Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་ཀུན་ཐུགས་རྗེའི་མངའ་བདག།


 
previousརྒྱལ་ཀུན་ཐུགས་རྗེའི་མངའ་བདག།no next

རྒྱལ་ཀུན་ཐུགས་རྗེའི་མངའ་བདག།

རྒྱལ་ཀུན་ཐུགས་རྗེའི་མངའ་བདག་ཉིད། །མཐུ་སྟོབས་ནུས་པའི་དཔལ་འབར་བ། །གསང་བདག་རྡོ་རྗེ་འཛིན་པ་དང་། །དབྱེར་མེད་འཇིགས་མེད་གླིང་བར་འདུད། །དེ་ཡང་རྣལ་འབྱོར་བ་གང་ཞིག་བསྐྱེད་རྫོགས་བསྒོམ་བཟླས་སོགས་ལ་འཇུག་པའི་སྔོན་དུ། དམ་སྲི་མནན་པ་གལ་ཆེ་སྟེ། ཅིའི་ཕྱིར་ཞེ་ན། སྔོན་གྱི་སྲིད་པ་ལ་ངེས་བར་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཚུལ་བཞིན་ཞུས་ཀྱང་། དམ་ཚིག་ཉམས་ཆག་སྐྱོན་གྱིས་གནས་ངན་རྣམས་སུ་སྐྱེ་བ་དང་། སྔར་ཡང་སྐྱེ་བ་མང་པོར་རྣལ་འབྱོར་བར་དངོས་གྲུབ་མི་ཐོབ་པའི་གེགས་ཆེན་དུ་གྱུར་བ་ཡིན་ཕྱིར། དེ་ཉིད་མནན་པའི་ཐབས་གལ་ཆེ་སྟེ། རྒྱས་པར་སྲི་མནན་གཞན་གྱི་གཞུང་ནས་གསལ་བཞིན་པ་དང་། ལག་ལེན་དང་འཇུག་པ་བདེ་བའི་དབང་དུ་བྱས་ན་འདི་བཞིན་ཏེ། དང་པོ་རང་ཉིད་ཡི་དམ་ཞི་ཁྲོ་གང་རུང་གི་ཆོ་ག་སྔོན་ཏུ་འགྲོ་ཞིང་བསྙེན་བསྒྲུབ་གཏོར་བཅས་གྲུབ་ནས། སྐབས་སུ་བབ་ཚེ་དུག་ཤོག་ལ་དམ་སྲིའི་ལིང་ག་མི་གཟུགས་བྱ་མགོ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ་སོགས་སྤྱི་ལྟར་བྲིས་པའི་སྙིང་གར། ཡ་མ་དཾ་སྲི་གམ་པ་རི་མ་ར་ཡ་ཛཿ ཞེས་བྲིས་ལ་རོ་ལྟེབ་བྱས་ལ་བྲུབ་ཁུང་བརྐོས་པའི་དོང་དུ་བཅུག་ལ་ཁྲག་དང་དུག་ཆུ་བྲན་ལ་བཞག་ཅིང་། གསེར་སྐྱེམས་བཏང་ཞིང་། བདག་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་བྲུབ་ཁུང་དམར་ནག་འཇིགས་སུ་རུང་བ་ཁ་དོག་ཅིང་གཏིང་ཟབ་པ། གཤིན་རྗེའི་ཡུལ་དུ་ཟུག་པ། དེའི་དབུས་སུ་གནོད་བྱེད་དམ་སྲི་སྒབ་འདྲེ་ཆོས་སྲིད་ལ་བར་དུ་གཅོད་པར་བྱེད་པའི་འགོང་པོ་དངོས་གྲུབ་འཕྲོག་བྱེད་གང་ཡིན་པ་དེ་ཉིད་མདུན་གྱི་གཟུགས་བརྙན་དང་དབྱེར་མེད་དུ་གྱུར། རང་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་བཞི་སྤྲོས་ཏེ། གནོད་བྱེད་དགྲ་བགེགས་བདུད་དང་དམ་སྲི་མ་རུངས་པའི་གདུག་པ་ཅན་རྣམས་རང་དབང་མེད་པར་བཀུག་ནས་མདུན་གྱི་ལིང་གའི་གཟུགས་བརྙན་ལ་ཐིམ་པར་གྱུར། ཞེས་བསམ་ལ་འགུགས་པ་བྱ་བ་ནི། ན་མོ་མཆོག་གསུམ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་ཁྱད་པར་དུ་ཡི་དམ་བཀའ་བརྒྱད་དགོངས་འདུས་ཕུར་པ་གུ་རུ་ཞི་དྲག་མཁའ་འགྲོ་ཕག་ཁྲོས་སེང་གསུམ་ལ་སོགས་པ་རྣམས་དང་། ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་སོགས་སྲུང་མ་ཕོ་རྒྱུད་མོ་རྒྱུད། ཕོ་ཉ་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང་། ཆོས་ཅན་བསླུ་བ་མེད་པའི་མཐུ་སྟོབས་ནུས་དཔལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་འབྱུང་པོ་མི་དང་མི་མ་ཡིན་པའི་སྡེ་ཚོགས། སྒབ་འདྲེ་དམ་སྲིའི་རིགས་སུ་གྱུར་པ་ཐམས་ཅད་གཟུགས་ལིང་ག་འདི་དང་གཉིས་སུ་མེད་པར་ཁུག་ཅིག །རྣ྄ྀར་ཏྲི་ཨ་ཀཪྵ་ཡ་ཛཿ ཛ་ཧཱུྃ་བཾ་ཧོཿ ཞེས་བརྗོད་ཅིང་སླར་ཡང་། ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །རྟོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུགས་ལ་སྨྲར་ཆུག་ཅིག །ཕོབས་ཤིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་བྱོས། །ཧཱུཾ་སྲི་ལས་དེ་ནི་འདྲེ་ཆེ་མེད། །སྲི་ལས་དེ་ནི་སྐྱེ་རིངས་མེད། །ན་བ་དེ་ནི་གཟེར་དུ་ཆེ། །གསོན་གྱི་བདུད་དུ་ཆེ། །གཤིན་གྱི་ལྕགས་སུ་ཆེ། །ཆེ་སྲི་ཆུང་གི་སྲི། །མ་སྲི་བུ་ཡི་སྲི། །གོད་སྲི་སྒོས་ཀྱི་སྲི། །རྣལ་འབྱོར་བཀའ་ལས་འདས། །སྲི་རྣམས་དེ་ནི་འདུལ་བའི་ཕྱིར། །མཚོན་ཆ་དཔག་མེད་ཚོགས་ཀྱིས་བརྒྱན། །མྱུར་དུ་ཁུགས་ཤིག་སྲུང་མའི་ཚོགས། །དམ་སྲི་མནན་པའི་དུས་ལ་བབ། །ཅེས་བརྗོད་ཅིང་ཡི་དམ་གང་ཡིན་སྔགས་དང་། དྲག་སྔགས་སོ་ལྔ་པ་ཡང་བཟླ་བཞིན། ཧཱུཾ་དམ་སྲི་བྱ་བའི་སྡིག་ཅན་ཁྱོད། །སྲི་ཅན་རྡུལ་དུ་བརླག་པའི་ཕྱིར། །རྡོ་རྗེ་རིགས་ཀྱི་ཕུར་གདབ་བྱ། །མ་མོ་རྣམས་ལ་མཆོད་པ་འབུལ། །ཕོ་ཉའི་ཚོགས་ལ་བསྟབ་པར་བྱ། །མཚོན་ཆ་རྣམས་ཀྱི་རྩེ་མོ་བརྡར། །ཡེ་ཤེས་མཚོན་རྣོན་དབལ་གྱིས་བསད། །ཡུངས་ཀར་མདའ་ཡི་འབེན་དུ་བཙུགས། །དུག་ཁྲག་ཆུ་ཡིས་སྲོག་ལ་དབབ། །ལྕགས་ཕྱེ་ཟངས་ཕྱེ་འཚུབ་མ་འཚུབས། །རཀྟ་ཁོལ་མའི་རྦ་ལ་གཡེང་། །བྱེ་མ་སྐྱེ་ཚེའི་སེར་བ་ཕོབས། །ཁྲོ་ཆུང་ཚོགས་ཀྱིས་སྲོག་རྩ་ཆོད། །ཕོ་ཉ་རོལ་བས་རྟ་བྲོ་རྡུངས། །ཞེས་པ་དང་རྡོས་འགེབས་བཞིན་འདི་སྐད་དོ། །ཧཱུཾ་བྷྱོ་དམ་སྲི་བྱ་བའི་སྡིག་ཅན་ཁྱོད། །ཆུ་སྲིན་ནག་པོའི་ཁ་རུ་བཏབ། །གྲི་ཐོགས་སྟོང་གིས་བསྐོར་ལ་བཞག །རི་རབ་ཆེན་པོའི་འོག་ཏུ་མནན། །གསེར་རི་བདུན་གྱིས་བསྐོར་ནས་བཞག །རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར། །རོལ་མཚོ་བདུན་གྱིས་བསྐོར་ནས་བཞག །གནམ་ལྕགས་འཁོར་ལོའི་རྩིབས་ལ་བསྐྱོན། །མཚོན་ཆའི་ཚོགས་ཀྱིས་བསྐོར་ནས་བཞག །ཁྲོ་རྒྱལ་རྣམས་ཀྱི་ཞལ་དུ་བསྟབས། །ནག་པོ་སྟོང་གིས་བསྐོར་ལ་བཞག །བསྲེག་བྱ་མེ་ཡི་དཀྱིལ་དུ་བསྲེགས། །མེ་དཔུང་འབར་བས་བསྐོར་བ་ཡི། །དམ་སྲི་རྣམ་སྨིན་ལས་ཀྱི་བརྩོན་རར་ཚུད། །བསྐལ་བ་ཞིག་ཀྱང་ཐར་མི་འགྱུར། །ཆུ་སྲིན་གདུག་པའི་ཧོམ་ཁུང་དུ། །རིན་ཆེན་ནོར་བུ་ཆུད་པ་ལྟར། །མཐའ་ཡས་རྒྱ་མཚོ་སྐེམ་ཡང་མི་བཏང་ངོ་། །ཉི་ཟླ་ཐང་དུ་ལྷུང་ཡང་མི་བཏང་ངོ་། །རི་རབ་ཆེན་པོ་ཉིལ་ཡང་མི་བཏང་ངོ་། །རྣལ་འབྱོར་དངོས་གྲུབ་མ་ཐོབ་པར། །དམ་སྲི་ཐར་མེད་ལས་ཀྱི་བརྩོན་རར་ཚུད། །མནར་མེད་བཙོན་ཁང་ནག་པོའི་གནས་སུ་ཚུད། །ཞེས་བརྗོད་ལ་མེ་ཆུས་རྒྱས་གདབ་ཅིང་། སྟེང་དུ་རྡོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་དང་རི་རབ་བྲིས་པས་མནན་ལ་གཞུང་གང་ཡིན་གྱི་བྲོ་བརྡུངས་བྱས་པས་འཐུས་སོ། །ཞེས་པའང། ཡབ་རྗེ་སྤྲུལ་བའི་སྐུའི་བཀའ་བཞིན་ཀུན་བཟང་གཞན་ཕན་གྱིས་སྤེལ་བའི་ཡི་གེ་པ་ནི་བུད་དྷ་ཕ་ལས་བགྱིས་པའི་དགེ་བས་སྒྲུབ་པ་པོའི་རྣལ་འབྱོར་རྣམས་ལ་དམ་སྲིའི་གནོད་པས་མི་ཚུགས་པའི་རྒྱུར་གྱུར་ཅིག །དགེའོ།། །།སརྦ་མངྒ་ལ།། །།


previousརྒྱལ་ཀུན་ཐུགས་རྗེའི་མངའ་བདག།no next