Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

18 occurrences of མགོན་པོ་བེང་
[Clear Hits]


  
  
 
 
  
དཔལ་མགོན་ཚོགས་ཀྱི་བདག་པོའི་ཚེ་སྒྲུབ་འཆི་མེད་མགོན་པོའི་ཞལ་ངོམ་ཚེ་ཡི་བཅུད་ལེན།
  
  
  
 
 
 
  
  
  
  


18 occurrences of མགོན་པོ་བེང་
[Clear Hits]

 
previousདཔལ་མགོན་ཚོགས་ཀྱི་བདག་པོའི་ཚེ་སྒྲུབ་འཆི་མེད་མགོན་པོའི་ཞལ་ངོམ་ཚེ་ཡི་བཅུད་ལེན།next

དཔལ་མགོན་ཚོགས་ཀྱི་བདག་པོའི་ཚེ་སྒྲུབ་འཆི་མེད་མགོན་པོའི་ཞལ་ངོམ་ཚེ་ཡི་བཅུད་ལེན།

༄༅། དཔལ་མགོན་ཚོགས་ཀྱི་བདག་པོའི་ཚེ་སྒྲུབ་འཆི་མེད་མགོན་པོའི་ཞལ་ངོམ་ཚེ་ཡི་བཅུད་ལེན་བཞུགས་སོ།།

མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ནག་པོ་ཆེན་པོའི་སྒོ་ནས་ཚེ་སྒྲུབ་ཀྱི་རིམ་པ་ནི། བུམ་པ་མཚན་ཉིད་དང་ལྡན་པ་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་བུམ་རྫས་རྣམས་སྤྱི་དང་མཐུན། དམ་རྫས་ཨ་མྲྀ་ཏ་བཏབ་ཛ་གད་ཉིང་ཁུ་སེ་འབྲུ། ཀ་ར་བུ་རམ་སྦྲང་རྩི་རྣམས་ཆང་དང་སྦྱར་བ་བླུགས་ལ། ད ལ་གྱི་དབུས་མཎྜལ་གྱི་སྟེང་དུ་བཞག དེའི་གོང་དུ་སྡེར་གཙང་མ་གཅིག་གི་ནང་དུ་ཚེ་གཏོར་ཟླུམ་པོ་ཕྱོགས་བཞི་དབུས་དང་ལྔར་བཤམས་ལ་སྦྲང་དང་མར་ལས་བྱསཔའི། ཚེ་ཡི རིལ་བུ་ཉི་ཟླ་སྐར་གསུམ་བཙུགས། ཚེ་རྟེན་ཀཱ་པ་ལ་བདུད་རྩི་དང་རིལ་བུས་བཀང་བ་བཤམས་མ་མར་མེ་དང་སྨན་རཀ་གཏོར་གསུམ་བཤམས་པའོ། དེ་ནས་མགོན་པོ་གཞུང་བསྲངས་ལ་སྔགས་འགྲིགས་དང་བཅས་རྫོགས་ནས་ཚེ་གཡང་ཁ་སྤྲོད་ཀྱི་དམིགས་པ་ནི། ༀ་སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་བྷྲུཾ༔ ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྷ་རྫས་གོས་ཀྱི་མགུལ་ཆིངས་དང་དཔག་བསམ་ཤིང་གིས་ཁ་བརྒྱན་པ་ནང་བཅུད་བདུད་རྩིའི་རྒྱ་མཚོས་གཏམས་པའི་དབུས་སུ་སེང་ག །ཤར་དུ་གླང་པོ་ཆེ། ལྷོར་རྟ་མཆོག །ནུབ་ཏུ་རྨ་བྱ། བྱང་དུ་མཁའ་ལྡིང་རྣམས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྟེང་དུ། དབུས་སུ་བཅོམ་ལྡན་འདས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཏིང་འཛིན་གྱི་ཕྱག་རྒྱ་ཅན། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཕྱོགས་བཞིར། ཤར་ནས་རིམ་བཞིན་རྡོ་རྗེ་སེམས་དཔའ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཏིང་འཛིན་གྱི་ཕྱག་རྒྱ་ཅན། རིན་འབྱུང་སེར་པོ་ཞལ་གཅིག་ཕྱག་གཉིས་གཡས་མཆོད་སྦྱིན། གཡོན་ཏིང་འཛིན་གྱི་ཕྱག་རྒྱ་ཅན། སྣང་མཐའ་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན། དོན་གྲུབ་ལྗང་གུ་ཞལ་གཅིག་ཕྱག་གཉིས་གཡས་སྐྱབས་སྦྱིན་གཡོན་ཏིང་འཛིན་གྱི་ཕྱག་རྒྱ་ཅན། །བཞི་གའང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། །ཤར་ལྷོ་སངས་རྒྱས་སྤྱན་མ་ལྷོ་ནུབ་ཏུ་མཱ་མ་ཀི། །ནུབ་བྱང་དུ་ན་བཟའ་དཀར་མོ། །བྱང་ཤར་དུ་དམ་ཚིག་སྒྲོལ་མ། བཞི་གའང་ཕྱོགས་མདོག་ཅན་ཕྱག་གཡས་ཚེ་མདའ་དང་གཡོན་ཚེ་བུམ་བསྣམས་པའོ། ཐམས་ཅད་ཀྱི་གནས་གསུམ་གྱི་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པར་གྱུར། ཛ༔ཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། བཛྲ་ས་མ་ཡཱ་ཛཿ ཨརྒྷཾ་པ་དྱཾ྄་པུཥྤེ་སོགས་ནས། ཆོས་སྐུ་ནམ་མཁའ་བཞིན་དུ་ུསོགས། ཞེས་བརྗོད། རིགས་ལྔའི་ཐུགས་ཀར་པད་ཟླའི་གདན་ལ་ཧཱུྃ་ཡིག་གསལ་བ་ལས་ༀ་བྷྲུཾ་བཛྲ་ཨ་ཡུ་ཥེ་ཧཱུྃ་ཨཱཿ ཨཱཿབྷྲུཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཧཱུྃ་བྷྲུཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ སྭཱ་བྷྲུཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཧཱ་བྷྲུཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཅེས་བསྙེན་པ་ཅི་འགྲུབ་བྱས་ལ། །མཆོད་བསྟོད་གང་བགྱིས་ཀྱི་མཐར། །འདོད་དོན་གསོལ་བ་གདབ་པ་ནི། །ཧཱུྃ་དཔལ་ལྡན་མ་ཧཱ་ཀཱ་ལ་དང་། །འཁོར་དང་བཀའ་ཉན་ལྷ་ཚོགས་ལ། །དངོས་གྲུབ་སྙན་དུ་གསོལ་བ་ནི། །རྡོ་རྗེའི་ཚེ་དང་མི་བརྗེད་གཟུངས། །ཐོགས་པ་མེད་པའི་ཤེས་རབ་སོགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །མ་ཧཱ་ཀཱ་ལའི་ཞལ་མཐོང་ཤོག །གསུང་ཐོས་ཇི་བཞིན་དངོས་གྲུབ་ཐོབ་པར་ཤོག །འཁོར་རྣམས་དར་ཞིང་རིགས་རྒྱུད་འཕེལ་བར་ཤོག །བར་ཆད་རྐྱེན་བགེགས་ཞི་ཞིང་མེད་པར་ཤོག །བེའུ་ལུག་འབྲི་ཟལ་གཟི་མདངས་རྒྱས་པར་ཤོག །བདག་ཅག་འཁོར་དང་བཅས་པ་རྣམས། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །སྔོན་བསུ་རྒྱབ་སྐྱོལ་སྡོང་གྲོགས་མཛད་དུ་གསོལ། །བསམ་བསྒྲུབ་རེ་སྐོང་ཉིན་མཚན་མེལ་ཚེ་མཛོད། །ལེགས་པར་ཡག་དང་སྤྲོད་ལ་ཉེས་དང་སྣོལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་ཤོག །བསྟན་པ་འཇིག་པའི་བདུད་དཔུང་ཞི་བར་ཤོག །དཀྱིལ་འཁོར་མཚམས་དྲལ་བགེགས་རྣམས་ཞི་གྱུར་ཅིག །མུ་གེ་ཡམས་ནད་གོད་ཁ་མེད་པར་ཤོག །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པར་ཤོག །ཆོས་ཉིད་དོན་རྟོགས་ཆོས་སྐུ་མངོན་གྱུར་ཤོག །བདག་གིས་སྨོན་ལམ་ཅི་བཏབ་འགྲུབ་པར་ཤོག །བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། །ནང་བཅུད་ཀྱི་སེམས་ཅན་གྱི་ཚེ་དང་དཔལ་དང་མདངས་དང་། །ལྷ་མ་སྲིན་སྡེ་བརྒྱད་དང་། །བདུད་དང་གཤིན་རྗེ་མ་མོ་ཐམས་ཅད་ཀྱི་སྟོབས་དང་ཚེ་དང་དཔལ་དང་མདངས་ཐམས་ཅད་གཅིག་ཏུ་བསྡུས། །འབྱུང་བ་བཞི་ལས་བསྐྱེད་པའི་མདངས་བསྡུས་ཏེ་བདག་དང་སློབ་མའི་ཚེ་ཉམས་པ། །ཚེ་ཡར་བ་དང་། །ཚེ་ཟག་པ་དང་། །ཟད་པ་དང་། །གཞན་གྱིས་བརྐུས་པ་དང་འཕྲོག་པ་ཐམས་ཅད་བཟློག་པར་གྱུར། ཚེ་དང་དཔལ་དང་ཕྱཱ་གཡང་བསོད་ནམས་ཐམས་ཅད་རྒྱས་པར་གྱུར་ཞེས་བསམ་ལ། ༀ་ན་མོ་བྷ་ག་ཝ་ཏེ། སོགས། ཚང་བར་བརྗོད་ནས། ཚེ་གཟུངས་རིན་པོ་ཆེ་འདི་ཡི་མཐུ་སྟོབས་ཀྱིས་བསྲུང་བྱའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རྡོ་རྗེ་མི་འགྱུར་བའི་ཚེ་ལ་མངའ་བརྙེས་པར་གྱུར་ཅིག །ༀ་ཚེ་བྷྲུཾ་ཡུ་བྷྲུཾ་ཡུ་ཚེ་བྷྲུཾ། ཨ་ཡུརྫྙཱ་ན་ཡུ་ཚེ་བྷྲུཾ། ཞེས་ཡང་ཡང་བརྗོད་མཐར་ཚེ་བསྐུལ་བྱ་བ་ནི། སྤོས་གཏོང་ཞིང་མདའ་བྱ་རྒོད་སྒྲོ་ལྡན་ལ་དར་སྣ་ལྔ་དང་། མེ་ལོོང་བཏགས་ལ་གཡབ་ཅིང་འདི་སྐད་དོ། ཧཱུྃ་ཆོས་སྐུ་རྣམ་པར་སྣང་མཛད་ཚེ་ཡི་བདག །སྐུ་མདོག་དཀར་པོ་གངས་ལ་ཉི་ཤར་འདྲ། །གཡས་པ་མདའ་དར་གཡོན་ཚེ་བུམ། །ཞལ་ནས་ཚེ་ཡི་གཟུངས་སྔགས་འདོན། །དེ་ཡི་ཐུགས་རྗེས་བྱིན་རླབས་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཚེ་དབང་བྱིན་གྱིས་བརླབ་ཏུ་གསོལ། །ༀ་ཚེ་བྷྲུཾ་ཡུ་བྷྲུཾ་ཡུ་ཚེ་བྷྲུཾ། །ཨ་ཡུརྫྙ་ན་ཡུ་ཚེ་བྷྲུཾ། །ཚེ་ཉམས་པ་གསོས་ལ་ཟད་པ་བསྲེངས། །ཆད་པ་མཐུད་ལ་འཁྱམས་པ་ཁུག །འཐོར་བ་སྡུས་ལ་ཡོ་བ་བསྲངས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཡོན་བདག་འདི་ལ་ཚེ་གཡང་ཕོབ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ་བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅུ། །སེམས་དཔའ་སེམས་མ་བཅུ་དྲུག་དང་། །སྒོ་བ་ཡབ་ཡུམ་བརྒྱད་རྣམས་ཀྱིས། །གཡས་ཀྱི་ཕྱག་ན་ཚེ་དར་བསྣམས། །གཡོན་ན་ཚེ་བཅུད་བུམ་པ་བསྣམས། །ཞལ་ནས་ཚེ་ཡི་གཟུངས་སྔགས་འདོན། །དེ་ཡི་ཐུགས་རྗེས་བྱིན་བརླབ་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཚེ་དབང་བྱིན་གྱིས་བརླབས་ཏུ་གསོལ། །ༀ་ཚེ་བྷྲུཾ་ཡུ་བྷྲུཾ་ཡུ་ཚེ་བྷྲུཾ། །ཨ་ཡུརྫྙ་ན་ཡུ་ཚེ་བྷྲུཾ། །ཚེ་ཉམས་པ་ཡོད་ན་གསོ་རུ་གསོལ། །ཚེ་ཟད་པ་ཡོད་ན་བསྲིང་དུ་གསོལ། །ཚེ་ཆད་པ་ཡོད་ན་མཐུད་དུ་གསོལ། །ཚེ་འཁྱམས་པ་ཡོད་ན་བཀུག་ཏུ་གསོལ། །ཚེ་འཐོར་བ་ཡོད་ན་སྡུད་དུ་གསོལ། །ཚེ་ཡོ་བ་ཡོད་ན་སྲོང་དུ་གསོལ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཡོན་བདག་འདི་ལ་ཚེ་གཡང་ཕོབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ་ལོངས་སྐུ་སྤྱན་རས་གཟིགས་དབང་ཚེ་ཡི་བདག །སྐུ་མདོག་དངུལ་གྱི་སྙིང་པོ་འདྲ། །གཡས་ཀྱི་ཕྱག་ན་ཚེ་དར་སོགས། །ཧཱུྃ་ཧཱུྃ་གཤིན་རྗེ་གཤེད་དང་རྟ་མགྲིན་དང་། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། གཡས་ཀྱི་སོགས། ཧཱུྃ་ཧཱུྃ་སྤྲུལ་སྐུ་མ་ཧཱ་ཀཱ་ལ་ཚེ་ཡི་བདག །སྐུ་ནི་ནམ་མཁའི་སྙིང་པོ་འདྲ། །གཡས་ན་ཚེ་ཡི་ལྕགས་ཀྱུ་བསྣམས། །གཡོན་པས་ཚེ་བཅུད་བུམ་པ་བསྣམས། །ཞལ་ནས་ཚེ་ཡི་སོགས། ཧཱུྃ་ཧཱུྃ་མགོན་པོ་ཚོགས་ཀྱི་བདག་པོ་དང་། །ཡུམ་ཆེན་ལྷ་མོ་བཻ་ཏ་ལི། །གཡས་ན་ཚེ་འཛིན་ལྕགས་ཀྱུ༴ གཡོན་ན་ཚེ་བཅུད་བུམ་པ༴ ཞལ་ནས་ཚེ་ཡི་སོགས། ཧཱུྃ་ཧཱུྃ་བཀའ་སྡོད་ལེགས་ལྡན་ནག་པོ་དང་། །ཡུམ་ཆེན་ལྷ་མོ་མཛེས་ལྡན་མ། །གཡས་ན་ཚེ་འཛིན་ལྕགས་ཀྱུ༴ གཡོན་ན་ཚེ་བཅུད་བུམ་པ༴ ཞལ་ནས་ཚེ་ཡི་སོགས། ཧཱུྃ་ཧཱུྃ་ཕོ་ཉ་ཀཾ་ཀ་ཏ་རི་དང་། །ཕོ་ཉ་དཀར་མོ་མགྱོགས་བྱེད་མ། །གཡས་ན་ཚེ་འཛིན་ལྕགས་ཀྱུ༴ གཡོན་ན་ཚེ་བཅུད་བུམ་པ༴ ཞལ་ནས་ཚེ་ཡི་སོགས། ཧཱུྃ་ཧཱུྃ་སྐུ་གསུང་ཐུགས་ཀྱི་མགོན་པོ་དང་། །ཡོན་ཏན་ཕྲིན་ལས་མགོན་པོ་ཡིས། །གཡས་ན་ཚེ་འཚིན༴ གཡོན་ན་ཚེ་བཅུད༴ ཞལ་ནས་སོགས། ཧཱུྃ་ཧཱུྃ་ཕྱོགས་བཅུའི་མགོན་པོ་འཁོར་དང་བཅས། ། ཚངས་པའི་རྒྱལ་པོ་གདོང་བཞི་དང་། །འདྲེན་བྱེད་སྟོང་ལྡན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་བཅུ་དང་ལྷ་ཆེན་བརྒྱད། །ཀླུ་ཆེན་བརྒྱད་དང་གཟའ་ཆེན་བརྒྱད། །ནོར་སྲུང་རྒྱུ་སྐར་ཉེར་བརྒྱད་སོགས། །དཔལ་མགོན་བདུན་ཅུའི་ཚོགས་རྣམས་ཀྱིས། །གཡས་ན་ཚེ་འཛིན༴ གཡོན་ན་ཚེ་ཡི་སོགས། ཧཱུྃ་ཧཱུྃ་ས་བདག་རྒྱལ་པོ་བེ་ཏ་ལི། །ས་བདག་སྟོང་ཁྱབ་ཆེན་པོ་དང་། །གཙང་ཀུན་མཆེད་བརྒྱད་ཡབ་ཡུམ་རྣམས། །གཡས་ན་ཚེ་འཛིན༴ གཡོན་ན་ཚེ་ཡི་སོགས། ཧཱུྃ་ས་བདག་སྤར་ཁམས་བརྒྱད་རྣམས་དང་། །ས་བདག་ལྷ་མོ་བཅུ་གཉིས་དང་། །ལོ་ཟླ་ཞག་དང་དུས་ཚོད་ལྷ། །དབྱར་རྒུན་སྟོན་དཔྱིད་རྒྱལ་པོ་བཞི། །གཡས་ན་ཚེ་འཛིན༴ གཡོན་ན་ཚེ་ཡི་བུམ་པ་སོགས། །ཧཱུྃ་ཏི་སེ་ཐང་ལྷ་སྤོམ་ར་དང་། །ས་བདག་ཡུལ་ལྷ་ཆེན་པོ་དང་། །ཡུལ་ལྷ་ཟོ་དོར་ཐམས་ཅད་ཀྱི། །གཡས་ན་ཚེ་འཛིན༴ གཡོན་ན་ཚེ་ཡི་བུམ་པ་སོགས། །ཧཱུྃ་འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས་སུ་གསོལ། །བདག་ཅག་སྐལ་ལྡན་རྣལ་འབྱོར་ལ། །ཚེ་དབང་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་ཚེ་བརྟན་ཞིང་དབང་བསྐུར། ཕྱི་མི་ཉམས་པ་བདུད་རྩི་ལྷའི་དབང་དང་། ནང་སྐྱེ་འཆི་མེད་པ་རྡོ་རྗེ་ལྷུན་གྲུབ་ཀྱི་དབང་དང་། གསང་བ་འདུ་འབྲལ་མེད་པ་བྱང་ཆུབ་སེམས་ཀྱི་དབང་། དེ་ཁོ་ན་ཉིད་ངེས་པ་དོན་གྱི་དབང་དང་བཞི་བོ། ཚེ་བུམ་སྤྱིར་བོར་བཞག་ལ་འདི་སྐད་དོ། ༀ་སྤྱི་བོའི་གནས་ནས་ཚེ་ཉམས་ན༈ དཔལ་ལྡན་མགོན་པོ་ཚོགས་ཀྱི་བདག །སྐུ་མཆོག་རྡོ་རྗེས་ཚེ་བསྡུས་ཏེ། །སྤྱི་བོའི་གཙུག་ཏུ་བསྟིམ་པར་བྱ། །ལྷ་ཡི་བདུད་རྩི་ཆེན་པོ་འདིས། །རེག་པས་ཚེ་ཡི་དབང་ཐོབ་ཤོག །ༀ་བཛྲ་ཨ་ཡུརྫྙ་ན་མ་ཧཱ་ཀཱ་ལ་ༀ༔ ཨཱཿ །མགྲིན་པའི་གནས་ནས་ཚེ་ཉམས་ན། །དཔལ་ལྡན་མགོན་པོ་ཚོགས་ཀྱི་བདག །གསུང་མཆོག་རྡོ་རྗེས་ཚེ་བསྡུས་ཏེ། །མགྲིན་པའི་གནས་སུ་བསྟིམ་པར་བྱ། །ལྷ་ཡི་བདུད་རྩིད་ཆེན་པོ་འདིས། །རེག་པས་ཚེ་ཡི་དབང་ཐོབ་ཤོག །ཨཱོཾཿཨ་ཡུརྫྙ་ན་མ་ཧཱ་ཀཱ་ལ་ཨཱ༔ ཧཱུྃ་ཐུགས་ཀའི་གནས་ནས་ཚེ་ཉམས་ན། །དཔལ་ལྡན་མགོན་པོ་ཚོགས་ཀྱི་བདག །ཐུགས་མཆོག་རྡོ་རྗེསཚེ་བསྡུས་ཏེ། །སྙིང་གའི་གནས་སུ་བསྟིམ་པར་བྱ། །ལྷ་ཡི་བདུད་རྩི་ཆེན་པོ་འདིས། །རེག་པས་ཚེ་ཡི་དབང་ཐོབ་ཤོག །ཧཱུྃ་ཨཱ་ཡུརྫྙན་མཧཱ་ཀཱ་ལ་ཧཱུྃ། ཏྲཾཿ ལྟེ་བའི་གནས་ནས་ཚེ་ཉམས་ན། །དཔལ་ལྡན་མགོན་པོ་ཚོགས་ཀྱི་བདག །ཡོན་ཏན་རྡོ་རྗེས་ཚེ་བསྡུས་ཏེ། །ལྟེ་བའི་གནས་སུ་བསྟིམ་པར་བྱ། །ལྷ་ཡི་བདུད་རྩི་ཆེན་པོ་འདིས། །རེག་པས་ཚེ་ཡི་དབང་ཐོབ་ཤོག ཏྲཱཾཿ ཨ་ཡུརྫྙ་ན་མ་ཧཱ་ཀཱ་ལ་ཏྲཱཾ༔ ཧྲཱིཿ །གསང་བའི་གནས་ནས་ཚེ་ཉམས་ན། །དཔལ་ལྡན་མགོན་པོ་ཚོགས་ཀྱི་བདག །ཕྲིན་ལས་རྡོ་རྗེས་ཚེ་བསྡུས་ཏེ། །གསང་བའི་གནས་སུ་བསྟིམ་པར་བྱ། །ལྷ་ཡི་བདུད་རྩི་ཆེན་པོ་འདིས། །རེག་པས་ཚེ་ཡི་དབང་ཐོབ་ཤོག ཧྲཱི་ཨ་ཡུརྫྙ་ན་མཧཱ་ཀཱ་ལ་ཧྲཱི༔ ཞེས་པས་ནག་པོ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས་བྱུང་བའི་ཚེ་ཡི་དངོས་གྲུབ་གཅིག་ཏུ་བསྡུས་ཏེ་རང་གི་གནས་ལྔར་ཐིམ་པས་རྡོ་རྗེ་འགྱུར་བ་མེད་པའི་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། ཐོད་ཆང་། ཧཱུྃ་འཆི་མེད་རང་བྱུང་བདུད་རྩི་ཨ་མྲྀ་ཏ། །བཀྲ་ཤིས་མཚན་ལྡན་དག་པའི་རྟགས ། །འཕེལ་འགྲིབ་མེད་པའི་དབང་བསྐུར་བས། །ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག ཀཱ་ཡ་སིདྡྷི་ༀཿ ཝཱཀྐ་སིདྡྷི་ཨཱཿ ཙིརྟ་སིདྡྷི་ཧཱུྃཿ སརྦ་སདྡྷི་ཧྲི༔ དེ་ནས་རྒྱ་བདུན་གྱིས་རྒྱས་གདབ་པ་ནི། ཧཱུྃ་དང་པོ་རྩེ་གཅིག་སེམས་ཀྱི་རྒྱ ། །གཉིས་པ་ཐབས་དང་ཤེས་རབ་རྒྱ ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཚད་མེད་བཞི་ཡི་རྒྱ ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་རྟ་མགྲིན་དབང་གི་རྒྱ། །བདུན་པ་ཆོས་ཀྱི་དབྱིངས་ཀྱི་རྒྱ། །རྒྱ་བདུན་རིམ་གྱིས་བཏབ་པ་ལས། །སུས་ཀྱང་འདའ་བར་མ་བྱེད་ལ། །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན། །གནོད་བྱེད་བགེགས་ཀྱིས་ལྟ་ཅི་སྨོས། །དེ་ཕྱིར་ང་ཡི་ཚེ་སྦས་སོ། །བཛྲ་མ་ཧཱ་རཀྵ་རཀྵ། ཚེ་སྦས་རྒྱས་གདབ་སོ། མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད། ཚེ་སྒྲུབ་རྡོ་རྗེས་རྒྱས་འདེབས་ཡིད་བཞིན་ནོར་བུ་འཆི་མེད་བདུད་རྩིའི་རྒྱ་མཚོ་འདི་ཡི་བརྒྱུད་པ་ནི། མགོན་པོ་སྤྱན་རས་གཟིགས། དྷ་ན་སཾ་སྐྲྀ་དེས་བཻ་རོ་ཙ་ན། དེས་བསོ་ཐོག་རྒྱལ་བའི་དབེན་གནས་སུ་ལྡི་རི་ཆོས་ཀྱི་གྲགས་པ་ལ་གནང་ནས་རིམ་པར་བརྒྱུད་པའོ། འདི་དང་འཕྲད་པའི་སྐལ་ལྡན་རྣམས། །ད་ལྟ་ཚེ་ཡི་དངོས་གྲུབ་བརྙེས། །ཕྱི་མ་མཆོག་གི་རིག་འཛིན་ཐོབ། །དེ་ལྟར་རྒྱུན་དུ་བཟླས་གྱུར་ན། །ཤི་དུས་ནུབ་ཕྱོགས་བདེ་ཆེན་དུ། །འོད་དཔག་མེད་པའི་སྤྱན་ལྔར་སྐྱེས། །དེ་ལ་ཐེ་ཚོམ་ཡོད་རེ་ཀན། །མི་བསྟན་སྙིང་གི་དཀྱིལ་དུ་ཆོངས། །ལས་ཅན་གཅིག་དང་འཕྲད་པར་ཤོག དཔལ་འགོན་ཚོགས་ཀྱི་བདག་པོའི་ཚེ་སྒྲུབ་འཆི་མེད་མགོན་པོའི་ཞལ་ངོམ་ཚེ་ཡི་བཅུད་ལེན་འདི་ཉིད་སློབ་དཔོན་བཻ་རོ་ཙ་ནའི་གསུང་སོར་བཞག་ལས་ཚིག་སྣ་ཅུང་ཟད་བསྟུངས་ཏེ་བཀོལ་བདེར་བཀོད་པ་སོ། །འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བགྱིས་ཤིང་། ཡི་གེ་པ་ནི་བསོད་ནམས་སྙན་གྲགས་ཀྱིས་བགྱིས་པའི་དགེ་བས་འགྲོ་རྣམས་བཅོམ་ལྡན་འདས་རྣམ་སྣང་གངས་ཅན་མཚོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།


previousདཔལ་མགོན་ཚོགས་ཀྱི་བདག་པོའི་ཚེ་སྒྲུབ་འཆི་མེད་མགོན་པོའི་ཞལ་ངོམ་ཚེ་ཡི་བཅུད་ལེན།next