Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

18 occurrences of མགོན་པོ་བེང་
[Clear Hits]


  
  
 
 
  
  
དཔལ་མགོན་ཚོགས་ཀྱི་བདག་པོའི་ཕྱཱ་གཡང་སྒྲུབ་ཐབས་ཡིད་བཞིན་ལྷུན་པོ་དགོས་འདོད་ཀུན་འབྱུང་།
  
  
 
 
 
  
  
  
  


18 occurrences of མགོན་པོ་བེང་
[Clear Hits]

 
previousདཔལ་མགོན་ཚོགས་ཀྱི་བདག་པོའི་ཕྱཱ་གཡང་སྒྲུབ་ཐབས་ཡིད་བཞིན་ལྷུན་པོ་དགོས་འདོད་ཀུན་འབྱུང་།next

དཔལ་མགོན་ཚོགས་ཀྱི་བདག་པོའི་ཕྱཱ་གཡང་སྒྲུབ་ཐབས་ཡིད་བཞིན་ལྷུན་པོ་དགོས་འདོད་ཀུན་འབྱུང་།

༄༅། དཔལ་མགོན་ཚོགས་ཀྱི་བདག་པོའི་ཕྱཱ་གཡང་སྒྲུབ་ཐབས་ཡིད་བཞིན་ལྷུན་པོ་དགོས་འདོད་ཀུན་འབྱུང་བཞུགས་སོ།།

དཔལ་མགོན་ཚོགས་ཀྱི་བདག་པོའི་ལྷ་ལ་ཕྱག་འཚལ་ལོ། །ཚོགས་ཀྱི་བདག་པོའི་སྒོ་ནས་གཡང་སྒྲུབ་པར་འདོད་པས་བཅའ་ཤོམས་ཀྱི་རིམ་པ་ནི་ཚེ་སྒྲུབ་གཞུང་ལས་གསལ་བ་ལྟར་དང་། །དེའི་མཐའ་སྐོར་དུ་ཤ་ཐུད་མར་གསུམ་ལ་སོགས་པའི་ཟས་སྣ། །ཇ་ཆང་སོགས་བཏུང་བའི་རིགས། །གཞན་ཡང་ཕྱུག་པོ་གཡང་ཅན། །ཁེ་དྲག་བཙན་པོ་སོགས་ཀྱི་ལག་ནས་བྱུང་བའི་གཡང་རྫས་སྣ་ཚོགས་ཅི་རིགས་དང་། །མདའ་དར་སོགས་བཤམས་ནས་ཁྲུས་གསོལ་བྱ། །གུ་གུལ་བདུག། ཧཱུྃ་བཞིས་བགེགས་བསྐྲད། །སྲུང་འཁོར་བསྒོམ། །ཡན་ལག་བདུན་པ་རྒྱུན་བཤགས་སོགས་སྔོན་དུ་སོང་ནས། །མདུན་གྱི་རྫས་རྣམས་བསངས་སྦྱངས་བྱས་ལ། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་གི་དབུས་སུ་ཡཾ་ལས་རླུང་རམ་ལས་མེ། །བམ་ལས་ཆུ། །ལམ་ལས་སའི་དཀྱིལ་འཁོར་གྱི་སྟེང་དུ། སུམ་ལས་རི་རབ་བང་རིམ་གསུམ་དང་ལྡན་པའི་སྟེང་དུ་གཡང་རྫས་རྣམས་མི་དམིགས་པའི་ངང་ལས་རིན་པོ་ཆེའི་གཞལ་ཡས་ཁང་། ཤར་ཤེལ། ལྷོ་བཻཌུཪྱ་ནུབ་ཏུ་པདྨ་རཱ་ག །བྱང་དུ་ཨིཎྜ་ནི་ལ། །གསེར་གྱི་ཀ་བ། །གཡུ་ཡི་གདུང་མ། ལྷ་ཀླུ་མིའི་ནོར་བུ་རིན་པོ་ཆེ་སྣ་ཚོགས་གཅལ་དུ་བཀྲམ་པ་གུ་བཞི་སྒོ་བཞི་རྒྱན་རྟ་བབས་སོགས་གཞལ་ཡས་ཁང་གི་བཀོད་པ་ངོ་མཚར་རྨད་དུ་བྱུང་བ་དཔག་གིས་མི་ལང་པ་ཚད་ལས་འདས་པ་རྒྱལ་བ་སྐུ་གསུམ་གྱི་ཞིང་གི་དཔལ་དང་ཡོན་ཏན་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར་ཞེས་བསམ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་བསོད་ནམས་དཔལ་དང་ཡེ་ཤེས་ཀྱི་མངའ་བདག་རིགས་ལྔ་གངས་ཆེན་མཚོའི་ངོ་བོ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་འཆི་འོ། །ལོང་སྐུ་དང་ཆོས་སྐུའི་ཞིང་ན་བཞུགས་པའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། མཆོག་གསུམ་རྩ་བ་གསུམ་གྱི་བྱིན་རླབས་ཀྱིས་རྟེན་འབྲེལ་བཟང་པོ་ལྷུན་གྱིས་འགྲུབ་པར་གྱུར་ཅིག ན་མོ་རརྣ་དྲཱ་ཡཱ་ཡ། ༀ་ཡེ་རྡརྨཱ་ཧེ་རུ་པྲ་བྷ་ཝ་སོགས་བརྗོད། དེ་ལྟར་རྟེན་འབྲེལ་གྱི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་གདོང་ལྔའི་ཁྲི། ཤར་དུ་གཉིས་འཐུང་གི་ཁྲི། ལྷོ་རུ་ཤུགས་འགྲོའི་ཁྲི། ནུབ་ཏུ་རྨ་བྱའི་ཁྲི། བྱང་དུ་མཁའ་ལྡིང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྟེང་དུ་སྐད་ཅིག་གིས་དབུས་སུ་བཅོམ་ལྡན་འདས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཏིང་འཛིན་གྱི་ཕྱག་རྒྱ་ཅན། ཤར་དུ་མི་བསྐྱོད་པ་སྔོན་པོ་ཕྱག་གཉིས་ཏིང་འཛིན་གྱི་ཕྱག་རྒྱ་ཅན། ལྷོར་རིན་འབྱུང་སེར་པོ་གཡས་མཆོག་སྦྱིན། །གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། །ནུབ་ཏུ་སྣང་མཐའ་དམར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། བྱང་དུ་དོན་གྲུབ་ལྗང་གུ་གཡས་སྐྱབས་སྦྱིན་གཡོན་ཏིང་འཛིན་གྱི་ཕྱག་རྒྱ་ཅན་ལྔ་གའང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། །མཚམས་བཞིར་ཤར་ལྷོ་ནས་གཡས་སྐོར་གྱིས། །སངས་རྒྱས་སྤྱན་མ། མཱ་མ་ཀི། ན་བཟའ་དཀར་མོ། །དམ་ཚིག་སྒྲོལ་མ་བཞི་ཀའི་གཡས་ན་ཕྱཱ་གཡང་སྡུད་པའི་མདའ་དར་དང་། །གཡོན་ན་སྣང་སྲིད་འཁོར་འདས་ཀྱི་བཅུད་ཀྱིས་བཀང་བའི་བུམ་པ་བསྣམས་པ། །དེ་དག་གི་ཕྱི་འཁོར་དུ། །གཤིན་རྗེ་གཤེད་དང་། །རྟ་མགྲིན་དང་། །ཕྱག་ན་རྡོ་རྗེ་དང་། །དཔའ་མགོན་ཚོགས་ཀྱི་བདག་པོ། །ཡུམ་ཆེན་ལྷ་མོ་བསྟན་མ། །བཀའ་སྡོད་ལེགས་ལྡན་ནག་པོ། །ཡུམ་ཆེན་ལྷ་མོ་མཛེས་ལྡན་མ། །ཕོ་ཉ་ཀཾ་ཀ་ཏ་རི་དང་། །ཡུམ་ཆེན་དཀར་མོ་མགྱོགས་བྱེད་མ། །སྐུ་གསུང་ཐུགས་ཀྱི་མགོན་པོ་དང་། །ཕྱོགས་བཅུའི་མགོན་པོ། །ལྷ་ཆེན་ཚངས་པ་དང་། །དབང་པོ་དང་། །རྒྱལ་པོ་ཆེན་པོ་སྡེ་བཞི། །ཕྱོགས་སྐྱོང་བཅུ། །དཔལ་མགོན་བདུན་ཅུ། །ས་བདག་སྟོང་ཁྱབ་ཡབ་ཡུམ། །ས་བདག་ཙང་ཀུན་མཆེད་བརྒྱད་ཡབ་ཡུམ། །ས་བདག་ལྷ་མོ་བཅུ་གཉིས། །ལོ་ཟླ་ཞག་དུས་ཀྱི་ཙང་ཀུན། །དབྱར་རྒུན་སྟོན་དཔྱིད་ཀྱི་རྒྱལ་མོ་བཞི་གངས་ཏི་སེ། །གཉན་ཐང་ལྷ། ། རྨ་སྤོམ་ར་ལ་སོགས་པའི་ས་བདག་ཡུལ་ལྷ་ཆེན་པོ་རྣམས་དང་། གཞན་ཡང་ས་གཉན་ཆུ་གཉན་མེ་གཉན། རླུང་གཉན་ལ་སོགས་པའི་ས་བདག་ལྷ་ཀླུ་གཉན་རིགས་ཐམས་ཅད་ཀྱིས་ཕྱག་གཡས་མདའ་དར་གཡབ་པས་ཕྱཱ་གཡང་དངོས་གྲུབ་ཐམས་ཅད་སྦུར་མ་རླུང་གིས་དེད་པ་ལྟར་སྡུད་ཅིང་གཡོན་ཕྱཱ་གཡང་གི་བཅུད་ཀྱིས་གཏམས་པའི་བུམ་པ་ནས་དཔལ་དང་གཡང་གི་དངོས་གྲུབ་གངས་རི་ཞུ་བའི་ཆུ་རྒྱུན་བཞིན་བྱུང་ནས་བདག་དང་བསྲུང་བྱའི་མི་ནོར་སྦྲ་ཁང་ཞིང་ས་ཡུལ་འཁོར་དང་བཅས་པ་ལ་ཐིམ་པས་བསྐལ་པ་དང་པོ་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པར་གྱུར་ཞེས་བསམ་ལ། བསྭོ། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅུ། །སེམས་དཔའ་སེམས་མ་བཅུ་དྲུག་དང་། །སྒོ་བ་ཡབ་ཡུམ་བརྒྱད་རྣམས་ཀྱི། །ཕྱག་ན་གཡང་གི་བུམ་པ་རུ། །ཕྱྭ་དང་ནོར་གྱི་གཡང་སྡུས་ལ། །བདག་ཅག་རྣམས་ལ་གྞལ་དུ་གསོལ། །གཤིན་རྗེ་གཤེད་དང་རྟ་མགྲིན་དང་། །གསང་བདག་ཕྱག་ན་རྡོ་རྗེ་ཡི། །ཕྱག་ན་གཡང་གི་བུམ་པ་རུ། །ཕྱྭ་དང་ནོར་གྱི་གཡང་སྡུས་ལ། །བདག་ཅག་རྣམས་ལ་སྩལ་དུ་གསོལ། །མགོན་པོ་ཚོགས་བདག་ཆེན་པོ་དང་། །ཡུམ་ཆེན་ལྷ་མོ་བཻ་ཏ་ལི། ཕྱག་ན་སོགས། ། བཀའ་སྡོད་ལེགས་ལྡན་ནག་པོ་དང་། །ཡུམ་ཆེན་ལྷ་མོ་མཛེས་ལྡན་མ། ཕྱག་ན་སོགས། །ཕོ་ཉ་ཀཾ་ཀ་ཏ་རི་དང་། །ཕོ་ཉ་དཀར་མོ་མགྱོགས་བྱེད་མ། ཕྱག་ན་སོགས། །ཧཱུྃ་ཧཱུྃ་སྐུ་གསུང་ཐུགས་ཀྱི་མགོན་པོ་དང་། །ཕྱོགས་བཅུའི་མགོན་པོ་འཁོར་དང་བཅས། །ཚངས་པའི་རྒྱལ་པོ་གདོང་བཞི་དང་། །འདྲེན་བྱེད་སྟོང་ལྡན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་བཅུ་དང་ལྷ་ཆེན་བརྒྱད། །ཀླུ་ཆེན་བརྒྱད་དང་གཟའ་ཆེན་བརྒྱད། །ནོར་སྲུང་རྒྱུ་སྐར་ཉེར་བརྒྱད་སོགས། །དཔལ་མགོན་བདུན་ཅུའི་ཚོགས་རྣམས་ཀྱིས། །ཕྱག་ན་གཡང་གི་བུམ་པ་རུ། །ཕྱྭ་དང་ནོར་གྱི་གཡང་སྡུས་ལ། །བདག་ཅག་རྣམས་ལ་སྩལ་དུ་གསོལ། །ཧཱུྃ་ས་བདག་རྒྱལ་པོ་བཻ་ཏ་ལི། །ས་བདག་སྟོང་ཁྱབ་ཆེན་པོ་དང་། །ཙང་ཀུན་མཆེད་བརྒྱད་ཡབ་ཡུམ་རྣམས། །ཕྱག་ན་གཡང་གི་སོགས། །ཧཱུྃ་ས་བདག་སྤར་ཁམས་བརྒྱད་པོ་དང་། །ས་བདག་ལྷ་མོ་བཅུ་གཉིས་དང་། །ལོ་ཟླ་ཞག་དང་དུས་ཚོད་ལྷ། །དབྱར་རྒུན་སྟོན་དཔྱིད་རྒྱལ་མོ་བཞིས། ཕྱག་ན་སོགས། །ཧཱུྃ་ཏི་སེ་ཐང་ལྷ་སྤོམ་ར་དང་། །ས་བདག་ཡུལ་ལྷ་ཆེན་པོ་དང་། །ཡུལ་ལྷ་ཟོ་དོར་ཐམས་ཅད་ཀྱིས། ཕྱག་ན་སོགས། །ཧཱུྃ་ས་ཆུ་རྡོ་དང་མེ་རླུང་ཤིང་། །གཉན་རིགས་མ་ལུས་ཐམས་ཅད་དང་། །གཡས་གཡོན་ཕུ་མདའི་ཟོ་དོར་རིགས། ཕྱག་ན༴ ཕྱྭ་དང་ནོར༴ བདག་ཅག་རྣམས༴ ཧཱུྃ་ཕྱྭ་གཡང་ནོར་གྱི་བདག་པོ་རྣམས། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས་ནས་ཀྱང་། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཕྱྭ་གཡང་ནོར་གཡང་དངོས་གྲུབ་སྩོལ། །ཧཱུྃ་དཔལ་གྱི་བསྟན་སྲུང་ཐམས་ཅད་ཀྱིས། །ཕྱག་ན་གཡང་གི་བུམ་པ་རུ། །གཡང་རྟེན་འདི་ལ་བྱིན་ཕོབས་ལ། །རིགས་རྒྱུད་དར་ཞིང་རྒྱས་པར་མཛོད། །གཡང་རྟེན་འདི་ལ་བྱིན་ཕོབས་ལ༈ བསོད་ནམས་ནོར་གཡང་རྒྱས་པར་མཛོད། །ཚེ་རྟེན་འདི་ལ་ཚེ་ཕོབས་ལ། །ཚེ་དབང་ལོངས་སྤྱོད་རྒྱས་པར་མཛོད། །དབང་རྟེན་འདི་ལ་དབང་ཐང་ཕོབས། །རྩ་དཀར་ཁྲོལ་ལ་རྒྱན་ཁ་སྤེལ། །འགབ་འདྲེ་འགོང་པོ་རྡུལ་དུ་རློགས། །རྣལ་འབྱོར་བདག་གི་བསམ་པ་སྒྲུབས། །རྒྱུ་སྦྱོར་ཡོན་བདག་སྡོང་གྲོགས་མཛོད། །སྐྱེས་བུ་འདོད་དོན་སྒྲུབ་པ་ལ། །བར་ཆད་བགེགས་རྣམས་མེད་པར་མཛོད། །ཕ་རོལ་ཕྱིན་དྲུག་རྫོགས་པར་མཛོད། །བསྡུ་བ་རྣམ་བཞི་འགྲུབ་གྱུར་ཅིག། །བཀྲ་ཤིས་བདེ་ལེགས་མྱུར་དུ་འགྲུབ་པར་ཤོག དེ་ལྟར་གཡང་འབོད་ཀྱི་ཆོ་ག་འདི་ཉིད་ཞག་ཁ་ཤས་སམ་ཉིན་ཆོག་ལྟ་བུ་ལའང་རུང་སྟེ་མཐར་སྦྱིན་བདག་ཁྲུས་དང་གཙང་སྦྲ་བྱ་ཞིང་གོས་གསར་བ་གྱོན་ནས་མདུན་དུ་འཁོད་པ་ལ་གོང་ལྟར་གཡང་འགུགས་ཚར་གཅིག་བཏང་བའི་རྗེས་སུ་མདའ་དར་གཡབ་ཅིང་འཁོར་འདས་ཀྱི་དཔལ་ཡོན་དང་། ཕྱཱ་གཡང་རྣམས་བསྡུས་ནས་གཡང་རྫས་དང་སྦྱིན་བདག་རྣམས་ལ་ཐིམ་པར་བསམ་ཞིང་། ཁྱད་པར་མགོན་པོའི་ཕྱག་མཚན་བེང་གི་རྩེ་མོའི་ཡིད་བཞིན་གྱི་ནོར་བུ་ལས་འོད་ཟེར་སེར་པོ་འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་བདག་དང་བསྲུང་བྱའི་སྒོ་གསུམ་དང་གནས་ཁང་བང་མཛོད་རྫས་དང་ཡོ་བྱད་ཞིང་ཁང་རྟ་ཕྱུགས་ཐམས་ཅད་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་མཆོག་ཏུ་འབར་བར་བསམ་ལ། ཨེ་མ་ཧོ། །བསོད་ནམས་རྒྱུ་ལས་རབ་གྲུབ་པའི། །བསམ་འཕེལ་ནོར་བུ་རིན་པོ་ཆེ། །མཛེས་སྡུག་བཙུན་མོ༴ དབང་སྒྱུར་འཁོར་ལོ༴ བློ་ལྡན་བློན་པོ༴ དགྲ་འཇོམས་དམག་དཔོན༴ སྟོབས་ལྡན་གླང་པོ༴ མྱུར་མགྱོགས་རྟ་མཆོག༴ རྒྱལ་སྲིད་སྣ་བདུན་གཡང་གི་རྟེན། །གཡང་རྣམས་རྟེན་ལ་འཁོར་བར་མཛོད། །ཧོ་ཐེག་ཆེན་ཆོས་ཀྱི་འཁོར་དང་། །རིན་ཆེན་གདུགས་མཆོག་དམ་པ་དང་། །མི་ནུབ་རྒྱལ་མཚན་ཆེན་པོ་དང་། །ཡེ་ཤེས་ལྔ་ལྡན་དཔལ་བེའུ་དང་། །སྙན་པའི་དབྱངས་ལྡན་བཀྲ་ཤིས་དུང་། །བསོད་ནམས་རྟེན་བྱེད་བུམ་པ་དང་། །འཁོར་རྣམས་རྣམ་དག་པདྨ་རྫས། །ཐབས་ཤེས་གསེར་མིག་འཁྱིལ་བའི་ཉ། །བཀྲ་ཤིས་རྟགས་བརྒྱད་གཡང་གི་རྟེན། །གཡང་རྣམས་རྟེན་ལ་འཁོར་བར་མཛོད། །བྷྲུཾ་སྒྲིབ་བྲལ་མེ་ལོང་གི་ཝཾ་སྨན། །བཀྲ་ཤིས་བིལ་བ་དུར་བའི་རྫས། །དབང་རྫས་ལི་ཁྲི་བཅུད་བསྡུས་ཞོ ། །བཀྲ་ཤིས་དུང་དཀར་ཡུངས་དཀར་རྫས། །བཀྲ་ཤིས་རྫས་བརྒྱད་གཡང་གི་རྟེན། །གཡང་རྣམས་རྟེན་ལ་འཁོར་བར་མཛོད། །ཀྱཻ་མིའུ་རིན་ཆེན་གཡང་གི་རྟེན། །འབྲུ་སྣ་འཚོགས་ཚད་གཡང་གི་རྟེན། །ཞལ་ཟས་སྣ་ཚོགས་གཡང་གི༴ གཡག་ལུག་ར་གསུམ་གཡང་གི༴ རྟ་ཕྱུགས་སྣ་ཚོགས་གཡང་གི༴ གསེར་དངུལ་ཟངས་ལྕགས་དར་ཟབ་དང་། །སྟག་གཟིག་སྤུ་མཛེས་སྣ་ཚོགས་དང་། །གྲི་ཁྲབ་གོ་མཚོན་གཡང་གི༴ ཕུན་ཚོགས་ལོངས་སྤྱོད་གཡང་གི་རྟེན། །གཡང་རྣམས་རྟེན་ལ་འཁོར་བར་མཛོད། ཕྱྭ་ཁུ་ཡེ། གཡང་ཁུ་ཡེ། །ཀྱེ་ཀྱེ་རིན་ཆེན་བདུན་ལྡན་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་བརྒྱད་དཔལ་ཀྱི་གཡང་། །ཁུ་ཡེ་ཕྱྭ་དང་གཡང་སྐྱོབས་ཤིག །ཀྱེ་ཀྱེ་མིའུ་རིན་ཆེན་འཕེལ་བའི་གཡང་། །སྲིད་ཀྱི་མཚོ་མོ་འཁྱིལ་བའི་གཡང་། །དར་ཟབ་རེག་བྱ་གོས་ཀྱི་གཡང་། །གོ་ཁྲབ་ཡ་ལད་གོ་མཚོན་གཡང་། །བཟའ་བཏུང་ལོངས་སྤྱོད་ཟས་ཀྱི་གཡང་། །ཁུ་ཡེ་ཕྱྭ་དང་གཡང་སྐྱོབས་ཤོག །ཀྱེ་ཀྱེ་དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །ནོར་ལྷས་སྲུངས་ལ་ནོར་གཡང་སྤེལ། །བསོད་ནམས་ལོངས་སྤྱོད་དར་རྒྱས་ཤིང་། །དགེ་ལེགས་བཀྲ་ཤིས་འབྱུང་བར་མཛོད། །ཕྱྭ་འཁྱིལ་ལེ། །གཡང་འཁྱིལ་ལེ། །ཀྱེ་ཀྱེ་དགུང་སྔོན་མཐོན་པོའི་ཕ་གཡང་དང་། །དོག་མོ་ས་ཡི་མ་གཡང་དང་། །རིི་རྒྱལ་ལྷུན་པོའི་བརྟན་གཡང་དང་། །རྒྱ་མཚོ་ཆེན་པོའི་སྣོད་བཅུད་གཡང་། །དེ་རིང་འདི་རུ་གཡང་དུ་ཁུག ། གངས་དཀར་ཏི་སེ་རྩེ་མཐོའི་གཡང་། །མི་འཕེལ་རྟ་ཧྲག་ནོར་ཕྱུགས་གཡང་། །རྩི་ཤིང་ནགས་ཚལ་སྐྱེས་འཕེལ་གཡང་། །མི་དཔའ་རྟ་མགྱོགས་ཁས་དྲག་གཡང་། །དེ་རིང་འདི་རུ་གཡང་དུ་ཁུག །རྒྱ་གར་རྒྱལ་པོའི་ཆོས་གཡང་དང་། །རྒྱ་ནག་རྒྱལ་པོའི་ཁྲིམས་གཡང་དང་། །གེ་སར་རྒྱལ་པོའི་དམག་གི་གཡང་། །སྟག་གཟིག་ཧོར་སོགས་མཐའ་འཁོབ་ཀྱི། །རྒྱལ་ཁམས་ཡོངས་ཀྱི་དཔལ་དང་གཡང་། །དེ་རིང་འདི་རུ་གཡང་དུ་ཁུག །སྟོང་གསུམ་སྟོང་གི་སྣོད་བཅུད་ཀྱི། །དཔལ་གཡང་དངོས་གྲུབ་ཐམས་ཅད་དང་། །སྲིད་ཞིའི་ཁམས་ཀྱི་བདེ་སྐྱིད་དང་། །བདེ་ལེགས་ཕུན་ཚོགས་དངོས་གྲུབ་ཀུན། །དེ་རིང་ཕྱྭ་དང་གཡང་དུ་ཁུག །ཕྱྭ་ཁུ་ཡེ། གཡང་ཁུ་ཡེ་ཅེས་བརྗོད་ནས་གཡང་རྫས་ཀྱི་ཕུད་རྣམས་གཡང་སྒྱེར་བླུག་ལ། འཇིག་རྟེན་གྱི་གཡང་ཐམས་ཅད་བསྡུས་ཤིང་དཔལ་མགོན་ནོར་ལྷས་བསྲུང་ནས་བསོད་ནམས་ཚེ་དང་ལོངས་སྤྱོད་བརྟན་པར་བསམ་མོ། །གཡང་སྒྱེའི་ཕྱོགས་བཞིར་བསྲུང་མ་བཞི་མཚོན་ཕྱིར། མར་གྱི་ཐིག་ལེ་བཞི་བཀོད་ལ་སྨོན་ལམ་བཏབ་ཅིང་བཀྲ་ཤིས་བརྗོད་པའོ། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །དཔལ་མགོན་བདུན་ཅུ་ནོར་གྱི་ལྷ། །གཏེར་བདག་ཆེན་པོ་འཁོར་བཅས་ཀྱི། །འཇིག་རྟེན་ཁམས་ཀྱི་ཕྱྭ་གཡང་བཅུད། །བསྡུས་བསྡུས་དེ་ནི་བསྐྱིལ་བསྐྱིལ་ནས། །ཡོན་བདག་འདི་ལ་སྩལ་དུ་གསོལ། །ནོར་བདག་ཆེན་པོ་ཁྱེད་རྣམས་ཀྱིས། །གཡང་ཁྱིམ་འདི་ཡི་སྲུང་མ་མཛོད། །ལྷ་མོ་བཞི་ལ་གཡང་གི་སྲུང་མར་བཅོལ་ཞིང་གཡང་སྒྱེའི་ཁ་བསྡམས། །སྨོན་ལམ་རྒྱས་པ་བྱ་ཞིང་བཀྲ་ཤིས་བརྗོད་པ་ནི། །ཀྱེ་ཀྱེ་ཕྱྭ་དང་གཡང་གི་སྲུང་མ་འཚལ། །བཀྲ་ཤིས་གཡང་ལ་སྒོ་བཞི་ཡོད། །ཕྱོགས་བཞི་རྣམས་ཀྱི་སྒོ་སྲུང་ནི། །ཤར་སྒོ་སྲུང་བའི་ཛམ་བྷ་ལ། །ལྷོ་སྒོ་སྲུང་བའི་གང་བ་བཟང་། །ནུབ་སྒོ་སྲུང་བའི་ནོར་བུ་བཟང་། །བྱང་སྒོ་སྲུང་བའི་ཀུ་བཻ་ར། །རིམ་བཞིན་སྐུ་མདོག་དམར་དང་སེར། །དབང་མདོག་མིག་སྨན་མདོག་ལྡན་ཞིང་། །བཀྲག་མདངས་གཟི་བརྗིད་མཆོག་ཏུ་འབར། །སྐུ་ལ་རིན་ཆེན་རྒྱན་ཆས་མཛེས། །གཡས་པས་རང་རྟགས་ཕྱག་མཚན་འཛིན། །གཡོན་པས་གཏེར་གྱི་ནེའུ་ལེ་འཛིན། །གནོད་སྦྱིན་ནོར་ལྷ་བྱེ་བས་བསྐོར། །བཙུན་མོ་སྲས་བློན་སྤྲུལ་འཁོར་བཅས། །སྒོ་བཞི་གཡང་གི་སྲུང་མ་མཛོད། །སྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ནང་གི་ཕྱྭ་གཡང་ཕྱིར་མ་བཏང་། །ཕྱི་ཡི་དགྲ་བགེགས་མཙམས་ཆོད་ལ། །ཕྱོགས་བཞི་གཡང་གི་བསྲུང་མ་མཛོད། །སྨོན་ལམ་ནི། །རྣལ་འབྱོར་བདག་ཅག་ཡོན་མཆོད་ཀྱི། །མཆོག་གསུམ་རྩ་གསུམ་མཆོད་པ་དང་། །དཔལ་མགོན་ཕྱོགས་སྐྱོང་མཉེས་པའི་ཕྱིར། །མཁའ་འགྲོ་ཆོས་སྐྱོང་དཀར་སྐྱོང་ཚོགས། །བརྔན་དང་ཕྲིན་ལས་བཅོལ་བའི་ཕྱིར། །བདག་ཅག་བསོད་ནམས་ལོངས་སྤྱོད་ལྡན། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤིང་། །སངས་རྒྱས་བསྟན་པ་དར་བ་དང་། །འཇིག་རྟེན་བདེ་ཞིང་ལོ་ལེགས་འཕེལ། །ལྟོོས་བཅས་བདེ་སྐྱིད་དཔལ་གྱིས་འཚོ། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཞིང་ལ་ལོ་འབྲས་ཕུན་སུམ་ཚོགས། །རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོག །བཀྲ་ཤིས་ནི། མཆོད་མར་ལ་་སོགས་བཟའ་བཏུང་གིས་ཞལ་བསྟོད། དེ་ནས་མེ་ཏོག་འཐོར་བཞིན་པས། །མ་ཆགས་ཐོགས་མེད་འཁོར་ལོ་རིན་པོ་ཆེ། །འཁོར་ལོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐེག་ཆེན་སྟོབས་ལྡན་གླང་པོ་རིན་པོ་ཆེ། །གླང་པོ་རིན་ཆེན་བཀྲ་ཤིས་གང་༴ བཀྲ་ཤིས་དེས་ཀྱང་༴ ཅང་ཤེས་ཤུགས་ལྡན་རྟ་མཆོག་རིན༴ རྟ་མཆོག་རིན་ཆེན་བཀྲ་ཤིས་གང་༴ བཀྲ་ཤིས་དེས་ཀྱང་༴ ཀུན་ལ་དབང་བསྒྱུར་བློན་པོ་རིན་པོ་ཆེ། བློན་པོ་རིན་ཆེན་བཀྲ་ཤིས༴ བཀྲ་ཤིས་དེས་ཀྱང་དེང་༴ ལོག་རྟོག་དཔུང་འཇོམས་དམག་དཔོན་རིན་པོ་ཆེ། །དམག་དཔོན་རིན་ཆེན་བཀྲ་ཤིས་གང་༴ བཀྲ་ཤིས་དེས༴ ཐམས་ཅད་ཀུན་བསྐྱེད་བཙུན་མོ༴ བཙུན་མོ་རིན་ཆེན༴ བཀྲ་ཤིས་དེས་ཀྱང་༴ དེ་མ་ཐག་ཏུ་བདག་ཅག་བདེ་ལེགས་ཤོག །བསམ་འཕེལ་དོན་གྲུབ་ནོར་བུ་རིན་པོ་ཆེ། །ནོར་བུ་རིན་ཆེན་བཀྲ་ཤིས༴ བཀྲ་ཤིས་དེས་ཀྱང་དེང་འདིར༴ བདག་དང་སྐལ་ལྡན་རིགས་ཀྱི་བུ། །དེང་གི་རྒྱུ་སྦྱོར་ཡོན་གྱི་བདག །སངས་རྒྱས་རྣམས་ཀྱིས་བྱིན་རླབས་ནས། །བཀྲ་ཤིས་དམ་པའི་མདོ་སྡེ་འདི། །ང་ཡིས་བརྗོད་པའི་བསོད་ནམས་ཀྱིས། །ནམ་མཁའ་ལྟ་བུར་ཀུན་ཁྱབ་ཅིང་། །ཉི་ཟླ་ལྟ་བུར་ཀུན་གསལ་ཏེ། །སྐར་ཚོགས་ལྟ་བུར་གྲངས་མང་ཞིང་། །སྤྲིན་ཚོགས་ལྟ་བུར་ལྷུན་སྟུག་སྟེ། །འཇའ་ཚོན་ལྟ་བུར་མཛེས་སྡུག་ཅིང་། །རི་རབ་ལྟ་བུར་བརྟན་བརྗིད་ཆེ། །ས་གཞི་ལྟ་བུར་ཀུན་བསྐྱེད་ཅིང་། །རྒྱ་མཚོ་ལྟ་བུར་གཏིང་ཟབ་ལ། །ལྗོན་ཤིང་ལྟ་བུར་འདབ་རྒྱས་ཏེ། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །དགོས་འདོད་བཀྲ་ཤིས་ཆར་ལྟར་འབབ་གྱུར་ཅིག ༀ་ཨཱཿཧཱུྃ་རརྣ་བྷྲུཾ་ནི་ཨཱཿ གཞན་ཡང་བཀྲ་ཤིས་ཅི་རིགས་བརྗོད་པས་མཐའ་བརྒྱན་པར་བྱའོ། དཔལ་མགོན་ཚོགས་ཀྱི་བདག་པོའི་གཡང་སྒྲུབ་ཡིད་བཞིན་ལྷུན་པོ་དགོས་འདོད་ཀུན་འབྱུང་འདི་ནི། སློབ་དཔོན་བེ་རོ་ཙ་ནས་མཛད་པའི་གཡང་སྒྲུབ་ཀྱི་གཞུང་ལ་མན་ངག་འགའ་ཞིག་གི་ཁ་བསྐང་གིས་བརྒྱན་ཏེ་ཡི་གེར་འདུ་བྱེད་པོ་ནི་ཀུན་བཟང་གཞན་ཕན་གྱིས་བགྱིས་ཤིང་། ཡི་གེ་པ་ནི་བསོད་ནམས་སྙན་གྲགས་ཀྱིས་བྱས་པའི་དགེ་བས་འགྲོ་རྣམས་རྒྱལ་བའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། དགེ་འོ། །


previousདཔལ་མགོན་ཚོགས་ཀྱི་བདག་པོའི་ཕྱཱ་གཡང་སྒྲུབ་ཐབས་ཡིད་བཞིན་ལྷུན་པོ་དགོས་འདོད་ཀུན་འབྱུང་།next