Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རབ་གནས་བསྡུས་པ་མེ་ཏོག་ཕྲེང་མཛེས།
   


 
previousརབ་གནས་བསྡུས་པ་མེ་ཏོག་ཕྲེང་མཛེས།next

རབ་གནས་བསྡུས་པ་མེ་ཏོག་ཕྲེང་མཛེས།

རབ་གནས་བསྡུས་པ་མེ་ཏོག་ཕྲེང་མཛེས་བཞུགས། །སྐུ་གསུམ་ཞིང་གི་སྟོན་མཆོག་རྒྱལ་བ་དང་། གང་གི་བསྟན་པའི་སྙིང་པོ་ལུང་རྟོགས་ཆོས། དེ་འཛིན་འཕགས་པའི་དགེ་བདུན་ཚོགས་བཅས་ལ། གུས་པས་བཏུད་ནས་རབ་གནས་བསྡུས་པ་སྤེལ། དེ་ཡང་རབ་གནས་ཤིན་ཏུ་བསྡུས་པ་ཞིག་དགོས་པ་བྱུང་ཚེ། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས། ཧཱུཾ༔ ང་ནི་དཔལ་ཆེན་ཐོད་ཕྲེང་རྩལ། །འདིར་མཆིས་གཉུག་གནས་འཕྲལ་རྒྱུའི་བགེགས། །མ་ལུས་མྱུར་དུ་ད་ལྟ་སོང་། །བཀའ་ལས་འདའ་ན་བརླག་པར་འགྱུར། །ཞེས་དང་བདེན་པའི་སྟོབས་བརྗོད་པ་ནི། ན་མོ་རིག་འཛིན་རྩ་རྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན༴ ཁྱད་པར་དུ་ཡི་དམ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས༴ ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས་དེང་འདིར་བདེ་བར་གཤེགས་པའི། སྐུ་གསུང་ཐུགས་ཀྱི་ཁ་བསྒྱུར། རྟེན་འདི་ལ་རབ་ཏུ་གནས་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པའི་རིགས་སུ་གྱུར་པ་ཐམས་ཅད་འདིར་མ་འདུག་པར་དམིགས་པའི་ཡུལ་གཞུན་དུ་འགྲོ་བར་གྱིས་ཤིག །གང་དག་མི་འགྲོ་བ་དེ་དག་ཐམས་ཅད་ལ་བདག་སོགས་ཁྲོ་རྒྱལ་འབར་བའི་ཚོགས་རབ་ཏུ་ཁྲོས་ནས་མགོ་བོ་ཚལ་པ་བརྒྱ། ལུས་དུམ་བུ་སྟོང་དུ་གཏོང་བར་གདོན་མི་ཟའོ། །ཧཱུཾཿ བཞིའི་སྔགས་དང་དྲག་སྔགས་བརྗོད་ནས་བསྐྲད་ཅིང་། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། གིས་སྲུང་འཁོར་གསལ་ཞིང་། སངས་རྒྱས་ཆོས་དང་སོགས། འགྲུབ་པར་ཤོག །ཅེས་སྐྱབས་འགྲོ་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་། སོགས། ཚད་མེད་བཞི་དང་། བྱང་ཆུབ་སྙིང་པོ་མཆིས་ཀྱི་སོགས། ཚོགས་ལའང་དེ་བཞིན་སྐྱབས་གསུམ་མཆི། ལན་གསུམ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། བྱང་ཆུབ་ཐུགས་ནི། སོགས། བཞིན་དུ་བསླབ་པར་བགྱི། གསུམ་གྱི་མཐར། དེང་དུས་བདག་ཚེ་འབྲས་བུ་ཡོད། མི་ཡི་སྲིད་པ་ལེགས༴སོགས། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། ཡན་ལག་བདུན་པ་བརྗོད། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། དུས་གསུམ་གཤེགས་པ༴ སོགས། ཚང་བར་བརྗོད། བསྔོ་འོ། ཨོཾ་མ་ཧཱ་ཤུ་ནྱཻ་ཏ་སོགས། སྟོང་པའི་ངང་ལས༴ སྐུ་གཟུགས་མཆོད་རྟེན་རྣམ་སྣང་ལུང་གི་ཆོས་གླེགས་བམ་སྣང་མཐའ། རྟོགས་པའི་ཆོས་མི་བསྐྱོད་པ། རྒྱན་ཆ་རིན་པོ་ཆེ་སོགས་རིན་འབྱུང་མཚོན་ཆ་ཕྱག་མཚན་སོགས་དོན་གྲུབ་འམ། གཞན་ཡང་ཆོས་ལོངས་སྤྲུལ་གསུམ་གྱི་ཆོ་ག་དཀྱུས་བཞིན་བཏང་ནས་ལྷ་བསྐྱེད་རྟེན་གསུམ་གང་ཡིན་དང་སྦྱར་ཡང་ཆོག་པར་ངེས་ཤིང་། ཇི་ལྟར་ཡང་། རྟེན་ལྷར་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་གསལ་བ་ལས་འོད་ཟེར་འཕྲོས་པས། ཆོས་ཀྱི་དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་བར་བསམ་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་སོགས་ནས་གཤེགས་སུ་གསོལ། བཛྲ་ས་མ་ཛ༔ པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་ལྷ་ཚོགས་མདུན་མཁར་བཞུགས་པ་ལ། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། སོགས་ཀྱིས་བསྟོད་ནས། ཛཿཧཱུཾ༔བཾ་ཧོ། རྟེན་གྱི་ལྷ་དབྱེར་མེད་དུ་བསྟིམ་ནས། དམ་ཡེ་དབྱེར་མེད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་གསལ་བ་ལས་རྒྱལ་བ་ཀུན་གྱི་གསང་བ་གསུམ་གྱི་རང་བཞིན་གསལ་བཏབ་ལ། དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སོགས་གདན་གསུམ་ཚང་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ། རྟེན་གྱི་ལྷ་ལ་དབང་བསྐུར་བར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲྀ་ཡེ་ཧཱུཾ། ཞེས་དབང་བསྐུར་བས་དག་བྱའི་དྲི་མ་དག །རྟེན་གྱི་ལྷ་གང་ཡིན་པ་དེ་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་བསམ། སྤྱན་དབྱེ་བ་ནི། རྒྱལ་ཀུན་སྤྱན་ལ་སྒྲིབ་པ་མི་མངའ་ཡང་། །བདག་ཅག་བསོད་ནམས་བསགས་ཕྱིར་སྤྱན་དབྱེ་བས། །མ་རིག་འཐིབ་པོས་ལྡོང་པའི་འགྲོ་བ་ཀུན། །རང་བྱུང་ཡེ་ཤེས་ཆོས་སྐུའི་ཞལ་མཐོང་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤྭ་དྷ་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པས་སེམས་ཅན་ཐམས་ཅད་ལ་རྒྱུན་ཆད་མེད་པར་གཟིགས་པར་གྱུར། ཞེས་བསམ་ལ། བདག་དང་རྟེན་གྱི་ལྷའི་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ནུས་སྟོབས་མ་ལུས་དང་། མཁྱེན་བརྩེ་ནུས་གསུམ་གྱི་དཔལ་དང་ཡོན་ཏན་ཐམས་ཅད་དབྱངས་དང་གསལ་བྱེད་ཀྱི་རྣམ་པར་དྲངས་ནས་རྟེན་གྱི་ལྷ་ལ་ཐིམ་པས་ལྷ་ཡང་འོད་ཀྱི་ཕུང་པོར་གྱུར་ནས་དབྱངས་གསལ་གྱི་རྣམ་པས་རྟེན་ལ་ཐིམ་ཞིང་། སྐུ་གསུང་ཐུགས་རྟེན་རང་རང་གི་མངོན་རྟོགས་ཇི་བཞིན་དང་། གླེགས་བམ་ཡང་སོ་སོའི་གཞུང་གི་ཡི་གེའི་གཟུགས་དང་དབྱེར་མེད་དུ་ཆུ་ལ་ཆུ་བཞག་པ་ལྟར་གྱུར་ནས། མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བའི་ནུས་སྟོབས་དང་ལྡན་པའི་རྟེན་དུ་གྱུར། ཞེས་བསམ་ལ། དབྱངས་གསལ་ལན་ཅི་མང་བཟླས་བཞིན་རྟེན་ལ་ནས་འབྲུ་འཐོར་ཞིང་། འདིར་ནི་གཟུགས་དང་ལྷན་ཅིག་སོགས་ནས་སྩལ་དུ་གསོལ། །ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། །ཁྱད་པར་དུའང་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་བསྐྱེད་ཅིང་སྤྱན་དྲངས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་རྟེན་འདི་དག་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། །བརྟན་པར་བཞུགས་ནས་ཀྱང་སྦྱིན་བདག་གི་གཙོར་གྱུར་འབྲེལ་ཐོགས་རྣམས་ཀྱི་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་རྟེན་དུ་གྱུར་ཅིག །ཅེས་རྟེན་སྙིང་ལན་ཅི་ནུས་དང་། སུ་པྲ་ཏིཥྛ་བཛྲ་ཡི་སྭཱ་ཧཱ། བཏགས་པས་ནས་འཐོར། ཡང་། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། །ཁྱད་པར་དུ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་བསྐྱེད་ཅིང་སྤྱན་དྲངས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས། རྟེན་འདི་དག་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། །བརྟན་པར་བཞུགས་ནས་ཀྱང་རྟེན་འདི་ཉིད་གང་དུ་གནས་པའི་ཡུལ་ཕྱོགས་འདིའི་གཙོར་བྱས་འཇིག་རྟེན་གྱི་ཁམས་ཀུན་ཏུ་ནད་ཀྱི་བསྐལ་བ་ཞི་བ། མཚོན་གྱི་བསྐལ་བ་ཉམས་པ། མུ་གེའི་བསྐལ་བ་མེད་པ། མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་ནས་ཆར་ཆུ་དུས་སུ་འབབ། ལོ་ཕྱུགས་རྟག་ཏུ་ལེགས། སེམས་ཅན་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ཡོན་ལ་ལོངས་སྤྱོད་པའི་རྟེན་དུ་གྱུར་ཅིག །རྟེན་སྙིང་ལན་ཅི་མང་དང་། སུ་པྲ་ཏིཥྛ་སོགས་ཀྱིས་མེ་ཏོག་འཐོར། ཡང་། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། །ཁྱད་པར་དུ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་བསྐྱེད་ཅིང་སྤྱན་དྲངས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་རྟེན་འདི་དག་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། །བརྟན་པར་བཞུགས་ནས་ཀྱང་རྟེན་འདི་ཉིད་སུས་མཐོང་བ་དང་ཐོས་པ་དང་དྲན་པ་དང་རེག་པའི་སེམས་ཅན་གྱི་ནད་གདོན་སྡིག་སྒྲིབ་ཞི་བ་དང་། ཚེ་བསོད་དཔལ་འབྱོར་རྒྱས་པ་དང་མོས་པ་རྣམ་བཞི་དབ༷ང་དུ་འདུ་བ་དང་དགྲ་བགེགས་ལོག་འདྲེན་ཚ༷ར་གཅོད་པ་ལ་སོགས་ལས་བཞི་དང་ལས་རབ་འབྱམས་ཀྱི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་རྟེན་དུ་གྱུར་ཅིག །མཐར་ཐུག་རྒྱལ་བ་མགོན་པོ་འོད་དཔག་ཏུ་མེད་པའི་གོ་འཕང་ཐོབ་པའི་རྟེན་དུ་གྱུར་ཅིག །ཞེས་གོང་བཞིན་རྟེན་འབྲེལ་སྙིང་པོ། སུ་པྲ་ཏིཥྛ་གཤམ་འདོག་ཅན་ཅི་མང་བཟླ་ཞིང་། ནས་འཐོར། སངས་རྒྱས་དང་། བྱང་སེམས། སྲུང་མ་བཅས་ཀྱི་བཀྲ་ཤིས་དང་། ལས་བཞི་གང་བརྩམ་འགྲུབ་པའི་བཀྲ་ཤིས་བརྗོད་མཚམས་རྣམས་སུ། ཡེ་དྷརྨཱས་ ནས་འཐོར། བསམ་པ་ལྷུན་གྲུབ་དང་། མྱུར་འགྲུབ་གང་འཛོམས་དང་། བསྔོ་སྨོན་ཅི་ནུས་བྱའོ། །ཞེས་པ་འདི་ཡང་མཆོད་ཡོན་སྤྲོས་ཆུང་འགའ་ཞིག་ལ་ཕན་འདོགས་ཀྱི་བློས་ རྣལ་འབྱོར་པ། ཀུན་བཟང་གཞན་ཕན་གྱིས་བྲིས་པའི་ཡི་གེ་པ་ནི་མགོན་པོ་བསམ་འགྲུབ་ཀྱིས་བགྱིས་པས་བསྟན་འགྲོ་ཡོངས་ལ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག། དགེའོ། །དགེའོ། །དགེའོ།། །།


previousརབ་གནས་བསྡུས་པ་མེ་ཏོག་ཕྲེང་མཛེས།next