ་སྡུག་བསྔལ་ཆེན་པོར་ཤེས་པ་ཡིསཿ ཀུན་རྫོབ་བདེན་བཞིའི་ལམ་ལ་རབ་ཞུགས་ནསཿ བདག་འཛིན་འཆིང་བ་གཅོད་པ་ཉན་ཐོས་ཀྱིཿ ཚོམ་བུའི་དཀྱིལ་འཁོར་ལྔ་ཡི༴ སོ་ཐར་འདུལ་བའི་སྡེ་སྣོད་ཆེན་པོ་ཡིཿ བཅས་དང་རང་བཞིན་འགལ་བའི་ཉེས་པ་ཀུནཿ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱིཿ བདག་ལ་འཕགས་པ་དགྲ་བཅོམ་བྱིན་གྱིས་རློབསཿ ལྷག་པའི་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིང་ཿ ཕུང་སོགས་རང་བཞིན་མེད་པར་རྟོགས་པ་དང་ཿ རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་ཡིཿ རང་རྒྱལ་དཀྱིལ་འཁོར་བཞི་ཡི༴ རྣམ་དག་ཚུལ་ཁྲིམས་མི་གཡོ་ཏིང་འཛིན་གྱིཿ བསླབ་པ་མདོ་སྡེའི་བསྲུང་མཚམས་ཉམས་པ་ཀུནཿ འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དང་ཿ ཚོགས་དང་བསེ་ནུའི་རང་རྒྱལ་དངོས་གྲུབ་སྩོལཿ ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པའི་ངང་ཿ སྙིང་རྗེའི་གཞན་དོན་བསྒྲུབ་ལ་ཆེས་དཔའ་ཞིང་ཿ བདེན་གཉིས་ལམ་ཁྱེར་མངོན་པའི་སྡེ་སྣོད་ཀྱིཿ དཀྱིལ་འཁོར་ཕྱོགས་ཀྱི་གྲངས་ལྡན་ཐུགས་དམ་བསྐང་ཿ སོ་སོར་རྟོགས་པའི་ཤེས་རབ་ཏིང་ངེ་འཛིནཿ རྟག་ཆད་མུ་བཞིའི་ལམ་དུ་གོལ་བ་དང་ཿ སྙིང་རྗེའི་མྱུ་གུ་སྐམ་པའི་ནོངས་པ་ཀུནཿ དག་ནས་ཀུན་ཏུ་འོད་ཀྱི་ས་ལ་སྐྱ྄ོལཿ དག་པ་གསུམ་དང་གཙང་སྦྲ་གསུམ་སྤྱོད་ཅིང་ཿ དམ་ཡེ་ཐ་དད་རྗེ་ཁོལ་རྣམ་པར་བསྒྲུབཿ བལྟས་པས་བདེ་བ་ལམ་བྱེད་བྱ་རྒྱུད་ཀྱིཿ དཀྱིལ་འཁོར་དྲུག་གི་ལྷ་ཚོགས༴ ཀྲི་ཡའི་ཐབས་དང་ཡོ་གའི་རྣལ་འབྱོར་ལཿ ཆ་མཉམ་སྤྱོད་པས་མ་ནིང་ཐེག་པ་སྟེཿ མངོན་བྱང་ལྔ་ཡི་དཀྱིལ་འཁོར་རྒྱལ་མཆོག་བསྒྲུབཿ སྤྱོད་རྒྱུད་དཀྱིལ་འཁོར་རྒྱ་མཚོའི༴ བྱ་སྤྱོད་རྒྱུ་སྡེའི་ལྷ་སྔགས་ཏིང་འཛིན་དང་ཿ ཕྲ་རགས་དམ་ཚིག་ཉམས་པ༴ མཁའ་སྤྱོད་ལ་སོགས་གྲུབ་ཆེན་རྣམས་བརྒྱད་ཀྱིཿ ཐུན་མོང་དངོས་གྲུབ་འཛད་མེད་ཆར་དུ་སྙིལཿ ཕྱི་ནང་གསང་གསུམ་རྣམ་དག་བདེན་པ་ཡིཿ ལྷ་དང་རྣལ་འབྱོར་གཉིས་མེད་ཆེན་པོར་རྟོགསཿ ཕྱག་རྒྱ་བཞི་དང་ཟབ་གསལ་ཏིང་འཛིན་བརྙེསཿ ལིང་ཚེ་དགུ་ལྡན་ཡོ་གའི༴ བདག་དང་ལྷ་ལ་བཟང་ངན་བལྟས་པ་དང་ཿ བསྙེན་སྒྲུབ་མཆོད་པ་སྦྱིན་སྲེག་ཆགས་པ་དང་ཿ དཀྱིལ་འཁོར་སྒྲུབ་པའི་ཡན་ལག་ཉམས་པ་ཀུནཿ བཟོད་པར་བཞེས་ནས་མཆོག་གི་དངོས་གྲུབ་སྩོལཿ ཅེས་བརྗོད་དེ་མཐར་བརྗོད་མེད་དོན་བཤགས་ནིཿ ལྷུག། ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནིཿ ཟླ་རྒྱས་བཞིན་ཏུ་སྤྲོས་པ་མི་མངའ་ཡང་ཿ ཐུགས་རྗེའི་ཉི་གསལ་འོད་བཞིན་སྙོམས་མཛད་པཿ འདིར་གཤེགས་བདག་ལ་དགོངས་ཤིངབཞུགས་སུ་གསོལཿ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུཿ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམས་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུང་ཆེན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོར་འཁྱིལ་བ་ནི། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་བ། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོམ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཐུགས་རྗེ་གདུང་འཚོབ་རྣལ་འབྱོར་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོའི་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱི་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །བསྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ནི། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་ཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་བ་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་། །མངོན་ཤེས་ཆུང་བའི་སྐྱོན་ཅན་མ་རྟོགས་ཏེ། །ཉམས་པ་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི། །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་པ་རྣམས། །རབ་གནོང་་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ། །མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་གཉིས་མེད་སྤྲོས་དང་བྲལ་བ་ལ། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ནི། །ནོངས་པ་མཆིས་རྣམས་རབ་གནོང་བཟོད་པར་གསོལ༔ གཉིས་པ་ནང་རྒྱུད་སྡེ་གསུམ་འདི་བཞིན་ནོ། བཞི་ཆོ། བདེ་སྟོང་ཀློང་ཡངས་ཏིང་འཛིན་གསུམ་གྱི་སྦུབས། །བསྐྱེད་རིམ་སྣོད་བཅུད་དག་པ་རབ་འབྱམས་སུ། །ཡོངས་ཤར་སྒྱུ་འཕྲུལ་ཞི་ཁྲོ་བཀའ་བརྒྱད་སོགས། །ཚོམ་བུའི་དཀྱིལ་འཁོར་བཅུ་གཉིས་ཐུགས་དམ་བསྐང་། །ཤེས་བྱ་ལྔ་དང་མི་སྤང་དང་དུ་བླངས། །སྒྲུབ་དང་སྤྱད་བྱའི་དམ་ཚིག་ཉི་ཤུ་ལྔ། །གསང་བཅུ་ལ་སོགས་ཉམས་ཆག་སྡིག་སྒྲིབ་ཀུན། །བཤགས་སོ་རིག་འཛིན་རྣམ་བཞིའི་ས་ལ་སྐྱོལ། །བཀོད་པ་ལུས་ཀྱི་གཞལ་མེད་ཁང་ཆེན་ནང་། །རྩ་གསུམ་འཁོར་ལོ་ལྔ་ཡི་འཇའ་ཟེར་སྦུབས། །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རིག་པའི་རྩལ། །ཨ་ནུ་ཡོ་གའི་དཀྱིལ་འཁོར༴ རྣམ་ཤེས་ཚོགས་བརྒྱད་ཉེ་ཉོན་ཉི་ཤུ་དང་། །སེམས་བྱུང་ལྔ་བཅུ་བརྒྱད་ཁྲི་བཞི་སྟོང་གི། །རྟོག་ཚོགས་དག་ནས་དྲན་རྫོགས་ཕྱག་རྒྱའི་སྐུ། །ལྷན་སྐྱེས་བདེ་བ་ཆེན་པོའི་ས་སྐྱོལ། །ཤེས་རིག་ཟངས་ཐལ་གཉུག་པའི་གཞལ་ཡས་སུ། །ཡེ་གདངས་སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་ཀློང་། །རིག་པ་བཅུད་དུ་སྨིན་པ་ཨ་ཏིའི་ལྷ། །ཞལ་ཕྱག་འཛིན་པ་དག་པའི༴ རང་གྲོལ་རིག་པ་རྡོ་རྗེ་ལུ་གུ་རྒྱུད། །བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས། །གཅུན་ཏེ་སྣང་བཞི་ཆོས་ཟད་གདོད་མའི་དབྱིངས། །ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐྱོལ། །མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཀློང་། །ཐ་དད་རིག་པས་བཏགས་པའི་སྲིིད་ཞུའི་མགྲོན། །རྡུལ་སྙེད་མ་ཚང་མེད་པ་ཐམས་ཅད་དང་། །སྣང་བ་ཡབ་ཀྱི་རང་བཞིན་རཱ་ཧུ་ལ། །སྟོང་པ་ཡུམ་གྱི་ངོ་བོ་ཨེ་ཀ་ཙ། །ཟུང་འཇུག་ཐུགས་རྗེ་བཛྲ་སཱ་དྷུ་སོགས། །སྙིང་ཐིག་གཉན་པོའི་བཀའ་སྲུང་ཐམས་ཅད་དང་། །ཨོ་རྒྱན་རྒྱ་གར་བལ་ཡུལ་ཁ་ཆེའི་གླིང་། །འ་ཞའི་ཡུལ་དང་བྲུ་ཤ་ཟངས་གླིང་ཡུལ། །གསེར་གླིང་རྔ་ཡབ་ལང་ཀའི་གླིང་ཕྲན་དང་། །རྒྱ་ནག་འཇངས་ཡུལ་གེ་སར་དམག་གི་གླིང་། །ཙ་རི་ཏྲ་དང་ལྷོ་མོན་འབྲས་མོའི་གཤོང་། །མངའ་རིས་སྐོར་གསུམ་དབུས་གཙང་རུ་བཞི་དང་། །མདོ་ཁམས་སྒང་དྲུག་སྦས་གནས་གཉན་པོའི་ཡུལ། །ལྗོངས་ལྔ་གླིང་དྲུག་གསེར་རི་ལྷུན་པོའི་སྤོ། །སུམ་ཅུ་རྩ་གསུམ་གནས་ཡུལ་དུར་ཁྲོད་གཉན། །ཆོས་འཁོར་གཙུག་ལག་སྒྲུབ་གནས་དབེན་གནས་ཀྱི། །འཁོར་ཡུག་ལྗོན་ཤིང་བྲག་རི་མཚོ་གླིང་ལ། །གནས་པའི་དཔའ་བོ་ཌཱཀྐི་ཆོས་སྲུང་ཚོགས། །ཞལ་ནས་གསུང་དང་རྗེས་སུ་གནང་བ་དང་། །བྱིན་རླབས་ལུངབསྟན་དག་སྣང་བསྟན་བཅོས་དང་། །ཐུགས་གཏེར་དགོངས་གཏེར་ཟབ་གཏེར་རྫས་གཏེར་སོགས། །གཏེར་རིགས་བཅོ་བརྒྱད་ཆོས་ཀྱི་བཀའ་གཏད་ཅིང་། །དཀྱིལ་འཁོར་རྒྱ་མཚོའི་མུ་རན་ལ་གནས་པའི། །དམ་ཅན་ཌཱཀྐི་བསྟན་སྲུང་རྒྱ་མཚོ་ཡི། །ཐུགས་དང་འགལ་གྱུར་ནོངས་པ་ཅི་མཆིས་པ། །སྙིང་ནས་བཤགས་སོ་ཚངས་པའི་ཞལ་རས་སྟོན། །རྟག་ཆད་མཐའ་བྲལ་དབུ་མ་ཆེན་པོའི་སྦྲུབས། །འཁོར་འདས་རོ་རྐྱང་ཟུང་འཇུག་ཕྱག་རྒྱ་ཆེར། །སྦྱར་བའི་སྣང་སེམས་ཞེན་གྲོལ་རྫོགས་པ་ཆེའི། །ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལས། །གཟུང་འཛིན་ཕཊཿཀྱིས་གཏོར་བའི་རྗེས་གཞིག་ཆེར། །བློ་བྲལ་ཐུགས་ཕྲད་ཤེས་པའི་ངོ་བོ་རུ། །ཚོགས་བརྒྱད་ཀ་ནས་དག་པའི་བཀྲ་ཤིས་རྟགས། །སྣང་བ་རྒྱན་དུ་ཤར་བའི་རྒྱལ་སྲིད་བདུན། །རིག་སྟོང་རྗེན་པར་གྲོལ་བའི་འདོད་དོན་ལྔ། །རྐྱེན་ངན་ལམ་དུ་སློང་བའི་ཕྱག་རྒྱ་གར། །འབུལ་ལོ་མཆོག་ཐུན་དངོས་གྲུབ་རྒྱ་མཚོར་བསྐྱིལ། །ཀློང་ཆེན་གཞོན་ནུ་བུམ་སྐུའི་ཀཱ་པ་ལར། །དུག་གསུམ་རྣམ་རྟོག་དྲེགས་པ་བཏུལ་བའི་ཁྲག །སྐུ་གསུམ་ཡོངས་གྲོལ་ཆེན་པོའི་བཱ་ལིང་ཏ། །རེ་དོགས་ཚར་གཅོད་ཤ་ལྔ་བདུད་རྩི་ལྔ། །ཉི་ཟླའི་དྭངས་མ་རྩ་བརྒྱད་ཡན་ལག་སྟོང་། །རང་བྱུང་ལྷུན་གྲུབ་ནང་གི་དམ་རྫས་ཀུན། །འབུལ་ལོ་བརྟུལ་ཞུགས་མཐར་ཕྱིན་དངོས་གྲུབ་སྩོལ། །གདོད་མའི་སྟོང་ཆེན་ཡུམ་གྱི་བྷ་གའི་ཀློང་། །རྣམ་ཀུན་མཆོག་ལྡན་རིག་པའི་རྡོ་རྗེ་ཡིས། །རྟེན་འབྲེལ་ལུགས་ལྡོག་འཁོར་བའི་བག་ཆགས་བསྒྲལ། །བདེ་སྟོང་དགའ་བཞིའི་ཉམས་རྩལ་རྫོགས་པའི་གར། །སྦྱོར་སྒྲོལ་བརྟུལ་ཞུགས་མཐར་ཕྱིན་གསང་བའི་རྫས། །འབུལ་ལོ་གཞན་སྣང་དབང་འདུས་དངོས་གྲུབ་སྩོལ། །མཚན་མ་རྫས་དང་མཚན་མེད་ཏིང་འཛིན་གྱིས། །ལས་བཞིའི་ཕྲིན་ལས་སྒྲུབ་པའི་ཕྱག་རྒྱ་དང་། །ཤུགས་སྒྲོལ་དམོད་པའི་མཚོན་ཆ་ཁྱོད་ལ་འབུལ། །སྨོན་འཇུག་སེམས་བསྐྱེད་བྲག་ཕུག་ཞྭ་ལྟར་གྱོན། །ཆགས་མེད་འཁོར་བ་སྤངས་པའི་རྣལ་འབྱོར་ལ། །མ་ཉེས་ཁ་ཡོག་ཅལ་སྒྲོགས་ངན་སྦྱོར་གཤོམ། །སྒྲུབ་ལ་བར་གཅོད་ཐུགས་རྒྱུད་དཀྲུགས་པ་ཡི། །སྨོན་ལམ་ལོག་པའི་དགྲ་འདྲེའི་སྙིང་ཁྲག་འཐུང་། །མཐོན་མཐིང་རལ་པའི་གླེགས་བམ་མན་ཆོད་ནས། །བདོག་པའི་ཉེར་སྤྱོད་ཕྲ་མོ་ཡན་ཆོད་དུ། །མདོར་ན་རྣལ་འབྱོར་ཡིད་ལ་མཛའ་བའི་རྫས། །རྩ་གསུམ་དམ་ཅན་ཌཱཀྐིའི་བླ་རྡོར་འབུལ། །ནགས་ཁྲོད་བས་མཐའ་མཚོ་གླིང་བྲག་སྐྱིབས་སོགས། །ངེས་མེད་གནས་སུ་བྱང་ཆུབ་བསྒྲུབ་པའི་ཕྱིར། །སྟག་མོ་རི་སུལ་འགྲིམ་ལྟར་རྒྱུ་བའི་ཚེ། །རྣལ་འབྱོར་ལུས་ལ་གྲིབ་མ་བཞིན་དུ་འགྲོགས། །བརྟན་གཡོ་སྣང་སེམས་ཞེན་པས་བཅིངས་པ་ཡི། །ཕྲ་རང་རྣམ་རྟོག་གྱ་གྱུའི་སྒྱུ་འཕྲུལ་ཅན། །སྲིད་ཞི་གཉིས་མེད་ཤར་གྲོལ་དུས་མཉམ་ཀློང་། །འབུལ་ལོ་ཆོས་ཉིད་ཟད་སར་འཁྱོལ་བར་ཤོག །ཀུན་གཞིའི་ངང་ནས་ལས་རླུང་གཡོས་པའི་འཕྲུལ། །བག་ཆགས་སེམས་ཉིད་མངལ་རྒྱར་འཐུམས་པ་ལས། །བྱུང་བའི་ཤ་ཁྲག་དྲོད་དབུགས་ཕུང་པོའི་ཁམས། །འབུལ་ལོ་བདག་གིས་འཇའ་ལུས་འགྲུབ་པར་ཤོག །འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན། །དྲན་རིག་ཟག་པ་མེད་པའི་ཡེ་ཤེས་ཀྱིས། །འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་བཏབ་ནས། །གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨཱཿ དེ་ལྟར་བཤགས་པའི་རྒྱལ་པོ་ཉེར་བརྒྱད་ནི། ལྷུག་ སྟོན་པ་རྡོ་རྗེ་སེམས་དཔས་གསུང་པ་ཡི། །ལུང་དང་ཏན་དྲ་མང་པོ་མདོར་བསྡུས་ཤིང་། །གསང་སྔགས་མ་ཧཱ་ཡོ་གའི་སྒོར་ཞུགས་པའི། །མི་འདའ་རྡོ་རྗེའི་དམ་ཚིག་གཏན་གྱི་གཉེར། །དམ་ལ་གནས་ཤིང་ཚུལ་བཞིན་བསྲུང་ངོ་ཞེས། །བཀའ་གསང་རྒྱུད་ལས་དེ་སྐད་འབྱུང་བཞིན་དུ། །མ་རིག་ལེ་ལོ་སྒྱིད་སྙམ་རྐྱེན་དབང་གིས། །བཀའ་ལས་འདས་ཤིང་དམ་ལས་གཡེལ་གྱུར་པ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །མི་དམིགས་བཏང་སྙོམས་ངང་དུ་བཟོད་པར་བཞེས། །རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས། །སྲི་ཞུ་དད་པའི་རྩལ་ཤུགས་ཆུང་བ་ཡིས། །རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བ་དང་། །བརྩེ་གདུང་ཁྲེལ་འཛེམ་ཆུང་བའི་རང་ཤུགས་ཀྱིས། །མཆེད་དང་ལྕམ་དྲལ་ཐུགས་དང་འགལ་བ་དང་། །སྔགས་དང་ཕྱག་རྒྱ་ལེ་ལོས་རྒྱུན་བཅད་དེ། །གསུང་གི་དམ་ལས་འདས་པར་གྱུར་པ་ཡི། །ཕྱི་གསང་བཞི་དང་བར་གསང་བརྒྱད་ལ་སོགས། །གསང་བར་འོས་དང་གསང་བར་གཉེར་གཏད་པ། །གསང་སྒོ་ཡལ་བར་བཏང་བ་ལ་སོགས་ཏེ། །རྩ་བའི་དམ་ལས་འགལ་བར་ཅི་མཆིས་པ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །མཁའ་ལྟར་ཁྱབ་པའི་ཐུགས་རྗེས་བདག་བཟུང་ནས། །ཉམས་པའི་སྐྱོན་རྣམས་བཤགས་ན་བྱང་བ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མི་སྤང་པ་ཡི་དམ་ཚིག་ལྔ་པོ་ལས། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །གསང་སྔགས་བླ་ན་མེད་པའི་སྤྱོད་ཡུལ་ལས། །ཀུན་ཏུ་བཟང་པོ་རོལ་པ་ཆེ་བའི་རྒྱན། །རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ལ། །ཡེ་ནས་ཡིན་པ་དེ་ལྟར་མ་རྟོགས་ཏེ། །ལོག་རྟོག་དབང་གིས་སྤངས་པ་བཟོད་པར་གསོལ། །དང་དུ་བླང་པའི་དམ་ཚིག་ལྔ་པོ་ལ། །མང་ས་བཤང་གཅི་ཁུ་བ་རཀྟ་རྣམས། །ཡེ་ནས་བདུད་རྩི་ལྔ་ཡི་རང་བཞིན་ལ། །དུས་གསུམ་སངས་རྒྱས་རྣམས་ཀྱིས་སྒྲུབ་པའི་རྫས། །རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གཤེགས་པའི་ཤུལ། །ཡེ་ནས་རྣམ་པར་དག་པའི་རང་བཞིན་ལ། །གཙང་རྨེ་རྣམ་རྟོག་བརྟུལ་ཞུགས་ཆུངབ་ཡིས། །ཆོས་ཉིད་མཉམ་པའི་ངང་དུ་མ་རྟོགས་ཏེ། །དམ་རྫས་དང་དུ་མ་བླང་བཟོད་པར༴ སྤྱད་པར་བྱ་བའི་དམ་རྫས་ལྔ་པོ་ལ། །སྐྱེ་ཤི་མེད་པར་རྟོགས་པའི་ལྟ་བ་དང་། །གནས་དང་དུས་དང་ཏིང་འཛིན་གསལ་བ་ཡི། །ཁམས་གསུམ་མ་ལུས་གནས་ནས་བསྒྲལ་བ་དང་། །དུས་གསུམ་འདུ་འབྲལ་མེད་པའི་ལྟ་བ་དང་། །སྔགས་དང་ཕྱག་རྒྱའི་ཏིང་འཛིན་གསལ་བ་ཡི། །ཐབས་དང་ཤེས་རབ་མངོན་སྤྱོད་སྦྱོར་བ་དང་། །སེར་སྣ་འཇུར་གེགས་ཅན་གྱི་ཟས་དང་ནོར། །ཐབས་མཁས་འོད་ཟེར་ཚུལ་དུ་མ་བྱིན་བླངས། །སེམས་ཅན་དོན་དུ་འཕགས་པ་མཆོད་པ་དང་། །གསང་སྔགས་ལྟ་སྤྱོད་གཞན་གྱིས་མི་རིག་ཕྱིར། །གཏིང་དཔག་དགའ་ཕྱིར་རྫུན་དུ་སྨྲ་བ་དང་། །ཞིང་བཅུ་ཞེ་གཅོད་དྲག་ཤུལ་སྤྱོད་པའི་སྔགས། །བཀའ་དང་ལུང་ལས་དེ་ལྟར་བྱུང་བཞིན་དུ། །སྤྱད་ཅིང་ཉམས་སུ་མ་བླང་བཟོད་པར་གསོལ། །ཤེས་པར་བྱ་བའི་དམ་ཚིག་ལྔ་པོ་ལ། །ཕུང་པོ་ལྔ་དང་རྣམ་ཤེས་དབང་པོ་ལྔ། །འབྱུང་བ་ལྔ་དང་འདོད་པའི་ཡོན་ཏན་ལྔ། །ཁ་དོག་ལྔ་དང་སྨན་ལྔ་ལ་སོགས་རྣམས། །རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་དང་། །རིགས་ཀྱི་ཡུམ་ལྔར་ཤེས་པར་བྱའོ་ཞེས། །རྒྱལ་བའི་བཀའ་ལས་དེ་ལྟར་བྱུང་བཞིན་དུ། །ཤེས་རབ་ཞན་པས་དེ་ལྟར་མ་རྟོགས་ཏེ། །བཀའ་དང་གཞུང་ལས་འགལ་བ༴ བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་པོ་ལས། །ཕྱི་ནང་སྣོད་བཅུད་སྣང་སྲིད་མ་ལུས་རྣམས། །ཡེ་ནས་སངས་རྒྱས་ལྔ་ཡི་རང་བཞིན་ལ། །བདག་གི་དབྱིངས་ལས་གཞན་ན་མི་བཞུགས་ཀྱང་། །གོ་རྟོགས་རིག་པའི་རྩལ་ཤུགས་ཆུང་བ་ཡིས། །རྟོག་པ་ཀློང་དུ་མ་གྱུར་བཟོད་པར་བཞེས། །ཚོགས་ཀྱི་མཆོད་པ་ལོ་ཟླར་འདས་པ་དང་། །ཚོགས་ཀྱི་ཞལ་ཟས་འབྱོར་ཚོགས་ཆུང་བ་དང་། །རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བ་དང་། །དམ་སྐོང་མཁའ་འགྲོའི་ཐུགས་དང་འགལ་བ་དང་། །བརྩེ་གདུང་ཁྲེལ་འཛེམ་ཆུང་བའི་རང་ཤུགས་ཀྱིས། །མཆེད་དང་ལྕམ་དྲལ་ཐུགས་དང་འགལ་བ་དང་། །ལུང་དང་བཀའ་ལས་འདས་པ་མཐོལ་ལོ་བཤགས། །ལྟ་བ་འཕངས་མ་ཆོད་པར་གྱུར་པ་དང་། །སྤྱོད་པ་ལ་མ་དོར་བར་གྱུར་པ་དང་། །དམ་ཚིག་ཉམས་པའི་ཆད་པ་མི་བཟོད་པས། །རྡོ་རྗེ་སྲིན་པོས་སྙིང་ཁྲག་འཐུང་བ་དང་། །ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དང་། །མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བར། །སྡུག་བསྔལ་མི་བཟོད་ཡུན་རིང་གནས་པ་རྣམས། །བདག་གིས་དམ་ཚིག་བཤགས་པར་བགྱིས་པ་ཡིས། །ཉམས་ཤིང་ཆག་པ་ཐམས་ཅད་སོར་ཆུད་དེ། །གོ་འཕང་ཆེན་པོའི་འབྲས་བུ་ཐོབ་པར་ཤོག །དུས་གསུམ་རྒྱལ་བས་བདག་ལ་བྱིན་གྱིས་རློབས། །དམ་སྐོང་མཁའ་འགྲོ་མང་པོས་བདག་སྲུངས་ཤིག །གཉིས་མེད་གསང་བའི་དབྱིངས་ནས་འོད་ཤར་ཏེ། །མཁའ་ལྟར་དག་ཅིང་རྣམ་རྟོག་མི་མངའ་ཡང་། །སྔོན་གྱི་ཐུགས་རྗེའི་དབང་གིས་བདག་བཟུང་སྟེ། །ཡིད་བཞིན་སྐུ་མཆོག་བདག་ལ་སྟོན་པ་དང་། །རིག་འཛིན་དངོས་གྲུབ་དབྱིངས་ནས་བདག་ལ་སྩོལ། །ལྷ་དང་ལྷན་མིན་ཕྱོགས་བཅུའི་རྣལ་འབྱོར་རྣམས། །མི་འདའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །རྩ་བ་གསུམ་དང་ཡན་ལག་ཉི་ཤུ་ལྔ། །ཚོར་དང་མ་ཚོར་མ་རིག་དབང་གིས་ནི། །ཉམས་པའི་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །བདག་གིས་དམ་ཚིག་གདུང་བའི་བཤགས་པ་འདིས། །རྣལ་འབྱོར་དམ་ཚིག་ཉམས་པ་བསྐངས་གྱུར་ནས། །གོ་འཕང་ཆེན་པོའི་འབྲས་བུ་ཐོབ་པར་ཤོག །ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་རྣམས། །མཉམ་ཉིད་རྡོ་རྗེའི་གྲལ་དུ་གནས་པར་ཤོག །མཁའ་འགྲོ་མ་ཡི་ཐུགས་རྗེས་བདག་བཟུང་ཞིང་། །ཉམས་པའི་སྐྱོན་རྣམས་གཏན་ནས་བྱང་བ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཡན་བརྗོད་དགུ་པ་ཚོགས་མཆོད་རྒྱ་མཚོའི་སྤྲིན། །ཀློང་ཆེན་རབ་འབྱམས་བཟང་པོའི་བཞེད་གཞུང་བཞིན། །བཀོད་པ་ནང་གསེས་རྣམ་གྲངས་བཅོ་བརྒྱད་ལ། །དང་པོ་ལས་ཀྱི་སློབ་དཔོན་ཕྱག་འཚལ་ཞིང་། །མཎྜལ་མེ་ཏོག་ཕུལ་ནས་འདི་སྐད་ཞུ། །ཧོ་དགོངས་སུ་གསོལ་ལོ། །རང་བཞིན་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་ཕོ་བྲང་ལྷ་དང་ལྷ་མོའི་སྤྲིན་ཕུང་གིས་གང་བ་འདིར། བླ་མ་རྡོ་རྗེ་སློབ་དཔོན་འཁོར་དང་བཅས་པ་རྣམས་རང་བཞིན་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ལ་གནས་པར་ཞུ་འཚལ། །ཞེས་གསོལ་གཉིས་པ་བགེགས་གཏོར་སྦྱིན་པ་ནི། རང་ཉིད་རྟ་མཆོག་རོལ་པའི་སྐུར་གསལ་ཞིང་། བཞི་ཆོད། ཧཱུཾ་ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །འདི་རུ་མ་འདུག་གཞན་ཏུ་དེངས། །ང་ཡི་བཀའ་ལས་འདས་གྱུར་ན། །ཐལ་བའི་རྡུལ་བཞིན་བརླག་པར་འགྱུར། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿ ཅེས་བརྗོད་ཅིང་གུ་གུལ་གྱི་དུད་པ་དང་རོལ་མོའི་སྒྲ་ཆེར་བསྒྲགས་པས་བགེགས་ཐམས་ཅད་ཕྱིའི་རྒྱ་མཚོའི་མཐར་བྱེར་ཏེ། མེ་རི་འབར་བས་མཚམས་བཅད་ནས་བསྐལ་པའི་བར་མི་ཐར་བར་བསམ་མོ། ཞེས་དང་གསུམ་པ་སྲུང་འཁོར་བསྒོམ་པ་ནི། དེ་ནས་སྐད་ཅིག་གི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འཁྲིགས་པར་བསམ། ཧཱུཾ་ཡེ་ནས་མ་སྐྱེས་བློ་བྲལ་རྫོགས་པ་ཆེ། །ཁྱབ་བརྡལ་མི་དམིགས་ཆོས་སྐུདག་པ་ལ། །རྡོ་རྗེའི་དྲྭ་བ་བསྐལ་པའི་མེ་དཔུང་འབར། །རབ་འཇིགས་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་འདིར། །རྡོ་རྗེ་ཕྲ་མིན་སྒོ་སྐྱོང་ཆེན་མོ་བཞིས། །རང་བཞིན་གདོད་ནས་དག་པའི་མཚམས་ཆོད་ཅིག །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་གྷྲྀ་ཧྞ་སོགས་བརྗོད་བཞི་པ་སྐྱབས་ཡུལ་གསལ་གདབ་ཅིང་། སྐྱབས་སུ་འགྲོ་དང་བྱང་སེམས་བསྐྱེད་པ་ནི། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལྔ་པ་ཚོགས་ཞིང་སྤྱན་དྲངས་བཞུགས་ཕྱག་འཚལ། ཨོཾ་སྭ་བྷ་ཝ་ཤུདྷ་སརྦ་སོགས། ཆོས་སྐུ་མ་སྐྱེས་མཉམ་པ་ཆེན་པོ་ལས། །འབྱུང་བཞི་རིམ་བརྩེགས་ཉི་ཟླ་པདྨའི་སྟེང་། །བྷྲུཾ་ལས་བདེ་གཤེགས་ཞི་བའི་གཞལ་ཡས་ཁང་། །སྒོ་བཞི་གྲུ་བཞི་རྩིག་པ་ལྔ་དང་ལྡན། །རྟ་བབས་བཞི་དང་འཁོར་ལོ་རྒྱལ་མཚན་གདུགས། །རྒྱན་རྣམས་ཡོངས་རྫོགས་མཆོད་པའི་ལྷ་མོས་མཛེས། །དེ་དབུས་བདེ་གཤེགས་རིགས་ལྔ་ཡབ་ཡུམ་དང་། །སེམས་དཔའ་སེམས་མ་སྒོ་བ་ཡབ་ཡུམ་བཞི། །ཐུབ་པ་དྲུག་རྣམས་སྣང་ལ་རང་བཞིན་མེད། །ནམ་མཁའི་འཇའ་ཚོན་མེ་ལོང་གཟུགས་བརྙན་འདྲ། །དེ་སྟེང་ཁྲོ་བོའི་ཞིང་ཁམས་སྣང་བ་ནི། །འཇིགས་གཟུགས་མི་བཟད་བསྐལ་པའི་མེ་དཔུང་འཕྲོ། །ཀུན་ཀྱང་ཡབ་ཡུམ་རྒྱན་རྣམས་རྫོགས་པ་ལ། །མཚན་དང་དཔེ་བྱད་འོད་ཟེར་ཕྱོགས་བཅུར་འཕྲོ། །ཨོཾ་བཛྲ་ས་མ་ཡ་ཛཿ ནམ་མཁའི་དཀྱིལ་ནས་ཞི་ཁྲོའི་གཞལ་མེད་ཁང་། །རང་བཞིན་ལྷུན་གྱིས་གྲུབ་པར་ཡོངས་བྱོན་ཏེ། །བདག་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། །ཛཿཧཱུཾ་བཾ་ཧོ། ཕྱི་དང་ནང་ཀུན་འོག་མིན་དག་པའི་ཞིང་། །ཐམས་ཅད་རྣམ་དག་ལྷ་དང་ལྷ་མོའི་ངང་། །སྐྱེ་མེད་ལྷུན་རྫོགས་འོད་གསལ་ཆེན་པོ་ལ། །བདག་གཞན་མ་ལུས་ངང་གི་གནས་པར་གྱུར། །ཞེས་བདག་དང་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོར་གསལ་གདབ་པོ། །དེ་ནས་སྐད་ཅིག་གིས་མདུན་གྱི་ནམ་མཁར་བླ་མ་དང་ཞི་ཁྲོ་དཔག་ཏུ་མེད་པའི་དཀྱིལ་འཁོར་བསམ་ལ། བསོད་ནམས་ཀྱི་ཞིང་སྤྱན་འདྲེན་པ་ནི། ཧཱུཾ་ཆོས་སྐུ་མཉམ་པའི་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་རང་སྣང་འོད་གསལ་ཐུགས་རྗེའི་ལྷ། །ཀུན་བཟང་ཡབ་ཡུམ་རིགས་ལྔ་རྡོ་རྗེ་འཆང་། །རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་། །ཤྲཱྀ་སིདྷ་པདྨ་ཐོད་ཕྲེང་རྩལ། །མཁར་ཆེན་མཚོ་རྒྱལ་རིགས་བཞིའི་མཁའ་འགྲོ་དང་། །རྡོ་རྗེ་ཕག་མོ་འཁོར་དང་བཅས་པ་དང་། །དགོངས་གཏེར་ཟབ་མོའི་སྲུང་མར་བཀའ་བསྒོས་པ། །སྲོག་སྒྲུབ་ལ་སོགས་དམ་ཅན་རྒྱ་མཚོའི་ཚོགས། །མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་སྣང་སྲིད་འཁོར་འདས་འཇིག་རྟེན་ན། །གར་བཞུགས་སངས་རྒྱས་སེམས་ཅན་ཇི་སྙེད་པ། །བསོད་ནམས་ཞིང་ལ་དུས་འདིར་སྤྱན་འདྲེན་གྱིས། །དགྱེས་པ་ཆེན་པོས་གནས་འདིར་གཤེགས་སུ་གསོལ། །ཞེས་པས་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་སྐད་ཅིག་གིས་བྱོན་ནས། སྔར་གྱི་དམ་ཚིག་པ་དང་གཉིས་སུ་མེད་པ་ལ་གདན་འབུལ་ཞིངབཞུགས་སུ་གསོལ་བ་ནི། ཧཱུཾ་གནས་ལྔ་ཡེ་ཤེས་ལྷུན་གྲུབ་དཀྱིལ་འཁོར་དུ། །ཐབས་དང་ཤེས་རབ་པདྨ་ཉི་ཟླའི་གདན། །སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་སོགས། །མཛེས་ཤིང་ཡིད་འོང་བཤམས་པའི་གདན་སྟེང་དུ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོ་བཞུགས་སུ་གསོལ། །ཨོཾ་པདྨ་ཙནྡྲ་སུཪྻ་མ་དྷ་ལ་ཀ་མ་ལ་ཡེ་སྟྭཾ། ཞེས་པས་བཞུགས་པར་བསམ་ལ་ཕྱག་འཚལ་བ་ནི། ཧཱུཾ་དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །ནམ་མཁའི་མཐའ་དང་ཁྱབ་པར་ལུས་སྤྲུལ་ཏེ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་ཡིད་ཀྱིས་ཕྱག་བྱས་ཏེ། དྲུག་པ་བདུད་རྩི་སྨོན་གྱི་མཆོད་པ་ནི། སྟོན་པ་ཀུན་བཟང་རྒྱལ་ཚབ་རིགས་ལྔ་མཆོག །དགའ་རབ་ལ་སོགས་བརྡ་རྒྱུད་རིག་འཛིན་རྣམས། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་ལ། །སྨན་མཆོད་འབུལ་ལོ་ཉམས་ཆག་ཀུན་དག་མཛོད། །སརྦ་པཉྩ་ཨ་མྲྀ་ཏ་ཁ་ཧི། རིགས་གསུམ་སེམས་དཔའ་ལུང་བསྟན་རྡོ་རྗེ་དང་། །ཨུ་པ་རཱ་ཛ་འབྱོར་བའི་དབང་པོ་སོགས། །རོ་ལངས་བདེ་བ་རྡོ་རྗེ་བཞད་རྩལ་ལ། །སྨན་མཆོད༴ སརྦ་པཉྩ༴ དམ་པའི་རིགས་ཅན་ལྔ་དང་རྒྱལ་པོ་ཛ། ཀུ་ཀུ་རཱ་ཛ་ཨིནྡྲ་བོ་དྷི་སོགས། །སྒེག་རྡོར་སངས་རྒྱས་གསང་བ་བི་མ་ལར། །སྨན་མཆོད༴ སརྦ༴ རྣམ་གསུམ་ཡོ་གའི་བདག་པོ་ཨོ་རྒྱན་རྗེ། །རྒྱལ་ཡུམ་མཚོ་རྒྱལ་ལོ་ཆེན་བཻ་རོའི་ཞབས། །ཀློང་ཆེན་རབ་འབྱམས་འཇིགས་མེད་གླིང་པ་རྗེར། །སྨན༴ སརྦ༴ གདོད་ནས་མངོན་བྱང་ཆུབ་ཀྱང་གདུལ་བྱའི་ངོར། །འཇམ་མགོན་རྡོ་རྗེ་བླ་མའི་རྣམ་རོལ་ཅན། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གྲུབ་ཆེན་པར། །སྨན༴ སརྦ༴ མདོ་སྔགས་བསྟན་པའི་ཉི་མ་གདུལ་བྱའི་མཁར། ཐུགས་བསྐྱེད་ཤིང་རྟས་དྲངས་མཛད་རྗེ་བླ་མའི། ལུང་རྟོགས་མཛོད་འཛིན་བདེ་བའི་རྡོ་རྗེ་ལ། སྨན༴ སརྦ༴ བཅོམ་ལྡན་རྒྱལ་བ་བཞི་བཅུ་རྩ་གཉིས་དང་། །འབར་བ་ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་གཉིས། །རིག་འཛིན་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྨན༴ སརྦ༴ ཞེས་དང་རྗེས་འབྲེལ་དངོས་གྲུབ་བླང་བ་ནི། ལྷུབ། བདུད་རྩི་སྙིང་པོ་ཅན་གྱི་དབུས། །སངས་རྒྱས་ཀུན་ཀྱི་སྐུ་གསུང་ཐུགས། །ཡི་གེ་གསུམ་གྱི་རྣམ་པ་ཅན། །དམ་ཚིག་ཕྱག་རྒྱ་གཉན་པོས་བླངས། །ཀཱ་ཡ་སིདྷི་ཨོཾཿ ཝཀྐ་སིདྷི་ཨཱཿ ཙིཏྟ་སིདྷི་ཧཱུཾཿ ཞེས་བརྗོད་བདུན་པ་དཔལ་ཆེན་བཤགས་་པ་ནི། ལྷུག། བཅོམ་ལྡན་དཔའ་ཆེན་ཁྲོ་རྒྱལ་ཕྱག་བརྙན་ནིཿ ཐབས་མཁས་ཐུགས་རྗེ་ཡེ་ཤེས་སྤྲུལ་པ་དང་ཿ རང་རྒྱུད་རྣལ་འབྱོར་དག་པའི་གྲུབ་པ་ཅནཿ རྡོ་རྗེ་ལྕམ་དྲལ་མང་པོ་དགོངས་སུ་གསོལཿ ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན་པ་ཡི། །སྙིང་ལ་གནས་པའི་དམ་ཚིག་བྱིན་རླབས་པ། །ཐེག་ཆེན་ཁྱེད་ཀྱིས་དང་དུ་བཞེས་ནས་ཀྱང་། །ཞལ་འཆེས་གང་ལགས་རྗེས་སུ་དགོངས་པར་མཛོད། །བདག་གི་མིག་ལ་སོགས་ཏེ་དབང་པོ་ལྔ། །བེམ་པོའི་རང་བཞིན་རྣམ་ཤེས་མ་སྦྱང་བས། །ཁྱེད་ཀྱི་སྐུ་གསུང་མི་ཐོས་མི་མཐོང་སྟེ། །མུན་པའི་ཚོགས་དང་འདྲ་བས་བཅིངས་མོད་ཀྱི། །འོན་ཀྱང་ཡིད་ཆེས་སེམས་འདི་རྩེ་གཅིག་གིས། །མངོན་སུམ་འདྲ་བར་རྟག་ཏུ་རྗེས་དྲན་ནས། །དུས་གསུམ་ཀུན་ནས་མ་སྒྲིབ་མཁྱེན་པ་ཡི། །རྡོ་རྗེ་ལྕམ་དྲལ་མང་པོས་བདག་ལ་དགོངས། །ཡེ་ཤེས་མངོན་ཤེས་ལྡན་ཞིང་ཐུགས་བརྩེ་བ། །མཐུ་རྩལ་རྨད་བྱུང་ཕན་པའི་དགོངས་པ་ཅན། །གཞན་གྱིས་མ་བཅོས་ཉིད་ཀྱིས་ཞལ་འཆེས་པ། །བདེན་པར་གསུངས་པས་བདག་གི་གྲོགས་མཛོད་ཅིག །གང་དག་བྱངཆུབ་སེམས་དང་ལྡན་པ་དང་། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་སྤྱོད་པ་ལ། །ཀུན་ནས་བསྲུང་ཞིང་རེ་བ་སྐོང་ངོ་ཞེས། །ཁྱེད་ཀྱི་ཐུགས་དམ་མི་འགྱུར་དེ་ལགས་ན། །བདག་ལ་བླ་མེད་བྱང་ཆུབ་སེམས་མཆིས་ཀྱིས། །སྐུ་གསུང་རྣལ་འབྱོར་བརྩོན་པར་བགྱིད་ལགས་ན། །རྡོ་རྗེ་དམ་ཅན་མ་ལུས་རྒྱ་མཚོ་ཡིས། །ཀུན་ནས་བསྲུང་ཞིང་རེ་བ་སྐོང་དུ་གསོལ། །ཐེག་ཆེན་རྣལ་འབྱོར་སྐྱོང་བར་ཞལ་འཆེས་པའི། །དུས་དང་ཚད་མཁྱེན་མཐུ་དང་ལྡན་བཞིན་དུ། །སྐྱེས་མཆོག་ཁྱེད་ཀྱང་བཏང་སྙོམས་མཛད་ན་གོ། །དང་པོའི་དམ་བཅས་འགལ་བར་མི་འགྱུར་རམ། །གང་གི་གང་ལ་རང་གིས་དམ་བཅས་པ། །དེ་ཡིས་དེ་ཉིད་དོན་དུ་གཉེར་དགོངས་པ། །གཞན་གྱིས་བསྐུལ་ཞིང་གསོལ་གདབ་མི་འཚལ་ན། །ཉིད་ཀྱི་ཐུགས་དམ་འབྲས་བུ་མཆིས་པར་མཛོད། །བདག་གི་དམ་ཚིག་རྡོ་རྗེ་མཆོག་གསུམ་པོ། །ཁྱེད་ཀྱི་ཐུགས་དམ་མཆོག་ཀྱང་དེ་ལགས་པས། །རིགས་མི་མཐུན་ཡང་དམ་ཚིག་གིས་བསྡུས་ན། །ལྕམ་དྲལ་ཚུལ་དུ་ཉེ་ཞིང་གདུང་བར་མཛོད། །སྔོན་འདས་དུས་ན་བསྟན་པ་འཇིག་ལ་སོགས། །ཞེ་སྡང་གདུག་པའི་དགྲ་བགེགས་གང་བྱུང་ཡང་། །ཁྱེད་ཀྱི་ཐུགས་རྗེ་ལྷག་པར་དེར་ཕྱུང་ཞིང་། །དྲག་ཤུལ་ཐབས་ཀྱིས་འདུལ་བ་ཇི་བཞིན་དུ། །ད་ལྟ་དུས་ངན་བསྟན་པ་འཇིག་ལ་སོགས། །སྡིག་པའི་འབྲས་བུ་སྨིན་པ་ཁྱེད་མཁྱེན་གྱིས། །རྡོ་རྗེ་ལྕམ་དྲལ་མ་ལུས་རྒྱ་མཚོ་ཡིས། །སོ་སོའི་ཐུགས་དམ་ཆེན་པོར་དགོངས་མཛོད་ལ། །ཇི་ལྟར་འཚམས་པ་བཞིན་དུ་ཕྲིན་ལས་མཛོད། །དབང་ཕྱུག་ལ་སོགས་བྱེད་པོར་ཁས་འཆེས་ཀྱང་། །དེ་ཉིད་དངོས་པོ་ལྟ་བུར་བྱེད་མི་ནུས། །ཁྱེད་ནི་སྒྱུ་མའི་ཆོས་ལ་མངའ་བརྙེས་པས། །སྒྱུ་མའི་རང་བཞིན་ཅིར་ཡང་གྲུབ་པར་མཛོད། །མི་ནུས་མངོན་ཤེས་མཐུ་དང་མི་ལྡན་ཡང་། །དམ་ཚིག་འཆོས་ཕྱིར་ལུས་སྲོག་ཕངས་པ་མེད། །ཁྱེད་ནི་ཐོགས་མེད་མཐུ་དང་ལྡན་བཞིན་དུ། །འགྲོ་བའི་མགོན་སྐྱབས་ཅིའི་ཕྱིར་བསྐུལ་ལས་བཤོལ། །སྲིད་པ་ལས་ཀྱི་དུས་ལ་མ་བབ་ཅེས། །འགྲོ་བ་འདུལ་བའི་ཕྲིན་ལས་མི་མཛད་ཅིང་། །ཐམས་ཅད་ཀུན་ལ་ལས་ཀྱི་དབང་བཙན་ན། །ཐུགས་རྗེའི་བྱིན་རླབས་སུ་ལ་ཅི་ཞིག་བགྱི། །གང་ཞིག་ཆོས་མིན་འགལ་བར་སྤྱོད་པ་ཡང་། །འབད་པའི་འབྲས་བུ་མེད་པར་མི་འགྱུར་རམ། །ཤེས་རབ་སྙིང་རྗེའི་ཐབས་དང་མི་འགལ་བའི། །རེ་བ་བསྐང་བ་ལྟ་ཞིག་སྨོས་ཅི་འཚལ། །འདའ་ཀ་རྡོ་རྗེའི་དམ་ཚིག་མཆོག་སྲུང་བར། །གྲུབ་པ་ཁྱེད་དང་འདྲ་བ་མ་ལགས་ན། །ཆོས་སྲུང་འགྲོ་དོན་བདག་གིས་མི་རྟོགས་པས། །བྱིན་རླབས་མཆོག་དང་ལྡན་པར་མཛད་དུ་གསོལ། །དམ་ཚིག་ཉམས་པ་ལ་སོགས་ཉེས་པ་རྣམས། །ཚེ་རབས་འདི་ལ་ཉམས་སུ་མྱོང་འགྱུར་པ། །ཆོས་དབྱིངས་འགྲོ་དོན་བདག་གིས་རྟོགས་པ་རུ། །ཆོས་ལ་དབང་བསྒྱུར་ཁྱེད་ཀྱིས་བཟློག་ཏུ་གསོལ། །ཐུགས་རྗེ་བརྩེ་ལྡན་རྡོ་རྗེ་ལྕམ་དྲལ་ལ། །འདི་སྐད་བསྐུལ་ཞིང་གསོལ་ལྟ་མི་འཚལ་ན། །ཞེ་སྡང་མཐའ་ཡས་སེམས་ཀྱིས་མི་གསོལ་ཏེ། །འགྲོ་དོན་བྱང་ཆུབ་སེམས་ཀྱིས་སྨྲ་ལགས་ན། །ཐུགས་དང་འགལ་པར་གྱུར་པ་བཟོད་པར་གསོལ། །འཕགས་པའི་བཀའ་ཆད་བདག་ལ་མི་གཏོང་ཞིང་། །ཐུགས་རྗེ་ཆེན་པོས་ཚངས་པ་སྩལ་དུ་གསོལ། །ཞེས་བརྗོད་བརྒྱད་པ་ཚོགས་གཏོར་བྱིན་རླབས་ནི། ཕྱི་ནང་གསང་མཆོད་ཡང་གསང་སྨན་གཏོར་བཅས། རིམ་བཞིན་དང་པོ་ཡོ་བྱད་བསང་ཆུས་བྲན། ཨོཾ་སྭཱ་བྷཱ་ཝ༴ སོགས་ཧཾ་གིས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་མེའི་ཕུང་པོ་འབར་བའི་མཐར་ཀཾ་ལས་ཐོད་པའི་སྒྱེད་པོ་རི་རབ་དང་མཉམ་པ་གསུམ་གྱི་སྟེང་དུ། ཨ་ལས་ཚོགས་གཏོར་གྱི་སྣོད་ཐོད་པ་དུམ་བུ་གཅིག་པ། ཕྱི་དཀར་བ། ནང་དམར་བ། དཔྲལ་པ་རང་ལ་བསྟན་པའི་ནང་དུ་ཚོགས་ཀྱི་ཡོ་བྱད་རྣམས་ཤ་ལྔ་བདུད་རྩི་ལྔར་གྱུར་ཏེ། སྣོད་སྟོང་གསུམ་དང་མཉམ་པ་བསམ་གྱིས་མི་ཁྱབ་པའི་ནང་ཁེངས་པར་གྱུར་པའི་སྟེང་དུ་ཨ་ལས་ཟླ་བའི་ཁ་ཆོད་ཀྱི་དབུས་སུ། རྡོ་རྗེ་རྩེ་ལྔ་བའི་ཡུ་བ་ཨོཾ་ཨཱཿ་ཧཱུཾ་གིས་ལྟེ་བ་དང། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿ ཨཱས་རྭ་རྣམས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཡཾ་ལ་ཕོག །ཡཾ་ལས་རླུང་གཡོས་མེ་སྦར་ཏེ། ཐོད་པའི་བདུད་རྩི་ཁོལ་བའི་རླངས་པ་ཡི་གེ་ལྔ་ལ་ཕོག་པས་རིགས་ལྔ་ཡབ་ཡུམ་དུ་གྱུར་ཏེ། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པས་རྡོ་རྗེའི་ཁོང་གསེང་ནས་མར་སོང་སྟེ་ཐོད་པའི་ནང་ཡེ་ཤེས་ཀྱི་བདུད་རྩིས་གང་། ལྟེ་བའི་ཨོཾ་ཨཱཿཧཱུཾ་ལས་འོད་འཕྲོས་པས་ཕྱོགས་བཅུའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་དཔག་ཏུ་མེད་པ་སྙོམས་པར་ཞུགས་པའི་བདུད་རྩིའི་རྒྱུན་ཐོད་པའི་ནང་ནས་མར་བབས་ཡེ་ཤེས་ལྔའི་བདུད་རྩིས་ཁེངས། ཟླ་བའི་ཁ་ཆོད་རྡོ་རྗེ་དང་བཅས་པ་ཡང་འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་བསམ་མོ། གཉིས་པ་ཕྱི་མཆོད་ལའང་རྒྱས་འདོད་ན། གཞན་ནས་ཁ་སྐོང་བསྡུ་ན་འདི་བཞིན་ནོ། བླ་མ་ཡི་དམ་མཁའ་འགྲོ་ལ། །མཛེས་པའི་མེ་ཏོག་རྒྱན་གྱིས་མཆོད། །དྲི་ཞིམ་བདུག་སྤོས་ཤངས་ལ་མཆོད། །སྣང་གསལ་མར་མེ་སྤྱན་ལ་མཆོད། །ཞལ་ཟས་རོ་མཆོག་ལྗགས་ལ་མཆོད། །ཡིད་འོང་དྲི་མཆོག་ཐུགས་ཀར་མཆོད། །རོལ་མོ་སིལ་སྙན་སྙན་ལ་མཆོད། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་བཛྲ་པུཥྤེ། དྷཔྤེ་ཨ་ལོ་ཀེ་གྷནྷེ་ནཻ་ཝི་དྱ་ཤཔྡ་ཨཱཿཧཱུཾ། གསུམ་པ་ནང་གི་མཆོད་པ་ནི། བླ་མ་བདེ་གཤེགས་མཁའ་འགྲོ་ལ། །དབང་པོ་རྣམ་ལྔའི་མེ་ཏོག་མཆོད། །གསུར་ཆེན་དྲི་ཡི་བདུག་སྤོས༴ ཞུན་ཆེན་སྣང་ལ་ནམས༴ རྡོ་རྗེ་དྲི་ཆུ་བྱུག་པས༴ རྡོ་རྗེ་དྲི་ཆེན་ཞལ་ཟས༴ རྐང་གླིང་ཐོད་པའི་རོལ་མོས༴ བྱང་སེམས་དཀར་དམར་བདུད་རྩིས༴ དུག་ལྔ་ཡེ་ཤེས་ལྔ་རུ༴ དུག་གསུམ་སྐུ་གསུང་ཐུགས་སུ༴ སྣང་སྲིད་ཕྱག་རྒྱ་བཞི་རུ༴ འགྲོ་བའི་དོན་དུ་བཞེས་སུ་གསོལ། སརྦ་པཉྩ་ཨམྲྀ་ཏ་ཧཱུཾ་ཧྲཱིཿཋཱཿ བཞི་བ་གསང་བའི་མཆོད་པ་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། ཡབ་ཡུམ་གཉིས་མེད་མཁའ་གསང་ནས། འཁྲིལ་སྦྱོར་བྱང་ཆུབ་སེམས་ཀྱིས༴ བདེ་སྟོང་རོ་མཉམ་མཆོད་པར་བཞེས། །ཨོཾ་ཨཱཿཧཱུཾ་ཧྲཱིཿཐཱཿ ལྔ་པ་དེ་ཁོ་ན་ཉིད་མཆོད་པ་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། །བདེ་གསལ་རིག་པ་ཡེ་ཤེས་ངང་། །སྣང་བ་སྣ་ཚོགས་ཐམས་ཅད་ཀུན། །བདེ་སྟོང་གསལ་སྟོང་རིག་པ་སྟོང་། །མི་རྟོགས་རང་བཞིན་སྣང་བས་སྟོང་། །ཡེ་ཤེས་ལྔ་ལྡན་ངང་དུ་བཞེས། །ཨོཾ་ཨཱཿ་ཧཱུཾ་ཧྲཱིཿཐཱ༔ དྲུག་པ་བདུད་རྩིའི་མཆོད་པ་ནི། བླ་མ་བདེ་གཤེགས་མཁའ་འགྲོའི་ཚོགས་རྣམས་ལ། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨམྲྀ་ཏ། དུག་ལྔ་གནས་གྱུར་ཡེ་ཤེས་སྒྲུབ་པའི་རྫས། །རོ་མཆོག་ཡོན་ཏན་ཀུན་དང་ལྡན་པས་མཆོད། །ཨོཾ་སརྦ་པཉྩ་ཨམྲྀ་ཏ་ཁཱ་ཧི། བདུན་པ་གཏོར་མའི་མཆོད་པ་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། །གཏོར་མའི་མཆོད་པ་འབུལ་བ་ནི། །ཞལ་ཟས་སྣ་ཚོགས་གཏོར་ཆེན་ལ། །ཤ་ལྔ་བདུད་རྩའི་རྒྱན་དང་ལྡན། །དྲི་དང་རོ་མཆོག་ལྡན་པས་མཆོད། །ཨོཾ་གུ་རུ་དྷཱེ་ཝ་ཌཱཀྐི་ནི་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཨེ་དམ་བྷ་ལིནྟ་གྷྲི་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་གཏོར་མ་འབུལ་བའི་རིམ་པ་ནི་གཏོར་མ་དང་པོ་བླ་མ་ཡི་དམ་ལ་ཕུལ་བས་དགྱེས་ནས་གསོལ་བར་བསམ་ཞིང་། ཨོཾ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འབུལ་ལོ། མཆོག་དང་ཐུན་མོང་གི་དངོས་གྲུབ་རྒྱ་ཆེན་པོ་བསྩལ་དུ་གསོལ། གཉིས་པ་མཁའ་འགྲོ་སྤྱི་ལ་ཕུལ་བས་དགྱེས་ནས་གསོལ་བར་བསམ་ཞིང་། ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧཱ་རི་ནི་ས་ས་མ་ཡ་བ་ལིནྡ༴ ཨོཾ་བྷུདྷ་ཌཱཀྐི་ནི་བ་ལིནྟ༴ བཛྲ་ཌཱཀྐི༴ རཏྣ༴ པདྨ༴ ཀརྨ༴ ས་མ་ཡ༴ བྷི་ཤ་ཌཱཀྐི༴ ལོ་ཀ་ཌཱཀྐི༴ ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་྄ཧྲིང་ཧྲིང་ཛ་ཛ་བྷ་ལིནྟ༴ དཔལ་ལྡན་རྡོ་རྗེ་ཕག་མོ་འཁོར་མཁའ་འགྲོ་སྡེ་ལྔས་བསྐོར་བ་ཡེ་ཤེས་དང་ལས་ལ་གྲུབ་པ་ཐམས་ཅད་ལ་འབུལ་ལོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་གྲུབ་པར་མཛད་དུ་གསོལ། །གསུམ་པ་ནི་སྲུང་མ་དམ་ཅན་རྒྱ་མཚོ་སྤྱི་ལ་ཕུལ་བས་དགྱེས་པར་བསམ་ཞིང་། ཨོཾ་མ་ཧཱ་ཀ་ལ་ཤ་ས་ན་ཨམྲྀ་ཏ་བ་ལིནྜ༴ ཨོཾ་མ་མ་ཏྲག་རཀྴ་ཨེ༴ ཨོཾ་རཀྨོ་ཁྱི་ཁ་ལེ་བ༴ ཨོཾ་རཱ་ཧུ་ལ༴ ཨོཾ་མེ་རུ་ཙེ༴ ཨོཾ་བཛྲ་ས་དྷུ༴ དཔལ་ལྡན་མགོན་པོ་མ་ཧཱ་ཀ་ལ་འཁོར་དང་བཅས་པ་རྣམས་དང་། ཁྱད་པར་དུ་ཡང་དཔལ་ལྡན་སྔགས་ཀྱི་བདག་མོ། །ཤན་པ་སྲོག་སྒྲུབ་ནག་མོ། གཟའི་དགེ་བསྙེན་རཱ་ཧུ་ལ། གནོད་སྦྱིན་དམར་ནག། དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་རྣམས་དང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་བསྲུང་བ་དང་རེ་བ་བསྐང་དུ་གསོལ། བཞི་བ་ནི་གཏེར་བདག་རྣམས་དང་ཡུལ་ལྷ་གཞི་བདག་ལ་ཕུལ་བས་དགྱེས་པར་བསམ་ལ། ཨོཾ་ཨ་ཀ་རོ༴ ཨོཾ་ཨཱཿཧཱུཾཿཕཊཿསྭཱ་ཧཱ། འཛམ་བུའི་གླིང་དང་ཁ་བ་ཅན་ན་གནས་པའི་གཏེར་བདག་ཆེན་པོ་རྣམས་དང་ཡུལ་ལྷ་གཞི་བདག་གི་རིགས་སུ་གྱུར་པ་ལྷ་མཐུ་བོ་ཆེ་ཀླུ་མཐུ་བོ་ཆེ། བདུད༴ བཙན༴ མ་མོ་མཐུ་བོ་ཆེ་ལ་སོགས་པ་ཐམས་ཅད་ལ་འབུལ་ལོ། བཀའ་དང་བསྟན་པ་སྲུངས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །བདག་ཅག་འཁོར་དང་བཅས་པའི་བསམ་པ་བསྒྲུབ་ཅིང་རེ་བ་བསྐང་བ་དང་། གནས་མགྲོན་གྱི་དམ་ཚིག་གཉན་པོ་བསྲུང་ཞིང་བཅོལ་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ལྔ་པ་ནི་འབྱུང་པོ་ཐམས་ཅད་ལ་ཕུལ་བས་མཉེས་པར་བསམ་ཞིང་། ཨོཾ་ཨ་ཀ༴ འཁོར་བ་དང་མྱ་ངན་ལས་འདས་པའི་འབྱུང་པོ་ཀུན་ཏུ་རྒྱུ་ཞིང་ཕན་གནོད་བྱེད་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་མཁའ་འགྲོ་སུམ་ཅུ་རྩ་གཉིས་གིང་ཆེན་པོ་བཅོ་བརྒྱད་ལང་ཀའི་བདག་པོ་མགྲིན་བཅུ། ཕོ་ཉ་སུམ་བརྒྱ་དྲུག་ཅུ། མགྱོགས་མ་བཞི། འབར་མ་བརྒྱད། མ་མོ་བདུན། སྲིང་མོ་བཞི་ལ་སོགས་པ་རྣལ་འབྱོར་པའི་རེ་བ་བསྐང་བར་ཁས་བླངས་པ་རྣམས་དང་། གཞན་ཡང་ལྷ་དང་ཀླུ་དང་ཤ་ཟ་དང་གྲིབ་གནོན་ལ་སོགས་པ་འབྱུང་པོའི་ཚོགས་ཐམས་ཅད་ལ་འབུལ་ལོ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་མི་འབྱུང་ཞིང་། ཆག་ཆེ་བ་དང་ཉམ་ང་བ་ཐམས་ཅད་བཟློག་ཏུ་གསོལ། རྣམ་དག་ཆོས་ཉིད་ཞི་བ་ལས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་བྱུང་། །ཐབས་ཤེས་ཟླ་གསང་ཐིག་ལེ་ལས། །ཡལ་གམ་ཅན་རྣམས་འདུ་བར་མཛོད། །འདུ་མཛད་རྣམ་དག་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །དེ་བཞིན་བཏང་མཐར་དགུ་པ་སྐོང་པ་ལའང་། རྣམ་གྲངས་ལྔ་ལས་དང་པོ་མཎྜལ་ནི། ཨོཾ་ཨཱཿ་ཧཱུཾ། ཕྱོགས་བཅུའི་འཇིག་རྟེན་སྣ་ཚོགས་ཁམས་ཅན་སེམས་ཅན་དབྱིངས་མཐའ་ཇི་སྲིད་པར། མ་ལུས་ཀུན་ཁྱབ་གཟུགས་དང་བཀོད་པ་དཔག་ཡས་རྒྱ་མཚོའི་སྙིང་པོ་ཅན། གངས་ཆེན་མཚོས་བརྒྱན་ལྷ་མིའི་མཆོད་སྤྲིན་ནམ་མཁའི་དབྱིངས་ཀུན་ཇི་ཙམ་པ། དེ་སྙེད་རྒྱལ་བ་རྒྱ་མཚོའི་ཚོགས་བཅས་མཆོད་འོས་རྣམ་ལ་གུས་པས་འབུལ། །གསེར་གྱི་ས་གཞི་རི་རྒྱལ་ལྷུན་པོས་བརྒྱན། །གླིང་བཞི་གླིང་ཕྲན་ཉི་ཟླ་གཟའ་སྐར་བཀྲམ། །ལྷ་མིའི་འདོད་ཡོན་ཕུན་ཚོགས་དང་ལྡན་པ། །གླིང་བཞི་འཇིག་རྟེན་རྒྱན་གྱུར་རྣམས་ཀྱིས་མཆོད། །རིན་ཆེན་ཆུ་མཚོ་མེ་ཏོག་གིས་བཀྲམ་རྣམ་དག་པདྨོའི་གཞལ་ཡས་ཁང་། །ཆུ་དབང་ཡིད་བཞིན་དབང་པོས་ཉེར་བརྟེན་ས་འོག་ས་སྟེང་ས་བླ་དང་། བར་སྣང་ལ་གནས་ཁང་བརྩེགས་ཡིད་འོང་རྣམ་མང་འདོད་ལྷའི་སྐྱེད་མོས་ཚལ། འོད་དང་གཟི་བརྗིད་དཔལ་དུ་འབར་བས་འགྲོ་བའི་བླ་མ་སྲས་བཅས་མཆོད། གསེར་དང་དངུལ་དང་ཤེལ་དང་ཨནྟྲི་རྙིལ། མར་གད་མུ་ས་གར་པ་བཻཌཱུཪྱ། ཡིད་བཞིན་ནོར་བུ་སྣ་ཚོགས་མཛེས་འབར་བ། བུམ་བཟང་དཔག་བསམ་ཤིང་ཆེན་རྣམས་ཀྱིས་མཆོད། ཀུ་མུ་ཏ་དང་ཨུཏྤལ་མེ་ཏོག་དྲི་ལྡན་པ། །མདངས་བཀྲ་ཡིད་འོང་ཁ་ཕྱེ་ལྷག་གེར་གསལ་གྱུར་ཅིག །ནོར་བུ་རྐང་གདུབ་ཡིད་འོང་འཁྲོལ་བས་མཛེས་བྱས་པ། །ལྷ་མིའི་བུ་མོ་བསྟོད་དབྱངས་སྒྲོགས་ལྡན་རྣམས་ཀྱིས་མཆོད། །རིན་ཆེན་བདུན་དང་བཀྲ་ཤིས་རྣམ་པ་བརྒྱད། །གཞལ་ཡས་ཁང་མཛེས་ཡུལ་འཁོར་ཉམས་དགའ་བར། །མི་དབང་དཔལ་ཏེ་ཕུན་ཚོགས་འདི་འབུལ་བས། །རྒྱལ་བའི་འབྱོར་ཚོགས་ལྷུན་གྱིས་གྲུབ་པར་ཤོག །བསམ་གཏན་ལྷ་གནས་ཤིན་ཏུ་ཉམས་དགའ་དྭངས་བའི་འོད་ཀྱི་གཞལ་ཡས་ཁང་། རྣམ་བཀྲ་གཟུགས་བཟང་ལྷ་མང་གིས་མཛེས་ཏིང་འཛིན་ཞི་བའི་སྐྱེད་མོས་ཚལ། རྩེ་གཅིག་མི་གཡོ་གཟུགས་མེད་རབ་ཞི་བསོད་ནམས་སྤྲིན་བཟང་སྙིང་པོ་ཅན། སྲིད་གསུམ་སྣོད་བཅུད་དངོས་དང་དངོས་མེད་བདེ་དགའི་རྒྱ་མཚོ་རྣམས་ཀྱིས་མཆོད། ཉན་ཐོས་རང་སངས་རྒྱས་དང་བྱང་ཆུབ་སེམས། །རྒྱལ་བའི་གཟུགས་སྤྲིན་སྙིང་པོ་ལས་ཐོན་པ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་ཡིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཆོད། །དག་པའི་ཞིང་ཁམས་རྒྱལ་སྲས་འབྱོར་པས་ཡོངས་གང་ལྷ་མིའི་བདེ་འབྱུང་གནས། རྒྱལ་བ་རྒྱ་མཚོའི་སྤྲིན་ཕུང་དང་བཅས། ཡེ་ཤེས་ལས་གྲུབ་གཞལ་ཡས་ཁང་། ནམ་མཁའི་དབྱིངས་ཁྱབ་ལོངས་སྐུའི་དཔལ་འབྱོར་ཆོས་སྐུའི་ཞིང་གི་སྙིང་པོ་ཅན། མ་ལུས་ཡོངས་བཀང་བདེ་ཆེན་རྒྱ་མཚོར་འགྲོ་ཀུན་ཕྱམ་གཅིག་བགྲོད་པར་ཤོག །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་སྤྲིན། །སྲིད་ཞིའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །ཕུན་ཚོགས་བསོད་ནམས་ཞིང་ལ་ཕུལ་བ་ཡིས། །འགྲོ་ཀུན་ཐར་བའི་གྲོང་དུ་ཕྱིན་པར་ཤོག །ཅེས་བརྗོད་སླར་ཡང་ཀུན་བཟང་མཆོད་སྤྲིན་ནི། བཞི་ཆོད། ཧོ་སྣང་སྲིད་ཡོངས་རྫོགས་དམ་པ་རིགས་བརྒྱའི་ལྷ། །སྣོད་བཅུད་མ་ལུས་འདོད་ཡོན་རོལ་པའི་རྒྱན། །ཀུན་བཟང་མཆོད་པའི་སྤྲིན་ཕུང་འབྱམས་ཀླས་པ། །ཆོས་ཉིད་མངོན་སུམ་དོན་གྱི་ལྷ་ལ་འབུལ། །ཉམས་སྣང་གོང་འཕེལ་ངང་དུ་བཞེས་ནས་ཀྱང་། །རིག་པ་ཚད་ཕེབས་ཀློང་དུ་ཚོགས་རྫོགས་ཤིང་། །ཆོས་ཟད་བློ་འདས་ཆེན་པོར་སངས་རྒྱས་ཏེ། །འཁོར་བ་དོང་ནས་སྤྲུག་པའི་དངོས་གྲུབ་སྩོལ། །ན་མཿསརྦ་ཏ་ཐཱ་གཱ་ཏ་བྷྱོ༴ སོགས ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བརྗོད། གཉིས་པ་སྦྱོར་བ་སྨན་གྱི་སྐོང་། མཐེབ་སྤྲིན་ཉི་ཟླའི་ག་ལུས་འབུལ། ཧོ་བདེ་ཆེན་འཁོར་ལོའི་བྷནྡ་རུ། །ཧཾ་ཡིག་རང་བྱུང་བདུད་རྩིར་བསྐྱིལ། །སྲོག་འཛིན་ཡེ་ཤེས་ཐིག་ལེ་འདིས། །སྤྲུལ་སྐུའི་ལྷ་ཚོགས་ཐུགས་དམ་བསྐང་། །བསྐང་འགྱུར་དབང་དང་དངོས་གྲུབ་སྩོལ། །ལོངས་སྤྱོད་འཁོར་ལོའི་བྷནྡ་རུ། །བཟའ་བཏུང་ལྷུན་གྲུབ་བདུད་རྩིར་བསྐྱིལ། །རྩ་མདུད་རང་གྲོལ་ཐིག་ལེ་འདིས། །ལོངས་སྐུའི་ལྷ་ཚོགས་ཐུགས་དམ་བསྐང་། །བསྐང་གྱུར༴ ཆོས་ཀྱི་འཁོར་ལོའི་བྷནྡ་རུ། །དྲན་བསམ་རྣམ་རྟོག་བདུད་རྩིར་བསྐྱིལ། །དུག་གསུམ་རྣམ་གྲོལ་ཐིག་ལེ་འདིས། །ཆོས་སྐུའི་ལྷ་ཚོགས༴ བསྐང་གྱུར༴ སྤྲུལ་པའི་འཁོར་ལོའི་བྷནྡ་རུ། །དྲན་བསམ་རྣམ་རྟོག་བདུད་རྩིར་བསྐྱིལ། །དུག་གསུམ་རྣམ་གྲོལ་ཐིག་ལེ་འདིས། །ཆོས་སྐུའི་ལྷ་ཚོགས༴ བསྐང་གྱུར༴ སྤྲུལ་པའི་འཁོར་ལོའི་བྷནྡྷ་རུ། །འབར་འཛག་བཅུད་ཀྱི་བདུད་རྩིར༴ བདེ་བ་ཆེན་པོའི་ཐིག་ལེ་འདིས། །མི་འགྱུར་རྡོ་རྗེའི་ཐུགས་དམ་བསྐང་། །བསྐང་གྱུར༴ བདེ་སྐྱོང་འཁོར་ལོའི་བྷནྡྷ་རུ། །བྱང་ཆུབ་སེམས་མཆོག་བདུད་རྩིར་བསྐྱིལ། །དགའ་བཞིའི་དབྱིངས་གྲོལ་ཐིག་ལེ་འདིས། །མངོན་པར་བྱང་ཆུབ༴ བསྐངས་གྱུར༴ གསུམ་པ་སྒྲོལ་བའི་རཀྟས་སྐོང་། ཧཱུཾ་ཀློང་ལྔ་དབྱིངས་ཀྱི་ཀཱ་པ་ལར། །སྣང་སྲིད་ཡུམ་གྱི་རཀྟར་བསྐྱིལ། །ཀུན་ཏུ་བཟང་པོའི་རྫས་མཆོག་འདིས། །ཞི་ཁྲོའི་ལྷ་ཚོགས༴ བསྐང་གྱུར༴ སྟོང་ཆེན་ཡུམ་གྱི་ཀཱ་པ་ལར། །སྣང་སྲིད་བཅུད་ཀྱི་རཀྟར་བསྐྱིལ། །གཙང་རྨེ་བྲལ་བའི་རྫས་མཆོག་འདིས། །ཞི་ཁྲོའི་ལྷ་ཚོགས༴ བསྐང༴ ཨེ་དབྱིངས་ཆོས་འབྱུང་ཀཱ་པ་ལར། །ཞིང་བཅུའི་སྙིང་ཁྲག་རཀྟར་བསྐྱིལ། །འཁོར་བ་ལུགས་ལྡོག་རྫས་མཆོག་འདིས། །ཞི་ཁྲོའི༴ བསྐང༴ དབུ་མ་རྩ་ཡི་ཀཱ་པ་ལར། །དུག་གསུམ་རྣམ་དག་རཀྟ་བསྐྱིལ། །རྒྱུད་དྲུག་ཀུན་གྲོལ་རྫས་མཆོག་འདིས། །ཞི་ཁྲོའི༴ བསྐང༴ སྒྲ་གཅན་རླུང་གི་ཀ་པ་ལར། །ཙནྡྲ་ལི་ཡི་རཀྟར༴ དགའ་བཞི་བདེ་སྟོང་རྫས་མཆོག་འདིས། །ཞི་ཁྲོའི༴ བསྐངས༴ བཞི་བ་ཟུང་འཇུག་གཏོར་མའི་སྐོང་༴ ཧཱུཾ་ཧྲཱིཿ མ་བཅོས་ཀློང་ཡང་གཏོར་གཞོང་དུ། །སྣང་སྲིད་ཡོངས་གྲོལ་གཏོར་མར་བཤམས། །དངོས་འཛིན་བྲལ་བའི་དམ་རྫས་འདིས། །རང་སྣང་ཞི་ཁྲོའི༴ བསྐང༴ བདེན་མེད་སྒྱུ་མའི་གཏོར་གཞོང་༴ གཏད་མེད་ཆོས་སྐུའི་གཏོར་མར༴ ཚོགས་དྲུག་རང་ཡན་དམ་རྫས་འདིས། །རང་སྣང་ཞི་ཁྲོའི༴ བསྐང༴ ལྷུན་གྲུབ་ཕུང་པོའི་གཏོར༴ དོན་སྣོད་རང་བྱུང་གཏོར༴ ཁྱད་པར་རྨད་བྱུང་དམ་རྫས༴ རང་སྣང་༴ བསྐང༴ ལྔ་ཕུང་སྒྱུ་མའི་གཏོར༴ བདུད་རྩི་ལྔ་ཡི་གཏོར༴ རིགས་ལྔ་བཅུད་ཀྱི་དམ་རྫས༴ རང་སྣང་༴ བསྐང༴ བྷ་ག་དབྱིངས་ཀྱི་གཏོར༴ ལིང་ག་རིག་པའི་གཏོར༴ ཟུང་འཇུག་བདེ་ཆེན་དམ༴ རང་༴ བསྐང༴ ལྔ་པ་སྣང་གསལ་མར་མེའི་སྐོང་། ཨཱཿ ཀུན་གཞི་རང་བྱུང་ཀོང་བུ་རུ། །རྣམ་ཤེས་རྣམ་དག་སྡོང་བུ་བཙུགས། །ཆོས་དབྱིངས་ཡེ་ཤེས་མར་ཁུས་གཏམ། །རིག་པ་རང་གསལ་སྒྲོན་མེ་སྦར། །ཀ་དག་གཞི་ཡི་སྣང་བ་འདིས། །མི་བསྐྱོད་རིགས་མཆོག༴ བསྐངས༴ དབྱིངས་རིག་སྟོང་པའི་ཀོང་བུ་རུ། །ལྷུན་གྲུབ་གཟུགས་སྣང་སྡོང་༴ མེ་ལོང་ཡེ་ཤེས་མར༴ ཤེས་རབ་རང་བྱུང་སྒྲོན་མེ༴ ཆོས་ཉིད་མངོན་སུམ་སྣང་བ༴ རྣམ་སྣང་རིགས་མཆོག༴ བསྐང༴ ཀ་ཏི་ཤེལ་གྱི་ཀོང་༴ ཚོར་བ་རྣམ་དག་སྡོང་༴ མཉམ་ཉིད་ཡེ་ཤེས་མར༴ རྒྱངས་ཞག་འོད་གསལ་སྒྲོན༴ ཉམས་སྣང་གོང་འཕེལ་སྣང་༴ རིན་ཆེན་རིགས་མཆོག༴ བསྐང༴ འཇའ་ཟེར་ཐིག་ལེའི་ཀོང་༴ འདུ་ཤེས་རྣམ་དག་སྡོང་༴ སོར་རྟོག་ཡེ་ཤེས་མར༴ དག་པ་དབྱིངས་ཀྱི་སྒྲོན༴ རིག་པ་ཚད་ཕེབས་སྣང་བ་འདིས། སྣང་མཐའི་རིགས་མཆོག༴ བསྐང༴ གཞོན་ནུ་བུམ་སྐུའི་ཀོང་བུ༴ འདུ་བྱེད་རྣམ་དག་སྡོང་༴ བྱ་གྲུབ་ཡེ་ཤེས་མར༴ ཐིག་ལེ་སྟོང་པའི་སྒྲོན༴ བློ་བྲལ་ཆོས་ཟད་སྣང་༴ དོན་གྲུབ་རིགས་མཆོག༴ བསྐང༴ དེ་ལྟར་བསྐང་ནས་རྗེས་འབྲེལ་བཤགས་པ་ནི་ལྷུག། ཡེ་ཤེས་ལྷ་དང་མཁའ་འགྲོ་དམ་ཚིག་ཅན། །ཕྱི་ནང་སྲུང་མ་མ་ལུས་དགོངས་སུ་གསོལ། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབ་པའི་ལྷ། །སྲུང་མ་དམ་ཅན་མ་ལུས་དགོངས་སུ་གསོལ། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་དང་། །རིག་འཛིན་སྒྲུབ་པོ་རྣམས་ཀྱང་དགོངས༴ རྣལ་འབྱོར་དམ་ཚིག་བསྲུང་བར་ཞལ་འཆེས་པའི། །སྐུ་གསུམ་གདུང་འཚོབ་རྣམས་ཀྱང་དགོངས་སུ་གསོལ། །བཀོད་པའི་རྒྱལ་པོ་དམ་ཚིག་འབུམ་སྡེ་ལས། །ཡོ་ག་རྣམ་པ་བཞི་ཡི་དོན་ཆེད་དུ། །མཁྱེན་རབ་མཆོག་ཏུ་གྱུར་པའི་གསང་བདག་གིས། །ཉི་ཤུ་རྩ་བརྒྱད་མདོར་བསྡུས་གྲངས་བསྟན་པ། །རྟོགས་ནས་བསྲུང་ཞིང་བསྒྲུབ་པར་དམ་བཅས་པའི། །ཚུལ་ལམ་གཞུང་བཞིན་སྒྲུབ་རྔོ་མ་ཐོགས་པར། །མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱི། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །རིས་ཆོད་རང་གར་བསྲུང་མཚམས་འདས་པ་དང་། །མ་རྟོགས་མ་བསྲུང་བསྒྲུབ་པའི་རྩལ་ཆུང་བས། །རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལས། །ཉམས་ཆག་འགལ་འཁྲུལ་གྱུར་པ་མཐོལ་ལོ་བཤགས། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་ལ། །ལོག་ལྟ་ངན་སེམས་སྐུ་འཕྲོག་བརྡེག་ལ་སོགས། །ངན་དུ་སྨྲ་ཞིང་གནོད་པ་དངོས་སུ་བགྱིས། །སྐུ་ཡི་དམ་ཚིག་ཉམས༴ ཡི་དམ་ལྷ་ཡི་ཏིང་འཛིན་གཡེལ་གྱུར་ཅིང་། །ཕྱག་རྒྱ་རྣམ་བཞི་གཞུང་བཞིན་མ་གསལ་ཏེ། །སྔགས་དང་བཟླས་བརྗོད་སྙིང་པོ་བར་ཆད་པས། །གསུང་གི་དམ་ཚིག་ཉམས༴ གསང་བཅུ་ལ་སོགས་མན་ངག་གཉེར་གཏད་པ། །དམ་ཚིག་ཉམས་དང་མ་འདྲེས་མེད་པ་ལ། །ཚིག་ཏུ་འཛགས་ཤིང་སྤྱོད་ལམ་རྩིང་པ་ཡིས། །ཐུགས་ཀྱི་དམ་ཚིག་ཉམས༴ སྤྱད་པར་བྱ་བའི་དམ་ཚིག་རྣམ་པ་ལྔ། །སྦྱོར་སྒྲོལ་མ་བྱིན་ལེན་དང་རྫུན་དུ་སྨྲ། །ཚིག་བརླང་ལ་སོགས་དམ་ཚིག་རྣམ་ལྔ་ནི། །གཉིས་སུ་མེད་པའི་ངང་དུ་མཉམ་སྦྱོར་ནས། །འགྲོ་བའི་དོན་དུ་གཞུང་བཞིན་སྤྱད་རྒྱུ་ལ། །བཀའ་དང་གཞུང་བཞིན་སྤྱད་པར་མ་གྱུར་ཏེ། །མ་རིག་ལོག་པར་སྤྱད་པའི་ཉེས་བྱས་ཀྱིས། །སྤྱད་པའི་དམ་ཚིག་ཉམས༴ མི་སྤང་པ་ཡི་དམ་ཚིག་རྣམ་ལྔ་ནི། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཉོན་མོངས་རྣམ་ལྔ་ནི། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར། །རྟོགས་ནས་སྤང་དུ་མེད་པར་གནས་རྒྱུ་ལ། །དེ་བཞིན་མ་རྟོགས་ཉོན་མོངས་རང་དགར་སྤྱད། །མི་སྤངས་དམ་ཚིག༴ དང་དུ་བླངས་བའི་དམ་ཚིག་ལྔ་པོ་ནི། །དྲི་ཆེན་དྲི་ཆུ་དམར་ཆེན་ཟིལ་པ་དང་། །ཤ་ཆེན་ལ་སོགས་དམ་རྫས་རྣམ་པ་ལྔ། །གྲུབ་པ་བཞི་དང་ཡིན་པ་གསུམ་ལ་སོགས། །སོ་སོའི་རྣམ་པར་རྟོགས་པ་ཀུན་སྦྱོར་ཞིང་། །དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་ཆེན་པོ། །འཛིན་རྟོག་མེད་པར་དང་དུ་བླང་རྒྱུ་ལ། །གཉིས་མེད་ལྟ་བས་དང་དུ་མ་བླངས་ཏེ། །གཙང་རྨེར་བལྟས་ནས་ཚུལ་བཞིན་མ་བླངས་པས། །བརྟེན་པའི་དམ་ཚིག་ཉམས་པ༴ ཤེས་པར་བྱ་བའི་དམ་ཚིག་རྣམ་ལྔ་ལ། །ཕུང་པོ་ལྔ་དང་འབྱུང་བ་ཆེན་པོ་ལྔ། །ཁ་དོག་ལྔ་དང་ཡུལ་ལྔ་དབང་པོ་ལྔ། །རྣམ་ཤེས་ལྔ་དང་རིགས་ལྔ་ཡེ་ཤེས་ལྔ། །ཡབ་ལྔ་ཡུམ་ལྔར་སྦྱོར་ཞིང་ཤེས་པ་ཡིས། །རྟོགས་པ་ཁྱད་པར་ཅན་དུ་བགྱིད་རྒྱུ་ལས། །རྨོངས་ཤིང་འཁྲུལ་བས་དེ་ལྟར་མ་རྟོགས་ཏེ། །ཉན་ཐོས་ལ་སོགས་ཐེག་པ་འོག་མ་ལས།།རྟོོགས་པ་ཁྱད་པར་ཅན་དུ་མ་གྱུར་ཏེ། །ཤེས་བྱའི་དམ་ཚིག༴ བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་རྣམས་ལ། །རྡོ་རྗེའི་རིགས་དང་དེ་བཞིན་གཤེགས་པའི་རིགས། །རིན་ཆེན་རིགས་དང་དེ་བཞིན་པདྨའི་རིགས། །ལས་ཀྱི་རིགས་ལ་སོགས་ཏེ་སངས་རྒྱས་ལྔ། །འདི་ནི་བསྒྲུབ་པར་བྱ་བའི་འབྲས་བུ་སྟེ། །སྒོམ་སྒྲུབ་ཏིང་འཛིན་ལེ་ལོ་མེད་པ་ཡིས། །གྲུབ་པའི་འབྲས་བུ་ཐོབ་པར་བགྱིད་རྒྱུ་ལ། །འབད་པའི་རྩལ་ཆུང་སྒོམ་སྒྲུབ་ཡུན་ཐུང་བས། །སྒྲུབ་པའི་འབྲས་བུ་ད་དུང་མ་ཐོབ་སྟེ། །བསྒྲུབ་བྱའི་དམ་ཚིག་ཉམས༴ དེ་ལ་སོགས་ཏེ་དམ་ཚིག་ཆེན་པོ་ཡི། །གཞུང་དང་འགལ་པར་གྱུར་པ་ཉེས་བྱས་ཤིང་། །ཡེ་ཤེས་ལྷ་དང་མཁའ་འགྲོ་དམ་ཚིག་ཅན། །མ་སྲིང་རྒྱ་མཚོའི་ཐུགས་དང་ཅི་འགལ་བ། །ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ཞིང་༴ །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་དང་། །རྣལ་འབྱོར་དོན་ཅན་ཐུགས་དང་ཅི་འགལ་བ། །དམ་ལས་འགལ་གྱུར་འགྱོད་པས་མཐོལ་ཞིང་༴ བདག་གིས་རྩེ་གཅིག་ཟོལ་ཟོག་མེད་པ་ཡི། །སྒྱུ་མེད་སེམས་ཀྱིས་བཤགས་སྦྱངས་འདི་བརྗོད་པས། །བདག་ཉིད་ཉམས་ཆག་སྒྲིབ་པ་འདིར་བྱང་ནས། །ཚེ་འདི་ཉིད་ལ་རིག་འཛིན་ས་ཐོབ་ཏེ། །བྱིན་རླབས་རྩ་འཕང་གཟི་བརྗིད་ནུས་མཐུ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་བཤགས་རྗེས་མར་མེ་སྨོན་ལམ་ནི། བཞི་ཆོད། དྲིལ་མེད། ཐལ་སྦྱར། ཧཱུཾ་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །རིག་གདངས་སློབ་དཔོན་གཉན་གྱིས་དབུ་བཟུང་ནས། །རིག་རྩལ་ལུ་གུ་རྒྱུད་ཀྱི་མཆེད་ལྕམ་ནས། །རིག་སྟོང་རྗེན་པའི་གཤིས་ལས་མི་འདའ་ཤོག །ནམ་ཞིག་གདོད་མའི་ལྷུམས་སུ་ཞུགས་པའི་ཚེ། །མ་རིག་འཁྲུལ་པའི་གཡང་སར་མི་བཏང་ཞིང་། །འཁོར་བ་ལུ་གུ་རྒྱུད་དུ་མི་ལྟུང་བར། །འཁོར་བ་ཀ་ནས་དག་པའི་གཞི་དབྱིངས་ཆེར། །གཞི་སྣང་གཞོན་ནུ་བུམ་སྐུར་གྲོལ་བར༴ གལ་ཏེ་གདོད་མའི་ས་ལ་མ་གྲོལ་ན། །ལྷུན་གྲུབ་ཞི་ཁྲོའི་སྣང་བ་ཤར་བའི་ཚེ། །རང་སྣང་ཡེ་ཤེས་ཆེན་པོར་ངོ་འཕྲོད་ནས། །བར་དོར་ལོངས་སྤྱོད་རྫོགས་སྐུར་གྲོལ་བར༴ ཡེ་གངས་གསལ་སྟོང་དག་པ་གཉིས་ལྡན་ཆེ། །སྟོང་གཟུགས་དངས་མ་ལྔ་ལྡན་རིགས་སྔའི་ཞིང་། །རང་སྣང་རྣམ་དག་ལོངས་སྐུའི་ཞིང་ཁམས་སུ། །དག་པ་གསུམ་གྱི་འཁོར་ལ་ཆོས་སྟོན་ཤོག །གལ་ཏེ་ལོངས་སྐུའི་ཞིང་དུ་མ་གྲོལ་ན། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ལྔ་ཚོམ་དང་། །རིགས་འདུས་རྔ་ཡབ་དཔལ་རིའི་ཕོ་བྲང་ཆེར། །སྐད་ཅིག་ཉིད་ལ་བརྫུས་ཏེ་སྐྱེས་ནས་ཀྱང་། །རིག་འཛིན་རྣམ་བཞིའི་གྲལ་དུ་སྨིན་པར་ཤོག །ཐེག་པ་རིམ་དགུའི་ཡང་རྩེ་ཡོ་ག་གསུམ། །དེ་ལས་རྣམ་པར་འདས་པ་མན་ངག་སྡེའི། །དགོངས་ཀློང་བྱ་རྩོལ་བྲལ་བའི་གཤིས་ལུགས་སུ། །བློ་བྱས་བདེན་ཞེན་དྲི་མ་དག་པར་ཤོག །རང་རིག་གདོད་ནས་དག་པའི་ངང་མདངས་སུ། །རང་རྩལ་དམ་པ་རིགས་བརྒྱ་ཞི་ཁྲོའི་སྐུ། །སྣང་ལ་རང་བཞིན་མེད་པའི་དལ་བཀྲམ་སྟེ། །ཡེ་ཤེས་མཐོང་བ་དག་པའི་མར་མེ་འབུལ། །ཉོན་མོངས་འཁོར་བའི་ཆོས་ཀྱི་མུན་པ་སངས། །བཟང་ཞེན་ཤེས་བྱའི་སྨག་རུམ་བསལ་ནས་ཀྱང་། །བརྗོད་མེད་ལྷག་མཐོང་ཡེ་ཤེས་ཆེན་པོའི་ཀློང་། །ཉམས་རྟོགས་རིག་པའི་རྩལ་ཆེན་རྫོགས་པར་ཤོག །ཕུང་པོ་ལྔ་དག་རིགས་ལྔའི་ཞིང་དུ་གྲོལ། །འབྱུང་ལྔ་གནས་དག་རིགས་ཀྱི་ཡུམ་ལྔར་སྨིན། །རྣམ་ཤེས་དབང་དག་སེམས་དཔའ་བརྒྱད་དུ་གྲོལ། །སྣང་བཞི་ཟད་ནས་འཇའ་ལུས་འགྲུབ་པར་ཤོག །དྲན་རིག་འོད་གསལ་ཆེན་པོའི་མར་མེ་འདི། །རྒྱུན་ཆད་མེད་པར་སྦར་བའི་བསོད་ནམས་མཐུས། །ལས་རླུང་བག་ཆགས་མུན་པ་དྲུང་དུ་ཕྱུང་ནས། །ཀུན་བཟང་དགོངས་ཀློང་ཕྱམ་གཅིག་གྲོལ་པར་ཤོག །དེ་ལྟར་བཏང་མཐར་བཤགས་སྐོང་འདི་བཞིན་བརྗོད། ལྷུག། ཨོཾ་ཡེ་ཤེས་མཁའ་འགྲོ་དབང་ཕྱུག་ཁྲོ་རྒྱལ་གཙོ། །བདེ་ཆེན་གཉིས་མེད་ཡུམ་གྱི་དབྱིངས་སུ་སྦྱོར། །བདག་ཏུ་ལྟ་བའི་ང་རྒྱལ་འཇོམས་མཛདཔའི། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཏ་ནའི་གནས་མཆོག་སྒྲོལ་བ་གནས་མ་སྟོབས། །གྷ་ནའི་གནས་མཆོག་སྦྱོར་བ་བྱིན་མ་རློབས། །དཔལ་ཆེན་ཁྲོ་རྒྱལ་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རྨད་དུ་བྱུང་བའི་མཆོད་པ་ཏན་གཉིས། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པ་ལྔ་ཡི་ཡོན་ཏན་བསམ་ཡས་ཀྱིས། །ཡེ་ཤེས་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་ཐུགས་རྗེ་ཡིས། །རྩེ་གཅིག་སྒྲུབ་པ་པོ་ཡི་གྲོགས་མཛོད་ལ། །བར་ཆད་བྱེད་པའི་དགྲ་བགེགས་རྡུལ་དུ་རློགས། །གྲུབ་པའི་འབྲས་བུ་དུས་འདིར་སྩལ་དུ་གསོལ། །ཧཱུཾ་རྡོ་རྗེ་མཁའ་འགྲོ་དབང་ཕྱུག་ཀཽ་རི་བརྒྱད། །སེང་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད། །རྟ་གདོང་ལ་སོགས་འབར་མ་ཁྲོ་མོ་བཞི། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཨོཾ་སྒོམ་སྒྲུབ་དུས་ལས་གཡེལ་པར་གྱུར་པ་ཡིས། །སྒྲུབ་པའི་རྫས་མཆོག་བདུད་རྩི་ཨམྲྀ་ཏ། །དུས་དྲུག་མཆོད་པའི་ཚུལ་དུ་མ་སྦྱར་བ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །བྱང་ཆུབ་སེམས་དང་མཱཾ་པ་རཀྟ་དང་། །དྲི་ཆེན་དྲི་ཆུ་གོ་ཀུ་ད་ཧ་ན། །གཉིས་མེད་སྦྱར་བའི་སྨན་མཆོག་ཨམྲྀ་ཏས། །རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །འབར་བའི་སྐུ་མཆོག་རྫོགས་པའི་དཀྱིལ་འཁོར་དུ། །བདུད་དང་སྲིན་པོ་མ་ལུས་འདུལ་བ་དང་། །རྩེ་གཅིག་སྒྲུབ་པ་པོ་ལ་ཞལ་སྟོན་ལ། །བར་གཅོད་བྱེད་པའི་དགྲ་བགེགས་རྡུལ་དུ་རློགས། །ཨོཾ་ཤ་ཟ་མཁའ་འགྲོ་དབང་ཕྱུག་ཉི་ཤུ་བརྒྱད། །སྲིད་གསུམ་རྒྱལ་མོ་དུར་ཁྲོད་བརྒྱད་ཀྱི་ཡུམ། །གཙོ་མོ་མངོན་སྤྱོད་མ་བདུན་འཁོར་དང་བཅས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །མཆོད་པ་ལོ་ཟླའི་དུས་ལས་འདས་པ་དང་། །རྫས་དང་ཕྱག་རྒྱ་དུས་འདིར་མ་རྫོགས་ཤིང་། །ཤ་ཁྲག་དམར་གྱི་དམ་ལས་གཡེལ་གྱུར་ཏེ། །ཤ་ཟ་མཁའ་འགྲོའི་ཐུགས་དང་ཅི་འགལ་བ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །དུར་ཁྲོད་རྫས་མཆོག་ཐལ་ཆེན་བ་སུ་ཏ། །ཤ་ཁྲག་དམར་གྱི་མཆོད་པ་རབ་སྦྱར་ཏེ། །བྷནྡྷའི་སྣོད་དུ་དམར་ཆེན་བསྐྱིལ་བ་འདིས། །ཤ་ཟ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །ཨོཾ་སྔོན་ཚེ་དཔལ་ཆེན་ཁྲོ་རྒྱལ་སྤྱན་སྔ་རུ། །སུས་ཀྱང་མ་བཅོས་ཉིད་ཀྱི་ཞལ་འཆེས་ཏེ། །རྩེ་གཅིག་སྒྲུབ་པ་པོ་་ཡི་གྲོགས་མཛོད་ལ། །རྣལ་འབྱོར་དབང་ཕྱུག་ཆེན་པོའི་འཁོར་སྲུངས་ཤིག །ཨོཾ་ལས་ཀྱི་མཁའ་འགྲོ་ཕྱི་ཡི་རྣལ་འབྱོར་བཞི། །བདག་ཉིད་ཆེན་མོ་ལ་སོགས་མ་མོའི་ཚོགས། །ལྷ་དང་ལྷ་མིན་ཕྱོགས་བཅུའི་མཁའ་འགྲོ་མ། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ལྟ་བ་མཐོས་པས་སྤྱོད་ལམ་རྩིང་པ་དང་། །ཉ་སྟོང་གསོ་སྦྱོང་དུས་ལས་གཡེལ་གྱུར་ཅིང་། །གཉིད་ཆགས་རྨོངས་པས་ཕྱི་མཆོད་མ་བསྐངས་པ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །དམ་ཚིག་ལྷག་མ་ཁ་ཆུའི་འོད་ཟེར་འཕྲོ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཨ་མྲྀ་ཏ། །ཤ་ཁྲག་བདུད་རྩིའི་མཆོད་པ་ཆེན་པོ་འདིས། །ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །ཨོཾ་སྟོང་ཁམས་ཡོངས་སུ་འཆོལ་བར་གྱུར་མོད་ཀྱང་། །བདག་ནི་རྡོ་རྗེའི་དམ་ལས་མི་འདའ་ཞིང་། །དཔལ་ཆེན་སྒོམ་སྒྲུབ་ལས་ལ་བརྩོན་ལགས་ན། །སྐྱེས་ཆེན་ཁྱེད་ཀྱི་ཐུགས་དམ་མཉེས་གྱུར་ཅིག །དུར་ཁྲོད་ཀློང་དགུའི་མཁའ་འགྲོ་རྣམ་བཞིའི་ཚོགས། །ཁམས་གསུམ་འཁོར་བའི་སྡུག་བསྔལ་ཅི་འདྲ་བ། །བྱམས་མགོན་ཁྱེད་ཀྱི་ཐུགས་ལ་དེ་ལྟར་གསལ། །དམྱལ་ཚོགས་མེ་ལྟར་འབར་བ་ཞི་བར་མཛོད། །ཐུགས་རྗེའི་གདུང་འཚོབ་རིག་འཛིན་བདག་གིས་ནི། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འདའ་དཀའ་རྡོ་རྗེ་དམ་ཚིག་མཆོག་གསུམ་པོ། །རྒྱལ་བའི་བཀའ་ལས་འདའ་བར་མི་བགྱིད་ལ། །གསང་སྔགས་འཆོལ་བར་གྱུར་པས་བསལ་དཀའ་མོད། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐངས་སོ་འཚལ། །བློ་སེམས་རྟུལ་བས་སྐྱོན་ཅན་མ་རྟོགས་ཏེ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །གྲོགས་ངན་ཉམས་གྲིབ་སྐྱོན་གྱིས་མ་གོས་ཤིང་། །ཉམས་པ་རྣམས་ལ་ཆད་པ་སྒོར་བཅད་དེ། །འདི་ཕྱིའི་རྐྱེན་དང་སྒྲིབ་པར་མི་འགྱུར་བར། །ཕྲ་མེན་སྤྲུལ་ཚོགས་དབྱེ་བསལ་མཛད་དུ་གསོལ། །ཞེས་བརྗོད་བཅུ་པ་ཚོགས་མཆོད་འབུལ་ནས་སུ། བཞི་ཆོད། ཀུན་བཟང་ཡབ་ཡུམ་ཞི་ཁྲོ་རབ་འབྱམས་ཚོགས། །དུས་གསུམ་བདེ་གཤེགས་རིག་འཛིན་བླ་མ་དང་། །སློབ་དཔོན་ཆེན་པོ་པདྨ་ཡབ་ཡུམ་ལ། །བདེ་ཆེན་ཚོགས་ཀྱི་མཆོད་པ་དམ་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སྐུ་གསུང་ཐུགས་ཀྱི་ཉམས་ཆག་བསྐང་གྱུར་ཅིག །རྡོ་རྗེ་ཕག་མོ་བདེ་གཤེགས་རིགས་ཀྱི་ཡུམ། །མཁའ་འགྲོ་སྡེ་ལྔ་སོ་སོའི་སྤྲིན་ཚོགས་དང་། །སྲོག་སྒྲུབ་ལ་སོགས་དམ་ཅན་རྒྱ་མཚོའི་ཚོགས། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །སྙིང་ཏིག་བསྟན་པ་བསྲུང་བར་ཞལ་བཞེས་པ། །འཇིག་རྟེན་ལས་གྲུབ་ཡེ་ཤེས་ཚོགས་བཅས་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་ལྷ་སྲིན་བརྒྱད། །ཡུལ་ལྷ་གཞི་བདག་འདིར་འདུས་མགྲོན་རྣམས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །དགྱེས་མཛད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་རྣམས་མ་ལུས་བཟློག་པ་དང་། །རྣལ་འབྱོར་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཨོཾ་ཨཱཿཧཱུཾ་གུ་རུ་དྷེ་ཝ་ཌཱཀྐི་ནི། །ཨོཾ་ཧཱུཾ་ཏྲཾ་ཧྲཱིཿ ཨ་བཾ་ལཾ་རཾ་ཡཾ་ཨེ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཤྲྀ་མ་ཧཱ་ཀཱ་ལི་མ་མ་རཀྨོ། ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི། ག་ན་ཙཀྲ་པཱུཙྪ་ཁ་ཁ་ཁཱ་ཧི། མ་ཧཱ་སུ་ར་ཏ་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མཧཱ་རཀྟ༴ མ་ཧཱ་ཙིཏྟ༴ མ་ཧཱ་ཀོ་རོ་ཙ་ན༴ མ་ཧཱ་བ་པུ་ཏ༴ མ་ཧཱ་བ་ལིངྟ་སི་ཏི་ཕ་ལ་ཨཱཿཧཱུཾ་ཞེས་བརྗོད་རོལ་མོའི་སྒྲ་དང་བཅས་པས་མཆོད་དོ། དེ་ནས་བསྟོད་པ་ནི། ཧཱུཾ་ངང་ཉིད་མ་སྐྱེས་ཆོས་སྐུ་དག་པ་ལས། སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་སྟོན་མཛད་པ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་གཅུ་གཅིག་ཁྲོ་བོའི་བསྐང་བ་ལ། རྣམ་གྲངས་གཉིས་ཏེ་ཞི་སྐོང་ནི། ཨོཾ་ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །ཆོས་ཀྱི་ངོ་བོ་གནས་དག་པ། །ཀུན་ཏུ་བཟང་མོའི༴ ཕུང་པོ་ལྔ་པོ་གནས༴ རྒྱལ་བ་ཡབ་ལྔའི༴ འབྱུང་བ་ལྔ་པོ་གནས༴ རྒྱལ་བ་ཡུམ་ལྔའི༴ རྣམ་ཤེས་ཚོགས་བརྒྱད་གནས༴ སེམས་དཔའ་བརྒྱད་ཀྱི༴ རྣམ་ཤེས་ཡུལ་བརྒྱད༴ སེམས་མ་བརྒྱད༴ ལུས་ཀྱི་ཆོས་བཞི་གནས༴ ཁྲོ་བོ་བཞི་ཡི༴ རྟག་ཆད་མུ་བཞི་གནས༴ ཁྲོ་མོ་བཞི་ཡི༴ ཉོན་མོངས་དྲུག་པོ༴ ཐུབ་པ་དྲུག་གི་ཐུགས་དམ་བསྐང་། ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། ཞེས་བཏང་དེ་ནས་མཐར་ཞི་བཤགས་འདི་ལྟར་བྱ། ལྷུབ། ཀུན་བཟང་ཡབ་ཡུམ་གསན་ཅིང་དགོངས་སུ་གསོལ། །ཡིད་དང་ཆོས་ནི་ཡེ་ནས་མངོན་སངས་རྒྱས། །ཀུན་བཟང་ཡབ་ཡུམ་དགོངས་སྤྱོད་དེ་འདྲ་ཡང་། །དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ། །ཀུན་བཟང་ཡབ་ཡུམ་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རྒྱལ་བ་རིགས་ལྔ་གསན་ཅིང་༴ ཕུང་པོ་ལྔ་ནི་ཡེ་ནས་མངོན༴ རྒྱལ་བ་རིགས་ལྔའི་དགོངས་སྤྱོད༴ དེ་ལྟར་བདག་གིས༴ རྒྱལ་བ་རིགས་ལྔའི་ཐུགས༴ ཐུགས་རྗེ་ཆེ་མངའ༴ རིགས་ཀྱི་ཡུམ་རྣམས་གསན༴ འབྱུང་བ་ལྔ་ནི་ཡེ༴ རིགས་ཀྱི་ཡུམ་ལྔའི་དགོངས༴ དེ་ལྟར༴ རིགས་ཀྱི་ཡུམ་ལྔའི༴ ཐུགས་རྗེ༴ སེམས་དཔའ་བརྒྱད་རྣམས་གསན༴ རྣམ་ཤེས་བརྒྱད་ནི་ཡེ༴ སེམས་དཔའ་བརྒྱད་ཀྱི་དགོངས༴ དེ་ལྟར༴ སེམས་དཔའ་བརྒྱད་ཀྱི༴ ཐུགས་རྗེ༴ སེམས་མ་བརྒྱད་རྣམས་གསན༴ ཡུལ་བཞི་དུས་བཞི་ཡེ༴ སེམས་མ་བརྒྱད་ཀྱི་དགོངས༴ དེ་ལྟར་བདག་གིས༴ སེམས་མ་བརྒྱད་ཀྱི་ཐུགས༴ ཐུགས་རྗེ་ཆེ༴ ཐུབ་པ་དྲུག་རྣམས་གསན༴ ཉོན་མོངས་དྲུག་ནི་ཡེ་ནས༴ ཐུབ་པ་དྲུག་གི་དགོངས༴ དེ་ལྟར༴ ཐུབ་པ་དྲུག་གི༴ ཐུགས་རྗེ་ཆེ༴ སྒོ་བ་བཞི་རྣམས་གསན༴ ཚད་མེད་བཞི་ནི་ཡེ༴ སྒོ་བ་བཞི་ཡི་དགོངས༴ དེ་ལྟར༴ སྒོ་བ་བཞི་ཡི་ཐུགས༴ ཐུགས་རྗེ༴ སྒོ་མ་བཞི་རྣམས་གསན༴ རྟག་ཆད་མུ་བཞི་ཡེ༴ སྒོ་མ་བཞི་ཡི༴ དེ་ལྟར༴ སྒོ་མ་བཞི་ཡི་ཐུགས༴ ཐུགས་རྗེ༴ སྦྲེལ། ཡང་ཅིག་ཞི་བའི་བཤགས་པ་འདི་ལྟར་བརྗོད། ཨོཾ་རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཞི་བའི་དཀྱིལ་འཁོར་ལྷ་རུ་སྦྱོར་མ་འཚལ། །སངས་རྒྱས་བཞི་བཅུ་གཉིས་ལ་བཟོད་པར་གསོལ། །རང་རིག་ཡེ༴ ཡིད་ཆོས་ཀུན་བཟང་ཡབ་ཡུམ༴ མ་རིག་རང་སེམས་བདག་ཏུ་བཟུང་པའི༴ ཀུན་བཟང་ཡབ་ཡུམ་སྐུ་ལ་བཟོད༴ རང་རིག་ཡེ༴ ཕུང་པོ་ལྔ་པོ་རིགས་ལྔར༴ མ་རིག་རང་༴ རྒྱལ་བ་རིགས་ལྔའི་སྐུ་ལ༴ རང་རིག༴ འབྱུང་བ་ལྔ་རྣམས་ཡུམ་ལྔ༴ མ་རིག༴ རིགས་ཀྱི་ཡུམ་ལྔའི༴ རང་རིག༴ ཤེས་བཞི་དབང་བཞི་སེམས་དཔར༴ མ་རིག༴ བྱང་ཆུབ་སེམས་དཔའི་ཚོགས་ལ༴ རང་རིག༴ ཡུལ་བཞི་དུས་བཞི་སེམས་མར༴ མ༴ བྱང་ཆུབ་སེམས་མའི་ཚོགས༴ རང་བཞིན༴ ཉོན་མོངས་དྲུག་པོ་ཐུབ༴ མ་རིག༴ ཐུབ་དྲུག་སྤྲུལ་པའི༴ རང་རིག༴ དྲེགས་སོགས་རྣམ་བཞི་སྒོ་བ༴ མ་རིག༴ སྒོ་སྐྱོང་ཁྲོ་བོ་བཞི་ལ༴ རང་རིག༴ རྟག་ཆད་མུ་བཞི་སྒོ་མར༴ མ་རིག༴ སྒོ་སྐྱོང་ཁྲོ་བོ་བཞི་ལ༴ རང་རིག༴ མ་རིག་དབང་གིས་འཁྲུལ་བའི་ནོངས་བགྱིས་པ། ཉོན་མོངས་ལས་ཀྱིས་ཡི་དམ་ལྷ་སྤངས་ཏེ། །སླུ་བྱེད་དབང་གིས་སློན་དཔོན་སྙིང་ནས་སྨད། །ང་རྒྱལ་དྲེགས་པས་མཆེད་དང་ལྕམ་དྲལ་དཀྲུགས། །སྲབ་ལ་འཕྱར་བས་གསང་སྔགས་གཞན་ལ་སྤེལ། །སེར་སྣའི་དབང་གིས་མཆོད་པ་དུས་ལས་འདས། །གྲོགས་ངན་སྐྱོན་གྱིས་ཆོ་གའི་གསང་བ་ཆག །བརྟུལ་ཞུགས་ཆུང་བས་བགེགས་སྲིན་ཚར་མ་ཆོད། །རྔམ་ཞིང་ཐུག་ཐུབ་ལྷག་ཕུད་ཉམས་ལ་སོགས། །ཚེ་རབས་ཐོག་མ་མེད་པའི་དུས་མཐའ་ནས། །ཚེ་འདིའི་ལུས་བཟུང་ད་ལྟ་ཡན་ཆད་དུ། །སྡིག་པ་མི་དགེའི་ལས་རྣམས་ཅི་བགྱིས་པ། །དུས་རིག་དུས་མཁྱེན་རྣམས་ལ་བཟོད་པར༴ འཕགས་པ་ལགས་པས་ཁྱེད་ཀྱིས་དང་དུ་བཞེས། །སེམས་ཅན་ལགས་པས་བདག་ནོངས་འཁྲུལ་པ་མཆིས། །སྒྱུ་མ་ལགས་པས་བཤགས་ན་གནང་བར་མཛོད། །ཐབས་ལ་མཁས་པས་ཚངས་པ་སྩལ་དུ་གསོལ། །སྦྲེལ། ཞེས་དང་སླར་ཡང་འདི་ལྟར་བཤགས། ཀུན་ཏུ་བཟང་པོ་ཐུགས་མཆོག་རིན་པོ་ཆེ། །ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཤིང་། །དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི། །བདག་ལུས་སྒྱུ་མར་མ་རྟོགས་སྐུ་བསླུས་ཤིང་། །བདག་དམ་ཉམས་པའི་སེམས་ལ་འགྱོད་པ་སྐྱེས། །ཀུན་བཟང་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ། །རིགས་ལྔའི་སངས་རྒྱས་ཐུགས་མཆོག་རིན་པོ་ཆེ། །ཁམས་གསུམ་དབང་དུ་སྡུད༴ དོན༴ བདག༴ ལུས༴ བདག་དམ༴ རིགས་ལྔ་ཡབ་ཡུམ་སྐུ༴ སེམས་དཔའ་སེམས་མའི་ཐུགས༴ ཁམས་གསུམ་དབང་དུ༴ དོན༴ བདག་ལུས༴ བདག་དམ༴ སེམས་དཔའ་སེམས་མའི་སྐུ༴ སྤྲུལ་སྐུ་ཐུབ་དྲུག་ཐུགས༴ བཅུད་ཀྱི་སེམས་ཅན་ཁམས་གསུམ༴ སྣོད་ཀྱི་འཇིག་རྟེན་དོན༴ བདག་ལུས༴ བདག་དམ༴ སྤྲུལ་སྐུ་ཐུབ་པ༴ སྒོ་བ་སྒོ་མའི༴ ཁམས་གསུམ་དབང་༴ དོན༴ བདག་ལུས༴ བདག་དམ༴ སྒོ་བ་སྒོམ་རྣམས་ལ་བཟོད་པར་གསོལ༴ ཞེས་བཤགས་གཉིས་པ་ཁྲོ་བོའི་སྐོང་བ་ནི། བཞི་ཆོད། ཧཱུཾ་ཀུན་གཞི་ཡིད་ཆོས་གནས་གྱུར་པ། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །ཉོན་མོངས་དུག་ལྔ་གནས་གྱུར་པ། །ཁྲག་འཐུང་ཡབ་ལྔའི༴ འབྱུང་བ་ལུས་ལྔ་གནས༴ ཁྲག་འཐུང་ལྔ༴ རྣམ་བཞིའི་རྟོག་པ་གནས༴ ཧེ་རུ་ཀ་བཞིའི་ཐུགས་དམ་བསྐང་ སྐྱེས་གནས་བཞི་པོ་གནས༴ ཀྲོ་དྷི་རིགས་བཞིའི༴ རྣམ་འགྱུར་ཚོགས་བརྒྱད་གནས༴ ཁྲོ་བོ་བརྒྱད་ཀྱི༴ རྣམ་འགྱུར་ཡུལ་བརྒྱད༴ ཕྲ་མིན་བརྒྱད་ཀྱི༴ རྟག་ཆད་མཐའ་བཞི་གནས༴ སྒོམ་བཞི་ཡི༴ སྣ་ཚོགས་རྟོག་པ་གནས༴ དབང་པོ་ཉེར་བརྒྱད་ཐུགས་དམ་བསྐང་། །མི་ཤིགས་སྐུ་ཡི་ཐུགས་དམ་བསྐང་། །འགགས་མེད་གསུང་གི༴ འགྱུར་མེད་ཐུགས༴ ཡོན་ཏན་མི་ཟད༴ ཕྲིན་ལས་རྒྱན་གྱི་ཐུགས༴ ཡེ་ཤེས་འཁོར་ལོའི༴ ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར༴ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་དང་དེ་མཐར་ཁྲོ་བཤགས་འདི་ལྟར་རོ། །ལྷུབ། ཨོཾ་དང་པོ་རང་བཞིན་མཉམ་པའི་དཀྱིལ་འཁོར་དུ། །གཟུང་འཛིན་གཉིས་ཀྱི་བདག་དང་མ་བྲལ་བས། །གཉིས་སུ་མེད་པའི་གནས་ལུགས་དོན་མ་རྟོགས། །གཉིས་མེད་ཆོས་ཀྱི་སྐུ་ལ་བཟོད་པར་གསོལ། །དོན་དམ་མ་འགགས་གསལ་བའི་གོ་འབྱེད་པའི། །ཟླ་གསལ་དྭངས་བའི་དབྱིངས་སུ་སྐུར་བཞེངས་ལ། །བྱང་ཆུབ་ཐིག་ལེའི་འོད་ཀྱིས་ཁྱབ་མཛད་པ། །ཀུན་སྣང་དྭངས་བའི་སྐུ༴ དོན་དམ་སྐྱེ་བ་མེད་པའི་མཁའ་དབྱིངས་ལས། །འབྲས་བུ་ཡོན་ཏན་འབྱུང་བའི་སྐུར་སྣང་བ། །དབང་ཆེན་རིམ་གྱིས་བསྐྱེད་པའི་བཞུགས་གནས་བརྟེན། །དབང་ཆེན་གཞལ་ཡས་གསལ་བར་མ་གྱུར་པ། །ཕོ་བྲང་འབར་བའི་ཀློང་དུ་བཟོད་པར་གསོལ། །བདེ་ཆེན་ཉིད་ལ་ཕྱག་རྒྱའི་སྐུར་སྣང་ཞིང་། །ཡེ་ཤེས་དྲུག་གི་ཕྱག་མཚན་རང་རང་བསྣམས། །ཇི་ལྟར་གསལ་བའི་ངང་དུ་མ་གྱུར་བ། །འཇིགས་བྱེད་ཧེ་རུ་ཀ་ལ༴ གཉིས་མེད་སྐུ་ལ་འཁྲིལ་བའི་གཟུངས་མཆོག་མ། །པདྨའི་དོན་ལ་ཆགས་པའི་མཁའ་དབྱིངས་སུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་འོད་སྤྲོ་བ། །ཀྲོ་དྷི་ཤྭ་རིའི་སྐུ་ལ༴ ཐུགས་ལས་སྐྱེས་པའི་ཡེ་ཤེས་ཁྲོ་མོ་རྣམས། །རྣམ་ཤེས་བརྒྱད་ཀྱི་དུར་ཁྲོད་མཁའ་འགྲོ་རྣམས། །ཀཽ་རི་ལ་སོགས་ཐུགས་དང་ཅི་འགལ་བ། །གནས་ཀྱི་མ་བརྒྱད་སྐུ་ལ༴ ཐུགས་རྗེ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ལོག་རྟོག་མཚན་མར་འཛིན་པ་ཞི་བའི་ཕྱིར། །མཆེ་གཤོག་རྔམ་པ་འབར་བའི་སྐུ་སྤྲུལ་པ། །སེང་ཧ་ལ་སོགས་ཐུགས་དང་ཅི་འགལ༴ ཡུལ་གྱི་ཕྲ་མེན་བརྒྱད་ལ༴ ཕོ་བྲང་རྒྱན་དང་ལྡན་པའི་དཀྱིལ་འཁོར་དུ། །འགུགས་དང་འཆིང་དང་སྡོམ་དགྱེས་སྒོམ་བཞི། །རྟ་གདོང་ལ་སོགས་ཐུགས་དང་ཅི་འགལ་བ། །སྒོ་བཞི་ཕྱག་རྒྱ་རྣམས་ལ༴ མངོན་སྤྱོད་ལས་ལ་གྲུབ་པའི་དབང་ཕྱུག་མ། །དགེ་དང་མི་དགེ་གཉིས་ཀྱི་དབང་མཛད་པའི། །མ་ཚོགས་དབང་ཕྱུག་ཐུགས་དང་ཅི༴ མ་སྲིང་རྒྱ་མཚོ་རྣམས་ལ་བཟོད་པར༴ རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །ཐུགས་རྗེ་མཉམ་པའི་ངང་ལས་མ་གཡོས་ཀྱང་། །ཕྲ་མོའི་ཏིང་འཛིན་གསལ་བར་མ་གྱུར་པས། །ཡོན་ཏན་འཛིན་པ་རྣམས་ལ༴ བདག་གི་སྐྱེ་བ་ཐོག་མ་མ་མཆིས་ནས། །ད་ལྟའི་ལུས་འདི་བཟུང་བ་ཡན་ཆད་དུ། །མ་རིག་དབང་གིས་སྲིད་པའི་ཁམས་ཀུན་འཁོར། །ཇི་སྲིད་མི་ལུས་བླངས་ནས་གར་སྐྱེས་ཀྱང་། །མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ། །སྡིག་པའི་ལས་སུ་གྱུར་པ་ཅི་མཆིས་པ། །དངོས་སུ་བགྱིས་དང་བགྱིད་དུ་བརྩལ་བ་དང་། །དེ་ལ་རྗེས་སུ་ཡི་རང་བགྱིས་པ་རྣམས། །བྱང་ཆུབ་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །ཚངས་པར་མཛད་ནས་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང་ཡང་ཅིག་ཁྲོ་བཤགས་འདི་ཡང་བཀླག། ཧཱུཾ་བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་དབུས། །དུག་ལྔ་གནས་གྱུར་ཡེ་ཤེས་ཧེ་རུ་ཀ །དབྱིངས་ཀྱི་ཡུམ་ཆེན་ཁྲོ་མོ་ལྔ་དང་སྦྱོར། །ཀཽ་རི་ལ་སོགས་ནང་གི་མཁའ་འགྲོ་བཞི། །པུཀྐ་ལ་སོགས་ཕྱི་ཡི་རྣལ་འབྱོར་མ། །སེང་ཧ་ལ་སོགས་ཟ་བྱེད་གདོང་ཅན་ཚོགས། །ཀྲི་ཏ་ལ་སོགས་མཚམས་ཀྱི་གཤོག་པ་ཅན། །འབར་བའི་བར་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད། །སྒོ་བཞི་འགུགས་འཆིང་སྡོམ་དགྱེས་སྒོ་མ་བཞི། །ཁྲག་འཐུང་ལྷ་ཚོགས་སྐུ་ཡང་མ་གསལ་ཞིང་། །སྙིང་པོ་གྲངས་ཉུང་ཕྱག་རྒྱ་གནས་མ་སོན། །ཚོགས་དང་འབྱོར་བས་གནས་སུ་མ་བསྐངས་པ། །ཁྲོ་བོའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ། །སྦྲེལ། ཞེས་དང་སླར་ཡང་ཁྲོ་བོའི་བཤགས་པ་ནི། ཨོཾ་དང་པོ་གསང་མཆོག་སྡོམ་པ་འདི་མནོས་ནས། །འདའ་ཀ་ཁས་བླངས་དམ་ལས་གཡེལ་གྱུར་ཏེ། །ཁྲག་འཐུང་རིགས་ལྔའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ༴ གྷ་ནའི་སྦྱོར་མཆོག་རྟོག་འཛིན་བར་ཆད་ཀྱིས། །ཡུམ་ཆེན་ཀྲོ་ཏིའི་ཐུགས་དང་༴ ཁྲོ་མོ་དབྱིངས་ཕྱུག་ལྔ་ལ༴ རྫས་དང་ཕྱག་རྒྱ་མངོན་དུ་མ་གྱུར་ཏེ། །ཤ་ཟ་ཀཽ་རཱིའི་ཐུགས་དང་༴ གནས་ཀྱི་མ་མོ་བརྒྱད་ལ༴ ཤ་ཁྲག་མཆོད་པ་གཞུང་བཞིན་མ་ཚོགས་ཏེ། །སེང་ཧ་ཕྲ་མེན་ཐུགས་དང་༴ ཡུལ་གྱི་མཁའ་འགྲོའི་སྐུ་ལ༴ ཤར་ལྷོ་ནུབ་བྱང་སྒོ་བཞི་མ་ཕྱེད་དེ། །རྟ་གདོང་སྒོ་མའིི་ཐུགས༴ ཡེ་ཤེས་སྒོམ་བཞི་ལ༴ འདའ་དཀའ་ཁས་བླངས་འཁོར་དྲུག་མ་ཐུལ་ཏེ། །མ་བདུན་སྲིང་བཞིའི་ཐུགས་དང་ཅི་འགལ་བ། །མཁའ་འགྲོ་བཅུ་གཅིག་སྐུ་ལ༴ ལོངས་སྤྱོད་འབྱམས་ནས་ཚོགས་ཀྱི་ཕུད་ཉམས་ཏེ། །ཕུད་ཉུལ་དབང་ཕྱུག་ཐུགས༴ དབང་མོ་ཉི་ཤུ་བརྒྱད་ལ༴ གནས་ལ་མ་བརྟེན་བྱ་བྱེད་འབྱུང་འཇུག་གིས། །ཏི་རའི་གནས་ཉུལ་ཐུགས༴ གནས་ཉུལ་ཆེན་པོའི༴ སྐུ་མཉེས་ཕ་མའི་ཚུལ་དུ་མ་གྱུར་ཏེ། །རྡོ་རྗེ་སློབ་དཔོན་ཐུགས་དང་༴ རྡོ་རྗེ་རྒྱལ་པོའི་སྐུ་ལ༴ ཏིང་འཛིན་མ་སྙོམས་ཞི་ཁྲོ་མ་ཕྱེད་དེ། །རྡོ་རྗེ་རྒྱལ་ཐེབས་ཐུགས་དང་༴ སྟོན་པ་སྒྲོན་མའི་སྐུ་ལ༴ ལེ་ལོ་བྱས་པས་ཕྱག་རྒྱ་རྒྱུན་ཆད་དེ། །ཀརྨ་ལས་མཁན་ཐུགས༴ ལས་ཀྱི་སློབ་དཔོན་སྐུ༴ སྦྱོར་བའི་ཚེ་ན་ཚད་ལ་མ་ཕེབས་ཏེ། །ཤེས་རབ་སྙེམས་མའི་ཐུགས༴ གསང་ཡུམ་རིག་མའི་སྐུ༴ སྒྲོལ་བའི་ཚེ་ན་ཏིང་འཛིན་གནས་མ་སྟོབས༴ སྐྱེས་བུ་གིང་ཆེན་ཐུགས་དང་༴ སྒྲོལ་གིང་བདག་པོའི་སྐུ༴ སྤྲུལ་སྐུ་ཁྲོ་མོའི་ཐུགས་སུ་མ་གྱུར་ཏེ། །འགུགས་འདྲེན་ཕོ་ཉའི་ཐུགས༴ མགྱོགས་བྱེད་ལས་མཛད་སྐུ༔ ལེ་ལོའི་དབང་གིས་བརྩེ་གདུང་རྒྱུན་ཆད་དེ། །བྱང་ཆུབ་མཆེད་ལྕམ་ཐུགས༴ རྡོ་རྗེ་མིང་སྲིང་སྐུ༴ བྲེ་མོའི་ཕྱིར་ན་དམ་ཚིག་ཉམས་ལ་སོགས། ཕྱི་ནང་རྗེས་གཅོད་ཐུགས༴ དམ་ཚིག་བྱ་ར་བྱེད་ལ༴ ལོངས་སྤྱོད་གསོལ་ནས་ལྷག་མའི་ཕུད་ཉམས་ཏེ། །ཕྱི་འཁོར་བསྟན་མའི་ཐུགས༴ ཐུགས་རྗེ་ཆེ་མངའ་ཁྱེད་ལ༴ བཟོད་པར་མཛད་ནས་ཚངས་པའི་དངོས་གྲུབ་སྩོལ། །ཞེས་དང་བཅུ་གཉིས་དམ་ཅན་གསོལ་སྐོང་ནི། ཚོགས་རྫས་སྨན་རག་གཏོར་མ་བྲན་བྱས་ལ། བཞི་ཆོད། ཧཱུཾ་རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །སྐུ་ལྔ་ཡེ་ཤེས་སྒྲུབ་རྫས་དམ་པ་ནི། །སྲུང་མ་དམ་ཅན་འཁོར་དང་བཅས་ལ་འབུལ། །ཕྲིན་ལས་མཐར་ཕྱིན་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་མ་ཧཱ་པཉྩ་ཨམྲྀ་ཏ་ཧུཾ་ཧྲཱིཿ་ཐཱ། ཧཱུཾ་སྟོང་གསུམ་བྷནྡྷའི་གཞལ་ཡས་སུ། །དམ་ཉམས་བསྒྲལ་བའི་མཾ་ས་དང་། །རཀྟའི་རྒྱ་མཚོ་ཆེན་པོ་ནི། །བསད་ཁྲག་དབའ་ཀློང་འཁྲུགས་པས་མཆོད། །ཨོཾ་ཨཱཿ་ཧཱུཾ་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་མཾ་ས་ལ༴ མ་ཧཱ་པཱུ་ཙ་ལ༴ ཧཱུཾ་དམ་ཉམས་བསྒྲལ་བའི་དམར་ཆེན་པོ། །ཤ་རུས་རི་རབ་སྤུངས་པ་ལ། །རཀྟའི་ཞམ་ཆུ་རྒྱ་མཚོ་བསྐྱིལ། །དོན་སྙིང་ནང་རོལ་བསམ་པ་ཡི། །དམར་ཆེན་གཏོར་མའི་མཆོད་པ་འབུལ། །མངོན་སྤྱོད་ཕྲིན་ལས་རྫོགས་ཕྱིར་བཞེས། །ཨོཾ་ཨཱཿཧཱུཾ། དཔལ་ལྡན་སྔགས་ཀྱི་སྲུང་མ་འཁོར་དང་བཅས་པའི་ཞལ་དུ་བ་ལིངྟ་ཁཱ་ཧི། ཤན་པ་སྲོག་སྒྲུབ་ནག་མོ་འཁོར་དང་བཅས་པའི་ཞལ་དུ༴ གཟའི་དགེ་བསྙེན་ར་ཧུ་ལ་འཁོར་དང་བཅས་པའི་ཞལ་དུ༴ གནོད་སྦྱིན་དམར་ནག་འཁོར་དང་བཅས༴ དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས༴ སྔགས་བདག་དམ་ཅན་རྒྱ་མཚོ༴ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས༴ དགེ་བསྙེན་ཉི་ཤུ་རྩ་གཅིག། ཡུལ་ལྷ་གཞི་བདག་དང་བཅས་པའི་ཞལ་དུ་བ༴ མ་ཧཱ་མཾ་ས་མ་ཧཱ་ཀོ་རོ་ཙ་ན༴ མ་ཧཱ་རཀྟ༴ མ་ཧཱ་བ་ལིནྟ༴ ཞེས་པས་དབུལ་ལོ། སྐོང་མཆོད་ནི། ཧཱུཾ་སྨུག་ནག་འཁོར་དང་བཅས་པ་ལ། །ཤ་ཁྲག་དམར་གྱི་གཏོར་མ་དང་། །ཏིང་བུར་དམར་གྱི་རཀྟ་དང་། །བདུད་རྩི་སྨན་གྱི་མཆོད་པ་དང་། །ཞུན་ཆེན་གསུར་གྱི་དུད་པ་དང་། །ཞལ་ཟས་ཚོགས་ཀྱི་ཐུགས་དམ་བསྐང་། །བསྐངས་ནས་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་ཤན་པ་སྲོག་སྒྲུབ་འཁོར་བཅས་ལ། །སྤོས་དང་མ་མེས་ཐུགས་དམ་བསྐང་། །ཤ་སྣ་སྙིང་སྣས༴ རྔ་ཏིང་རོལ་མས༴ དམར་ཆེན་གཏོར་མོས༴ བསྐངས་ནས་དངོས་གྲུབ༴ ཧཱུཾ་གཟའ་མཆོག་ནག་པོ་འཁོར་བཅས་ལ། །མེ་ཏོག་སྟོང་གིས༴ ཆུ་སྣ་སྟོང་༴ སྨན་སྣ་སྟོང་༴ ཤ་སྣ་སྟོང་༴ སྙིང་སྣ་སྟོང་༴ ཁྲག་སྣ་སྟོང་གིས་ཐུགས་དམ་བསྐང་། དམར་ཆེན་གཏོར་མས༴ ཚིལ་ཆེན་དུད་པས༴ གླུ་གར་རོལ་མོས༴ བསྐངས་ནས་དངོས་གྲུབ༴ ཧཱུཾ་ཤན་པ་དམར་ནག་འཁོར་བཅས་ལ། ཕྱི་མཆོད་རིན་ཆེན་སྣ་ལྔས་བསྐང་། ནང་མཆོད་བདུད་རྩི་རྣམ་ལྔས༴ གསང་མཆོད་མར་མེ་གཏོར་མས༴ ཤ་ཁྲག་འདོད་ཡོན་སྣ་ལྔས༴ སིལ་སྙན་གླུ་གར་དབྱངས་ཀྱིས༴ བསྐངས་ནས་དངོས་གྲུབ༴ ཧཱུཾ་དམ་ཅན་འཁོར་དང་བཅས་པ་ལ། དམར་ཆེན་གཏོར་མས་ཐུགས་དམ་བསྐང་། གསུར་ཆེན་དུད་པས༴ ཞུན་ཆེན་མར་མེས༴ རྐང་གླིང་རོལ་མོས༴ སྤྱན་གཟིགས་མཆོད་པས༴ ཞོལ་པོའི་གསོབ་ཀྱིས༴ ཛ་གད་ཕུད་ཀྱིས༴ བདུད་རྩི་སྨན་གྱིས༴ བསྐངས་ནས་དངོས་གྲུབ༴ ཧཱུཾ་ གཞན་ཡང་དམ་ཅན་རྒྱ་མཚོ་དང་། དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། །མ་སྲིང་བརྟན་མ་བཅུ་གཉིས་དང་། །ཡུལ་ལྷ་གཞི་བདག་འཁོར་བཅས་ལ། །སྤོས་དང་མར་མེས་ཐུགས་དམ་བསྐང་། །ཤ་སྣ་སྙིང་སྣས༴ དམར་ཆེན་གཏོར་མས༴ མཾ་ས་རཀྟས༴ ཚིལ་ཆེན་དུད་པས༴ གླུ་གར་རོལ་མོས༴ བསྐངས་ནས་དངོས་གྲུབ༴ ཧཱུཾ་དམ་ཅན་མ་སྲིང་རྒྱ་མཚོལ། །དོ་ནུབ་དཔལ་གྱི་དམ་ཞིག་བསྲེ། །དོ་ནུབ་སྔ་མའི་གཏང་རག་གཏོང་། །དོ་ནུབ་ཕྱི་མའི་ཞུ་དོན་འབུལ། །དོ་ནུབ་ཉམས་ཆག་ཞིག་རལ་གསོ། །དོ་ནུབ་ཐུགས་དམ་གཉན་པོ་བསྐང་། །དོ་ནུབ་མགུ་བའི་ཟས་གཅིག་འདྲེན། །ཟས་ཀྱི་ངོ་གཅིག་ཁྱོད་ཀྱིས་མཛོད། །ཆད་པའི་གཞུང་འདི་ང་ཡིས་བསྲངས། །བཅོལ་བའི་ཕྲིན་ལས་ཁྱེད་ཀྱིས་མཛོད། །གཉིས་ཀ་ལས་ཀྱི་གཉེར་བླངས་འཚལ། །བརྩེ་གདུང་གདུང་སེམས་ཇེ་ཆེར་མཛོད། །ལྟོས་སོ་གཉེར་རོ་ཐུགས་དམ་ཅན། །གསོལ་ལོ་མཆོད་དོ་སྲུང་མའི་ཚོགས། །སོད་ཅིག་ཐུལ་ཅིག་དགྲ་དང་བགེགས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུཾ་ཡང་ཅིག་དཔལ་གྱི་ཐུགས་དམ་བསྐང་། །མ་སྲིང་རྒྱ་མཚོའི༴ དྲེགས་པ་ཕོ་མོའི༴ གཏེར་བདག་དམ་ཅན༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར། །དར་ནག་གཡབ་དར༴ བཞུགས་པའི་དམ་རྫས༴ ཉི་ཟླ་པདྨས༴ དགྱེས་པའི་དམ་རྫས༴ དམར་ཆེན་གཏོར་མས༴ མཐུན་པའི་དམ་རྫས༴ ཤ་སྣ་སྙིང་སྣས༴ བཟའ་བའི་དམ་རྫས༴ མཱཾ་ས་ཤ་ཆེན༴ བཏུང་བའི་དམ་རྫས༴ རཀྟ་ཁྲག་སྣས༴ བགོ་བའི་དམ་རྫས༴ ཞིང་ཆེན་གཡང་གཞིས༴ རྒྱན་གྱི་དམ་རྫས༴ ཐོད་ཕྲེང་མི་མགོས༴ དྲག་པོའི་དམ་རྫས༴ ཐུན་དང་ཟོར་གྱིས༴ བསྐང་ངོ་བསྐལ་པར༴ བསྐངས་ནས་དངོས་གྲུབ་སྩལ་དུ་གསོལ། ཨོཾ་ཨཱཿཧཱུཾ་མ་ཧཱ་པཱུ་ཙ་ས་མ་ཡེ་ཧཱུཾ། དེ་མཐར་རུ་ཏྲའི་སྨྲེ་བཤགས་འདི་བཞིན་བཏང་། ལྷུབ། ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་འོད་དཀྱིལ་ན་མཛེས། །ཇི་ལྟར་མཁའ་ལ་ཉི་མ་འབུམ་བརྡལ་བཞིན། །དཔའ་བོ་འོད་ཟེར་སྟོང་འབར་ལྷམ་མེ་བ། །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ། །བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས། །ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། །སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པའི་ནོངས། །སྡིག་པའི་ལས་རྣམས་ཅི་བྱས་རང་གནོང་འགྱོད། །དར་ཞིང་དྲགས་པའི་ལས་དབང་དེ་བཙན་ནས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ། །ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས། །གཏི་མུག་མུན་པ་འཐིབས་པའི་ཤེས་རབ་ལྡོངས། །འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིང་། །ང་རྒྱལ་དྲེགས་པའི་རི་བོས་ངན་འགྲོར་མནན། །ཕྲ་དོག་རླུང་དམར་འཚུབས་པས་འཁོར་བར་གཡེངས། །བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུང་། །སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབབ། །འདི་འདྲའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང་། །སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས། །རྣམ་ཤེས་དབང་པོའི་མྱུ་གུ་གདུང་གྱུར་ཏེ། །ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །བདག་འདྲ་བླུན་རྨོངས་ལས་དབང་སྡིག་པོ་ཆེ། །ལས་ཀྱི་དབང་གིས་འདོད་ཁམས་རུ་ཏྲར་སྐྱེས། །སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད། །ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ལྡོག །རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་། །བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས། །ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་སོང་། །ལས་ཀྱི་རླུང་དབང་དྲག་པོ་དེས་བདས་པས། །བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ། །འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལས། །ཉེ་གནས་ཁྱེད་ཀྱི་ཐུགས་རྗེ་བྱིན་རླབས་ཀྱིས། །ལས་དང་ཉོན་མོངས་སྒྲིབ་པའི་གནས་སྦྱངས་ནས། །མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟར་འཁོད། །ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི། །ཐུགས་རྗེའི་ཞལ་ཉིད་ལྟ་བའི་མི་ངོམས་པ། །ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས། །ལྡོངས་པའི་ཆུ་བུར་མིག་ གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱོད་དེ་སྔ་གང་ན་བཞུགས། །ལས་དབང་དྲག་པོ་རབ་ཏུ་མི་བཟད་པས། །ཤིན་ཏུ་སྐྲགས་ཤིང་སྐྱི་གཡའ་རབ་འཇིགས་ནས། །དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང་། །ཉམ་ཐག་ཕོངས་པའི་ང་རོས་འབོད་ལགས་ན། །བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན། །ནམ་ཞིག་འཆི་འཕོས་ལུས་སེམས་འབྲལ་བའི་ཚེ། །དགེ་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ། །ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་འཁྱམས། །དུས་འདིར་བདག་ལ་མགོན་སྐྱབས་མ་མཆིས་ན། །གང་གིས་ཕྱི་བཤོལ་དུས་ལས་མ་བཞེས་པར། །ད་ལྟ་ཉིད་དུ་བསྟུན་ཏེ་མངོན་སྤྱོད་མཛོད། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པར། །ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ། །བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ། །གདོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལངས། །ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང་། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་གྱི། །སྐྱེ་བ་ཚེ་གཅིག་ཁོ་ཙམ་གྱི་ལས། །བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན། །དེ་ཙམ་བྱས་པའི་ལས་ལ་དོན་རབ་ཡོད། །དོན་གྱི་ཡོང་ཡེ་མྱ་ངན་འདས་ཟིན་ན། །ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་འདུས་པའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་བཟོད་དཀའི་སྲིད་པའི་བཙོན་རར་ཆུད། །མི་བཟད་དྲག་པོ་སྡུག་བསྔལ་འདི་ལྟ་བུ། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་། །སྡིག་པའི་ལས་རྣམས་བྱམས་མགོན་ཁྱེད་ལ་བཤགས། །ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ། །ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ། །མ་རིག་ལོག་པའི་ལས་ཀྱི་དབང་བཙན་པས། །མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ། །ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན། །ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ། །ཕྱིན་ཅི་ལོག་གི་གཡང་སར་ལྟུང་ལགས་ན། །ཐུགས་རྗེའི་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུང་ལགས་ན། །ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོའམ། །ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན། །ཐུགས་རྗེའི་བསིལ་བའི་ཆུ་རྒྱུན་མི་འབེབས་སམ། །སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ན། །ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ། །ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས། །ནམ་ཞིག་རང་རིག་འབྲས་བུ་ཐོབ་པའི་ཚེ། །འཕགས་པའི་ཐུགས་རྗེ་ཅི་འཚལ་དོན་མ་མཆིས། །བདག་ཉིད་ལས་འཕྲོ་དབང་བཙན་བཞག་ན་ལྟ། །ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི། །དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང་། །སྔོན་འབྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ། །ཞེས་དང་བཤགས་པ་འདིས་ཀྱང་སྙིང་ནས་བཤགས། བཞི་ཆོད། ཧཱུཾ་དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །དཔང་གྱུར་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ། །ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་སྐུ། །ཡེ་ནས་བདག་དང་དབྱེ་བ་མེད་པ་ལ། །མ་རིག་དབང་གིས་བདག་གཞན་གཉིས་སུ་སྣང་། །གཉིས་འཛིན་ཐེ་ཚོམ་ལོག་ལྟ་ཅི་བགྱིས་པ། །རང་གདངས་རིག་པའི་ཀློང་དུ་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ། །ཧཱུཾ་རྡོ་རྗེ་ཌཱཀྐི་གཙོ་འཁོར་ཡབ་ཡུམ་བཅས། །སུམ་བརྒྱ་དྲུག་ཅུ་གསན་ཅིང་དགོངས་སུ་གསོལ། །ལྟ་བ་མ་རྟོགས་ལོག་དང་རྟོགས་བརྫུས་དང་། །ཁ་ལྟ་བདུད་དབང་སོང་དང་ལོག་པར་བལྟས། །ཡིད་དཔྱོད་མཐའ་བྲལ་ཀློང་དུ་མཐོལ་ལོ་བཤགས། །ཧཱུཾ་བདེ་ཆེན་ཌཱཀྐི་ཡབ་ཡུམ་གཙོ་འཁོར་རྣམས། །ཡབ་ཡུམ་བཅུ་དྲུག་གསན་ཅིང་དགོངས་སུ༴ མཉམ་བཞག་ཏིང་འཛིན་དོན་ལས་གཡེལ་གྱུར་ཏེ། །མ་གསལ་མ་རིག་བསྐྱེད་རྫོགས་དོན་མ་བསྒོམ། །གསལ་སྟོང་བདེ་ཆེན་ངང་དུ༴ ཧཱུཾ་པདྨ་ཌཱཀྐི་ཡབ་ཡུམ་གཙོ་འཁོར་བཅས། །ཡབ་ཡུམ་དྲུག་ཅུ་རྩ་བཞི་གསན༴ དུས་ལ་མ་བབ་སྤྱོད་པ་ཆོས་དང་འགལ། །མ་རིག་དབང་གིས་ལོག་པ་ཅི་སྤྱད་པ། །དམིགས་མེད་ཤར་གྲོལ་ཀློང་དུ་མཐོལ་ལོ་བཤགས། །ཧཱུཾ་སངས་རྒྱས་ཌཱཀྐི་ཡབ་ཡུམ་གཙོ་འཁོར་བཅས། །ཡབ་ཡུམ་སུམ་ཅུ་རྩ་གཉིས་གསན༴ ཡང་དག་དོན་གྱི་གནས་ལུགས་མ་ཤེས་ཏེ། །ཐེ་ཚོམ་དབང་གིས་འབྲས་བུའི་དོན་དང་འགལ། །རེ་དོགས་མཐའ་བྲལ་ཀློང་དུ༴ ཧཱུཾ་ལས་ཀྱི་ཌཱཀྐི་ཡབ་ཡུམ་གཙོ་འཁོར་བཅས། །ཡབ་ཡུམ་ཉི་ཤུ་རྩ་བརྒྱད་གསན་ཅིང་༴ ཕྲིན་ལས་རྣམ་བཞིའི་སྲུང་དོན་མ་ཤེས་པས། །བྱ་བ་ཀུན་ལ་ལོག་པ་ཅི་བགྱིས་པ། །ཀུན་མཁྱེན་གསལ་བའི་ཀློང་༴ ཧཱུཾ་ཀཽ་རཱི་མ་བརྒྱད་སེང་ཧ་ཕྲ་མེན་བརྒྱད། །སྒོམ་མ་བཞི་དང་དབང་ཕྱུག་ཉི་ཤུ་བརྒྱད། །ལང་ཀ་བདུན་དང་མ་བདུན་སྲིང་མོ་བཞི། །གོང་ཆེན་བཅོ་བརྒྱད་ཕོ་ཉ་དྲུག་ཅུ་བཞི། །བརྟན་མ་བཅུ་གཉིས་འཇིག་རྟེན་པ་ལ་སོགས། །ཀུན་གྱི་ཐུགས་དང་འགལ་བ་ཅི་འགྱུར་པ། །ཕྱི་ནང་གསང་མཆོད་བདུད་རྩིའི་གཏོར་ཚོགས་དང་། །ལྟ་སྒོམ་སྤྱོད་པའི་ཏིང་འཛིན་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ཞིང་ཉམས་ཆག་དངོས་གྲུབ་ཞུ། །བདག་ཅག་མ་རིག་ལུས་ངག་ཡིད་སེམས་ཀྱི། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ། །ཞལ་ཟས་ཚོགས་གཏོར་མཆོད་པས་སོ་སོར་བཤགས། །བདག་གིས་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཞེས་དང་ཡི་གེ་བརྒྱ་བ་ཅི་ནུས་བརྗོད། ཨོཾ་བཛྲ་ས་ཏྭ་ས་མ༴ བཅུ་གསུམ་འགུགས་དང་བསྒྲལ་བསྟབ་རིམ་པ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅ཧཾ། །རང་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། །ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། །ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན༴ བདེན་པ་ཆེན་པོའི་མཐུས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛ་ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་དམིགས་བྱ་དམིགས་རྟེན་ལ་དགུག། ཛཿཧཱུཾ་བཾ་ཧོ་ས་འགུགས་གཞུག་བཅིངས་ཏེ་མྱོས་པར་བྱས། བཞི་ཆོད། ཧཱུཾ་ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །སརྦ་དུ་ཥྚཾ་མ་ར་ཡ་ཧཱུཾ་ཕཊཿ ཅེས་གནད་ཀྱི་ངེས་པ་ཇི་ལྟ་བས་བསྒྲལ་བའི་ཤ་ཁྲག། ཨོཾ་ཨཱཿཧཱུཾ་གིས་བདུད་རྩི་སྤེལ་ལ། ཕྲིན་ལས་བསྐུལ་བ་འདི་བཞིན་བཏང་ནས་ཕུལ། ཧཱུཾ་གནས་ལྔ་ཡེ་ཤེས་གཞལ་ཡས་ནས། །རིགས་ལྔ་མཁའ་འགྲོ་དཔག་མེད་ཚོགས། །ཡེ་ཤེས་ལྔ་ལྡན་དུག་ལྔ་འཇོམས། །སྤྱན་གསུམ་སྡང་མིག་དགྲ་ལ་བལྟ། །ཞལ་ནས་ངན་སྔགས་དགྲ་ལ་སྒྲོགས། །ཤངས་ནས་ནད་ཀྱི་འཚུབ་མ་འཐོར། །གཏོར་ཚོགས་མཆོད་པ་འདི་བཞེས་ལ། །དགྲ་བགེགས་རང་བཞིན་དབྱིངས་སུ་སྒྲོལ། །བྷྱོཿ རབ་འཇིགས་དུར་ཁྲོད་ནག་མོའི་གླིང་། །རྡོ་རྗེ་ཕག་མོ་ཡབ་ཡུམ་བཞུགས། །དམ་རྫས་བདུད་རྩི་འདི་གསོལ་ལ། །རྣམ་རྟོག་དགྲ་བགེགས་དབྱིངས་སུ་སྒྲོལ། །མཁའ་དབྱིངས་བདེ་བ་ཆེན་པོ་ནས། །རིགས་ལྔའི་མཁའ་འགྲོ་དཔག་མེད་ཚོགས། །སྐུ་མདོག་ཕྱག་མཚན་སྣ་ཚོགས་ཏེ། །རྒྱན་ཆ་མང་པོ་པུ་རུ་རུ༔ སིལ་སྙན་མང་པོ་སི་ལི་ལི། །རྐང་བ་རྡོ་རྗེའི་སྒེག་འགྲོས་ཅན། །མཁའ་ལ་ཐོགས་མེད་བུན་ནུ་ནུ། །ལག་པ་གསེར་གྱི་གདུ་བུ་ཅན། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུགས། །ཕྲིན་ལས་སྣ་ཚོགས་ལས་མཛད་མ། །གཏོར་ཚོགས་མཆོད་པ་འདི་བཞེས་ལ། །འདོད་དགུའི་ཕྲིན་ལས་ཐོགས་མེད་སྒྲུབས། །ཧཱུཾ་ཡུལ་གནས་ཉི་ཤུ་རྩ་བཞི་ནས། །དཔའ་བོ་དཔའ་མོ་ཉི་ཤུ་བཞི། །མཁའ་འགྲོ་བྱེ་བ་འཁོར་དང་བཅས། །གཙོ་མོ་མི་མངོན་དབྱིངས་ན་བཞུགས། །འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ། །ལ་ལ་བུད་མེད་རྒན་མོ་ལ། །རོ་ཤུན་རྙིང་པའི་ན་བཟའ་གསོལ། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །ལ་ལ་བུད་མེད་གཞོན་ནུ་མ། །བཅུ་དྲུག་གཟུགས་མཛེས་ལང་ཚོ་རྒྱས། །སྙན་པའི་གླུ་ལེན་ཡིད་འཕྲོག་མ། །ལ་ལ་བུད་མེད་ཐ་མལ་གཟུགས། །འཇིག་རྟེན་སྤྱོད་པ་སྣ་ཚོགས་བྱེད། །ལ་ལ་སྒྱུར་བྱེད་ཚོས་མཁན་མོ། །ལ་ལ་མྱོས་བྱེད་ཆང་བཙོ་མ། །ལ་ལ་སྦྱོར་བྱེད་སྨད་འཚོང་མ། །ལ་ལ་དག་བྱེད་ཁྲུས་མཁན་མོ། །ལ་ལ་གསོད་བྱེད་ཤན་པ་མོ། །ལ་ལ་དཀའ་ཐུབ་བྲམ་ཟེ་མོ། །ལ་ལ་འཕྲོག་བྱེད་ཆོམ་རྐུན་མོ། །དེ་ལ་སོགས་ཏེ་མཐའ་ཡས་རྣམས། །གཏོར་ཚོགས་མཆོད་པ་འདི་བཞེས་ལ། །ནད་གདོན་གནོད་པ་བཟློག་པ་དང་། །བསམ་པའི་དོན་རྣམས་འགྲུབ་པར་མཛོད། །དེ་མཐར་རྒྱུད་ལུང་མན་ངག་བཤགས་པ་ནི། ལྷུབ། ཆོས་དབྱིངས་དུས་གསུམ་སྤྲོས་པ་མེད་པ་ལ། །འཛིན་རྟོགས་མེད་པའི་རང་རིག་ཡེ་ཤེས་ཀྱི། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ། །ཡུལ་དང་དབང་པོ་གཉིས་སུ་མེད་པར་བཤགས། །ཡུམ་གྱི་བྷ་ག་དགྱེས་པའི་ཕོ་བྲང་དུ། །ཡབ་ཀྱི་རྡོ་རྗེ་གཉིས་མེད་བྱང་ཆུབ་སེམས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ལ། །ཕྱི་ནང་སྣོད་བཅུད་གཉིས་སུ་མེད་པར་བཤགས། །ཏིང་འཛིན་རྣམ་གསུམ་བློ་ཡི་བདར་བཅད་ནས། །ཕུང་པོ་རྣམ་ཤེས་ཡུལ་དང་དབང་པོ་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་གསལ་བསྒོམས་ནས། །འགྲོ་དྲུག་སེམས་ཅན་རྒྱལ་བའི་དཀྱིལ་འཁོར་དུ། །གཉིས་སུ་མེད་པར་ལྷུན་གྱི་གྲུབ་པར་མཛོད། །རྩ་སྲོག་ཙིཏྟ་ལུས་ངག་ཡིད་གསུམ་པོ། །གུ་ཧྱ་གསང་ཆེན་སྐུ་གསུང་ཐུགས་ཀྱི་མཛོད། །རྡོ་རྗེ་ཀློང་དགུའི་དཔལ་ཆེན་ཧེ་རུ་ཀ། །ཁམས་གསུམ་ས་དགུ་གཉིས་སུ་མེད་པར་བཤགས། །ཇི་ལྟར་སྣང་བ་ལྷ་ཡི་དཀྱིལ་འཁོར་དུ། །སྙིང་པོ་བརྗོད་པའི་སྐུ་མཆོག་རྫོགས་པའི་ཚུལ། །དབྱེར་མེད་མཉམ་ཉིད་ངོ་བོ་ཉིད་ཀྱི་སྐུ། །ཐབས་ལ་མཁས་པས་གཉིས་སུ་མེད་པར་བཤགས། །ཕྱི་ནང་སྣོད་བཅུད་གཉིས་མེད་ཆོས་ཀྱི་སྐུ། །ང་དང་བདག་གི་ངོ་བོ་ཉིད་མཉམ་པས། །མཐོ་རིས་ངན་སོང་རྒྱུ་འབྲས་རྣམ་གཉིས་པོ། །གཉིས་མེད་བདེ་ཆེན་ཀློང་དུ་མཐར་ཕྱིན་ཤོག །ཇི་ལྟར་སྣང་བ་ཀུན་བཟང་བདེ་ཆེན་གནས། །ཡོད་མེད་རྟག་ཆད་མཚན་མའི་ཚིག་ལས་འདས། །འདི་ལྟར་མ་རྟོགས་བདག་ཉིད་གང་ཡིན་པ། །དེ་ཉིད་མ་སྤང་རྟོགས་པའི་ཀློང་དུ༴ དུས་གསུམ་འཕོ་འགྱུར་ཐ་ཚིག་བཏགས་པ་མེད། །རྩོལ་མེད་བསྒྲུབ་མེད་ནམ་མཁའི་ངང་དུ་གནས། །ཡོངས་ལ་ཁྱབ་པས་ཀུན་གྱིས་འདོད་དགུར་སྒྱུར། །ཕྱིན་ཅི་ལོག་རྟོགས་བྱང་ཆུབ་ལམ་དུ་བཤགས། །རྟོགས་པའི་མན་ངག་དོན་དུ་མི་ལྡན་པར། །ཚིག་གི་མཚོན་པས་བྱང་ཆུབ་མི་ཐོབ་སྟེ། །རང་སེམས་ཡེ་ནས་སངས་རྒྱས་ཡིན་ཤེས་པས། །རང་བྱུང་ཡེ་ཤེས་ཀློང་དུ་མཐར་ཕྱིན་ཤོག །ཅེས་དང་། བཅུ་བཞི་དབྱིངས་གྲོལ་ལྟ་སྐོང་ནི། བཞི་ཆོད། ཧོ་མཆོད་དུ་མེད་དེ་ལྟ་བའི་ཀློང་། །རྟག་ལྟ་ཆོས་སྐུའི་ཀློང་དུ་བསྐང་། །བསྐང་དུ་མེད་དེ་སྒོམ་པའི་ངང་། །ཆད་ལྟ་གཟུགས་སྐུའི་ཀློང་༴ སྤྱོད་དུ་མེད་དེ་ཆོས་ཉིད་གཤིས། །མ་བཅོས་རྫོགས་པ་ཆེན་པོར༴ སྦྱོར་དུ་མེད་དེ་ཟུང་འཇུག་ཀློང་། །སྡུག་བསྔལ་བདེ་བ་ཆེན་པོར༴ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས། །ཡེ་སྒྲོལ་ཡེ་སྦྱོར་ཆེན་པོར༴ མདོར་ན་ཉམས་ཆག་ཉེས་ལྟུང་དང་། །ཁམས་གསུམ་རྒྱུད་དྲུག་སྡུག་བསྔལ་གྱི། །རྒྱུ་དང་འབྲས་བུ་བཅས་པ་རྣམས། །ཀུན་བཟང་ཡངས་པ་ཆེན་པོའི་ཀློང་། །བྱང་ཞིང་དག་ནས་སོར་ཆུད་དེ། །བདེ་བ་ཆེན་པོའི་ཀློང་དུ་ཨཱཿ ཞེས་དང་དེ་རྗེས་ལྟ་བའི་ཀློང་བཤགས་ནི། ལྷུབ། ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ། །གཟུང་འཛིན་གཉིས་སུ་ལྟ་བ་ཡོངས་རེ་གོལ། །དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས། །སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ། །བཟང་ངན་གཉིས་སུ་ལྟ་བ་ཐང་རེ་ཆད། །གཙང་དང་རྨེ་བར་འཛིན་པ་ཉོན་རེ་མོངས། །བཟང་ངན་མེད་པའི་ཀློང་དུ༴ མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ། །སངས་རྒྱས་སེམས་ཅན་ལྟ་བ་ཡོངས་རེ་གོལ། །ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས། །མཉམ་ཉིད་བདེ་ཆེན་ཀློང་དུ༴ བྱང་ཆུབ་སེམས་ལ་སྐྱེ་འཆི་མེད་པ་ལ། །འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད། །སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས། །འཆི་མེད་གཡུང་དྲུང་ཀློང་༴ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ། །གཟུགས་དང་རྫས་སུ་ལྟ་བ་ཐང་༴ གྲྭ་ཟུར་གཉིས་སུ་འཛིན་པ་ཉོན༴ ཀུན་ནས་ཟླུམ་པའི་ཐིག་ལེ༴ དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས། །ཐོག་མ་ཐ་མར་ལྟ་བ་ཡོངས་རེ༴ འཕོ་འགྱུར་གཉིས་སུ་འཛིན་པ༴ འགྱུར་བ་མེད་པའི་ཐིག་ལེ༴ རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ། །རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ༴ རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན༴ རྩོལ་བ་མེད་པའི་རང་བྱུང་ཀློང་༴ རིག་པའི་ཡེ་ཤེས་རྟག་ཆད་མེད་པ་ལ། །རྟག་ཆད་གཉིས་སུ་ལྟ་བ་ཐང་༴ ཡོད་དང་མེད་པར་འཛིན༴ རྟག་ཆད་མེད་པའི་ཡེ་ཤེས་ཀློང་༴ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ། །ཕྱོགས་རིས་མཐའ་དབུས་སྤྲོ་བསྡུ་ཐང་༴ མཐའ་དབུས་གཉིས་སུ་འཛིན༴ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར༴ གཞལ་ཡས་ཁང་ལ་ཕྱི་ནང་མེད་པ༴ ཕྱི་དང་ནང་དུ་ལྟ་བ་ཐང་༴ ཡངས་དོག་གཉིས་སུ་འཛིན་པ༴ ཡངས་དོག་ཕྱི་ནང་མེད༴ ཡུམ་གྱི་མཁའ་དབྱིངས་མཐོ་དམན༴ སྟེང་དུ་འོག་ཏུ་ལྟ་བ་སྙིང་རེ་རྗེ། མཐོ་དམན་གཉིས་སུ་འཛིན༴ བྷ་ག་ཡངས་དོག་མེད་པའི་ཀློང་༴ ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ། །ཡུལ་དང་སེམས་སུ་ལྟ་བ་ཐང་༴ སྣོད་བཅུད་གཉིས་སུ་འཛིན་པ་ཉོན༴ གཉིས་སུ་མེད་པའི་ཡེ་ཤེས་སྐུ་རུ་བཤགས། །རིག་པ་ཡེ་ཤེས་ནང་ནས་མ་ཤར་བས། །མ་རིག་རྨོངས་པའི་བློ་འདི་སྙིང་རེ༴ གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན། །ཡེ་ཤེས་རང་བཞིན་ཀློང་དུ༴ སྐྱེ་བ་མེད་པའི་དོན་འདི་མ་རྟོགས་ན། །གང་ཟག་འཁྲུལ་པའི་བློ་འདི་ཡོངས་རེ་གོལ། །སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་། །བདེ་ཆེན་སྐྱེ་མེད་ཀློང་༴ ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས། །སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ། །ཟང་ཟིང་ནོར་ལ་སེམས་ཀྱི་ཆགས་པ་སྐྱེས། །ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས། །འཁོར་བ་རང་བཞིན་མེད་པར་མ་ཤེས་པས། །དངོས་པོ་མཚན་མའི་ཆོས་ལ་རྟག་པར་འཛིན། །མི་དགེའི་ལས་ཀྱིས་བདེ་བ་འཚོལ་བྱེད་པ། །བྱང་ཆུབ་སྐྱོན་བྲལ་ཀློང་༴ མཉམ་པའི་དོན་ཉིད་མཉམ་པར་མ་རྟོགས་པས། །གཉེན་བཤེས་འཁྲུལ་པའི་གྲོགས་ནི་རྟག་པར་འཛིན། །མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་རེ་གོལ། །མཉམ་ཉིད་བདེ་ཆེན༴ ཆོས་ཉིད་བདེན་པའི་དོན་དང་མ་འཕྲད་ན། །བདེན་པའི་དོན་བོར་མི་དགེའི་ལས་ལ་བཙོན། །སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས། །ཆོས་ཉིད་བདེ་ཆེན་ཀློང་༴ རིག་པའི་ཡེ་ཤེས་རང་སར་མ་གྲོལ་བས། །རང་རིག་དོན་བོར་གཡེང་བའི་ལས་ལ་བརྩོན། །འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ། །དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི། །ཡེ་ཤེས་ལྷ་ཚོགས་སྲུང་མ་དམ་ཚིག་ཅན། །དམ་ཚིག་གཞུང་བཞིན་བསྒྲུབ་པའི་རྣལ་འབྱོར་ལ། །མ་རྟོགས་ལྟ་བའི་གོལ་གྲིབ་བྱུང་བ་ན། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་སོགས། །ཞེས་བརྗོད། ཨོཾ་ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེཿ བདག་ལ་རྗེས་སུ་ཆགས་པར་མཛོདཿ སྐྱེ་རྒ་ན་དང་འཆི་བ་སོགསཿ འཇིགས་རུང་སྲིད་པའི་སྡུག་བསྔལ་ལསཿ མགོན་པོ་ཁྱེད་ཀྱིས་བདག་སྐྱོབས་ཤིགཿ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་ཿ ཡང་དག་ཡེ་ཤེས་སེམས་དཔའ་ཆེའིཿ སྐུ་གསུང་ཐུགས་སུ་བདག་སྒྲུབ་ཤིགཿ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོཿ བླ་མ་དཔལ་ལྡན་རྡོ་རྗེ་སོགས། བཅོ་ལྔ་པ་བདག་འཇུག་བླང་པ་ནི། རྣམ་པ་ལྔ་ལས་དང་པོ་ཁྲུས་གསོལ་དང་། ཇི་ལྟར་བལྟམ་པ༴ སོགས། ཨོཾ་བཛྲ་བྷུ་མེ་ཨཱཿ ཧཱུཾ གཞི༴ མཎྜལ་ཕུལ་རྗེས་གསོལ་བ་འདི་ལྟར་གཏབ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱཻ༴སོགས། ལན་གསུམ་བརྗོད་ཅིང་ཡན་ལག་བདུན་འདི་བྱ། བླ་མ་དཔལ་ལྡན་རྡོ་རྗེ་སེམས། །མཆོག་གསུམ་རྒྱལ་བ་སྲས་བཅས་ལ། །རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང་། །ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད། །སྡིག་པ་ལས་ནི་ལྡོག་བགྱི་ཞིང་། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །རྟག་ཏུ་ཆོས་འཁོར་སྐོར་བ་དང་། །འགྲོ་གནས་བར་དུ་བཞུགས་སླད་དུ། །བདག་ནི་གུས་པས་གསོལ་བ་འདེབས། །བསོད་ནམས་གང་དེས་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་གནས་ཐོབ་ཤོག །ཨེ་མ་ཧོ་ཕྱོགས་བཅུ་དུས་བཞི་སོགས། ཅེས་དང་གཉིས་པ་ཕྱིར་བཅོས་འདི་ལྟར་ཏེ། ཐོག་མར་ཡུལ་སྔགས་ཀྱི་སྡོམ་ལྡན་གཅིག་ལ་རྒན་ན་ཕྱག་འཚལ།གཞོན་ན་གུས་འདུད་ཀྱི་སྤྱོད་ལམ་ཙམ་བྱས་ལ་ཉེས་པ་འདི་བྱུང་བ་འཆག་པ་ལ་ཐུགས་གཏད་པར་ཞུ་ཞེས་སྙན་གསན་ཕབས་ནས་དམའ་བའི་ཕྱོགས་སུ་ཙོག་པུར་ཐལ་མོ་སྦྱར་བས་འཁོད་དོ། དེ་ནས་སློབ་དཔོན་ཡིན་ན། སློབ་དཔོན་ཞེས་དང་གྲོགས་ཡིན་ན། རིག་པ་འཛིན་པའམ་བཙུན་པ་དགོངས་སུ་གསོལ། བདག་མིང་མི་བསྐྱོད་རྡོ་རྗེ་ཞེས་བགྱི་བ་ལ་ཇི་སྐད་ཡོངས་སུ་བརྗོད་པའི་ཕམ་པའི་གཞི་ལས་རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ་བླ་མ་ལ་སྨད་པ་བྱུང་སྟེ་དེ་དག་སློབ་དཔོན་ནམ། རིག་པ་འཛིན་པ་ལ་མཐོལ་ཏེ་མི་འཆབ་པོ། བཤགས་ཤིང་མཐོལ་བས་བདག་བདེ་བར་གནས་པར་འགྱུར་གྱི་མ་མཐོལ་ན་བདེ་བར་གནས་པར་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད་པའི་ཡུལ་གྱིས་ཁྱོད་ཀྱིས་འདི་རྣམས་ཉེས་པར་མཐོང་ངམ་ཞེས་དྲིས་པ་ན་མཐོང་ཞེས་པ་དང་ཕྱིས་ཀྱང་སྡོམ་པར་བྱེད་དམ་ཞེས་དྲིས་པ་ན། ཆོས་བཞིན་འདུལ་བ་བཞིན་ཏུ་ལེགས་པར་སྤྱི་བོས་ནོད་པར་བགྱིའོ། །ཞེས་ལན་གསུམ་བགྱིས་ནས་ཡུལ་གྱིས། ཐབས་ཡིན་ནོ། བཤགས་པ་བྱེད་མཁན་གྱིས་ལགས་སོ། ཞེས་ལན་གཅིག་བྱའོ། རྡོ་རྗེ་འབྱུང་བ་ལས་བཤགས་པ་བྱེད་པའི་སྐབས་སུ་བདག་མིང་མི་བསྐྱོད་རྡོ་རྗེ་འདི་ཞེས་བྱ་བས། ཞེས་འབྱུང་བས་གསང་མཚན་འདོན་དགོས་པར་མངོན་ནོ། །གཞན་ཡང་རིམ་པ་གཉིས་བསྒོམ་པ་དང་བཟླས་པ་དང་གཏོར་མ་དང་། མཎྜལ་དང་རྟེན་གྱི་མདུན་དུ་བཤགས་པ་དང་སེམས་ཅན་གྱི་སྲོག་བསྐྱབ་པ་དང་བཀའ་བཀླག་པ་ཚ་ཚ་གདབ་པ་དང་སྡིག་པའི་གཟུགས་དམིགས་ཏེ་ཏིལ་མེར་བསྲེགས་པ་དང་ངན་འགྲོ་དགུག་དྲལ་ཕུང་པོ་གསུམ་པ་འདོན་པ་ལ་སོགས་པའི་སྒོ་ནས་སྡིག་ལྟུང་སྦྱང་བར་མི་བརྩོན་པརརྟག་ཏུ་བག་མེད་པར་གནས་ན། ཉེས་པ་ཆུང་ངུ་ཕྲ་མོ་ཡང་སྦྲུལ་གྱི་མཆེ་བས་བཏབ་པ་བཞིན་དུ་ལུས་ངག་སེམས་ནི་ཉམས་པར་བྱེད། ཅེས་གལ་ཏེ་བག་མེད་པར་བྱས་ན་ཉེས་པ་ཕྲ་མོ་ཡང་རྨ་ལ་ཞུགས་པའི་དུག་བཞིན་དུ་འཕེལ་བར་བྱེད་པ་གསུངས་ལ་ལྟུང་བ་བྱུང་བ་མི་འཕེལ་བར་བྱེད་པའི་ཐབས་ཀྱང་གསུངས་ཏེ། དེ་ཉིད་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། པད་དཀར་ཟླ་བའི་དབུས་གནས་ཤིང་། རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པས། རྡོ་རྗེ་སེམས་དཔའ་ལ་དམིགས་ཤིང་། ཡི་གེ་བརྒྱ་བ་ཆོ་ག་བཞིན། ཉི་ཤུ་རྩ་ནི་རེ་རེ་བཟླས། ལྟུང་སོགས་བྱིན་གྱིས་བརླབས་གྱུར་ནས། འཕེལ་བ་རུ་ནི་མི་འགྱུར་ཞེས། གྲུབ་པ་མཆོག་རྣམས་ཀྱིས་བཤད་པ། ཐུན་མཚམས་སུ་ནི་སྤྱད་པར་བྱ། འབུམ་ཕྲག་དུ་ནི་བཟླས་གྱུར་ན། རྣམ་དག་པ་ཡི་བདག་ཉིད་འགྱུར། ཞེས་སོ། དེ་ལྟ་བུའི་ཕྱིར་བཅོས་མཚན་ཉིད་པའོ། །ཡང་ན་སྙིགས་དུས་ཀྱི་བསམ་སྤྱོད་དང་བསྟུན་ནས་ཕྱིར་བཅོས་ཀྱི་རྟེན་འབྱུང་མི་འགོག་ཙམ་འདོད་ན། རྟེན་གསུམ་བྱིན་ལྡན་ནམ་མདུན་དཀྱིལ་དང་། བླ་མ་སློན་དཔོན་མཆེད་ལྕམ་བཅས་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་རྡོ་རྗེ་འཆང་དངོས་ཡིན་སྙམ་པའི་དག་སྣང་དང་། རང་བྱས་ཀྱི་ཉེས་ཚོགས་ལ་བཟོད་གླགས་མེད་པར་གནོང་འགྱོད་དྲག་པོས་སྡིག་ཅན་འཆི་ཁ་མ་ལྟ་བུའི་བསམ་སྤྱོད་ཀྱིས་བློ་སྙིང་བྲང་གསུམ་སྐྱབས་ཡུལ་རྣམས་ལ་ཁ་ཞེ་མེད་པར་བཀལ་ནས་ཕྱག་འཚལ་བ་དང་ཆབས་ཅིག་ཏུ། ཨེ་མ་ཧོ། ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ། །བླ་མ་རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དགོངས། །འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས། །ཉམས་ཆག་ན་རག་སྦྱོང་ཕྱིར་ཕྱག་མཆོད་བཞེས། །ཡོན་ཏན་ཕུན་ཚོགས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་སྤྲོས་བྲལ་ཆོས་ཀྱི་སྐུ་ལ༴ བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ༴ འགྲོ་མགོན་ཅིར་ཡང་སྤྲུལ་པའི་སྐུ༴ གནས་ལུགས་མི་འགྱུར་རྡོ་རྗེའི༴ ཡང་དག་མངོན་པར་བྱང་ཆུབ་སྐུ༴ ཉོན་མོངས་ཞི་མཛད་ཞི་བའི་ལྷ་ལ༴ ལོག་ལྟ་ཚར་གཅོད་ཁྲོ་བོའི་སྐུ༴ ཐབས་མགོན་ཚེ་བདག་འཇམ་དཔལ་སྐུ༴ སྐྱོན་བྲལ་སྒྲ་སྒྲོགས་པདྨ་གསུང་ལ༴ ཡང་དག་དོན་ལྡན་བཛྲ་ཐུགས༴ དུག་ལྔ་ནད་སེལ་བདུད་རྩི་སྨན་གྱི་ལྷ༴ དྲེགས་པ་འཇོམས་མཛད་ཕུར་པའི༴ འབྱུང་བ་མངའ་བདག་མ་མོའི་ཚོགས༴ ས་དང་ལམ་རྫོགས་རིག་འཛིན་ཚོགས༴ བསྟན་པ་སྲུང་མཛད་དམ་ཅན་རྣམས༴ དགྲ་བགེགས་འདུལ་མཛད་སྔགས་བདག་ཚོགས་ལ༴ གང་གིས་རྒྱལ་བ་ཞི་ཁྲོ་ཡི། དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། ཉམས་ཆག་ཀུན་ཀྱང་བྱང་གྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་། །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །རྡོ་རྗེ་སེམས་དཔའ་གསང་སྔགས་དངོས། །ལས་སྒྲིབ་ཉོན་སྒྲིབ་དག་བྱེད་ཅིང་། །འཁོར་བ་དོང་སྤྲུག་ཡངསྙིང་བཟླ། །ཨོཾ་བཛྲ་ས་ཏྭ་སོགས། སཏྭ་ཨཱཿ ཧོ་བདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ། །རྒྱལ་བའི་བཀའ་དང་བླ་མའི་ལུང་། །ཇི་བཞིན་མ་སྤྱད་སློན་དཔོནསྨད། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ལྟ་ལོག་ངན་སེམས་ངག་ཏུ་སྨྲས། །བརྡེག་བཙོག་གནོད་པ་དངོས་སུ་སྤྱད། །ལྷ་དང་དཀྱིལ་འཁོར་ཉམས་མ་གསལ། །འཛབ་བཟླས་མ་དག་ཟུར་ཆག་ཉམས། །གསང་བར་འོས་དང་གཉེར་གཏད་སྨྲས། །གསང་བཅུ་བསྒྲགས་ཤིང་བླ་མ་བསླུས། །རྩ་བའི་དམ་ཉམས་མཐོལ་ཞིང་བཤགས། །སྤྱད་པར་བྱ་བའི་དམ་ཚིག་ལྔ། །ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ། །མི་སྤང་ལྔ་དང་དང་ལེན་ལྔ། །ཡན་ལག་དམ་ཉམས་མཐོལ་ཞིང་བཤགས། །ལེ་ལོ་གསོག་འཇོག་ཚོགས་སྤྱང་བྱས། །ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར། །ཚོར་དང་མ་ཚོར་རྐྱེན་དབང་གིས། །སྒོ་གསུམ་བག་མེད་དམ་ཉམས་བཤགས། །ཡིད་ཀྱི་དམ་ཉམས་ལྟ་བས་བཤགས། །དེ་ཡང་ཀུན་གཞི་བྱང་ཆུབ་སེམས། །ཡིན་པ་མེད་པའི་ལྟ་བ་རྟོགས། །མིན་པ་མེད་པའི་སྒོམ་ཉམས་ལོན། །ཡིན་མིན་མེད་པའི་སྤྱོད་པ་རྟོགས། །རེ་དོགས་མེད་པའི་བྱང་ཆུབ་སེམས། །རྩ་བ་ཡན་ལག་ཐམས་ཅད་ཀྱི། །ཆགས་ཉམས་མ་བྱུང་མ་སྐྱེས་པ། །བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ། །སྦྲེལ། ལན་གསུམ་སོགས་ཅི་ནུས་བརྗོད་མཐར། ཀུན་ནས་དང་བས་བླ་མ་ཡི། །ཞབས་ཀྱི་པདྨོ་ལ་བཏུད་དེ། །རྩ་བའི་ལྟུང་བ་བཅུ་བཞི་པ། །རྒྱུད་ལས་གསུང་ལྟར་མ་འཚལ་བས། །ཉེས་ཚོགས་སྙིང་ནས་བཤགས་བགྱིད་དོ། །གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོོར་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །རྡོ་རྗེ་སྤུན་ལ་ཁྲོ་བ་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན། །སེམས་ཅན་རྣམས་ལ་བྱམས་པ་སྤངས། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་པ་ནི་ལྔ་པ༴ རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ༴ ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན༴ ཕུང་པོ་སངས་རྒྱས་ལྔའི་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད༴ རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ༴ གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་ལ་ནི་ཇི་བཞིན་རྙེད། །མི་བརྟེན་པ་ནི་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །སྔགས་པས་འདི་དག་སྤངས་ནས་ནི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་བཟུང་བར་འགྱུར། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །གསུངས་པའི་ཉེས་པས་ནོན་པ་བདག །ད་ནི་གནོང་འགྱོད་ཆེར་སྐྱེས་ཏེ། །ཡེ་ཤེས་སྤྱན་ལྡན་ཁྱེད་རྣམས་ཀྱི། །སྤྱན་སྔར་མི་འཆབ་མི་སྦེད་བློས། །མཐོལ་ལོ་བཤགས་སོ་ཚངས་པར་སྩོལ། །དེ་ལྟར་མཐོལ་བཤགས་དང་བཞེས་ན། །བདག་ཉིད་བདེ་བར་གནས་འགྱུར་གྱི། །མཐོལ་ཞིང་མ་བཤགས་བདེར་མི་འགྱུར། །སྦྲེལ། ལན་གསུམ་བརྗོད་མཐར་དཔང་པོ་ཡིས། འདི་རྣམས་ཁྱོད་ཀྱི་ཉེས་རུ། །མཐོང་བམ་དྲིས་པར་མཐོང་ཞེས་བརྗོད། །ད་ཕྱིན་སྡོམ་མམ་དྲིས་པ་ལས། །ཆོས་བཞིན་འདུལ་བ་ཇི་བཞིན་དུ། །ལེགས་པར་སྤྱི་བོས་ནོད་པར་བགྱི། །ཞེས་པའི་ལན་གསུམ་བརྗོད་པའི་མཐར། །དཔང་པོས་ཐབས་ཡིན་ནོ་ཞེས་དང་། སློབ་བུས་ལགས་སོ་ལན་གདབ་པོ། དེ་རྗེས་སྦོམ་པོའི་བཤགས་པ་དང་། རྒྱུད་ལས་གསུང་བཞིན་འདིར་འགོད་ན། ཉེས་ཆོགས་ཡིད་ལ་དྲན་བྱ་ཞི། འགྱོད་སེམས་དྲག་པོས་འདི་བཞིན་བརྗོད། བླ་མའི་ཞབས་ཀྱི་པདྨོ་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །སྦོམ་པོའི་ལྟུང་བ་རྣམ་པ་བརྒྱད། །རྒྱུད་དུ་གསུངས་པ་མ་འཚལ་བའི། །ཉེས་པའི་ཚོགས་ཀུན་བཤགས་པར་བགྱི། །ཤེས་རབ་སྟོབས་ཀྱིས་ལེན་པ་དང་། །དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན། །སྣོད་མིན་ལ་ནི་མི་གསང་དང་། །ཚོགས་ཀྱི་ནང་དུ་རྩོད་པ་དང་། །དད་ལྡན་ལ་གཞན་ཆོས་སྟོན་དང་། །ཉན་ཐོས་ནང་དུ་ཞག་བདུན་གནས། །རྫུན་གྱི་རྣལ་འབྱོར་ང་རྒྱལ་བྱེད། །དད་པ་མེད་ལ་ཆོས་སྟོན་པ། །འདི་རྣམས་སྦོམ་པོའི་ལྟུང་བར་བཤད། །རྩ་ལྟུང་སྦོམ་པོའི་རིམ་པ་དག །ཆོ་ག་ཡིས་ནི་ཤེས་བྱ་ཞིང་། །ཉམས་པར་གྱུར་ན་བཤགས་པར་བྱ། །ཞེས་གསུངས་ཇི་བཞིན་འདིར་དྲན་ཏེ། །སྒོ་གསུམ་གནོང་འགྱོད་དང་བཅས་པས། །སྙིང་ནས་བཤགས་སོ་ཚངས་པར་སྩོལ། །བདེ་བར་གཤེགས་སྲས་བདག་དགོངས་གསོལ། །ཞེས་བརྗོད་གསུམ་པ་སྡོམ་གསུམ་གསར་བཟུང་དང་། རྙིང་པ་གསོ་སྦྱོང་དད་མོས་བློ་ཡིས། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་གདན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གླུ་དང་གར་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པས་སོ་ཐར་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པས་བྱང་སྡོམ་དང་། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་རྡོར་སེམས་ཞེས་བགྱི་བས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་གྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དག་ནི་བརྟན་པོར་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པས་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབྱུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །ཡོངས་སུ་མྱ་ངན་འདས་ལ་འགོད། །ཅེས་པས་སྔགས་སྡོམ་རྒྱས་པར་བྱ་བའམ་བསྡུ་ན་འདི་འདོན། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་རྡོར་སེམས་ཞེས་བགྱི་བས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནངགི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་བཟུང་བར་བགྱི། །ཞེས་པས། སྦྲེལ། སྡོམ་གསུམ་ཐོབ་བློ་བརྟན་པོ་ཡིས། བཞི་པ་སྙིང་ནས་དམ་བཅའ་བྱ་བ་ནི། སྙིང་གར་རྩེ་གཅིག་ཕྱག་རྒྱ་བཅངས་བྱས་ཏེ། ཨོཾ་རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་སྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མགོན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱིད་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབ་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྤོང་། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཞིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པ་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་བརྩེ་དཔལ་གྱི་མགུལ་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩིའི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པར་མ་མཆིས་པར། །ཇི་ལྟར་འཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པར་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་བདག་གིས་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱེད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱངས་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱར་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་དུ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱིས་མཐུ་ནུས་སྩལ་དུ་གསོལ། །འོག་གི་ཨོཾ་ཡེ་ཤེས་ལྔ་ལྡན་བླ་མ་རྡོ་རྗེ་འཛིན། སོགས། ཞེས་བརྗོད་ལྔ་པ་ཡེ་ཤེས་དབབ་པ་ནི། ལུས་གནད་ཆོས་བདུན་དང་ལྡན་པར་བཅའ། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། དམིགས་གནད་ནི། རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་སྙིང་གར་ཡེ་ཤེས་སེམས་དཔའ་རྡོར་སེམས་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་བཅས་པ་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབ་པ་བཞིན་དུ་སྤྱན་དྲངས་ཏེ་སྙིང་ག་ནས་སིབ་སིབ་ཐིམ་པར་མོས་ལ་ཁྱད་པར་གྱི་རྫས་དུད་བདུག། ཌ་དྲིལ་འཁྲོལ་ཞིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ། ཨོཾ་བཛྲ་སཏྭ་ས་མ་ཡ༴ སོགས་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཨཱཿཧཿཛྷཻཿ ཞེས་དྲག་ཏུ་བཟླ་ཞིང་དབབ། ཕེབས་པ་ནི་ཨོཾ་ཏིཥྛ་བཛྲཿ ཞེས་བརྟན་པར་བྱའོ། བཅུ་དྲུག་པ་ནི། དངོས་གཞི་དབང་ལ་གཉིས། སྦྱོར་བ་སྡིག་སྒྲིབ་དག་པར་བྱེད་པ་དང་། དངོས་གཞི་ཡོན་ཏན་ཡར་འཕེལ་གཉིས་པོ་ལས། དང་པོ། ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཚོགས་བི་ཤའི་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད་ལ། སློབ་བུས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གསང་གནས་སུ་དུ། ལྟེ་བར་ཏྲི། སྙིང་གར་པྲེ་རྣམས་ཀྱི་རྣམ་པར་གནས་པའི་སོ་སོའི་སྟེང་དུ་ཡི་གེ་རཾ་ཡཾ་ཁཾ་གསལ་བར་བསམ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པའི་གསང་གནས་ཀྱི་དུ་བསྲེག་གཏོར་སྦྱངས་བར་བསམ་ལ། རཾསྥ་ར་ཎ་ཕཊཿ ཡཾ་སྥ་ར༴ ཁཾ་སྥ་ར༴ ཅེས་སྦྱངས། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུཾ་ཨོཾ་སྭ་ཨཱཾ་ཧ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱ་པྱཱཾ་ཏཾ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམ་ལ། ཨོཾ་སུ་ར་ཏི་སྟྭཾ། ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལིས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ། ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ༴ ཆོས་ཉིད་རྣམ་པར་དག་པའི་བཀའ༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་བའི་ལྷ་ཚོགས་ཀྱི་བདེན༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན༴ བདེན་པ་ཆེན་པོས་བྱིན་རླབས་ཀྱིས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ན་ར་ག་ཏེ་ཤུདྡྷེ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿ ཅེས་བརྗོད་ཅིང་ཐལ་མོ་སྤྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པའི་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས༴ བསམ་མོ། སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་བགྱི་བསམ་པས། ཀྱེ་མ་ཀྱེ་ཧུད་རྡོ་རྗེ་འཛིན། འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་སྒྲོག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། གནང་བ་བྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། རང་གིས་ཉམས་དང་ཟླས་ཉམས་ཀྱིས། །ན་རག་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་དབང་སྟེགས་སུ་དྲངས། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་དུན་ཧཱུཾ་ཕཊཿ ཅེས་བཟླ་ཞིང་ཡུངས་དཀར་གྱིས་བྲབས། ཁྲུས་བུམ་ཀྱིས་དབང་བསྐུར་ལ། ཏིལ་གྱི་གང་བུ་བཞིན་གང་བས། རྒྱལ་བའི་བུམ་པ་བཟུང་ནས་ནི། འདི་ཉིད་དུ་ནི་བླུག་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཨོཾ་བཛྲ་སཏྭ་ས་མ་ཡ༴སོགས་ཡིག་བརྒྱའི་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་རཀྐ་ག་ཏེ་ཧེ་དུན་ཧཱུཾ་ཕཊཿ བཏགས་པས་བཀྲུས་ནས། རིགས་ཀྱི་བུ་འདིས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤིནྟཾཀུ་རུ་ཡེ་སྭཱཧཱ། ཞེས་ཁྲུས་བྱའོ། དེ་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། །ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་སྙིང་ཀའི་པྲེ་བསྲེག་གཏོར་སྦྱངས་བར་བསམ། རཾ་སྥ་ར་ཎ་ཕཊཿ ཡཾ༴ ཁཾ༴ ཅེས་སྦྱངས། ཨོཾ་སུ་ར་ཏི་སྟྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལིས་སོ་སོར་བསྣོལ། བཛྲ་བྷནྡྷ་བཾ། ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན༴ ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྲུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་པྲེ་ཏ་ཀ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿ ཅེས་བརྗོད་ཅིང་ཐལ་མོ་སྤྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་ཡི་དྭགས་སུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་བར་བསམ་མོ་སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་བགྱི་བསམ་པས། ཀྱེ་མ་ཀྱེ་ཧུད་རྡོ་རྗེ་འཛིན། འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ་པོ། གནང་བ་སྦྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། རང་གིས་ཉམས་དང་ཟླས་ཉམས་ཀྱིས། པྲེ་ཏའི་གནས་སུ་ལྟུང་བ་ལས། སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། ཞེས་དབང་སྟེགས་སུ་དྲངས། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་དུན་ཧཱུཾ་ཕཊཿ ཅེས་བཟླ་ཞིང་ཡུངས་ཀར་གྱིས་བྲབས་ཁྲུས་བུམ་གྱིས་དབང་བསྐུར་ལ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བའི་བུམ་པ་བཟུང་ནས་སུ། །འདི་ཉིད་དུ་ནི་བླུག་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཨོཾ་བཛྲ་སཏྭ༴སོགས་ཡིག་བརྒྱའི་མཐར། ཨོཾ་པ་ཙ་པ་ཙ་སརྦ་པྲེེ་ཏ་ཀ་ག་ཏེ་ཧེ་དུན༴ བཏགས་པས་བཀྲུས་ནས། རིགས་ཀྱི་བུ་འདིས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ༴ ཞེས་བཀྲུ་འོ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་ལྟེ་བའི་ཏྲཾ་བསྲེགས་གཏོར་སྦྱངས་བར་བསམ་ལ། རཾ་སྥ་ར་ཎ་ཕཊཿ ཡཾ༴ ཁཾ༴ ཅེས་སྦྱངས། ཨོཾ་སུ་ར་ཏི་སྟྭཾ། ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལིས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ། གྱིས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ༴ ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་བའི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཏིཪྻ་ཀ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿ ཞེས་བརྗོད་ཅིང་ཐལ་མོ་སྤྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་བར་བསམ་མོ། སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་བགྱི་བསམ་པས། ཀྱེ་མ་ཀྱེ་ཧུད་རྡོ་རྗེ་འཛིན། འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། གནང་བ་སྦྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གིས་ཉམས་དང་ཟླས་ཉམས་ཀྱིས། །དུད་འགྲོའི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་དབང་སྟེགས་སུ་དྲངས། ཨོཾ་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ག་ཏེ་ཧེ་དུན༴ ཅེས་བཟླ་ཞིང་ཡུངས་ཀར་གྱིས་བྲབས། ཁྲུས་བུམ་གྱིས་དབང་བསྐུར་ལ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བའི་བུམ་པ་བཟུང་ནས་སུ། །འདི་ཉིད་དུ་ནི་བླུག་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཨོཾ་བཛྲ་སཏྭ༴སོགས་ཡིག་བརྒྱའི་མཐར། ཨོཾ་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ག་ཏེ༴ བཏགས་པས་བཀྲུས་ནས། རིགས་ཀྱི་བུ་འདིས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་ཁྲུས་བྱའོ། དེ་ནས་རྣམ་སྣང་དང་མི་འཁྲུགས་པའི་གཟུངས་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུར་ག་ཏི་ཤྭ་དྷ་ནི་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སཾ་ཡཀྶམྦུདྡྷ་ཡ། ཏདྱཐཱ༴ ཨོཾ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པ་པཾ་བི་ཤྭ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་བ་ར་ཎ་བི་ཤུདྡྷེསྭཱ་ཧཱ། ཞེས་སོ། ན་མོ་རཏྣ་ཏྲ་ཡ་ཡ། ཨོཾ་ཀཾ་ཀ་ནི༴ སོགས། ནཉྩ་སྭཱཧཱ། ཞེས་བཟླས་མཐར། རིགས་ཀྱི་བུས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་སྐལ་བ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་སྟེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད། དེ་དག་ནི་ངན་སོང་གནས་འདྲེན་གྱི་དབང་ཞེས་བྱ་སྟེ་བཅུད་ཁྱད་པར་ཅན་བསྒྲུབ་པའི་སྔོན་དུ་སྣོད་དག་པར་བྱེད་པ་བཞིན་ནོ། །སྐབས་འདིར་སྡིག་སྒྲིབ་སྦྱང་བའི་སྦྱིན་བསྲེག་ནི། །སྤྲོས་པ་སྐྱུང་ན་སོལ་མེར་ཤིང་ཞིབ་སྦར། །དེ་མིན་སྟེགས་བུར་དཀར་པོ་ཞི་ཐབ་བརྩིགས། །མདུན་གྱི་མེ་ཐབ་དེ་ཉིད་གདོད་མ་ནས། །ན་བཟའ་དཀར་མོའི་ངོ་བོར་ཤེས་པ་ཡི། །ཀློང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་བ་ལས། །ཟ་བྱེད་རྡོ་རྗེ་མཁའ་འགྲོ་མིག་སྨན་མདོག །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཕྱག་གཉིས་ཀྱི། །ཧཱུཾ་མཛད་ཕྱག་རྒྱ་རྡོ་རྗེ་དྲིལ་བུ་འཛིན། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་རཏྣས་སྤྲས། །ལྗགས་སྟེང་རཾ་ཡིག་ཕྱོགས་བཅུ་དུས་གསུམ་གྱི། །རྒྱལ་ཀུན་འདུས་པའི་ལྗགས་ཀྱི་ངོ་བོར་བསམ། །མདུན་དུ་སྣོད་དེར་ཏིལ་རྫས་བཤམས་ནས་སུ། །རང་གི་སྙིང་གར་སྡིག་སྒྲིབ་ས་བོན་ནི། །བཾ་ཡིག་སོལ་བའི་མདོག་ཅན་གསལ་བ་ལས། །སྒོ་གསུམ་གྱིས་བསགས་སྡིག་སྒྲིབ་ཡོངས་འདུས་བསམ། །ལྟེ་བར་རཾ་དང་རྐང་མཐིལ་ཡཾ་གསལ་བར། །རླུང་གཡོས་མེ་སྦར་མེ་ལྕེ་གྱེན་སོང་ནས། །སྙིང་གའི་བཾ་ཡིག་རླུང་གི་སྦུར་མ་བཞིན། །བསྐྱོད་ཅིང་དེད་པ་དྲི་འཛིན་ སྐྱབས་སེམས་སྔོན་དུ་འགྲོ་བས། །བིག་ནན་ཏ་ཀྲིཏ་ཀྱི་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་ཞི་བའི་ཐབ། །ཡེ་ཤེས་མེ་དབུས་ཧཱུཾ་མཚན་རྡོ་རྗེ་ལས། །ཁྲོ་རྒྱལ་ཞལ་གདངས་མཆེ་གཙིགས་སྐུ་མདོག་མཐིང་། །རྡོར་དྲིལ་བཟུང་ནས་ཐུགས་ཀར་ཕྱག་རྒྱས་བཅིང་། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་ཅན། །སྟག་ཤམ་གསོལ་ཞིང་ཞབས་གཉིས་ཟླུམ་པོར་བཞུགས། །གནས་གསུམ་འབྲུ་གསུམ་འོད་ཀྱི་ཡེ་ཤེས་པ། །སྤྱན་དྲངས་བསྟིམ་ཞིང་དབང་ལྷས་དབང་བསྐུར་ནས། །དབང་རྟགས་མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །བཛྲ་ཊཱཀི་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་སྐུ། །རྡོ་རྗེ་དབྱིངས་ནས་མཁས་པ་ཆེ། །རྡོ་རྗེ་གསུམ་སོགས་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ། །རང་གི་སྙིང་ཀར་བཾ་ཡིག་ནག་པོ་དང་། །ལྟེ་བར་རཾ་ལས་མེ་དཀྱིལ་དམར་པོ་བསམ། །རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་དཀྱིལ་སྔོ། །བཾ་ཡིག་འོད་ཀྱིས་སྡིག་སྒྲིབ་ཀུན་བསྡུས་ཐིམ། རླུང་གཡོས་མེ་སྦར་བཾ་དེད་སྣ་སྒོར་ཐོན། །སྡིག་པ་ར་ཙའི་གཟུགས་གྱུར་ཏིལ་ལ་ཐིམ། །དེ་ཉིད་ཟག་མེད་བདུད་རྩིའི་རྒྱུན་གྱུར་པ། །ཞལ་དུ་ཕུལ་བས་སྡིག་སྒྲིིབ་ཐམས་ཅད་དང་། །དམ་ཚིག་ཆགས་ཉམས་དག་པར་མཛད་དུ་གསོལ། །ཨོཾ་བཛྲ་ཊ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པ་པཾ་ཏ་ཧ་ན་བསྨི་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱཿ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཆགས་ཉམས་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བརྒྱ་སྟོང་ཅི་འགྲུབ་བཟླས་མཐར། གོང་བཞིན་མཆོད་ཅིང་བསྟོད། དགེ་བ་འདི་ཡིས་བདག་སོགས་ཀྱི། །སྡིག་སྒྲིབ་ཉམས་ཆག་ཀུན་བྱང་ནས། །སྐྱབས་ཀྱི་བྱིན་རླབས་ཞུགས་པ་ཡིས། །རྡོ་རྗེ་མཁའ་འགྲོ་མྱུར་འགྲུབ་ཤོག །ཅེས་པའང་ར་གཱ་ཨཱ་གསེས་སོ། དགེའོ།། །།སརྦ་མངྒལཾ།། །། བུ་ག་ནས། །སྒོ་རྩར་སླེབས་ཚེ་སྡིག་ནག་རྭ་ཅན་གྱི། །རྣམ་པ་ཏིལ་དང་དབྱེར་མེད་ཐིམ་བསམ་ཞིང་། །ཨོཾ་ཨཱཿཧཱུཾ་འབྲུ་གསུམ་ཅི་རིགས་བརྗོད་པས་བདུད་རྩིར་བསྒྱུར། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི། སརྦ་ས་པཾ་ད་ཧ་ན་བྷསྨི་ཀུ་རུ་ཡེ་སྭཱ་ཧཱ། སྔགས་དེས་མཐེན་མཛུབ་སྦྱར་བས་ཏིལ་མེར་འབུལ། གྲངས་ཚད་མེད་ཀྱང་བརྒྱ་སྟོང་ཅི་རིགས་ཀྱི། རྗེས་སུ་བཤགས་པ་འདི་བཞིན་འདོན་པར་བྱ། ལྷུབ། ཨོཾ་ཡེ་ཤེས་ལྔ་ལྡན་བླ་མ་རྡོ་རྗེ་འཛིན། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཁྲག་འཐུང་ཁྲོ་བོ་ཁྲོ་མོས་བྱིན་གྱིས་རློབས། །བདག་གི་ལུས་ཀྱིས་སྲོག་གཅོད་མ་བྱིན་བླངས། །མི་ཚངས་སྤྱོད་ཅིང་ཏིང་འཛིན་སྐུ་མ་གསལ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱཿ བདག་གི་ངག་གིས་རྫུན་དང་ཕྲ་མ་དང་། །ངག་འཁྱལ་ཚིག་རྩུབ་བཟླས་བརྗོད་གྲངས་མ་སྐྱོལ། །རྡོ་རྗེ་བཟླས་པའི་དོན་ནི་མ་རྟོགས་ཏེ། །གསུང་གི་དམ་ཚིག་ཉམས་པ༴ བཛྲ་བདག་གི་སྣོད་ལྡན་སེམས་ཅན་ཐམས་ཅད་ལ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྐྱེས་པ་དང་། །ཆོས་ཉིད་ཟབ་མོའི་དོན་ནི་མ་རྟོགས་ཏེ། །ལྟ་བ་ཐུགས་ཀྱི་དམ་ཚིག་ཉམས༴ ས་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་རྒྱུ། །མ་རྟོགས་བདག་གིས་བརྔན་དང་སྐྱོན་དུ་བགྲངས། །སངས་རྒྱས་ཡོན་ཏན་མཐའ་ཡས་མ་བརྗོད་ཅིང་། །ཡོན་ཏན་དམ་ཚིག་ཉམས་པ༴ ཏྭ་སངས་རྒྱས་ཕྲིན་ལས་སྣ་ཚོགས་དཔག་མེད་ཀྱི། །སྙིང་རྗེ་ཆེན་པོས་སེམས་ཅན་དོན་མ་བྱས། །བདུད་རྩི་ལྔ་ལ་ལོངས་སྤྱོད་མ་ནུས་ཤིང་། །ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ལོ༴ ཧཱུཾ་སྐྱེ་བ་རྣམ་བཞིས་བསྡུས་པའི་སེམས་ཅན་རྣམས། །ཆོས་སྐུ་རྣམ་དག་དབྱིངས་ལས་གཟུགས་སྐུར་སྣང་། །བདེ་བ་ཆེན་པོས་ཀུན་ལ་ཁྱབ་དམིགས་ཏེ། །ཡང་དག་དོན་མ་རྟོགས་པ༴ཞེས་དང་། ཨོཾ་བཛྲ་སཏྭ༴ ཨོཾ་བདག་ལུས་གཞལ་ཡས་ཁང་དུ་གནས་པའི་ནང་། སོགས་ནས་ཡིག་བརྒྱ་ལན་གསུམ་བརྗོད་ནས་སུ། བཛྲ་མུ་ཡིས་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་ཡང་མེ་དང་དབྱེར་མེད་བལྟས། དེ་ཡི་རྗེས་སུ་ཡོན་ཏན་ཡར་འཕེལ་གྱི། དབང་ལ་དང་པོ་མཎྜལ་ཕུལ་བྱས་ལ། ས་གཞི་སྤོས་ཆུས༴སོགས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱིས་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿས་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ། པདྱཾ། པུཥྤེདྷུཔྤེ་ཨ་ལོ་ཀེ་གྷནྡྷེ། ནཻ་ཝི་དྱ་ཤཔྟ་པྲ་ཏིཙྪ་སྭཱཧཱ། ལི་བར་གྱིས་མཆོད། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པའི་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ལ། ཨོཾ་སྟོང་གསལ་ཆོས་དབྱིངས་བུམ་པ་ན། བདེ་ཆེན་རྒྱལ་པོའི་དཀྱིལ་འཁོར་གནས། སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། བག་ཆགས་དྲི་མ་ཀུན་དག་ཤོག །ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ལ། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔ་ཡི་རང་བཞིན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ། དེ་ལྟར་བུམ་པའི་དབང་བསྐུར་པས། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་དང་བུམ་དབང་དམ་ཚིག་ཉམས་བཤགས་ནི། ལྷུབ། ཨོཾ་བདག་ལུས་གཞལ་ཡས་ཁང་དུ་གནས་པའི་ནང་། །སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་སུ། །དུག་ལྔ་རྣམ་དག་རིགས་ལྔ་ཡབ་ཡུམ་བཅུ། །བསྐྱེད་རིམ་དབྱིངས་ཀྱི་ལམ་དུ་མ་ཤེས་བཤགས། །ལུས་སེམས་ཡེ་ནས་ཟུང་འཇུག་གནས་པ་ལ། །སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་མ་ཤེས་ཏེ། །མཉམ་བཞག་རྗེས་ཐོབ་ཉམས་ལེན་སྐྱོང་མ་ཤེས། །ངོ་བོ་ཉིད་གསུམ་ལྟ་བའི་ཀློང་དུ་བཤགས། །ཡེ་ནས་འཁོར་འདས་དབྱེར་མེད་ཡིན་པ་ལ། །སྣོད་བཅུད་གཞལ་ཡས་ཁང་དང་ལྷར་མ་ཤེས། །འབྱུང་བཞིའི་ཆོས་ལ་མངའ་དབང་མ་བརྙེས་པ། །གྲུབ་མཐའ་འཁོར་འདས་དབྱེར་མེད་ངང་དུ་བཤགས། །ཡེ་ནས་སྐྱེ་ཤི་མེད་པར་མ་ཤེས་པས། །མ་རྟོགས་འཆི་དུས་སྣང་བ་བསྒྱུར་བ་དང་། །འོད་ཀྱི་གོང་བུ་སྒྲ་ཡིས་འཕོ་མ་ཤེས། །འདའ་ཁ་འཆི་བྲོད་ངང་དུ་བཤགས་པར་བགྱི། །ལུས་ཀྱི་རྩ་ཡི་གཙོ་བོ་ཕལ་པ་རྣམས། །ཡེ་ནས་སྤྲུལ་སྐུར་གནས་པ་མ་ཤེས་ཏེ། །དབྱིབས་ཀྱི་ལྷ་སྐུ་རང་གསལ་བསྒོམ་མ་ཤེས། །སྤྲུལ་སྐུའི་རང་བཞིན་ལྷུན་གྲུབ་འབྲས་བུར་བཤགས། །ལུས་རྩ་བུམ་པའི་དབང་དུ་མ་ཤེས་པས། །མ་ཧཱ་ཡོ་གའི་བསྐྱེད་རིམ་བསྒོམ་མ་ནུས། །བུམ་དབང་དམ་ཚིག་ཉམས་པ༴ ཚངས་པར་གྱུར་ནས་བསྐྱེད་རིམ་དངོས་གྲུབ་སྩོལ། །ལུས་གནད་ཡི་གེ་གསང་དབང་ནི། བླ་མ་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡྷ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་པར་བསམ་ལ། ཨཱཿམཚན་ལྡན་རྡོ་རྗེའི་ཀཱ་པ་ལར། །བདེ་སྟོང་རོལ་པའི་བྱང་སེམས་གནས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག །ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ། ཞེས། བདུད་རྩི་མྱོང་པས་རྩ་ཁམས་ཐམས་ཅད་བདུད་རྩིས་གང་། །དུས་གསུམ་གྱི་རྣམ་རྟོག་འགག །བདེ་བའི་ཡེ་ཤེས་བསྐྱེད་པར་བསམ། །དེ་ལྟར་གསང་བའི་དབང་བསྐུར་བས། །ངག་གི་དྲི་མ་དག །ལམ་རང་ལུས་བདེ་བ་ཆེན་པོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་རླབས་པའི་ཡེ་ཤེས་མངོན་དུ་བྱས། །འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཞེས་དང་གསང་དབང་དམ་ཚིག་ཉམས་བཤགས་ནི། ལུས་གནད་ཡི་གེར་ལོངས་སྐུར་གནས་པ་ལ། །འཁོར་ལོ་རྟེན་དང་མ་རྟེན་མན་ངག་གནད། །བདེ་བ་ཉམས་སུ་ལེན་པའི་ལམ་མ་སྒོམ། །བདག་ལ་བྱིན་རླབས་ལམ་གྱི་ངང་དུ་བཤགས། །ཉོན་མོངས་དང་ནི་རྣམ་རྟོག་སྣྲེལ་ཞི་རྣམས། །གསལ་ཞིང་ཡངས་པའི་རང་བྱུང་ཡེ་ཤེས་གནས། །སྙིང་གར་རོ་རྐྱང་དབུ་མ་ཟུང་འཇུག་བདེ། །ལྟ་བ་རང་བྱུང་ཡེ་ཤེས་ཀློང་དུ་བཤགས། །སྒྲ་དབྱངས་ཡེ་ནས་སྐད་དུ་གནས་པ་ལ། །འགྲོ་བ་རིགས་དྲུག་སོ་སོའི་རང་སྐད་དུ། །གསུང་རབ་ཡན་ལག་བཅུ་གཉིས་ཡིན་མ་ཤེས། །གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ངང་དུ་བཤགས། །སེམས་ཀྱི་འོད་གསལ་ཡེ་ནས་འདུ་འབྲལ་མེད། །མ་བསྒོམ་རང་ཆས་ཡིན་པར་མ་ཤེས་པས། །འཆི་དུས་རང་གསལ་འབྱུང་བར་མ་འཚལ་བ། །འདའ་ཁའི་གདམ་ངག་འོད་གསལ་ངང་དུ་བཤགས། །ལུས་གནད་ཡི་གེ་ལོངས་སྐུར་གནས་པ་ལ། །ལམ་དུ་མ་ཤེས་བདེ་བ་མ་བསྒོམ་པས། །གཏུམ་མོའི་དྲོད་ཀྱི་འབྲས་བུ་མ་ཐོབ་པ། །འབྲས་བུ་ལོངས་སྤྱོད་རྫོགས་པའི་ངང་དུ༴ གསང་བའི་དབང་གི་གདམ་ངག་ཤེས་གྱུར་ཀྱང་། །རང་གི་བདེ་བ་ལམ་དུ་མ་ལོངས་ཏེ། །གཏུམ་མོའི་དྲོད་རྟགས་ལུས་ལ་མ་ཤར་བ། །གསང་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ལུས་ཁམས་བདུད་རྩི་ཤེས་རབ་ཡེ་ཤེས་ནི། བདེ་སྟོང་དབྱེར་མེད་མཚོན་བྱེད་མེ་ལོང་སིནྡྷུ་རའི་མཎྜལ་ཅན་སློབ་མའི་ལག་ཏུ་གཏད། ལྟེ་བའི་ཡིག་འབྲུ་ལས་སྲིན་ལག་གིས་ཐིག་ལེ་སྙིང་གར་བྱུག་ལ། གཟུགས་དང་ལང་ཚོས་རྫོགས་པའི་ཤེས་རབ་སྙེམས་མའི་ངོ་བོ་ཅན་པང་དུ་འཁོད་པར་བསམ་ལ། ཧཱུཾ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བླ་མེད་བྱང་ཆུབ་མཆོག་གི་ལམ། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག །ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུཾ། ཞེས། འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱར་བས་དགའ་བ་བཞིའི་རིམ་པའི་ལྷན་སྐྱེས་བདེ་བ་བརྟན་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭཱ་བྷ་ཝ་ཨདྨཀོ྅་ཧཾ། ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཀྱི་དྲི་མ་དག། ལམ་ཕོ་ཉ་བསྒོམ་པ་ལ་དབང་ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཞེས་གསུངས་ཤེར་དབང་དམ་ཚིག་ཉམས་བཤགས་ནི། ལུས་ཁམས་བདུད་རྩི་རང་ལ་གནས་པ་དང་། །ཡུམ་བདག་འདོད་པའི་བྱིན་རླབས་མཉམ་པ་དང་། །སྦྱོར་བ་དངོས་གཞི་རྗེས་ཀྱི་བསྡུས་རྒྱས་རྣམས། །མ་བསྒོམ་འཁོར་ལོ་ཐབས་ཀྱི་ལམ་དུ་བཤགས། །བདེ་བ་ཡེ་ནས་རང་ལ་གནས་པ་ལ། །གོ་རིམ་གནས་དང་སྤང་བྱ་ངོ་བོ་ཡིན། །བདེ་བ་རྣམ་བཞི་ཉམས་སུ་མ་ལོན་པ། །བདེ་བཞིར་ལྟ་བ་ལྷན་སྐྱེས་ངང་དུ༴ བདེ་བ་རང་ལ་གནས་པར་མ་ཤེས་ཤིང་། །སྡུག་བསྔལ་རྐྱེན་གྱིས་བདེ་བ་བསྒོམས་བྱས་ཀྱང་། །བདེ་སྟོང་རྒྱ་ཆུང་གྲུབ་མཐའ་མ་རྟོགས་པ། །ལྷན་ཅིག་སྐྱེས་པ་བདེ་བའི་ངང་དུ༴ བདག་ཉིད་རྡོ་རྗེ་སེམས་དཔར་མ་ཤེས་པས། །འཆི་དུས་རང་ཉིད་དེར་སྣང་སྐུར་མ་གྲུབ། །འཁོར་ལོ་བཞི་ཡི་བདེ་བ་མ་འབྱོང་པ། །འདའ་ཁ་རྡོ་རྗེ་སེམས་དཔའི་ངང་དུ༴ ཡེ་ནས་བདུད་རྩི་ཐིག་ལེ་ཆེན་པོ་ནི། །ཆོས་སྐུ་དྲི་མ་མེད་པར་གནས་པ་ལ། །མ་ཤེས་མ་རྟོགས་བདུད་རྩི་མ་འབྱོང་པ། །འབྲས་བུ་ཆོས་ཀྱི་སྐུ་ཡི་ངང་༴ དྲི་ཆེན་དྲི་ཆུ་མཾ་ས་རཀྟ་ཟིལ །འབྱུང་བ་བཞི་སྟེ་ཁམས་ཀྱི་བདུད་རྩི་དགུ། །བདེ་བ་མཆོག་གི་རྣམ་རྟོག་བྲལ་བདེ་བ། །ལྷན་སྐྱེས་ཡེ་ཤེས་དབང་གི་ངང་དུ་བཤགས། །ཐབས་དང་ཤེས་རབ་གཉིས་ཀའི་དབང་། བཞི་བ་ནི། རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པ་མཚོན་བྱེད་ཤེལ་རྡོ་བསྟན་ལ། ཧོཿཐོག་མཐའ་མེད་པ་རིག་པའི་གཤིས། །གཟུང་འཛིན་གང་དུའང་མི་དམིགས་ཤིང་། །སྟོང་པའི་ཡེ་ཤེས་བདེ་བར་འཆར། །དྲི་མེད་ཤེལ་ལས་འཇའ་ཚོན་བཞིན། །ཨོཾ་དྷརྨ་དྷརྟུ་ཨ་ཏི་ཧོཿ ཞེས་པ་གསུམ་པའི་མཐར་རྟོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ངང་མདངས་བསྐྱངས་ལ་ཅུང་ཟད་མཉམ་པར་བཞག །དེ་ལྟར་དབང་བཞི་པ་བསྐུར་བས་བག་ཆགས་ཀྱི་དྲི་མ་དག། ལམ་ཁྲེགས་ཆོད་ཐོད་རྒལ་བསྒོམ་པ་ལ་དབང་། །ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་བའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཞེས་དང་ཚིག་དབང་དམ་ཚིག་ཉམས་བཤགས་ནི། ཐབས་དང་ཤེས་རབ་གཉིས་ཀ་རང་གནས་ཀྱང་། །ཐབས་ཀྱི་རྒྱུད་དང་ཤེས་རབ་རྒྱུད་དག་དང་། །གཉིས་ཀའི་རྒྱུད་ལ་དག་པར་མ་སྦྱངས་པ། །རྡོ་རྗེའི་རྦ་རླབས་ལམ་གསུམ་ངང་དུ་བཤགས། །ལུས་ངག་སེམས་དང་ལུས་སེམས་གཉིས་ཀ་ལ། །ཕན་འདོགས་རང་ལ་གནས་པར་མ་ཤེས་པས། །རྒྱུ་མཐུན་རྣམ་སྨིན་སྐྱེས་བུ་བྱེད་པ་དང་། །དྲི་མ་མེད་པའི་ཡོན་ཏན་མ་ཤེས་པ། །ལྟ་བ་ཆོས་རྣམས་རྣམ་དག་ཀློང་དུ༴ ལྟ་བ་རང་གནས་ཉམས་སུ་མ་མྱོང་བས། །འཇིག་རྟེན་འདས་པའི་གྲུབ་མཐའི་རྟག་མ་ཤེས། །བདེ་སྟོང་རྒྱ་ཆེའི་གྲུབ་མཐའ་མ་རྟོགས་པ། །འཁོར་འདས་ཆོས་རྣམས་བདེ་སྟོང་གཅིག་ཏུ་བཤགས། །སྦྱངས་དང་གོམས་དང་ལས་དང་སྦྱར་དུ་མེད། །མ་རྟོགས་དབང་གིས་སྦྱངས་གོམས་ལས་མ་སྦྱར། །སྲོག་རྩོལ་རླུང་ལ་གོམས་པར་མ་གྱུར་པ། འདའ་ག་ཕྱག་རྒྱ་ཆེན་པོའི་ངང་དུ༴ ཡེ་ཤེས་ཐམས་ཅད་ངོ་བོ་ཉིད་ཀྱི་སྐུ། །མ་སྦྱང་གནས་ལུགས་དོན་དུ་མ་རྟོགས་པས། །ལམ་བསྟན་རྡོ་རྗེའི་རྦ་རླབས་ལམ་མ་བསྒོམ། །འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རུ་བཤགས། །སྲོག་དང་རྩོལ་བ་ལྔ་ཡི་བདག་ཉིད་ལ། །རྩ་བ་ཕུང་པོ་རྣམ་ཤེས་ཡན་ལག་སྟོང་། །རླུང་བཅུ་སྲོག་ཤིང་གསུམ་དུ་མ་རྟོགས་པ། །བདེ་བ་ཆེན་པོ་དབང་གི་ཀློང་དུ་བཤགས། །སྣང་སྟོང་ཟུང་འཇུག་དེ་དག་གི་མཐའ་རྟེན་དུ་ཡིག་བརྒྱའི་བཟླས་ལུང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་སློབ་མའི་ཁར་ཞུགས་ཏེ་སྙིང་གར་ཐིམ། པར་བསམ་ལ། ཨོཾ་བཛྲ་སཏྭ༴ སོགས་ཡིག་བརྒྱ་ལན་གསུམ་བཟླས། གཙོ་བོས་ཇི་ལྟར་བཀའ༴ དེ་དག་ཐམས་ཅད་བདག༴ ཅེས་དམ་བཅའ། དེང་ནས་བརྩམ་སྟེ་བདག་བྲན་དུ༴ སོགས། བཞེས་སུ་གསོལ། ཅེས་ཅི་འབྱོར་བ་འབུལ་ལོ། །གཏང་རག་གི་མཎྜལ། ས་གཞི་སྤོས༴ སོགས་བྱའོ། དེ་རྗེས་འབྲས་བུ་ཡོངས་དག་བཤགས་པ་ནི། ཨོཾ་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་ཆོས་ཀྱི་སྐུ། །ས་ཐོབ་ཡན་ཆད་ཐེག་ཆེན་ཕལ་རྣམས་ལ། །མཚན་དང་དཔེ་བྱད་སྣང་བ་ལོངས་སྐུ་དང་། །སྦྱོར་ལམ་མན་ཆད་ཀུན་ལ་སྣང་བ་ཡི། །མཛད་པ་ཐ་དད་སྟོན་པ་སྤྲུལ་པའི་སྐུ། །ཆོས་དང་གཟུགས་སྐུ་དབྱེར་མེད་རྡོ་རྗེའི་སྐུ། །ཡོན་ཏན་མ་བཙལ་ལྷུན་གྲུབ་མངོན་བྱང་སྐུ། །དེ་ལྟར་མ་རྟོགས་སྐུ་ལྔའི་ངང་དུ་བཞུགས། །དོན་གསུང་ཆོས་རྣམས་སྐྱེ་མེད་ངང་དུ་གནས། །སྐྱེ་མེད་སྨྲ་བརྗོད་ཐམས་ཅད་གཞི་རུ་གྱུར། །རྡོ་རྗེ་གྲགས་སྟོང་དབྱེར་མེད་འདུས་མ་བྱས། །མངོན་བྱང་སྒྲ་སྐད་མཐའ་དག་ཐམས་ཅད་ནི། །རང་བྱུང་ཡེ་ཤེས་ངོ་བོ་ཉིད་དུ་གསལ། །ལོངས་སྐུའི་གསུང་ནི་རང་གི་ཡུལ་རྣམས་ལ། །བརྡའ་ཡི་སྒོ་ནས་འཁོར་ལ་གོ་བརྡ་སྤྲོད། །སྤྲུལ་པའི་གསུང་ནི་ཡན་ལག་དྲུག་ཅུར་སྣང་། །གསུང་ལྔ་ཡེ་ནས་སྣང་ཚུལ་མ་རྟོགས་པ། །གསུང་ལྔ་ལྷུན་གྲུབ་ངང་དུ་མཐོལ་ལོ༴ སྟོང་ཉིད་ཡེ་ཤེས་དངོས་པོ་མེད་པར་གསལ། །མེ་ལོང་ཡེ་ཤེས་རྟོགས་པ་མེད་པར་ཤར། །མཉམ་ཉིད་ཡེ་ཤེས་བཟང་ངན་མེད་པར་གསལ། །སོར་རྟོགས་སྤྱི་དང་རང་མཚན་མ་འདྲེས་གསལ། །བྱ་གྲུབ་བདག་གཞན་དོན་ལ་རྩོལ་མེད་གསལ། །གནས་ཚུལ་མ་རྟོགས་ཐུགས་ལྔའི་ངང་དུ་བཤགས། །རང་རིག་བྱང་ཆུབ་སེམས་ཉིད་ཞིང་ཁམས་ནི། །མནན་ན་ནེམ་ལ་བཏེགས་ན་འཕར་ལ་སོགས། །རང་རིག་གཞལ་མེད་ཁང་སྣང་ཕྱི་སྣང་མེད། །རང་རིག་འོད་ཟེར་སྣང་སྟེ་བ་སྤུ་ཡི། །བུ་ག་རེ་ནས་འོད་ཟེར་དྲུག་ཅུ་འཕྲོ། །རིག་པ་རང་ཉིད་གདན་དུ་སྣང་བ་སྟེ། །འབྲས་བུའིི་ཆོས་རྣམས་ཐུགས་སུ་ཆུད་པའི་རྟགས། །རང་རིག་ཉིད་ནི་རྒྱན་དུ་སྣང་བ་སྟེ། །འཁོར་འདས་མ་སྤང་ལྷུན་གྱིས་གྲུབ་པ་ཡི། །ཡོན་ཏན་མ་རྟོགས་ཆོས་ཉིད་ངང་དུ་བཤགས། །ཉོན་མོངས་རྣམ་པར་རྟོག་པས་སེམས་ཁེངས་རྣམས། །སངས་རྒྱས་མཛད་པ་རྒྱུད་མཉམ་ཞི་བར་མཛོད། །རྨོངས་ཤིང་དབུལ་དང་ཕོངས་པའི་གང་ཟག་རྣམས། །ཤེས་བྱ་ལོངས་སྤྱོད་མཐའ་ཡས་རྒྱས་པར་མཛད། །མི་ཕན་མི་འདུལ་གྱོང་པོའི་གང་ཟག་རྣམས། །དབང་གི་ལས་ཀྱིས་བསྡུ་ཞིང་འདུལ་བར་མཛད། །ཐུགས་རྗེ་ཐབས་ཀྱིས་མི་འདུལ་གདུག་པ་རྣམས། །མངོན་སྤྱོད་དྲག་པོས་ཚར་ནི་གཅོད་པར་མཛད། །དེ་ལྟར་མ་རྟོགས་རིག་རྣམས་བདག་པོའི་ངང་། །ཕྱོགས་རིས་མེད་ཅིང་ལྷུན་གྱིས་གྲུབ་པར་མཛད། །གཅིག་དང་དུ་མའི་ངོ་བོ་ལས་གྲོལ་བ། །སྤང་ཐོབ་མེད་པར་རང་སྣང་དག་ཏུ་ཐོབ། །ལས་ཀྱི་རང་བཞིན་དངོས་བྱས་ཉེས་པ་ཟད། །གདུལ་བྱ་གཟིགས་པའི་སྐུ་གསུང་ཐུགས་ལ་བཤགས། །སྦྲེལ། ཡང་གཅིག་འབྲས་དོན་མ་རྟོགས་བཤགས་པ་ནི། རྩ་རྣམས་འགྲོས་ཐིམ་དབྱིབས་ཀྱི་ལམ་དག་པ། །ལུས་ཀྱི་སྒྲིབ་བྱང་བསྐྱེད་རིམ་སྤྲུལ་པའི་སྐུ། །ཡི་གེའི་འགྲོས་ཐིམ་སྔགས་ཀྱི་ལམ་དག་པ། །ངག་གི་སྒྲིབ་བྱང་རྫོགས་རིམ་ལོངས་སྤྱོད་སྐུ། །བདུད་རྩི་ཁམས་ཀྱི་དྭངས་མ་བཅུད་ཀྱི་ལམ། །སེམས་ཀྱི་སྒྲིབ་དག་དྭངས་མ་ཆོས་ཀྱི་སྐུ། །རླུང་གི་འགྲོས་ཐིམ་མི་ཤིགས་རྡོ་རྗེའི་རླུང་། །ལུས་ངག་ཡིད་དག་ངོ་བོ་ཉིད་ཀྱི་སྐུ། །དེ་ལྟར་གནས་པ་མ་རྟོགས་ཀློང་དུ་ནི། །སྐུ་བཞི་རླུང་ལ་ལྷུན་གྲུབ་ངང་དུ་བཞགས། །དེ་ལྟར་དབང་རྣམས་གྲུབ་རྗེས་བཅུ་བདུན་པར། བཟའ་བཏུང་ཚོགས་སུ་རོལ་དང་རྡོ་རྗེའི་གླུ། །དང་པོ་དཀྱིལ་འཁོར་བདག་པོ་དཔོན་སློབ་ལངས། །སྣ་ཚོགས་བཟའ་བཏུང་ཚུལ་བཞིན་དྲངས་པ་ནི། །ལས་ཀྱི་སློབ་མས་གུས་པས་ཕྱག་འཚལ་ཏེ། །རྣམ་ལྔ་འདོད་པའི་ཕྱག་རྒྱ་སྐོར་བྱས་ལ། །ཧོ་བླ་མ་དཔའ་བོ་ཆེན་པོ་དགོངས་སུ་གསོལ། །འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་སུ་ཀ་ཧོ། ཞེས་ཐབས་ཤེས་གཉིས་ཀྱི་རྫས་ལག་པ་གཉིས་ཀྱིས་བཟུང་བ་བསྣོལ་ཏེ་དྲངས། ལེན་པ་པོས་ཀྱང་ཕྱག་རྒྱ་བྱ་ཞིང་མཉམ་དུ། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་སྤང། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོ། ཞེས་པས་བླངས་ལ། ལག་སོར་མོ་གཡས་པ་ལྔ་ལ་དཔའ་བོ་ལྔ་དང་། མཐིལ་དུ་རྟ་མགྲིན། གཡོན་དཔའ་མོ་དང་རྡོ་རྗེ་ཕག་མོར་བསམ་སྟེ་མཁའ་འགྲོ་སྤྲོས་པས། ཕུད་ཀྱིས་བླ་མ་ཡི་དམ་མཁའ་འགྲོ་སོ་སོའི་མཚན་ནས་བརྗོད་ཅིང་གཡོན་པས་མཐེབ་སྲིན་གྱིས་མཆོད་ལ། ལག་པའི་དཔའ་བོ་ཡབ་ཡུམ་བཟའ་བཏུང་གི་མཆོད་པས་ཚིམས་པར་བསམ་ཞིང་། འཁོར་ལོ་ལྔར་མཁའ་འགྲོ་དང་། ལུས་ཕྱི་ནངདཔའ་བོ་མཁའ་འགྲོ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ཙམ་དང་། ཞི་ཁྲོ་དང་བླ་མ་བརྒྱུད་པ་རྣམས་ནང་དུ་གསལ་གདབ་ལ། བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །འགུལ་སྤྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱིས་སྒྲིབ་པར་མི་འགྱུར་ཞིང་། །གཏན་པ་མེད་པའི་སྦྱིན་བདག་ཀྱང་། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཅེས་བརྗོད་བཟའ་བཏུང་རོལ་པའི་མཉེས་པ་དང་། ཡ་རྐན་མ་རྐན་ལ་མཁའ་འགྲོ་ཡབ་ཡུམ་ལྔ་གསལ་བཏབ་ལ། ལྕེ་མཆོད་པའི་ལྷ་མོས་མཆོད་རྫས་ཕུལ་བས་མཉེས་པར་བསམ་ལ་དགྱེས་ཤིང་ཚིམས་པས་ལོངས་སྤྱོད་དོ། ། ༈ ཚོགས་ཁང་ལྷ་ཡི་གཞལ་ཡས་ཁང་། །འགྲོ་ཀུན་ལྷ་ཡི་དཀྱིལ་འཁོར་ཏེ། །བཟའ་བཏུང་བདེ་ཆེན་མཆོད་པའི་རྫས། །ཐམས་ཅད་ཡེ་ཤེས་ཆེན་པོའི་ངང་། །དགྱེས་ཤིང་རོལ་པས་ལོངས་སྤྱོད་པར། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཡིན། །ཤིན་ཏུ་གཟི་འབར་མི་བྱ་ཞིང་། །རྩོད་དང་ཀུ་ཅོ་བྱ་བ་མིན། །རྡོ་རྗེའི་གླུ་དང་བཀྲ་ཤིས་བརྗོད། །ཅེས་པས་གཉིས་པ་བསམ་པ་མྱུར་འགྲུབ་དང་། འབྲེལ་བར་ཀློང་ཆེན་རྒྱལ་པོའི་གསུང་མགུར་དང་། འཇིགས་མེད་དཔའ་བོ་པདྨ་རིག་འཛིན་ཞབས། རྩེ་མོའི་མགུར་གླུ་རིམ་བཞིན་བླང་བ་ལ། རིག་པ་གྲོལ་བྲལ་སྤྱོད་པ་བྱུང་རྒྱལ་དང་། ནོར་བུ་ཉི་མ་ཆོས་ཀྱི་གླུ་དབྱངས་ནི། ནོར་བུ་ཉི་མ་ཆོས་ཀྱི་གླུ། །འདོད་འབྱུང་དཔག་བསམ་ཡིད་བཞིན་མཁའ། །མཚན་ལྡན་བླ་མ་རིན་པོ་ཆེ། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་ཆེ། །རྟ་བདུན་རྒྱས་པ་པདྨོའི་གཉེན། །དག་པའི་མཁའ་ལ་ཤར་བའི་ཚེ། །གླིང་བཞིའི་མུན་པ་སངས་བ་དང་། །མཉམ་དུ་གེ་སར་པདྨོ་རྒྱས། །རང་བྱུང་ཡེ་ཤེས་རྟོགས་པའི་རྩལ། །རང་རིག་མཁའ་ལ་ཤར་བའི་ཚེ། །མ་རིག་མུན་པ་སངས་པ་དང་། །མཉམ་དུ་གནས་ལུགས་རྟོགས་པ་རྒྱས། །འཇིག་རྟེན་སྣང་བྱེད་འགྲོ་བའི་མིག །མཚན་མོའི་བདག་པོ་ཤར་བའི་ཚེ། །འོད་དཀར་སྣང་བ་འགྱེད་པ་དང་། །མཉམ་དུ་མེ་ཏོག་ཀུན་ད་རྒྱས། །དགོངས་པ་འགྱུར་མེད་ཆོས་སྐུའི་ཀློང་། །ངང་དྭངས་འོད་གསལ་ཤར་བའི་ཚེ། །བདེ་གསལ་འོད་སྟོང་འཕྲོ་བ་དང་། །མཉམ་དུ་མི་རྟོག་ཡེ་ཤེས་རྒྱས། །བསོད་ནམས་རྒྱས་པའི་གཟི་འོད་ཀྱིས། །ཉི་ཟླའི་གཟི་འོད་འཕྲོག་པའི་ཚེ། །སྡུག་བསྔལ་སྣང་བྱེད་ནུབ་པ་དང་། །མཉམ་དུ་གཟའ་སྐར་སྣང་བ་རྒྱས། །རླུང་འཕོ་བཅུ་དྲུག་དབྱིངས་སུ་ནུབ། །ཉི་ཟླ་སྒྲ་གཅན་ཟོས་པའི་ཚེ། །གཟུང་འཛིན་རྟོག་ཚོགས་ནུབ་པ་དང་། །མཉམ་དུ་འོད་གསལ་སྣང་བ་རྒྱས། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །རྒྱལ་མཚན་རྩེ་མོར་བཏགས་པའི་ཚེ། །དགོས་འདོད་གསོལ་པ་བཏབ་པ་དང་། །ཅི་འདོད་དངོས་གྲུབ་ཆར་དུ་འབབ། །སེམས་ཉིད་ཡིད་བཞིན་རིན་པོ་ཆེ། །རང་རིག་རྟོགས་པའི་རྩེར་ཕྱིན་ནས། །མ་ཡེངས་གོམས་པའི་བརྩོན་པ་དང་། །མཉམ་དུ་ཡོན་ཏན་ཆར་ཆེན་འབེབས། །སྐུ་གསུམ་ལྷུན་གྲུབ་རྒྱལ་བ་ལ། །དད་ལྡན་སྐྱེ་རྒུས་བརྟེན་པའི་ཚེ། །འདི་ཕྱིའི་དོན་གཉིས་འགྲུབ་པ་དང་། །མཉམ་དུ་ཡོན་ཏན་ཕུན་སུམ་ཚོགས། །མཚན་ལྡན་བླ་མ་དམ་པ་ལ། །བརྟེན་ནས་གསོལ་བ་བཏབ་པའི་ཚེ། །ཅི་བསམ་ཆོས་སུ་འགྲུབ་པ་དང་། །མཉམ་དུ་དངོས་གྲུབ་ཐམས་ཅད་འགྲུབ། །གླུ་དཔེ་བཞི་དོན་དང་རྣམ་པ་བརྒྱད། །བཀྲ་ཤིས་བདེ་ལེགས་འབྱུང་བ་འདི། །ཐེག་པ་མཆོག་གི་རྣལ་འབྱོར་བ། །ཀློང་ཆེན་རབ་འབྱམས་བཟང་པོས་སྦྱར། །དགེ་བས་མཐའ་ཡས་འགྲོ་བ་ཀུན། །ཐེག་པ་མཆོག་ལ་རབ་ཞུགས་ནས། །དཔལ་མགོན་བླ་མ་མཉེས་བྱེད་ཅིང་། །ཉིན་མཚན་ཆོས་ཀྱིས་འདའ་བར་ཤོག །ཨོཾ་ཨཱཿཧཱུཾ་བྱས་ནས། ཐམས་ཅད་བདེ་ཆེན་སངས་རྒྱས་ཞིང་། སྣང་བ་རྒྱ་གྲོལ་རྣལ་འབྱོར་ལེགས། ཆོས་ཟེར་བ་འདི་བྱས་ཀྱང་བཞག་ཀྱང་ཆོག །ནན་ཏན་བྱས་ན་བྱ་རུ་མེད་པ་ལགས། །ནོར་བུ་ཉི་མ་ཞེས་བྱ་བ་རྡོ་རྗེའི་གླུ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། རྣམ་གྲོལ་ཟླ་བས་བསྐུལ་བའི་དོན་དུ་སྦྱར་བ་རྫོགས་སོ། །ཞེས་དང་འཇིགས་མེད་དཔའ་བོའི་འགུར། གནས་ཆེན་དེ་ཟངས་མདོག་དཔལ་རི་ན། །རྗེ་དུས་གསུམ་ཀུན་མཁྱེན་པད་འབྱུང་བཞུགས། །འཁོར་རྗེ་འབངས་རིག་འཛིན་ཚོམ་བུ་ཡོད། །བདག་ལས་ཅན་བུ་ལ་ཐུགས་རྗེས་གཟིགས། །སྐུ་གསུམ་གྱི་སྟོན་པ་བརྒྱུད་པ་བཟང་། །རིགས་བསྡུས་ཀྱི་གུ་རུ་བསྒྲུབ་ཐག་ཉེ། །ལམ་སྙན་བརྒྱུད་ཡི་གེ་མེད་པ་ཡོད། །ཞག་བདུན་ཕྲག་གསུམ་གྱིས་ལམ་རྟགས་མཇལ། །ཨོ་རྒྱན་གྱི་ཐུགས་རྗེ་བསམ་མི་ཁྱབ། །རྫོགས་ཆེན་གྱི་ཁྱད་ཆོས་བསམ་མི་ཁྱབ། །ཆོས་བསམ་མི་ཁྱབ་པའི་སྙིང་ཐིག་གི། །བསྟན་པ་དེ་ནམ་ལངས་ཉི་ཤར་འདྲ། །ཀློང་ཆེན་ལ་དགོངས་པའི་གསང་མཛོད་ནས། །བཤད་རྒྱུད་ཀྱི་གྲུབ་མཐའ་གཏན་ལ་ཕེབས། །དོན་ཐུགས་རྒྱུད་རིག་པ་འོད་གསལ་གཟུངས། །བདག་ལས་ཅན་སྐྱེས་བུའི་སྙིང་ལ་བབས། །ཅི་ཤར་ཀུན་དག་པ་རབ་འབྱམས་ལ། །དགག་བསྒྲུབ་ཀྱི་བློ་སྒོམ་བྱ་མ་དགོས། །ང་དབྱིངས་རིག་འདྲེས་པའི་རྣལ་འབྱོར་པ། །རྐྱེན་བཟང་ངན་ཀློང་ཆེན་ངང་དུ་ཟད། །སྣང་གྲགས་ཀུན་དཔེ་ཆར་སོང་ཙ་ན། །གང་ཤར་ཀུན་ཆོས་ཉིད་བདེན་པའི་གཏམ། །ཚིག་ཐ་སྙད་སྐམ་པོར་ཞེན་མ་དགོས། །བློ་གཏད་མེད་ཀྱི་ངང་ནས་ས་ལམ་རྫོགས། །རང་རིག་ལ་སྐྱེ་འཆིའི་མིང་འདོགས་ཟད། །འཁོར་འདས་ལ་བཟང་ངན་བླང་དོར་མེད། །གཞི་གནད་ལ་ཕེབས་པའི་རྫོགས་ཆེན་འདི། །སྤྲིན་ཡེ་ཟད་ཀྱི་ནམ་མཁའ་སྟོང་པ་འདྲ། །འདིར་འདུས་ཀྱི་སྐལ་ལྡན་ཕོ་མོ་རྣམས། །འཁོར་བ་ལ་མ་ཞེན་རི་ཁྲོད་འགྲིམས། །ཁོང་སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། །རང་རིག་པའི་ངང་དུ་ཁོ་བོས་མཐོང་། །དུས་ད་རེས་མཇལ་བའི་སྐལ་པ་བཟང་། །སང་ཅིས་ཀྱང་མཇལ་བའི་སྨོན་ལམ་ཞུ། །བློ་གཏད་མེད་ཀྱི་བདེན་པ་ནུས་མཐུ་ཆེ། །དོན་ལག་ཏུ་ལོངས་པར་གདོན་མི་ཟ། །གསུམ་པ་གྲུབ་དབང་རྫོགས་ཆེན་པའི་གསུང་མགུར། །ན་མོ་པདྨ་ཀ་ར་ཡེ། ཆོས་ཉིད་ཀྱི་ངོ་བོ་མངོན་གྱུར་ཞིང་། །ཡེ་ཤེས་ཀྱི་རིག་པའི་རང་རྩལ་རྫོགས། །ཀ་དག་ལ་འཕོ་འགྱུར་མི་མངའ་བའི། །འདྲེན་མཆོག་གི་པདྨ་སཾ་བྷ་མཆོད། །དུས་མཐའ་ཡི་རྣལ་འབྱོར་ཆོས་གཟུགས་ང་། །སྐྱེས་ས་དེ་མདོ་ཁམས་ཕྱོགས་སུ་བྱས། །མདོ་ཁམས་ཀྱི་སྐྱེ་འགྲོ་གཞི་བརླིང་ཡང། །འགྱུར་མེད་ཀྱི་ཆོས་ཉིད་ས་ཟིན་པའི། །བདེ་ཆེན་གྱི་གཤིས་ལ་གནས་པ་ཉུང་། །སྐྱེ་མེད་ཀྱི་ཆོས་སྐུ་ངོ་མཚར་ཆེ། །འདུག་ས་དེ་སྤུ་ལུང་ཕྱོགས་སུ་བྱས། །ཆོས་ཕྱོགས་ཀྱི་སྙན་པ་རྒྱ་ཆེ་ཡང་། །དོན་གཉིས་ཀྱི་འབྲས་བུ་ཕལ་ཆེར་ཙམ། །གནས་མེད་ཀྱི་ལོངས་སྐུ་ངོ་མཚར་ཆེ། །འགྲོ་དོན་དེ་ཡུལ་འབྲོག་འགའ་ལ་བྱས། །ཟང་ཟིང་གི་འདུ་ལོང་མང་ན་ཡང་། །ཐར་ལམ་གྱི་བྱ་བ་ཅི་ཡོད་ཨཾ། །འགག་མེད་ཀྱི་སྤྲུལ་སྐུ་ངོ་མཚར་ཆེ། །བསགས་པ་དེ་ལོངས་སྤྱོད་ནོར་ལ་བྱས། །གནས་སྐབས་ཀྱི་གཡེང་བ་ཙམ་ཞིག་ལས། །ནོར་བདུན་གྱི་ཡོན་ཏན་སོགས་པ་ཉུང་། །ཆགས་མེད་ཀྱི་བདེ་ཆེན་ངོ་མཚར་ཆེ། །འོང་པ་དེ་སྟོད་ཀྱི་ཕྱོགས་སུ་བྱས། །ཐོས་བསམ་གྱི་ཡར་ལྟ་རྒྱ་ཆེར་བྱུང་། །སྒྲུབ་པ་ཡི་ངང་ཚུལ་བླ་མ་དྲིན། །རྟེན་འབྲེལ་དེ་ལྷོ་བྲག་མཁར་ཆུར་བྱུང་། །ཡེ་ཤེས་ཀྱི་མཁའ་འགྲོས་བརྡ་ཆོས་བསྟན། །བསམ་གཏན་གྱི་བསྒོམ་ཚུལ་བཟུང་བ་ལས། །མཐར་ཐུག་གི་ལམ་སྣ་ཟིན་ཙམ་བྱུང་། །སྒྲུབ་གནས་དེ་བསམ་ཡས་མཆིམས་ཕུར་བྱས། །ཀ་དག་དང་ལྷུན་གྲུབ་རང་ངོ་མཐོང་། །གནས་ལུགས་དང་མཐུན་པའི་ཉམས་ལེན་ཤེས། །ཚིག་དོན་ལ་བསྙེགས་པ་མེད་དམ་སྙམ། །བོགས་འདོན་དེ་ཙ་རི་ཏྲ་རུ་བྱས། །རིག་པ་ཡི་ཡེ་ཤེས་སྐུ་མཐོང་ཙམ། །རྡོ་རྗེ་རྩེ་མོ་ཡི་གནད་ཤེས་པས། །སྣང་སྟོང་ལ་འགལ་བ་མེད་པར་རྟོགས། །ལུང་སྦྱང་དེ་རྐོང་ཡུལ་ཁྲ་མོར་བྱས། །འགྲོ་འདུག་གི་ཁོ་ཐག་ཆོད་ཙམ་བྱུང་། །གཉུག་མ་ཡི་གནས་ལུགས་སྐྱེ་འགག་བྲལ། །ཡུལ་སེམས་ཀྱི་བརྡའ་སྣང་ངོ་མཚར་ཆེ། །ཐོས་པ་དེ་མདོ་རྒྱུད་ཡོངས་ལ་བྱས། །བཀའ་བསྟན་གྱི་གཞུང་དང་མི་འགལ་བའི། །རྡོ་རྗེ་ཡི་ཚིག་གི་གནས་ལུགས་གོ །སེམས་ཞེས་དང་སེམས་མེད་དབྱེ་བ་རྟོགས། །ཆོས་ཅན་དང་ཆོས་ཉིད་ངོ་བོ་ཤེས། །བསམ་པ་དེ་འཁོར་འདས་གཉིས་ལ་བྱས། །དབྱེ་བ་དེ་ཟག་བཅས་ཟག་མེད་གོ །སྒོམ་པ་དེ་རྫོགས་པ་ཆེན་པོ་བསྒོམས། །འཁྲུལ་པ་ལ་ཉམས་ལེན་མི་རེ་བའི། །ཡེ་དག་གི་ཀ་དག་ཟང་མ་གོ །རྒྱུ་འབྲས་ལ་བསྲེ་སླད་མི་འོང་ཙམ། །ཉམས་མྱོང་དེ་བདེ་གསལ་གཉིས་ལ་བྱས། །སྟོང་འཛིན་གྱི་ཤེས་པ་མི་བཟུང་བའི། །བློ་བྲལ་གྱི་ཉམས་ལེན་ཟང་མ་ཤེས། །བྱང་ཆུབ་ཀྱི་གཞུང་ལམ་ཉམས་རེ་སྤྲོ། །དངོས་པོ་ལ་རྟག་པར་མི་ཞེན་ཅིང་། །སྟོང་པ་ལ་ཆད་པར་མི་འཛིན་པའི། །ཕྱོགས་ལྷུང་དང་བྲལ་བའི་ཉམས་ལེན་ཤེས། །གོལ་སྒྲིབ་ལས་འདས་འདི་ངོ་མཚར་ཆེ། །བརྟན་གཡོ་ཡི་ཆོས་རྣམས་ཐམས་ཅད་དུ། །དངོས་པོ་དང་དངོས་མེད་ལས་འདས་པ། །མཐའ་བྲལ་གྱི་དབུ་མའི་གནས་ལུགས་ཤེས། །བརྗོད་མེད་ཀྱི་ཤེས་རབ་དངས་རེ་སྤྲོ། །འཁོར་བ་འདི་མྱང་འདས་ངོ་བོར་རྟོགས། །མྱང་འདས་ཀྱི་རྩལ་ལས་འཁོར་བ་ཤར། །གཉིས་མེད་ཀྱི་རང་གྲོལ་རྫོགས་པ་ཆེ། །བདེ་ཆེན་གྱི་ཀུན་བཟང་རྫོགས་སངས་རྒྱས། །གོ་བ་འདི་ཆོས་ཉིད་སྤྱི་ཙམ་ཤེས། །བསམ་པ་ཡི་ཡིན་མིན་བྱེ་བྲག་ཕྱེད། །ཉམས་མྱོང་གི་ཆོས་ལ་བྲོད་པ་སྐྱེས། །རྟོགས་པ་ཡི་དོན་ལ་ངེས་ཤེས་ཐོབ། །མ་རྟོགས་པ་འཁོར་བའི་སེམས་ཅན་རྣམས། །འཁྲུལ་པ་ཡི་བློས་བཟུང་སྣ་ཚོགས་བྱས། །འབྲས་བུ་རུ་ཁམས་གསུམ་འཁོར་བར་འཁྱམས། །བག་ཆགས་ཀྱི་ལས་བསགས་རྒྱུན་མི་ཆད། །ལས་ངན་ཞེས་བྱ་བ་གང་ལ་ཟེར། །རྣམ་གཡེང་གི་འཁྲུལ་པ་འདི་ག་ཡིན། །བག་ཆགས་ཀྱིས་ངན་སོང་གསུམ་དུ་འཁྱམས། །ངན་སོང་གི་གནས་ནས་ཐར་དུས་མེད། །ཐར་མེད་ཅེས་བྱ་བ་འཁོར་བ་ཡིན། །བག་ཆགས་ཀྱི་འཁྲུལ་པས་འཁོར་བར་ལས། །སེམས་བྱུང་གི་རྣམ་རྟོག་འདི་ག་ཡིན། །རང་གྲོལ་དུ་ཆོས་སྐུར་ཤེས་པ་གཅེས། །ཤེས་བྱ་དེ་སྣང་སྲིད་སྤྱི་ལ་བྱས། །ངོ་བོ་ཡི་སྒོ་ནས་རྟག་མཐའ་བྲལ༴ རང་བཞིན་གྱི་ཆ་ནས་ཆད་མཐའ་མེད། །ཐུགས་རྗེ་ཡི་ཆ་ནས་ཟུང་འཇུག་ཤར། །རྟོགས་ཚུལ་གྱི་ཉམས་ལེན་འདི་ག་ཡིན། །ཤ་ཁྲག་གི་གཟུགས་ཕུང་ལྷ་སྐུས་སྦྱངས། །སྨྲ་བརྗོད་ཀྱི་འཁྲུལ་གཏམ་སྔགས་ཀྱིས་བསྒྱུར། །དྲན་རྟོག་གི་རིག་པ་ཀ་དག་ངང་། །སྒོ་གསུམ་གྱི་དཀྱིལ་འཁོར་འདི་ག་ཡིན། །བསླབ་པ་དེ་གནས་ལུགས་དོན་ལ་མཁས། །བཙུན་ཚུལ་དེ་རིག་པ་དྲི་མ་མེད། །བཟང་པོ་ཞེས་འཁོར་བ་མྱང་འདས་རྟོགས། །ཚེ་གཅིག་གི་ཐར་ལམ་འདི་ག་ཡིན། །རང་དོན་དུ་གྲོལ་གཞིའི་གནས་ལུགས་ཤེས། །གཞན་དོན་དུ་སྙིང་རྗེའི་རྩལ་ཁ་རྒྱས། །དོན་གཉིས་ཀྱི་འབྲས་བུ་ཚེ་འདིར་འགྲུབ། །གཏན་བདེ་ཡི་སོ་ནམ་འདི་ག་ཡིན། །རྐོང་ཡུལ་གྱི་རྐྱེན་ལུང་ཁྲ་མོ་རུ། །ཉམས་མྱོང་གིས་ཚིག་བཅད་ལྷུག་པར་བྲིས། །དགེ་བ་འདི་སེམས་ཅན་ཡོངས་ལ་བསྔོ། །རྣམ་མཁྱེན་གྱི་སངས་རྒྱས་ཐོབ་པར་ཤོག །སྐྱབས་རྗེ་ཐམས་ཅད་མཁྱེན་པའི་ཉམས་མགུར་བསྡུས་པ་རྡོ་རྗེའི་ཚིག་རྐང་བཞུགས། ན་མོ་གུ་རུ། མི་ཁོ་བོ་ཀུན་བཟང་གཞན་ཕན་པ། །སྲིད་བཟུང་ཙམ་སྐྱེས་ཐོབ་ཤེས་རབ་ཅན། །དེ་མ་ཡིན་ཡང་དཔེར་ན་ས་དང་རྡོ། །གསེར་ཟོལ་མེད་དུ་སྒྱུར་མཁན་བླ་མའི་ཚོགས། །དྲིན་དྲན་པས་སྙིང་ནས་འདོར་མི་ཕོད། །དེ་མ་ཕོད་ཀྱང་རང་གི་ཆེད་ཡིན་མོད། །བདག་སྔོན་ལས་ཅུངཟད་མ་དག་པས། །ཡུལ་མཐའ་འཁོབ་རྡོ་རུ་སྲིད་བཟུང་ཡང་། །ཆོས་རྣམ་དཀར་ས་བོན་དངུལ་ཆུ་དེ། །ཡུལ་ཐལ་བར་ལྷུང་ཡང་ཉེས་སྐྱོན་གྱི། །དྲིས་མ་གོས་དམ་པའི་མགོན་དང་མཇལ། །དེས་ཐར་ལམ་བསྟན་ལ་ཞུགས་ནས་སུ། །ཆོས་དགེ་བསྒྲུབ་སྡིག་སྤང་ནུས་ཚོད་བསྒྲུབས། །ཚུལ་དེས་ཀྱང་ཆོག་ཤེས་མ་སྐྱེས་ནས། །རིམ་བཞིན་དུ་སྐྱབས་མགོན་འགའ་བརྟེན་མཐར། །དཔལ་རྒྱལ་ཀུན་འདུས་ཞལ་འཇིགས་མེད་གླིང་། །བུ་བདག་གིས་བསོད་ནམས་མཐུས་ཐོབ་བཞིན། །ཞབས་སྤྱི་བོས་བླངས་ཏེ་ལེགས་བསྙེན་པས། །ཆོས་རྒྱུ་འབྲས་ལས་འདས་རྫོགས་པ་ཆེ། །ཐོབ་བཞིན་དུ་ཡལ་བར་མ་དོར་ནས། །དོན་ཉམས་སུ་བླངས་པའི་འབྲས་བུའི་གཟུགས། །སེམས་བདག་མེད་བདག་ཏུ་བཟུང་བའི་དཔེ། །དཔེ་ཐོ་ཡོར་མི་དང་ཐག་ཁྲ་སྦྲུལ། །ཡང་སྒྱུ་མ་ཞིག་དང་རྨི་ལམ་སད། །ཚུལ་དེ་ལྟར་རྟོགས་ཚེ་སྣང་བ་ཡང་། །གཞན་མེད་ལས་གཞན་དུ་བཟུང་ལས་གྲོལ། །སྐབས་དེ་ཚེ་ལྟ་སྒོམ་རྫུན་ཕུགས་རིག །དེ་རིག་ཚེ་ཀུན་རྫོབ་རྫུན་རིས་ཆོས། །ཡོངས་འཛིན་པས་བདེན་པར་བྱས་པར་རྟོགས། །ཆོས་དོན་དམ་ཟེར་བའི་རྩིས་པོ་ཆེ། །དུས་ད་ནི་རྫུན་པ་ཉིད་དུ་གོ །མདོར་བདེན་རྫུན་གཉིས་སོགས་རྟོག་ཚོགས་ཀུན། །དཔེ་སྤྲིན་དང་འཇའ་ཚོན་ཡལ་བའི་ཤུལ། །དེར་འདི་ཞེས་མཚན་མ་མི་དམིགས་ན། །ཆོས་འཁོར་འདས་གཉིས་པོ་ཅི་ལ་ཟེར། །ང་ང་རུ་འཛིན་ཐག་ཆད་པས་ན། །ཆོས་བདག་གཞན་གཉིས་སུ་སུ་ཡིས་འཛིན། །གཉིས་མེད་དུ་མཐོང་དེ་ཨེ་མ་མཚར། །འདི་འགྲོ་རྣམས་ཀུན་གྱི་རྟོགས་པར་ཤོག །དེ་ལྟའི་རྡོ་རྗེའི་མགུར་གྱི་ཕན་ཡོན་ནི། ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །ཕྱི་མ་མངོན་པར་སངས་རྒྱས་ཞིང་། །བདེ་ཆེན་མཁའ་སྤྱོད་གནས་སུ་འགྲོ། །ཡན་བཏང་དེ་མཐར་བཤགས་པ་འདི་བཞིན་བྱ། ཨོཾ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རིགས་གསུམ་མགོན། །དེ་ལ་གཏད་པས་ཁམས་གསུམ་སྒྲོན་མེ་ཡིན། །རིགས་ལྔ་འཁོར་གྱི་མཁའ་འགྲོ་སྡེ་བཞི་རྣམས། །དེ་ལ་གཏད་པས་གསང་སྔགས་སྲུང་མ་ཡིན། །སྔོན་སྦྱང་གང་ཟག་ཆོས་ཀྱི་སྤྱན་ལྡན་རྣམ། །དེ་ལ་གཏད་པས་བསྟན་པ་དར་བ་ཡིན། །གསུང་པའི་རྒྱུད་ཆེན་ལུང་དང་མཐུན་པར་གཏད། །དེ་ལྟར་མ་བྱས་བཀའ་སྲུང་རྣམས་ལ་བཤགས། །སྐུ་གསུམ་གསོལ་འདེབས་ལྷོ་ནུབ་རྔ་ཡབ་སོགས། ༼ཇ༽ཞེས་བཤགས་བཅོ་བརྒྱད་པ་ལྷག་མའི་ཆོ་ག་ནི། དེ་ནས་ལྷག་མའི་གཏོར་མ་བསྡུས་ཏེ། ཚོགས་ཀྱི་སློབ་དཔོན་གྱིས་ཁ་ཕྲུ་བཏབ་ནས་བྱང་ཤར་ཕྱོགས་སུ་བཞག་ལ། ལྷག་ཞུ་ཨ་ཀ་རོ་སོགས། བྷྱོ་ལས་ཀྱི་མཁའ་འགྲོ་མི་སྲུན་པ། །འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །ཤ་ཟ་མཁའ་འགྲོ་ཡང་སྤྲུལ་དང་། །གཞན་ཡང་མཁའ་འགྲོའི་ཚོགས་མང་པོ། །ལྷག་མའི་གཏོར་མ་འདི་ཁྱེར་ལ། །བགེགས་དང་བར་ཆད་ཞི་བ་དང་། །ཡིད་ལ་བསམ་ཀུན་འགྲུབ་པར་མཛོད། །ཨོཾ་སྣ་ཚོགས་ཌཱཀྐི་ནི། ཤ་ཟ་ཌཱཀྐི༴ འཇིག་རྟེན་ཌཱཀྐི༴ ཧ་རི་ནི་ས་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བཏང་མཐར་སྐུ་གསུང་ཐུགས་བཤགས་ནི། ལྷུབ། དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས། །རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར། །ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་། །གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས། །དམ་བཅས་བཀའ་ལས་འདའ་བར་མི་བགྱི་སྟེ། །ལས་དང་སྐལ་བས་དམྱལ་བར་སྐྱེ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ། །རྡོ་རྗེ་སློབ་དཔོན་བསྟན་པའི་སྒྲོན་མེ་ལ། །སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་། །དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ། །ངན་སེམས་ལོག་པར་ལྟ་བ་ལ་སོགས་པ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ༴ ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་། །སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་། །དུས་དྲུག་ལས་ཀྱི་མཆོད་པའི་ཁྱད་པར་དུ། །བསྙེན་སྒྲུབ་སྐོང་བའི་ཆོ་ག་བགྱིས་ཏེ། །བཀའ་ལྟར་མ་ལྕོགས་གཞུང་ལྟར་རྔོ་མ་ཐོགས། །གསུང་གི་དམ་ཚིག་ཉམས༴ རྡོ་རྗེ་སློབ་དཔོན་བྱམས་པའི་སྐུ་དྲིན་གྱིས། །སྙན་ཁུང་བརྒྱུད་པས་སེམས་ཀྱི་དཀྱིལ་དུ་བཞག །ཐུགས་ཀྱི་མན་ངག་བྱིན་པས་དམ་ཚིག་འདྲེས། །གསང་མཚམས་འདས་ནས་འཆོར་བར་སྨྲ་ལ་སོགས། །ཐུགས་ཀྱི་དམ་ཚིག༴ ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ། །ཡན་ལག་དམ་ཚིག༴ ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ། །བསྙེན་སྒྲུབ་དམ་ཚིག༴ ལུས་ངག་ཡིད་ཀྱི་བསྲུང་བྱ་འདས་པ་ཡིས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །ཞྭ་བཅས་རང་བྱུང་ལྷུན་གྲུབ་སོགས། ཞེས་བརྗོད་སྤྱི་དོན་གསུམ་པ་རྗེས་ཆོག་ལའང་། རྣམ་གྲངས་བརྒྱད་ལས་དང་པོ་ཆད་ཐོ་ནི། ཧཱུཾ་སྔོན་ཚེ་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །དམ་ལ་བཏགས་པའི་སྲུང་མ་རྣམས། །ཆོས་ཉིད་བདེན་པའི་བཀའ་ལ་ཉོན། །གདོང་དམར་བོད་ཀྱི་རྒྱལ་ཁམས་འདིར། །ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །བདག་ནི་སློབ་དཔོན་དེ་ཡི་བརྒྱུད། །ཁྱོད་ནི་ལྷ་འདྲེ་གཡར་དམ་ཅན། །སྔོན་ཚེ་ཁས་བླངས་བཀའ་མ་བཅག །ད་ལྟ་རིག་འཛིན་དམ་མ་འདྲལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་དང་གཉིས་པ་དམིགས་ཡུལ་དགྲ་ཡོད་ན། །དེ་ཡི་ཕྱོགས་སུ་ཟོར་འཕངས་བ་ནི། བྷྱོཿང་ནི་རྣལ་འབྱོར་དམ་ཚིག་ཅན། །དགྲ་བགེགས་སྟེང་དུ་ཟོར་ཅིག་འཕེན། །མཁའ་འགྲོ་དམ་ཅན་རྒྱ་མཚོ་དང་། །འཇིག་རྟེན་དྲེགས་བྱེད་སྡེ་བརྒྱད་ཚོགས། །ཀུན་ཀྱང་དྲག་པོའི་ཟོར་ཐོགས་ནས། །དགྲ་བགེགས་སྟེང་དུ་མ་ར་ཡ། །ཉོན་མོངས་དུག་ལྔའི་དགྲ་བགེགས་ལ། །ཡེ་ཤེས་རྣམ་ལྔའི་ཟོར་འཕངས་པས། །སྲིད་གསུམ་འཁོར་བ་མ་སྟོངས་ཏེ། །ཐམས་ཅད་བདེ་ཆེན་སངས་རྒྱས་ཤོག །ཅེས་བརྗོད་གསུམ་པ་བརྟན་མ་སྐྱོང་བ་ནི། བྷྱོཿ དཔལ་ཆེན་ཡབ་ཡུམ་བཀའ་ཉན་པ། །ཤར་ནས་གཤེགས་པའི་མཁའ་འགྲོ་བདུན། དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་བ་མཛད། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་བདུན། །དམ་རྫས་གཏོར་མ་འདི་བཞེས་ལ། །ཁྱེད་ཀྱི་ཞི་བའི་ལས་མཛོད་ཅིག །བྷྱོཿ དཔལ་ཆེན་ཡབ་ཡུམ་བཀའ་ཉན་མ། །ལྷོ་ནས་གཤེགས་པའི་མཁའ་འགྲོ་བདུན། །དྲུག་ནི་ཡེ་ཤེས་དབྱིངས༴ གཅིག་ནི་ཐབས༴ རིན་ཆེན་རིགས་ཀྱི་མཁའ་འགྲོ༴ དམ་རྫས་གཏོར་མ༴ ཁྱོད་ཀྱིས་རྒྱས་པའི་ཕྲིན་ལས༴ བྷྱོཿ དཔལ་ཆེན་ཡབ་ཡུམ་བཀའ༴ ནུབ་ནས་གཤེགས་དྲུག་ནི༴ གཅིག་ནི་ཐབས༴ པདྨ་རིགས་ཀྱི༴ དམ་རྫས་གཏོར་མ༴ ཁྱོད་ཀྱིས་དབང་༴ བྷྱོཿ དཔལ་ཆེན་ཡབ་ཡུམ༴ བྱང་ནས་གཤེགས་དྲུག་ནི༴ གཅིག་ནི་ཐབས༴ ལས་ཀྱི༴ དམ་རྫས་གཏོར་མ༴ ཁྱོད་ཀྱིས་དྲག་པོའི་ལས་མཛོད་ཅིག །བྷྱོཿ དཔལ་ཆེན་ཡབ་ཡུམ་བདེ་གཤེགས་ཚོགས། །དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་སུམ་ཅུ་གཉིས། །གིང་ཆེན་བཅོ་བརྒྱད་ལང་ཀ་དུར་ཁྲོད་བདག །མ་བདུན་སྲིང་བཞི་འབར་བརྒྱད་དྲུག་ཅུ་བཞི། །བརྟན་མ་བཅུ་གཉིས་སོ་སོའི་གཡོག་པོར་བཅས། །བཤེས་གཉེན་ཀློང་རྫོགས་པདྨའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་བཀའ་ཡི་གཏོར་མ་ལོངས། །ཞི་རྒྱས་དབང་དྲག་དགུག་ཅིང་མནན་གཟིར་སོགས། །བཅོལ་བའི་ཕྲིན་ལས་མ་ལུས་གྲུབ་པར་མཛོད། །ཨེ་ཡཾ་རཾ་ཛྭ་ལ་རཾ་སོགས། ཅེས་རོལ་བའི་སྒྲས་གཏོར་མ་བཏང་ལ། ཕྱིར་ལོག་པ་དང་གཏོར་གཞུང་སྦུབ་ཅིང་། དགྲ་བགེགས་ཡོད་ན་དེའི་འགོ་ཏུ་ལིང་ག་བཅུག་ནས་བཞི་བ་བྲོ་བརྡུང་བྱ་བ་ནི། ཧཱུཾ། དམར་ནག་གྲུ་གསུམ་མེ་ཡི་དཀྱིལ་འཁོར་ནས། །འཇིགས་བྱེད་ཁྲོ་རྒྱལ་རྟ་མགྲིན་ཁྲོས་པའི་སྐུ། །གཉིས་མེད་འཁྲིལ་སྦྱོར་རྡོ་རྗེ་ཕག་མོ་ཡུམ། །མཁའ་འགྲོ་དཔའ་བོ་དམ་ཅན་རྒྱ་མཚོའི་ཚོགས། །གཉིས་འཛིན་འཁོར་བའི་བག་ཆགས་ལ། །གཉིས་མེད་རྟ་བྲོ་ཆེམས་སེ་ཆེམ། །རྟ་བྲོ་འཁོར་གཅིག་དང་པོ་ལ། །བདུད་འདུལ་འཇོམས་པ་ཆེན་པོའི་བྲོ། །ང་རྒྱལ་འཇོམས་པའི་མཁའ་འགྲོ་མ། །ཞིང་བཅུའི་ཚོགས་ལ་ད་རྡུངས་ཤིག །རྟ་བྲོ་འཁོར་གཉིས་བར་མ་ལ། །སྲིན་པོ་ཤ་ཟའི་ལོངས་སྤྱོད་བྲོ། །ཞེ་སྡང་འཇོམས་པའི་མཁའ་འགྲོ་མ། །འབྱུང་པོའི་ཚོགས་ལ་ད་རྡུངས་ཤིག །རྟ་བྲོ་འཁོར་གསུམ་ཐ་མ་ལ། །ཁམས་གསུམ་ཁྲག་ནད་ནད་ཀྱི་བྲོ། །སྡུག་བསྔལ་འཇོམས་པ་ཆེན་པོའི་བྲོ། །གཏི་མུག་འཇོམས་པའི་མཁའ་འགྲོ་མ། །འཁོར་བའི་གཅོང་ནད་སྐྲན་ལ་རྡུངས། །རྡུལ་དུ་རློགས་ཤིག་དགྲ་དང་བགེགས། །རྒྱ་མཚོའི་གཏིང་སྦ་རི་རབ་མནན། །འཁོར་བསྐྱོན་ཆུ་སྲིན་ཁ་རུ་བོར། །ཨོཾ་ཨཱཿཧཱུཾ་སྟྭཾ་བྷ་ཡ་ནན། ལྔ་བ་ནོངས་པ་བཤགས་ཤིང་བཟོད་གསོལ་ནི། མེ་ཏོག་ཐོགས་ལ། རྩ་གདངས། ཧཱུཾ་ཉེར་སྤྱོད་ལྔ་དང་སོགས། མི་སྡུག་སྲིན་པོ་ཤྭ་ལོ་ཀ་གསུམ། མ་འབྱོར་བ་དང་སོགས། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་རྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་དང་རྗེས་སུ་ཡི་རང་བཤགས་པ་ནི། ལྷུབ། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡིད་དམ་ལྷ་ཚོགས་རྣམས་ཀྱི་སྤྱན༴ མངོན་རྟོགས་སྤོང་ལེན་བགྱིས༴ མཁའ་འགྲོ་སྡེ་བཞི་རྣམས༴ ཁས་བླངས་དམ་བཅའ་ཉམས་པ༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན༴ གཏོར་མ་ལོ་ཟླར་འགྱང་༴ དུས་གསུམ་ཕ་མ་རྣམས་ཀྱི༴ དྲིན་ལན་ལན་གྱིས་མ་ལོན༴ མཆེད་དང་ལྕ་དྲལ་རྣམས་ཀྱི༴ དམ་ཚིག་བརྩེ་གདུང་ཆུང་བ༴ འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན༴ སྙིང་རྗེ་ཕན་སེམས་ཆུང་བ༴ སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་པ་འཛིན་པའི་སྔགས་ཀྱི་དམ་ཚིག་སོགས། །ཉམས་པ་ཐམས་ཅད་མཐོལ་བཤགས་མི་འཆབ་པོ། །མི་སྦེད་སླན་ཆད་གཅོད་ཅིངསྡོམ་པར་བགྱིད། །དུས་གསུམ་བྱས་བསགས་སྡིག་སྒྲིབ་མཐོལ་བཤགས་ནས། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང་། ཨོཾ་བཛྲ་སཏྭ་ས་མ༴ སོགས། འདིར་ནི་རྟེན་དང་སོགས། ཧཱུཾ་སྣོད་བཅུད་ལྷ་དང་སོགས། སླར་ཡང་རིག་པ་སོགས། སྣང་གྲགས་རིག་པ་དཀྱིལ་འཁོར་སོགས། ཡི་གེ་བརྒྱ་བ་ལན་གསུམ་བརྗོད། དེ་ལྟར་བཤགས་ནས་དྲུག་པ་བསྔོ་སྨོན་ནི། ཡེ་ཤེས་རྣམ་དག་ལྷུན་གྱིས་གྲུབ་པའི་ལྷ། །བླ་མ་བདེ་གཤེགས་ཡེ་ཤེས་མཁའ་འགྲོ་དང་། །དུས་རྣམས་ཀུན་དུ་འདུ་འབྲལ་མེད་པ་ཡི། །བདེ་ཆེན་ས་ལ་རྟག་ཏུ་རོལ་བར་ཤོག །ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་དང་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །བདག་གི་དགེ་བའི་རྩ་བ་འདི་ཡིས་ནི། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་བ་དང་། །ཕྱོགས་རྣམས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །གནས་སྐབས་མཐར་ཐུག་བསམ་པ་འགྲུབ་པར་ཤོག །རང་བཞིན་དགེ་བའི་ཕུན་ཚོགས་སོགས། ཅེས་བརྗོད་བདུན་པ་ལྷ་ཚོགས་གཤེགས་གསོལ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ས་ཡེ་ཤེས་པ་གཤེགས་ནས། ཛཿཧཱུཾ་བཾ་ཧོཿ ས་དམ་ཚིག་གི་དཀྱིལ་འཁོར་བདག་ལ་བསྡུས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་མོས་པ་བྱས་ལ། དེ་ལྟར་གྲུབ་རྗེས་བརྒྱད་པ་བཀྲ་ཤིས་དོན། བཀྲ་ཤིས་ཀྱི་ལྷ་ཚོགས་ནམ་མཁར་བསམ་སྟེ། མེ་ཏོག་དང་རོལ་མོའི་སྒྲས་མགྲིན་གཅིག་ཏུ། བཀྲ་ཤིས་ཉུང་བསྡུས་བཅས་ཧཱུཾ་གདོད་མའི་མགོན་པོ་རིགས་ལྔ་སོགས། ངོ་བོ་རང་བཞིན་ཐུགས་རྗེ་མངོན་དུ་གྱུར། །ཆོས་དབྱིངས་རྣམ་དག་ཀློང་ལ་མངའ་བརྙེས་པའི། །བླ་མ་ཡི་དམ་རྣམས་ཀྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དཀར་མོ་ཞི་མཛད་གར་སྒྱུར་སྒེགས་པ་མོ། །མེ་ལོང་ཡེ་ཤེས་རྡོ་རྗེ་མཁའ་འགྲོ་མ། །སྐུ་ལ་དབང་བསྒྱུར་བཀྲ་ཤིས་གང་ལེགས་པ། །བཀྲ་ཤིས་དེས་ཀྱང་༴ སེར་མོ་རྒྱས་མཛད་གར་བསྒྱུར་སྒེག་པ་མོ། །མཉམ་ཉིད་ཡེ་ཤེས་རིན་ཆེན་མཁའ་འགྲོ་མ། །ཡོན་ཏན་དབང་བསྒྱུར་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་༴ དམར་མོ་དབང་མཛད་གར་བསྒྱུར་སྒེག་པ་མོ། །ཀུན་རྟོག་ཡེ་ཤེས་པདྨ་མཁའ་འགྲོ་མ། །གསུང་ལ་དབང་བསྒྱུར་བཀྲ་ཤིས་གང་ལེགས་པ། །བཀྲ་ཤིས་དེས༴ ལྗང་གུ་ལས་མཛད་གར་བསྒྱུར་སྒེག་པ་མོ། །བྱ་གྲུབ་ཡེ་ཤེས་ལས་ཀྱི་མཁའ་འགྲོ་མ། །ཕྲིན་ལས་དབང་བསྒྱུར་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས༴ མཐིང་གསལ་བྱང་ཆུབ་གར་བསྒྱུར་སྒེག་པ་མོ། །ཆོས་དབྱིངས་ཡེ་ཤེས་སངས་རྒྱས་མཁའ་འགྲོ་མ། །ཐུགས་ལ་དབང་བསྒྱུར་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་༴ སྣ་ཚོགས་མཁའ་འགྲོ་དུར་ཁྲོད་བརྒྱད་ཀྱི་བདག །ཚོགས་ལ་དབང་བསྒྱུར་འཇིག་རྟེན་མཁའ་འགྲོ་མ། །བཀའ་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་དང་རིག་འཛིན་བཀྲ་ཤིས་འདིར་ཡང་བྱ། ཧོཿ རིག་འཛིན་བརྒྱུད་པའི་བྱིན་རླབས་དང་། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས། །འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག །ཚེ་བསོད་རྒྱས་པའི་བཀྲ་ཤིས༴ སྣང་བ་དབང་འདུས་བཀྲ་ཤིས༴ ལོག་འདྲེན་ཚར་གཅོད་བཀྲ་ཤིས༴ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། །སྒྲ་གྲགས་བདེ་ཆེན་སྔགས་སུ་དག །དྲན་རྟོག་འོད་གསལ་ཆོས་སྐུར་སྨིན། །འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག །དེ་མཐར་ཚོགས་མཆོད་བརྩམ་པའི་དགེ་བསྔོ་ཞིང་། འདོན་རྒྱུར་སྦྱར་ཡང་ཤིན་ཏུ་ལེགས་མཐོང་བཞིན། རང་བཞིན་དགེ་བའི་ཕུན་ཚོགས་ཆུ་གཏེར་ལས། སྟོང་པའི་འདབ་སྟོང་སྙིང་རྗེ་སྙིང་པོ་ཅན། །ཀུན་དགའི་དུས་སྟོན་རྒྱ་ཆེན་འཕེལ་བྱེད་འདིས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །སྐུ་བཞིའི་རྒྱ་མཚོ་བདེ་ཆེན་ཆུ་བཞིའི་གནས། །ཡེ་ཤེས་ཀླུ་དབང་འབྱོར་བའི་རང་བཞིན་ལས། །ཚོགས་མཆོག་རྒྱ་མཚོའི་སྤྲིན་གྱི་བླ་རེས་འདིས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །འདིར་སྨྲས་པ། རྒྱལ་གསུང་ཡོངས་ཀྱི་རྩེ་མོ་རྡོ་རྗེ་ཐེག །བློ་ལྡན་མཆོག་རྣམས་ངོ་མཚར་དགའ་བསྐྱེད་པ། །དེར་ཞུགས་ཀུན་གྱི་དངོས་གྲུབ་འགྲུབ་པའི་ཐབས། །བཅོམ་ལྡན་རྡོ་རྗེ་འཛིན་པའི་སྡོམ་པ་ནི། །ཐོག་མར་བླངས་ཤིང་བར་དུ་སྲུང་ཉམས་འཆོལ། །ཐ་མ་བཤགས་སྦྱངས་ཕྱིར་བཅོས་མ་འགྲུབ་ཅིང་། །བླང་དོར་བྲལ་བའི་གྲོལ་བ་ཐོབ་འདོད་པ། །དེ་ལྟའི་རིགས་ཀྱི་ཐུགས་ལ་མི་བབ་མོད། རྒྱལ་དང་དེ་སྲས་སྤྱན་སྔར་ཁས་བླངས་ནས། །ངལ་མེད་དམ་བཅའི་ཁུར་ཆེན་མི་འདོར་བར། །ཚུལ་བཞིན་སློབ་པའི་དམ་པའི་རྗེས་འཇུག་པ། །དམ་སྡོམ་དོན་གཉིས་ཡོད་ན་འདིར་འབུངས་ཤིག །སྔགས་སྡོམ་ཤིན་ཏུ་བསྲུང་དཀའི་མེ་ལྕེའི་རྩེར། །སྙིགས་དུས་མ་རབས་བསམ་སྤྱོད་སྦྲང་བུ་བཞིན། །བསྲེགས་པ་ལས་གཞན་ཐར་བར་དཀའ་མོད་ཀྱང་། །ཐབས་མང་འཕྲུལ་ལྡན་རྣམ་གྲོལ་ལམ་བཟང་འདིར། །ཞུགས་རྣམས་གསེར་དངུལ་སྣོད་གཞོམ་བཅོས་པ་བཞིན། །བྲམ་ཟེ་དུང་ཕྲེང་དཔོན་སློབ་ཟུང་སོགས་ཀྱི། །དཔག་ཡས་ཉེས་ཚོགས་དག་པའི་དཔེར་མཚོན་ནས། །བཤགས་པས་མི་དག་ཉེས་ལྟུང་མེད་པར་ངེས། །དེ་ཕྱིར་ལུས་ངག་སྒོ་ནས་ཆོ་ག་དང་། །འབྲེལ་བའི་སྤྱོད་ལམ་བཤགས་པར་འགྱུར་ངེས་དང་། །ཡིད་ཀྱི་འཁོར་འདས་ཆོས་ཀུན་བདག་མེད་དོན། །ལྷ་ལམ་རྒྱ་མཚོར་ཤར་བའི་སྣང་ཆ་བཞིན། །ཡོད་པ་མིན་ཏེ་དངོས་པོ་མཚན་མར་འདས། །མེད་པ་མིན་ཏེ་མངོན་སུམ་མཐོང་བའི་ཕྱིར། །དེ་ལྟར་ཤེས་ན་བཤགས་བྱའི་ཉེས་ལྟུང་དང་། །བཤགས་བྱེད་གཉེན་པོ་མཉམ་མེད་ངང་དུ་གྲོལ། །ཀྱཻ་མ་དེང་དུས་གསང་སྔགས་བོན་གྱེར་ལ། །གཅིག་ཏུ་བྱེད་ཅིང་དབང་བསྐུར་བརྒྱ་སྟོང་ཞུ། །བླ་མའི་ཆོས་བཙོང་དེས་རིན་སྦྱིན་བདག་གིས། །ནོར་རྫས་ཕུལ་ཡང་གཉིས་ཀ་དམ་ཉམས་རྒྱུ། །དང་པོ་དམ་སྡོམ་ཕོག་ཀྱང་ངོ་མ་འཕྲོད། །བར་དུ་བླང་དོར་མ་ཤེས་ཉེས་ལྟུང་བསགས། །ཐ་མ་བཤགས་སྦྱང་ཕྱིར་བཅོས་མ་ཐེབས་པས། །སྔགས་སྤྱོད་ཕལ་ཆེར་དམྱལ་བའི་རྒྱུ་ལས་ཅི། །དེ་ཕྱིར་རང་དབང་ཡོད་པའི་དུས་འདི་རུ། །བཤགས་སྦྱང་ཕྱིར་བཅོས་ལས་ལ་མ་བརྩོན་ན། །དམ་ཚིག་བསྲུང་བརྫུས་རང་ཉིད་ཉམ་ཉེས་བྱེད། །མི་མཁས་བྱིས་པས་བསྲུང་མཚམས་རྟོགས་ལམ་མམ། །དེ་ཕྱིར་རྣམ་གྲོལ་ལམ་བཟང་ཆུ་དྭངས་ནོར། །དད་ལྡན་སྔགས་པའི་སྒོ་གསུམ་རྫིང་བུ་རུ། །བཅུག་ཚེ་ཉེས་ལྟུང་རྙོག་མ་དྭངས་མའི་གཞིར། །གྲུབ་གཉིས་སྦྲང་རྩིའི་རྒྱལ་མཚན་འཛུམ་ཞལ་ངོམ། །ཨེ་མ་འདི་ནས་མཁས་གྲགས་དོན་གཉེར་གྱི། །བློ་ངན་ཆུ་ཁུར་སྐྱོན་དང་མ་འདྲེས་ཉིད། །རྩ་གསུམ་སྲུང་མའི་བདག་ཡིད་ནམ་མཁར་བཀོད། །དེ་ཕྱིར་ཉེས་ལྟུང་སྨག་རུམ་བསལ་བར་ངེས། །འདིར་འབད་བསོད་ནམས་སེམས་བསྐྱེད་བཞོན་པ་ཅན། །སྲིད་དང་ཉན་རང་ལམ་དུ་མི་འཕྱན་པར། །རྣམ་པ་ཐམས་ཅད་མཁྱེན་པའི་གོ་ས་རུ། །མྱུར་དུ་སླེབ་པའི་དཔལ་ཡོན་སྟོབས་ལྡན་གྱུར། །ཅེས་པ་འདི་ཡང་རང་ཉིད་ཀྱིས་སྔོན་ནས་ཡིད་ལ་བརྣག་པ་ཞིག་མ་ཡིན་ཀྱང་རེ་ཞིག་གི་ཚེ་སྐྱོ་ཤེས་ངེས་འབྱུང་ལྟ་བུས་རྐྱེན་བྱས་ནས་དྲིན་ལྡན་གྱི་དམ་པའི་མགོན་རྣམས་ཡིད་ངོར་ཤར་ནས་དད་འདུན་མོས་གསུམ་སྣང་བ་འགྱུར་ནུས་པ་ཞིག་བྱུང་ཕྲལ་གཞུང་འདི་རྩོམ་རྒྱུ་བློར་ཤར་བ་བཞིན་དྲི་མེད་བཤགས་རྒྱུད་ལས་བཤགས་པའི་གཞུང་བྱས། ཀུན་མཁྱེན་ཀློང་ཆེན་པའི་ཚོགས་མཆོད་རྒྱ་མཚོའི་སྤྲིན་ལས་ཚོགས་ཀྱི་གཞི་བཅས། ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་སྐོང་བཤགས་རྡོ་རྗེའི་ཐོལ་གླུ་དང་། དོང་སྤྲུག་བཤགས་པ་དང་ཟབ་མོ་ཡངཐིག་ལས་བྱུང་བའི་མཎྜལ་སོགས་ཀྱིས་ཁ་བསྐང་། གཏེར་བདག་གླིང་བའི་རྡོར་སེམས་ནས་གོང་འོག་དགོས་རིགས་རྣམས་དང་། ཁྱད་པར་བདག་འཇུག་བཅས་བླངས་ནས་མདོར་ན་ཆོ་གའི་དངོས་གཞི་སྐོང་བཤགས་ལ་དྲིལ་ཏེ། གཞན་རྣམས་ཀྱིས་ཀྱང་ཟུར་བརྒྱན་གཤམ་གྱི་མགུར་སོགས་མེད་དུ་མི་རུང་བར་གོ་བཞིན་དཀྱུས་སུ་བྲིས་ཏེ། བྱིས་པས་མེ་ཏོག་རྩར་ལ་བརྒྱུས་ལྟའི། དམ་སྡོམ་ཉམས་ཆག་སྐོང་བཤགས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་ཞེས་བྱ་བ་འདི་ཉིད་ཁམས་དབུས་གཙང་གསུམ་གྱི་དམ་པ་དུ་མའི་བཀའ་དྲིན་གྱིས་འཚོ་བ། དད་པའི་འཛིན་མར་བསྐྱེད་བསྲིངས་པའི་དམ་ཚིག་གི་ལྗོན་པ་ཀུན་སློང་ངན་པའི་ཞུགས་ཀྱིས་མ་བསྲེག་པའི་ཀུ་སུ་ལུ་པ། ཀུན་བཟང་གཞན་ཕན་གྱིས་རང་ཉིད་བགྲང་བྱས་རབ་ཏུ་དུབ་ཀྱང་འདི་ཉིད་ཉམས་ལེན་ལ་ལྷག་པར་འདུན་བཞིན་བྲིས་པར་འགལ་བའི་ཚོགས་མཁྱེན་ལྡན་གཟུར་གནས་རྣམ་ལ་འཆགས་ཤིང་ཐོས་བསམ་ཆགས་སྡང་གི་རྒྱུར་གྱུར་པ་ལ་ལ་དང་། མི་ཤེས་ཤེས་བརྫུས་ཁེངས་དྲེགས་ཀྱི་ང་རོས་གཞན་རྒྱུད་དཀྲུགས་པའི་མགྲིན་བཟང་དག་ཀྱང་ཉམས་ཆག་བྱང་ནས་ཕྱིར་མི་ལྡོག་པའི་ཆོས་སྐུ་ཐོབ་པའི་རྒྱུར་གྱུར་ཅིག་ཡི་གེ་པ་ནི་ཀུན་བཟང་ཕུན་ཚོགས་སོ། དགེའོ། དགེའོ། དགེའོ།། །།སརྦ་མངྒ་ལཾ།། །།


previousརིགས་བརྒྱུད་ལྟར་ན་ཆོས་རྗེ་ཀུན་མཁྱེན་པའི་འཕྲོ་ནས། །next