Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

18 occurrences of མགོན་པོ་བེང་
[Clear Hits]


  
  
 
 
  
  
  
དཔལ་མགོན་ཚོགས་ཀྱི་བདག་པོའི་དགྲ་ལྷ་མཆོད་བསྟོད་བསྟིམ་པ་ཕྲིན་ལས་དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང་གི་རྒྱལ་པོ།
  
 
 
 
  
  
  
  


18 occurrences of མགོན་པོ་བེང་
[Clear Hits]

 
previousདཔལ་མགོན་ཚོགས་ཀྱི་བདག་པོའི་དགྲ་ལྷ་མཆོད་བསྟོད་བསྟིམ་པ་ཕྲིན་ལས་དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང་གི་རྒྱལ་པོ།next

དཔལ་མགོན་ཚོགས་ཀྱི་བདག་པོའི་དགྲ་ལྷ་མཆོད་བསྟོད་བསྟིམ་པ་ཕྲིན་ལས་དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང་གི་རྒྱལ་པོ།

༄༅། །དཔལ་མགོན་ཚོགས་ཀྱི་བདག་པོའི་དགྲ་ལྷ་མཆོད་བསྟོད་བསྟིམ་པ་ཕྲིན་ལས་དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང་གི་རྒྱལ་པོ་བཞུགས་སོ། །

རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་རྗེ། །སྡེ་བརྒྱད་བྲན་ཁོལ་པདྨ་སཾ་བྷ་ཝ། །བདག་གི་བདེ་ཆེན་འཁོར་ལོ་རྟག་བཞུགས་ནས། །རྟེན་འབྲེལ་གང་བརྩེམ་འགྲུབ་པའི་དགེ་ལེགས་སྩོལ། །རྒྱལ་ཀུན་བྱམས་བརྩེའི་རང་གཟུགས་སྤྱན་རས་གཟིགས། །གདུལ་བྱ་མ་རུངས་འདུལ་ཕྱིར་བསྟན་སྲུང་སྐུར། །ཡོངས་བཞེངས་ལེགས་ལྡན་ཚོགས་ཀྱི་བདག་པོ་ཡི། །དགྲ་ལྷ་མཆོད་བསྟོད་བསྟིམ་པའི་ལས་རིམ་བྲི། །དེ་ཡང་ལེགས་ལྡན་ཚོགས་ཀྱི་བདག་པོའི་དགྲ་ལྷ་མཆོད་བསྟོད་བྱ་བར་འདོད་ན། །གོང་དུ་དགྲ་ལྷ་བཅུ་གསུམ་གྱི་ཐང་སྐུའོ། །འགོ་བའི་ལྷ་ལྔའི་སྐུ་བརྙན་མངོན་རྟོགས་ལྟར་བྲིས་པའི་མདུན་དུ་མདའ། །ཞང་ལྷའི་མདུན་དུ་ཡུལ་ལྷ་ལ་ཡུ་བ་འམ་མདེའུ་ལ་སྲོག་སྟོག་ཡིག་ཛྙ་བྲིས་པ། །སྲོག་ལྷའི་རྟེན་ཕ་སྤུན་རུས་མཐུན་གྱི་འཕན་པོའི་མདའ་ལ་ན་བྲིས་པ། །ཕོ་ལྷའི་རྟེན་དར་མདུང་ལ་ཨཱཿབྲིས་པ་དེའི་འཕན་པོའི་ཁབ་ལ་ཡུ་བྲིས་པ་དགྲ་ལྷའི་རྟེན་དཔའ་བོ་དར་མའི་བླ་གཡུ་འམ་དེའི་མདའ་ལ་ཤེ་བྲིས་དར་སྣ་ལྔ་དང་གཡུ་ཆུང་ལེ་བརྒན་རྣམས་མདའ་དར་བྱས་ཏེ། །རྟེན་གཙང་མ་དེ་ལ་བཏགས་ཏེ་ནས་དཀར་མོའམ། །ཕྱུར་བ་སོགས་ལ་བཙུགས་ནས་མིི་ཡོ་བ་གལ་ཆེ། །མཆོད་རྫས་ནི་བཤོས་གཙང་རྒྱན་ལྡན་ལྔ་དང་། ། ཕྱེ་མར་གྱིས་སྦྲུས་པའི་གཡག་ལུག་ར་གསུམ། །འབྲང་རྒྱས་ཞལ་དཀར་རྣམས་ལ་དཀར་གསུམ་མངར་གསུམ་ཤ་ཐུད། །ཤིང་ཏོག་འབྲུ་སྣ་ཇ་ཆང་ལ་སོགས་གྱ་ནོམ་པ་ལྟར། །ཀེ་ལོག་བཀོད་ཅིང་དྲི་བཟང་གི་ཤིང་སྣའི་དུད་སྤྲིན་དང་སྦྱར་སྤོས་ཀྱང་བདུག །རང་གི་ཁམས་དང་མཐུན་པའི་དར་ལ་སྣ་ལྔའི་སྲོག་སྙིང་བྲིས་པ་ཁམས་དང་མཐུན་ཕྱོགས་སུ་སྦྱར་བ་རྣམས་སོ། །དེ་ནས་མཆོད་བསྟོད་དངོས་ལ་འཇུག་པའི་ཐོག་མར་བགེགས་རིགས་ལན་ཆགས་མགྲོན་ལ་གཏོར་མ་སྦྱིན་པ་ནི། །བགེགས་གཏོར་སྤྱི་ལྟར་ལ། སྦྱིན་བདག་གི་ཆངས་བུ་གྲངས་ལྡན་འདོད་རྫས་ཅི་འབྱོར་དང་བཅས་པ་བཤམས་ལ་ཆབ་ཀྱིས་སྦྱངས་ནས། །ཨམྲྀཾ་ཏས་བསང། །སྭ་བྷཱ་ཝས་སྦྱངས་ལ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་བགེགས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བགེགས་རིགས་ལན་ཆགས་ཚིམ་པར་ནུས་པའི་རྫས་མཆོག་ཕུན་སུམ་ཚོགས་པར་གྱུར། ༀ་སརྦ་བྷུ་ཏ་ཨ་ཀཪྴ་ཡ་ཛ༔ ལན་གསུམ་གྱིས་བགེགས་རིགས་རྣམས་མདུན་དུ་བཀུགས་པར་བསམ། ན་མ༔སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས། ལན་གསུམ་གྱིས་བསྔོས་ལ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །འབྱུང་བ་ས་ཆུ་མེ་རླུང་བྲག་དང་ཤིང་། །ནམ་མཁའ་ལ་བརྟེན་ལྷ་སྲིན་འབྱུང་བོའི་ཚོགས། ། སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་ལ་བསྔོ། །ཤ་ཁྲག་དྲོད་དབུགས་རྩ་རྒྱུས་ལྤགས་པ་དང་། །ལུས་ངག་ཡིད་གསུམ་གླུད་དུ་འདི་ཁྱེར་ལ། །བུ་ལོན་ལན་ཆགས་གནོད་འཚེ་ཀུན་བྲལ་ནས། །རང་གཞན་བདེ་ལེགས་ལམ་དུ་འཁོད་གྱུར་ཅིག །དཀོན་མཆོག་བླ་མའི་བྱིན་རླབས་རྨད་བྱུང་དང་། །བདག་གི་ལྷག་བསམ་མཆོད་བཞིན་དགེ་འབྲས་མཐུས། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཕུན་ཚོགས་གྲུབ། །བདེ་ལེགས་ཡིད་བཞིན་འབྱུང་བའི་རྒྱུར་གྱུར་ཅིག བགེགས་བསྐྲད་པ་ནི། ཧྲཱིཿ ང་ནི་པདྨ་དབང་གི་སྐུཿ ལོག་འདྲེན་འདུལ་བའི་གཤེད་པོ་ཆེ། །ཉོན་ཅིག་བགེགས་དང་ལོག་འདྲེན་ཀུན། །འདོད་ཡོན་གཏོར་མ་འདི་ལོངས་ལ། །རྒྱལ་མཚོ་ཆེན་པོའི་ཕ་མཐར་དེངས། །གལ་སྟེ་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་ཐོ་བས་ཀླད་ནས་གཞོམ། །དེ་བས་བཀའ་ལས་མ་འདའ་ཞིག །ༀ་སུམ་བྷ་ནི། །སོགས་ཀྱིས་བགེགས་བསྐྲད་ཅིང་། །བསྲུང་འཁོར་བསྒོམ་པ་ནི། ཧྲཱིཿ སྣང་སྲིད་ཐམས་ཅད་རྡོ་རྗེའི་གུར། །སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངང་། །བག་ཆགས་འཁྲུལ་བའི་གདོན་བགེགས་རྣམས། །སྐུ་གསུམ་ངང་དུ་མཚམས་བཅད་དོ། །བཛྲ་རཀྵ་རཀྵ་ཛྭ་ལ་ཧཱུྃ་ཕཊཿ སྐྱབས་འགྲོ་སེམས་བསྐྱེད་ནི། །ན་མོ་མཆོག་གསུམ་རྩ་གསུམ་བསྲུང་མའི་ཚོགས་བཅས་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འཆི། །འགྲོ་རྣམས་ཕན་དང་བདེ་ལ་རབ་སྦྱོར་ཕྱིར། །དགྲ་ལྷ་མཆོད་བསྟོད་ལས་ལ་འཇུག་པར་བགྱིའོ། །ལན་གསུམ། །ཡན་ལག་བརྒྱད་པའི་ཚོགས་བསགས་པ་ནི། །ཧོ་རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ན། །ཆེན་པོར་བསྔོ། །རྫས་དང་ཡོད་བྱད་རྣམས་བསང་ཤིང་སྦྱང་བ་ནི། །ཧཱུྃ་སྟོང་གསུམ་ཀུན་དུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་དག་པའི་ཁྲུས། །ཡིད་བཞིན་སྤྲིན་ཕུང་མཁའ་ལ་ཆར་འབེབས་པས། །མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག །ༀ་ཤུདྡྷེ་ཤུ་དྡྷེ་ཤྭ་དྡྷ་ན་ཡེ་སྭཱ་ཧཱ། །ཅེས་བརྗོད་ཅིང་ཆུ་གཙང་གིས་བྲན། །སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ཤིང་། །ན་མོ་བདག་གི་སོགས་ནས། །འབྱུང་གྱུར་ཅིག །ༀ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུམ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་སྟེང་དུ་ༀ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ནས་ཡི་གེ་གསུམ་ལ་ཐིམ་དེ་འོད་དུ་ཞུ་སྟེ་འདྲེས་པས་བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པའི་རང་བཞིན་དུ་བསམ་ལ། ༀ་ཨཱཿཧཱུྃ༔ ལན་གསུམ། གཉིས་ལ་ལྷ་བསྐྱེད་པ་ནི་དང་པོ་བསང་སྦྱངས་བྱས་ལ། །སྟོང་པའི་ངང་ལས་རང་མདུན་དུ། །པད་ཟླའི་དཀྱིལ་འཁོར་ལྔ་ཚོམ་གྱི། །དབུས་སུ་ཞང་པོར་མཆེད་པའི་ལྷ། །སྐྱེས་ཤར་གཞོན་ནུའི་ཆ་བྱད་ཅན། །སྤྲུལ་པ་མཁའ་ལྡིང་གོ་བོ་དང་། །ཞང་བློན་མང་པོ་སྤྲོ་བསྡུ་བྱེད། །མདུན་གྱི་གདན་ལ་སྲོག་སྐྱོབ་ལྷ། །གཞོན་ནུ་དར་མའི་རྣམ་པ་ཅན། །ཞལ་གཅིག་ཕྱག་གཉིས་ཁྲབ་རྨོག་གྱོན། །གཡས་ན་མདའ་དར་གཡོན་ཞགས་པ། །སྟག་རལ་གཟིག་ཤུབས་སྐེད་དུ་བཅིངས། །སག་ལྷྭམ་གསོལ་ཞིང་རྟ་ནག་པོ། །སྒ་སྲབ་གོང་རྨེད་ལྡན་པར་ཆིབས། །སྤྲུལ་པ་མི་དཀར་རྟ་དཀར་ལ། །ཆིབས་པ་མང་པོ་སྟོན་མཛད་ཅིང་། །གཞན་ཡང་ལྷན་ཅིག་སྐྱེས་པའི་ལྷ། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །སྤྲུལ་པ་མི་དཀར་མང་པོར་སྟོན། །གཡས་ཀྱི་གདན་ལ་ཕོ་ལྷ་དཀར། །ལང་ཚོ་དར་བབ་ཞལ་གཅིག་མཛེས། །ཕྱག་གཉིས་གཡས་ན་ནོར་བུ་དང་། །གཡོན་ན་ནོར་གཞོང་རཏྣས་བཀང་། །རལ་པ་ཐོར་ཅོག་དར་སྣས་བཅིངས། །བེར་སྔོན་མནབ་ཅིང་རཏྣས་བརྒྱན། །སག་ལྷྭམ་གསོལ་ཞིང་རྟ་ངང་དཀར། །ཆིབས་ཤིང་སྤྲུལ་འཁོར་ཕ་སྤུན་སོགས། །འཁོར་གསུམ་བཅིངས་པ་སྟག་ཤར་ཚུལ། །གཞན་ཡང་ཕ་ལྷ་མ་ལྷ་དང་། །དབང་ཐང་བསྐྱེད་པའི་ལྷ་སུམ་ཅུ། །ཀུན་ཀྱང་དར་གོས་རཏྣས་བརྒྱན། །རྒྱབ་ཀྱི་གདན་ལ་ཡུལ་ལྷ་དཀར། །ཞལ་གཅིག་ཕྱག་གཉིས་མདའ་གཞུ་འཛིན། །ཁྲབ་རྨོག་གྱོན་ཞིང་འཁོར་གསུམ་བཅིངས། །སག་ལྷྭམ་མནབ་ཅིང་རྟ་དཀར་ཆིབས། །སྤྲུལ་པ་འཛའ་གྲོགས་མཆེད་དགུ་དང་། །གཡག་དཀར་ལུག་ཁྱུའི་རྣམ་པར་སྤྲུལ། །གཞན་ཡང་མཁར་དང་ཁང་པའི་ལྷ། །ཆས་རྒྱན་ཕུན་ཚོགས་སྤྲུལ་པ་ཡང་། །ཕྱྭ་ཆེན་པོ་ཡི་རྣམ་པར་སྟོན། །གཡོན་གྱི་གདན་ལ་དགྲ་འདུལ་ལྷ། །སྐྱེས་པ་དར་མའི་ཆ་ལུགས་ཅན། །དཀར་འཛུམ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་མདུང་དར་གཡོན་ཞགས་པ། །དར་དཀར་བེར་གསོལ་དར་ཐོད་བཅིངས། །འཁོར་གསུམ་སྐེད་བསྐོར་རཏྣས་སྤྲས། །སག་ལྷྭམ་གྱོན་ནས་རྟ་དཀར་ཆིབས། །སྤྲུལ་པ་དགེ་བཤེས་མི་དཀར་དང་། །ཁྲ་སྤྱང་གཡག་རྒོད་མང་པོར་སྟོན། །གཞན་ཡང་སྟེང་འོག་ཕྱོགས་མཚམས་སུ། །སློབ་དཔོན་ཇགས་པ་བན་བོན་དང་། །བྱ་དབང་གཟུགས་སུ་སྟོན་པར་བྱེད། །གཙོ་འཁོར་ལྔ་པོའི་གཡས་ཕྱོགས་སུ། །པད་ཟླའི་གདན་ལ་མོ་ལྷ་ནི། །བུད་མེད་དར་མ་མཛེས་འཛུམ་ལྡན། །སྐུ་མདོག་དཀར་མོ་ཞལ་གཅིག་མ། །ཕྱག་གཉིས་གཡས་པ་མདའ་དར་དང་། །གཡོན་ན་མེ་ལོང་བེར་སྔོན་མནབ། །རཏྣའི་ཐོད་བཅིངས་རྒྱན་ཚོགས་ཀླུབ། །ཡུ་མོར་ཆིབས་ཏེ་སྤྲུལ་པ་ཡང་། །མ་དང་སྲིང་མོའི་རྣམ་པར་སྟོན། །དེ་ནས་གཡས་སྐོར་ཚུལ་གྱིས་ནི། །སློབ་དཔོན་རྒྱུད་ཀྱི་བསྲུང་མ་རྣམས་ཞགས་ལྷ་སྐྱེས་ཤར་ཆ་བྱད་ཅན། །སྤྲུལ་པ་མཁའ་ལྡིང་གོ་བོ་དང་། །ཞང་བློན་མང་པོར་སྟོན་པར་བྱེད། །མ་ལྷ་སྨན་བཙུན་མཛེས་མ་ལ། ན་ཆུང་མང་པོའི་ཚོགས་དང་བཅས། །ཤྭ་བའི་གཟུགས་སུ་སྟོན་པར་བྱེད། །གཞན་ཡང་ཕན་བྱེད་མི་ཡི་ཚོགས། །མ་ལུས་ལུས་པ་མེད་པའི་འཁོར། །སྟོན་མོ་ཆེན་པོར་ཁྲོམ་ཚོགས་བཞིན། །རྒྱན་དང་ཆ་ལུགས་ཡོངས་རྫོགས་པའི། །གནས་གསུམ་འབྲུ་གསུམ་མཚན་པ་ལས། །ཁྱད་པར་ཐུགས་ཀའི་ཧཱུྃཿཡིག་དང་། །བདག་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་ཟེར་འཕྲོས་པས་རང་བཞིན་གྱི། །དབྱིངས་ནས་འགོ་བའི་ལྷ་ལྔ་དང་། །སློབ་དཔོན་རྒྱུད་དང་ཕ་མྱེས་ཀྱི། །ལྷ་དང་སྲུང་མའི་ཚོགས་རྣམས་ཀུན། །སྒྱུ་མ་རྨི་ལམ་ཚུལ་བཞིན་དུ། །གནས་འདིར་སྤྱན་འདྲེན་ས་མཱ་ཛ༔ སྤྱན་འདྲེན་ནི གཏེར་ཁ་འོག་མ་ལས། །ཀྱཻ་དགྲ་ལྷ་གཉན་པོ་སྤྱན་འདྲེན་ནོ། །ཕྲག་གོང་གཡས་ནས་གཤེགས་སུ་གསོལ། །སྤྲུལ་ནི་དགེ་བཤེས་མོང་པར་སྤྲུལ། །མཆོད་ནི་བཤོས་བུ་གཙང་མས་མཆོད། །དེ་རིང་བདག་གི་གྲོགས་ལ་བྱོན། །དམག་དཔུང་བསྐྱེད་ལ་དགྲ་དཔུང་ཐུལ། །ཞང་ལྷ་ཕ་ཝཾ་སྤྱན་འདྲེན་ནོ། །མཆན་ཁུང་གཡོན་ནས་གཤེགས་སུ་གསོལ། །སྤྲུལ་ནི་ཞང་བློན་མང་པོར་སྤྲུལ། །མཆོད་ནི་གསང་ལུག་གཙང་མས་མཆོད། །འགལ་རྐྱེན་སྤོངས་ལ་མཐུན་རྐྱེན་སྒྲུབས། །སྲོག་ལྷ་རྨིན་པོ་སྤྱན་འདྲེན་ནོ། །སྙིང་གི་གནས་ནས་གཤེགས་སུ་གསོལ། །སྤྲུལ་ནི་མི་དཀར་མང་པོར་སྤྲུལ། །མཆོད་ནི་ར་སྐྱེས་ཁམ་པས་མཆོད། །དེ་རིང་བདག་གིས་སྤྱན་འདྲེན་ནོ། །སྲོག་གི་བར་ཆད་སྲུང་དུ་གསོལ། །མོ་ལྷ་འཁྱུད་མོ་སྤྱན་འདྲེན་ནོ། །མཆན་ཁུང་གཡས་ནས་གཤེགས་སུ་གསོལ། །སྤྲུལ་ནི་མ་སྲུ་མང་པོར་སྤྲུལ། །མཆོད་ནི་འབྲང་རྒྱས་ལྡེམ་པས་མཆོད། །དེ་རིང་བདག་གིས་སྤྱན་འདྲེན་ནོ། །ཟས་ནོར་ཆར་པ་དབབ་ཏུ་གསོལ། །ཡུལ་ལྷ་མགྲོན་བུ་སྤྱན་འདྲེན་ནོ། །སྤྱི་བོའི་གཙུག་ནས་གཤེགས་སུ་གསོལ། །སྤྲུལ་ནི་མཆེད་གྲོགས་མང་པོར་སྤྲུལ། །གསང་ལུག་དཀར་པོ་འདི་ཡིས་མཆོད། །དེ་རིང་བདག་གིས་སྤྱན་འདྲེན་ནོ། །ཡིད་ལ་བསམ་པ་སྒྲུབ་ཏུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭམ། །གྱིས་གདན་འབུལ། །གསོལ་མཆོད་ནི། །གསར་བསྒྲིགས། །འགོ་བའི་ལྷ་ལྔ་འཁོར་བཅས་ལ། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །མི་གཙང་དྲི་མ་དག་གྱུར་ཅིག །སྣ་ཚོགས་ཤིང་སྣའི་དུད་པ་ཡིས། །ཉམས་གྲིབ་མ་ལུས་བསང་གྱུར་ཅིག །གཡའ་ཆུ་གངས་ཆུ་གཙང་མའི་ཆུ། །སྨན་ཆབ་ངད་ལྡན་སྐྱེམས་སུ་འབུལ། །སྣ་ཚོགས་མེ་ཏོག་ཆུན་པོའི་ཐོད། །སྐུ་ལ་མཛེས་པའི་རྒྱན་དུ་འབུལ། །དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ། །བཟའ་བཅའ་ཞིམ་མངར་བཤོས་བུ་འབུལ། །ཉི་ཟླ་ནོར་བུ་འབྲུ་མར་གྱི། །མར་མེ་གསལ་བྱེད་སྒྲོན་མེ་སྦར། །རྐང་གླིང་ཌ་དྲིལ་དུང་ལ་སོགས། །རོལ་མོ་སིལ་སྙན་སྣ་ཚོགས་འབུལ། །ཁ་དོག་སྣ་ཚོགས་ཟ་འོག་གོས། །རིན་ཆེན་དུ་མའི་དོ་ཤལ་དང་། །པྲོག་ཞུ་སྙན་ཆ་གདུ་བུ་བཀྲ། །གོ་མཚོན་དར་ཐོད་མཛེས་བརྗིད་ཆས། །སྟག་རལ་གཟིག་ཤུབས་མདའ་མདུང་དང་། །རིན་ཆེན་གཞོང་བ་ནོར་བུ་སོགས། །རྩལ་ཆེན་རླུང་གི་ཤུགས་ལྡན་རྟ། །སྒ་སྲབ་མཛེས་པའི་ཆས་ཀྱིས་བརྒྱན། །ཤྭ་བ་ལ་སོགས་བགྲོད་བྱེད་བཅིབས། །གནམ་ལ་འཕུར་དགུ་ས་གཞི་ལ། །འཛུལ་དགུ་རི་དྭགས་ཡོད་དགུ་སོགས། །སྣ་ཚོགས་སྲོག་ཆགས་བགྲངས་ལས་འདས། །རྒྱལ་སྲིད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི། །ལྷ་མིའི་དཔལ་འབྱོར་ནམ་མཁའ་གང་། །དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་ཀྱིས། །ལྷ་ལྔ་འཁོར་བཅས་གསོལ་ཞིང་མཆོད། །གཏོར་མ་རྒྱལ་མཚན་བཤོས་བུ་དང་། །ཇ་ཆང་གསེར་སྐྱེམས་བཏུང་བའི་ཚོགས། །ལྗགས་ཀྱི་དབང་པོ་ཚིམ་བྱེད་པའི། །ཞལ་ཟས་སྐྱེམས་ཀྱིས་གསོལ་ཞིང་མཆོད། །མོ་ལྷ་ཞང་ལྷ་མ་ལྷ་ལ། །སྨན་ལེབ་འབྲང་རྒྱས་གསང་ལུག་འབུལ། །ཞང་པོའི་མདའ་ཡི་མདེའུ་དང་། །མ་སྲུའི་འཕང་རྣམས་རྟེན་དུ་འཛུགས། །སྲོག་ལྷ་སྐྱེས་ལྷའི་ཚོགས་བཅས་ལ། །ར་སྐྱེས་ཁམ་པས་མཆོད་པ་འབུལ། །འཕན་དང་ཕྱུགས་པོ་ཕ་སྤུན་མདའ། །དར་གྱི་རུ་མཚོན་རྟེན་དུ་འཛུགས། །ཕོ་ལྷ་ཕ་མྱེས་དབང་ཐང་ལྷ། །གསང་ལུག་གཙང་མའི་མཆོད་པ་འབུལ། །དར་མདུང་ནས་དཀར་རྟེན་དུ་འཛུགས། །ཡུལ་ཁང་མཁར་གྱི་རྩེ་ལྷ་ལ། །ལྷ་གཡག་དཀར་པོའི་མཆོད་པ་འབུལ། །ཕྱུགས་ཅན་དར་ཁ་རྟེན་དུ་འཛུགས། །དགྲ་ལྷ་རིག་འཛིན་དབང་ལྷ་དང་། །བན་བོན་ཆོས་སྲུང་ཚོགས་རྣམས་ལ། །བཤོས་བུ་གཙང་མའི་མཆོད་པ་འབུལ། །དཔའ་བོའི་བླ་གཡུ་རྟེན་ཏུ་འཛུགས། །དར་ཚོན་སྣ་ལྔ་དཀར་དམར་དང་། །གཡུ་ཆུང་མིག་མེད་གསེར་དངུལ་ཟངས། །ལྕགས་དང་བྱུ་རུ་མན་ཤེལ་ཚོགས། །ཕ་ཤིང་མ་ཤིང་བུ་ཤིང་རྣམས ། །བྱང་བུ་མིག་དགུ་ཆངས་བུ་དང་། །ནས་དཀར་རྟེན་གྱིས་ལྷ་ལྔ་སྐོངས། །བདག་སོགས་མི་ནོར་རིགས་རྒྱུད་ལ། །མི་འབྲལ་རྟག་ཏུ་བསྲུང་སྐྱོབས་མཛོད། །ཡུལ་ལྷས་སྤྱི་བོའི་གཙུག་ནས་སྲུངས། །དགྲ་ལྷས་ཕྲག་པ་གཡས་ནས་སྲུངས། །ཕོ་ལྷས་མཆན་ཁུང་གཡས་ནས༴ མོ་ལྷས་མཆན་ཁུང་གཡོན་ནས༴ སྲོག་ལྷས་སྙིང་གི་དཀྱིལ་ནས༴ རིག་འཛིན་བན་བོན་ཆོས་སྐྱོང་གིས། །སྟེང་འོག་ཕྱོགས་མཚམས་ཀུན་ནས་སྲུངས། །ཚེ་དཔལ་བསོད་ནམས་མངའ་ཐང་བསྐྱེད། །བསོ་ལྷ་རྒྱལ་ལོ། །གྲཱ་བ་མངོན་ཤེས་ཅན་གྱི་གཏེར་མའི་ལས་བཅོལ་ནི། །ཀྱཻ་ལྷ་དང་མི་རུ་མ་བྲལ་ཅིག །བདུད་ནི་ཆར་ལྟར་བབ་གྱུར་ན། །ལྷས་ནི་ཁྱིམ་ལྟར་སྐྱོབས་གྱུར་ཅིག །གདོན་ནི་དགྲ་ལྟར་གནོད་གྱུར་ན། །ལྷས་ནི་ཟུན་ལྟར་སྐྱོབས་གྱུར་ཅིག །འདྲེ་ནི་རྐུན་ལྟར་འཇབ་གྱུར་ན། །ལྷས་ནི་ཁྱི་ལྟར་སྲུངས་གྱུར་ཅིག །ལྷ་ཡི་འོག་ནས་མི་མ་ཡར། །དགྲ་ཡི་འོག་ནས་གྱོད་མ་སང་། །བསྲུང་བའི་འོག་ནས་གདོན་མ་སྡང་། །གཉེན་གྱི་འོག་ནས་སྨྲ་མ་སྡང་ཅིག །ཁྱི་འོག་ནས་རྐུན་མ་མ་འཇབ་ཅིག །གནོད་པའི་དགྲ་བགེགས་ཐམས་ཅད་བསྲུང་བ་འདི་ལས་མ་འདའ་ཞིག །བཀྲ་ཤིས་བདེ་སྐྱིད་ལེགས་པའི་རྟག་སྲུངས་ཤིག །ལོ་བརྒྱ་ཐུབ་ལ་སྟོན་བརྒྱ་འཚོ་བའི་དཔལ་སྐྱེད་ཅིག །བཀྲ་ཤིས་ནད་མེད་བསམ་པ་འགྲུབ་པ་དང་། །ནད་གདོན་འབྱུང་བོ་མ་ལུས་ཞི་བ་དང་། །ཚེ་དང་བསོད་ནམས་དབང་ཐང་རྒྱས་པ་དང་། །བདག་གི་ལུས་ངག་ཡིད་གསུམ་དང་མི་མཐུན་པའི་ནད་གདོན་ཞི། །གཅོང་ནད་དགྲ་གདོན་ཉེ་བར་འཚེ་བ་དང་བྲལ་ཏེ་རྟག་ཏུ་གཡེལ་བ་མེད་པར་སྲུང་སྐྱོབས་མཛོད་ཅིག །བསམ་པ་ཐམས་ཅད་འགྲུབ་པར་མཛོད་ཅིག་སྭཱ་ཧཱ། བསྲུང་བྱ་ཕོ་རིགས་རྣམས་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་མངའ་ཐང་རྣམས་ཀྱི་སྨོན་ལམ་གྱི་མཐུ་ལས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་འབད་རྩོལ་མི་དགོས་བཞིན་འབྱུང་བའི་ནང་ཚན་སྟོབས་ལྡན་དམག་དཔོན་རིན་པོ་ཆེའི་གཞོམ་གཞིག་དང་བྲལ་བའི་གོ་ཆ་དང་། དམ་བཅའ་བཞི་ལྡན་ལྟ་བུའི་མཚོན་ཆ་སྣ་ཚོགས་ཀྱི་ཕྱག་ཆ་ཅན་དུ་གསལ་བ་དང་། བུད་མེད་རྣམས་ཀྱང་བཙུན་མོ་རིན་པོ་ཆེའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཁང་ཁྱིམ་རྟ་ཕྱུགས་ཀུན་ཀྱང་དཔལ་ལྡན་མགོན་པོའི་རྫས་དང་ཡོ་བྱད་དུ་བྱིན་གྱིས་བརླབས་ཤིང་། དམག་དཔོན་རིན་པོ་ཆེ་དགྲ་དཔུང་འཇོམས་པའི་སྟོབས་རྩལ་ཕུན་སུམ་ཚོགས་པ་དང་། དེ་བཞིན་དུ་རང་རང་སོ་སོའི་དཔལ་ཡོན་དང་ལྡན་པར་གསལ་གདབ་ཅིང་མངའ་གསོལ་དང་དབང་བསྐུར་བྱ་བ་ནི། དཔལ་མགོན་ཚོགས་ཀྱི་བདག་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ༀ་དཀར། ཨཱཿདམར་ཧཱུྃ་མཐིང་སྭཱ་སེར་ཧཱ་ལྗང་གི་རྣམ་པས་བསྲུང་བྱ་རྣམས་ཀྱི་གནས་ལྔ་སོགས་ལུས་སྤྱིར་ཐིམ་པས་ལུས་ལ་རྡོ་རྗེ་ཕ་ལམ་གྱི་གོ་ཆས་ཞུ་ལུགས་ཀྱི་ཚུལ་དུ་གཡོགས་ནས། །མཚོན་ཆའི་རིགས་ཀྱིས་མི་ཕེད་པའི་ནུས་བཅུད་ཐོབ་པ་དང་། ཕར་ལ་གླང་སྨྱོན་གྱི་སྣ་རྩེར་བཀོད་པའི་མཚོན་འཁོར་བཞིན་ཅིས་ཀྱང་བཟློག་ཏུ་མེད་ཅིང་རེག་ཚད་འཇོམས་ནུས་པའི་སྟོབས་རྩལ་དང་ལྡན་པར་གྱུར་ཅེས་བསམ་ལ། བསྲུང་བཀོད་བྱ་བ་ནི། གནས་གསུམ་དུ་མར་གྱི་ཐིག་ལེ་བཀོད་ལ། །ཀྱཻ་དེ་རིང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །སྲུང་ཞིག་བཀོད་པ་མི་ལ་བཀོད། །སྐྱེས་པ་ཕོ་ལ་སྲུང་བཙུགས་ན། ། མི་བུ་སློབ་དཔོན་རིན་པོ་ཆེའི། །སྤྱི་བོར་སྐུ་ཡི་མགོན་པོ་བཀོད། །མགྲིན་པར་གསུང་གི་མགོན་པོ་བཀོད། །ཐུགས་ཀར་ཐུགས་ཀྱི་མགོན་པོ༴ ལྟེ་བར་ཡོན་ཏན་མགོན་པོ༴ གསང་གནས་ཕྲིན་ལས་མགོན་པོ༴ རྡོ་རྗེའི་གོ་ཁྲབ་ལུས་ལ་བཀོད། །ཅིས་ཀྱང་མི་ཆོད་མི་ཤིགས་པའི། །རྡོ་རྗེའི་སྐུ་དང་ལྡན་གྱུར་ཅིག །ཚངས་པའི་གསུང་ནི་ངག་ལ་བཀོད། །སྐྱེ་བ་མེད་ཅིང་འགགས་པ་མེད། །ཡན་ལག་དྲུག་ཅུའི་དབྱངས་དང་ལྡན། །ཆོས་ཉིད་འགྱུར་མེད་ཐུགས་ལ་བཀོད། །ཐོག་མཐའ་མེད་ཅིང་དབུས་མེད་པའི། །ཤེས་བྱ་མ་ལུས་རྟོགས་གྱུར་ཅིག །ཕུང་པོ་ལྔ་དང་འབྱུང་བ་ལྔ། །རིགས་ལྔ་ཡབ་ཡུམ་སྲུང་དུ་གསོལ། །རྣམ་པར་ཤེས་པ་ཚོགས་དྲུག་ནི། །ཐུབ་པ་དྲུག་གིས་སྲུང་དུ་གསོལ། །ཡན་ལག་བཞི་དང་འབྱུང་བ་བཞི། །སྒོ་བ་བཞི་ཡིས་སྲུང་༴ སྲུང་ཅིག་ཡོན་གྱི་བདག་པོ་སྲུངས། །བཛྲ་རཀྵ་རཀྵ་ཧཱུྃ༈ ཟ་མ་མོ་ལ་སྲུང་བཙུགས་ན། །གཙུག་ཏོར་དཀར་མོ་སྤྱི་བོར་བཀོད། །དབྱངས་ཅན་མ་ནི་མགྲིན་པར་བཀོད། །ལྷ་མོ་ཁྲོ་གཉེར་ཐུགས་ལ་བཀོད། །ལུས་ལ་རྗེ་བཙུན་སྒྲོལ་མ༴ འཇིགས་པ་བརྒྱད་ལས་སྐྱབས་ཏུ་གསོལ། །འཇིག་རྟེན་ལྷ་མོ་བྱིན་རླབས་ཅན། །དུང་གི་བུད་མེད་དཀར་མོ་ལ། །དབུ་སྐྲ་གཡུ་ཡི་ལན་ཕྲན་ཅན། །གསེར་དངུལ་རྒྱན་ཆ་སི་ལི་ལི། །དུང་གི་ལྟག་ཕུད་ལྡེམ་སེ་ལྡེམ། །རིན་ཆེན་སྣ་ཚོགས་བྲང་རྒྱན་ཅན། །རྩ་དཀར་བཀྲོལ་བའི་ལྷ་མོ་ཡང་། །བུད་མེད་ཁྱོད་ཀྱི་ལུས་ལ་བཀོད། ། སྲུངས་ཤིག་ཡོན་གྱི་བདག་མོ་སྲུངས། །བཛྲ་རཀྵ་རཀྵ་ཧཱུྃ། །བསྲུང་ཅིག་བཀོད་པ་ཕུབ་ལ་བཀོད། །ཕུབ་མོ་རང་གྱོན་དགྲ་བླ་ནི། །ཕྲག་པ་གཡས་སུ་སྟག་གཅིག་བཀོད། །ཕྲག་པ་གཡོན་དུ་གཡག་གཅིག་བཀོད། །དགྲ་བླ་སྟག་གཡག་ཁ་སྤྲོད་ནི། །ཕུབ་མོ་རང་གྱོན་འདི་ལ་བཀོད། །བསྲུང་དུ་གསོལ་ལ་བསྐྱབ་ཏུ་གསོལ། །ཡོན་བདག་སྲོག་འཚོ་ཁ་འཛིན་མཛོད། །སྲུང་ཅིག་བཀོད་པ་ཁྲབ་ལ༴ ཁྲབ་མོ་རང་གྱོན་དགྲ་བླ་ནི། །གློག་འོད་འདྲ་བའི་དགྲ་བླ་སྟེ། །མེ་ལྕེ་འདྲ་བའི་རྟ་ལ་ཞོན། །མེ་སྟག་འདྲ་བའི་མཚོན་ཆ་ཐོགས། །ཁྲབ་མོ་རང་གྱོན་འདི་ལ་བཀོད། །ནམ་མཁའ་འོད་ཀྱི་དགྲ་བླ་ནི། ། མེ་ལྕེ་འདྲ་བའི་རྟ་ལ་ཞོན། །སྐར་མ་འདྲ་བའི་མཚོན་ཆ་ཐོགས། །ཁྲབ་མོ་རང་གྱོན་འདི་ལ་བཀོད། །སྲུང་ས་ཤིག་ཡོན་བདག་འཁོར་བཅས་སྲུངས། །སྲུང་ཞིག་བཀོད་པ་རྨོག་ལ༴ རྨོག་མོ་རང་གྱོན་དགྲ་བླ་སྟེ། །འོད་འབར་གློག་འདྲ་ལྷག་སེ་ལྷག །མེ་ལྕེ་འདྲ་བའི་འཕྲུ་བཙུགས་ལྡེམས་སེ་ལྡེམ། །ཡོན་བདག་རྨོག་ལ་བསྲུང་དུ་གསོལ། །རྨོག་མོ་ཕྱི་ཐག་མ་ཆད་ཅིག །སྲུང་ཞིག་བཀོད་པ་མདུང་ལ་བཀོད། །མདུང་གི་རྩེ་མོར་ཁྱུང་ཞིག་བཀོད། །དགྲ་བླ་ཁྱུང་ཆེན་བྱ་བ་ཡིན། །མདུང་གི་རྩ་བར་སྟག་གཅིག༴ སྟག་ཆས་དགྲ་ལ་རྔམ་པ་ཡིན། །མདུང་མོ་རང་འཛུགས་དགྲ་བླ་སྟེ། །ཡོན་བདག་མདུང་མོ་འདི་ལ་བཀོད། །མདུང་མོ་དཀྱིལ་དུ་མ་ཆག་ཅིག །སྲུང་ཞིག་བཀོད་པ་གཞུ་ལ་བཀོད། །ཤ་རུ་དཀར་ལ་དགོ་རུ་སྨུག །ཁོ་མོན་འབྲོང་གི་རྭ་དང་ནི། །ཙན་དན་ཤིང་གཉིས་སྤྲད་པ་ལས། །གཞུ་མོ་རང་འཛུགས་དགྲ་བླ་ནི། །ཡར་གྱི་རྩེ་ལ་འབྲུག་ཅིག་གྲགས། །མར་གྱི་རྩེ་ལ་གློག་ཆེན་འཁྱུགས། །ཆང་ཟུང་དཀྱིལ་ནས་ཐོག་གཅིག་འཕྲོ། །དེ་དགྲ་བླ་དཔའ་ཆས་མཆེད་གསུམ་ཡིན། །དཔའ་ཆས་མཆེད་གསུམ་གཞུ་ལ་བཀོད། །ཡོན་བདག་གཞུ་ལ་བསྲུང་དུ་གསོལ། །སྲུང་ཞིག་བཀོད་པ་མདའ་ལ༴ སྒྲོ་ནི་ཕོ་ལྷ་བྱ་གསུམ་ཡིན། །ཕོ་ལྷ་བྱ་གསུམ་མདའ་ལ༴ སྨྱུག་མ་དགྲ་བླའི་རྟེན་ཤིང་ཡིན། །མདེལ་ནི་ཤེས་རབ་རྣོ་མྱུར་ཡིན། །དགྲ་བླ་ཐོག་མདའ་འདི་ལ༴ ཕར་འཕང་དུས་སུ་དགྲ་འདྲེ་བཟློག །ཚུར་བླང་དུས་སུ་ལྷ་མི་རྒྱལ། །མདའ་མོ་རང་འཕེན་དགྲ་བླ་དེ། །ཡོན་བདག་མདའ་ལ་སྲུང་དུ་གསོལ། །སྲུང་ཞིག་བཀོད་པ་རལ་ཤང་འདི་ལ་བཀོད། །རལ་གྲི་ཡ་ཙ་རྔམ་པ་ལ། །ཡར་གྱི་རྩེ་ལ་ཁྱུང་ཆེན་བཀོད། །བར་གྱི་དཀྱིལ་དུ་ཁྲ་གཅིག་བཀོད། །མར་གྱི་རྩ་བར་ཁུ་བྱུག་བཀོད། །རལ་གྲི་ཡུ་བ་སྙིང་འཛེར་གསུམ། །དེ་གསུམ་དགྲ་བླ་སྟག་གཡག་ཁྱུང་གསུམ་ཡིན། །དགྲ་བླ་མཆེད་གསུམ་ཡུ་བར་བཀོད། །ཡུ་བས་འཁོར་རྣམས་སྲུང་དུ་གསོལ། །རྩེ་མོས་སྡང་བའི་དགྲ་བོ་སོད། །རལ་གྲི་ཡ་ཙ་འདི་ལ་སྲུང་དུ་གསོལ། །སྲུང་ཞིག་བཀོད་པ་གྲི་ལ་བཀོད། །ཤེལ་གྱི་གྲི་ཆུང་ཡུ་དཀར་འདི། །སྔོན་མཐུ་ཆེན་མགོན་པོའི་ཕྱག་མཚན་བྱས། །ལྷ་མ་ཡིན་གྱི་གཡུལ་ངོ་བཟློག །ཕྱག་གྲི་འདི་ལ་བསྲུང་དུ་གསོལ། །སྲུང་ཞིག་ཁང་ཁྱིམ་དག་ལ་བཀོད། །ཁང་ཁྱིམ་གྲུ་བཞི་བཀོད་ལེགས་འདི། །གཞལ་ཡས་ཁང་དུ་བྱིན་གྱིས་བརླབས། །ནང་དུ་ཁྲོ་བོ་ཁྲོ་མོ་བཀོད། །གསེར་གྱི་ཀ་བ་མ་བརྡར་ལ། །གཡུ་ཡི་གདུང་མ་མ་ཆག་ཅིག །སྒོ་ཡི་ཤིང་བཞི་མ་འཆུག་གཅིག །སྒོ་ཡི་གཡས་སུ་སྟག་ཅིག་བཀོད། །སྒོ་ཡི་གཡོན་དུ་གཡག་ཅིག་བཀོད། །སྟག་གཡག་གཉིས་ཀྱིས་སྒོ་སྲུངས་མཛོད། །མི་ལ་རྒྱལ་པོ་མཐིང་གིས་སྲུངས། །རྟ་ལ་རེ་མནྟ་ཡིས་སྲུངས། །ནོར་ལ་ཛམ་བྷ་ལ་ཡིས་སྲུངས། །ལུག་ལ་ཤ་བ་རི་ཡིས་སྲུངས། །ཞིང་ལ་ཞིང་ལྷ་ཚངས་པས༴ ཁྱིམ་ལ་ཁྱིམ་ལྷ་ཀོ་ཏུས༴ ཕྱུགས་ལ་ཕྱུགས་ཀྱི་ལྷ་དགུས༴ ར་ལ་ར་ལྷ་ཚེར་མོས༴ ཕག་ལ་ཕག་ལྷ་ངུར་མོས༴ སྲུངས་ཤིག་ཡོན་བདག་འཁོར་བཅས་སྲུངས། །བསྲུང་དུ་གསོལ་ལེ་བསྐྱབ་ཏུ་གསོལ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་ཤོག །དེ་ནས་དགྲ་བླ་འཁོར་བཅས་བསྲུང་བྱ་ལ་འགྲོགས་ནས་འབྲལ་མེད་དུ་བཞུགས་སུ་གསོལ་བ་ནི། །ཀྱཻ་སྔོན་གྱི་དུས་སུ་ལྷ་དབང་བརྒྱ་བྱིན་གྱིས། །བརྟེན་ཅིང་མཆོད་པའི་དགྲ་ལྷ་མཐུ་བོ་ཆེ། །དེ་རིང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དགྲ་ལྷར་འབོད་དོ་རྟེན་ལ་བརྟན་པར་བཞུགས། །ལྷ་ཁྱོད་སྐུ་མདོག་དཀར་པོ་འོད་ཟེར་འཕྲོ། །སྲ་བའི་གནམ་ལྕགས་རྨོག་མོས་དབུ་ལ་བརྒྱན། །རིན་ཆེན་གསེར་གྱི་ཁྲབ་ཆེན་སྐུ་ལ་གསོལ། །མཛེས་པའི་སག་ལྷྭམ་ཡུ་རིང་ཞབས་ལ་གསོལ། །རྣོ་བའི་མདའ་གང་སྟག་དོང་གཡས་སུ་འཆང་། །སྲ་བའི་གཞུ་བཅུག་གཟིག་ཤུབས་གཡོན་ན་བཀྲ ། །རྣོ་ངེར་འཛོམས་པའི་རལ་གྲི་སྐེད་ལ་བཏགས། །སྦ་ལྕག་དཀར་པོ་ཚིགས་གསུམ་ཕྱག་ན་བསྣམས། །རིན་ཆེན་སྒ་སྲབ་མཛེས་པའི་རྟ་ལ་བཅིབས། །ལྕགས་ཀྱི་བྱ་ཁྲ་ཧོར་པ་ཀླད་ན་ལྡིང་། །ཕྲག་གོང་གཡས་ན་སེང་ཆེན་དཀར་མོ་འགྱིང་། །ཕྲག་གོང་གཡོན་ན་སྟག་ཆེན་དྲུས་མ་འཕྱོ ། །ཁྱི་ནག་དོམ་དྲེད་མང་པོར་སྔ་ཕྱིར་རྒྱུག །སྤྲུལ་པ་ཡང་སྤྲུལ་ས་གཞི་མ་ལུས་ཁྱབ། །ཀུན་ཀྱང་དཀར་ཕྱོགས་སྐྱོང་བའི་རུ་མཚོན་ཕྱར། །བསྟན་སྲུང་དགྲ་ལྷ་ཆེན་པོ་འཁོར་དང་བཅས། །ཁྱེད་རྣམས་བཞུགས་གནས་མཁར་གྱི་རྩེ་འདི་ཡིན། །མཉེས་པའི་རྟེན་རྫས་སྤྱན་གཟིགས་འདི་དག་ཡིན། །གནས་དང་བརྟེན་རྫས་རྣམས་ལ་བརྟན་པར་བཞུགས། །རྒྱུ་སྦྱོར་ཡོན་གྱི་བདག་པོའི་སྡོང་གྲོགས་མཛོད། །ལྷ་ཁྱོད་དགྱེས་པའི་མཐུན་རྫས་འབུལ་བ་ནི། །རྣམ་རྒྱལ་ཁང་བཟང་ལྟ་བུའི་ཕོ་བྲང་དང་། །རྨོས་ཤིང་དབྱར་སྐྱེས་མྱུ་གུའི་ཕྲེང་བ་འཁྲིགས། །དཀར་གསུམ་མངར་གསུམ་ཕྱེ་མར་ཤིང་འབྲས་འབྲུ། །བཤོས་བུ་གཙང་སྦྱར་ཇ་དཀར་ཆང་རྒོད་ཕུད། །དར་ཚོན་རིན་ཆེན་དཀོར་ནོར་སྣ་ཚོགས་སྤུངས། །རང་བསྲུང་སྲོག་སྐྱོབས་བརྩན་པའི་གོ་ཆ་དང་། །ཕ་རོལ་འཇོམས་པའི་སྣོ་ངེར་མཚོན་ཆའི་རིགས། །མཛེས་པའི་རྟ་མཆོག་རྒྱན་ལྡན་རླུང་ལྟར་འཕྱོ། །མི་གཙང་ཉེས་ཀུན་སེལ་བའི་བསང་མཆོད་རྣམས། །དགྲ་ལྷ་ཆེན་པོ་འཁོར་དང་བཅས་ལ་འབུལ། །དགྱེས་པ་རབ་བསྐྱེད་རྟེན་ལ་བརྟན་པར་བཞུགས། །ཀྱཻ་དང་པོ་དགྲ་ལྷ་གང་ནས་བྱུང་། །ལྷན་ཅིག་སྐྱེས་པའི་ལྷ་ཡིན་ཏེ། །ཕོ་ལྷ་མོ་ལྷ་ཞང་ལྷ་དང་། །སྲོག་ལྷ་དགྲ་ལྷ་ཞེས་སུ་གྲགས། །བར་དུ་དགྲ་ལྷ་གང་ནས་བྱུང་། །ལྷ་དང་ལྷ་མིན་དམག་འགྱེད་ཚེ། །ལྷ་རྒྱལ་དབང་པོ་བརྒྱ་བྱིན་གྱིས། །ལྷ་ལྔ་བསྙེན་ཅིང་དགྲ་ལྷ་མཆོད། །ཐ་མ་དགྲ་ལྷ་གང་ནས་བྱུང་། །གཡུལ་དང་འཁྲུགས་རྩོད་དར་བའི་ཚེ། །རྟེན་འབྲེལ་བདེན་པ་ཤེས་པ་ཡིས། །དགྲ་ལྷ་གཟེངས་བསྟོད་རུ་མཚོན་ཕྱར། །ད་ལྟ་དགྲ་ལྷ་གང་ན་བཞུགས། །སྐྱེས་བུ་བློ་རྩལ་ལྡན་པ་ཡི། །རྣམ་པར་ཤེས་པ་ཚོགས་བརྒྱད་དང་། །དཔལ་དང་བརྟུལ་ཕོད་དེ་ལ་ཆགས། །དེ་འདྲའི་དགྲ་ལྷ་སྤྱན་འདྲེན་ནོ། །བཞུགས་ས་དེ་ནི་གནས་བཙལ་བ། །ཕྲག་པ་གཡས་ཀྱི་སྟེང་ན་བཞུགས། །མི་དང་ལྷ་རུ་མ་བྲལ་ཅིག །རྨོག་དང་མེ་ལོང་མདོངས་ལ་བཞུགས། །བཀྲག་དང་གཟི་བརྗིད་མ་བྲལ་གཅིག །མཆོག་དཀར་གཞུ་ཡི་རྒྱུད་ལ་བཞུགས། །མདའ་དང་འཕོང་རྐྱེན་མ་བྲལ་ཅིག །རུ་མཚོན་ངར་མའི་རྩེ་ལ་བཞུགས། །འཕྱར་དང་དུང་འབུད་མ་བྲལ་ཅིག །རལ་གྲི་ངར་མའི་ཀླད་ལ་བཞུགས། །བསྣུན་དང་གཅོད་ཚབ་མ་བྲལ་ཅིག །སྒྱོགས་དང་གནམ་ལྕགས་དབྱིངས་ལ་བཞུགས། །འཕོག་དང་མདེའུ་མ༴ གོ་ཆའི་བླ་དང་དབྱིབས་སུ་བཞུགས། །སྲ་དང་ཞུ་བླུགས་མ༴ རྟ་ཕོའི་ཟེ་རྔོག་ཀློང་དུ་བཞུགས། །བང་དང་རྩལ་གསུམ་མ༴ མདོར་ན་འགྱེད་དང་རྩོད་པ་དང་། །ཕ་རོལ་གནོན་པའི་བླར་བཞུགས་ནས། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །གསོལ་ལོ་མཆོད་དོ་ལྷ་རྒྱལ་ལོ། །ཀྱཻ་དགུང་སྔོན་དབྱིངས་སུ་གཡུ་འབྲུག་ལྡིར་བ་བཞིན། །དགྲ་ལྷ་འཁོར་བཅས་མི་དང་མ་བྲལ་གཅིག །གངས་དཀར་སྤོ་ལ་སེང་ཆེན་འཕྱོ་བ་བཞིན། །དགྲ་ལྷ༴ ཤྭ་བ་རྭ་བཅུ་སྤང་ལ་གནས་པ༴ དགྲ་ལྷ༴ ཆུ་ཀླུང་ཆེན་པོར་ཉ་མོ་གནས་པ༴ དགྲ་ལྷ༴ མཚོ་ལ་འདབ་ཆགས་ལུས་དཀར་བརྟེན་པ༴ དགྲ་ལྷ༴ ཕ་མས་བུ་ཚ་གདུང་བརྩེས་སྐྱོང་བ༴ དགྲ་ལྷ༴ ཉི་ཟླ་སྣང་བའི་དཔལ་དང་འགྲོགས་པ༴ དགྲ་ལྷ༴ ནོར་བུ་འདོད་འཇོའི་ཡོན་ཏན་ལྡན་པ་བཞིན། །དགྲ་ལྷ༴ གོ་མཚོན་དཀོར་ནོར་སྤྱན་གཟིགས་ཡུལ་མཁར་ལ། །དགྲ་ལྷ་གཉན་པོའི་དཔུང་ཚོགས་རྟེན་བཅས་ཏེ། །དབུ་འཕང་རི་རྒྱལ་ལྷུན་པོ་ལྟ་བུར་བསྟོད། །དགྲ་ཡི་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །ཀྱཻ་འཇིག་རྟེན་མུན་པ་སེལ་བ་ཉི་ཟླའི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །ཡིད་བཞིན་ནོར་བུ་ཕུན་ཚོགས་དགོས་འདོད་གཡང་། །དེ་རིང་༴ ཚངས་པ་བརྒྱ་བྱིན་ལ་སོགས་ལྷ་ཡི༴ དེ་རིང་༴ འཁོར་ལོས་སྒྱུར་རྒྱལ་ལ་སོགས་མི་ཡི་གཡང་། །དེ་རིང་བཀྲ་ཤིས༴ དགའ་བོ་འཇོག་པོ་ལ་སོགས་ཀླུ་ཡི་གཡང་། །དེ་རིང་༴ གནོད་སྦྱིན་ཚོགས་ཀྱི་འཛད་མེད་འབྱོར་པའི༴ དེ་རིང་༴ གེ་སར་དཔའ་བརྟུལ་འཛོམས་པ་དམག་གི་གཡང་། །དེ་རིང་བཀྲ་ཤིས༴ རིགས་བརྒྱུད་བུ་ཚ་གྲངས་མེད་འཕེལ་བའི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར༴ མཚོན་གྱིས་མི་ཕེད་གོ་ཁྲབ་བརྩན་པའི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར༴ གང་བསམ་སྐད་ཅིག་བགྲོད་པ་རྟ་ཡི་གཡང་། །དེ་རིང་༴ ཕུན་ཚོགས་ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་། །གནས་འདིར་བཀྲ་ཤིས་ཕྱྭ་དང་གཡང་དུ་ལེན། །དགྲ་ལྷ་གཉན་པོ་འཁོར་དང་བཅས་རྣམས་ཀྱིས། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད། །གནད་དོན་ཆགས་ཆེ་བར་ཆད་ཀུན་ལས་སྐྱོབས། །བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །མཐར་བསམ་པ་མྱུར་འགྲུབ་དང་བཀྲ་ཤིས་གང་རྒྱས་ཀྱིས་མཐའ་བརྒྱན་པར་བྱའོ། །འདིར་སྨྲས་པ། དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ་ཡི། །དགྲ་ལྷ་མཆོད་ཅིང་བསྟིམ་པའི་ཕྲིན་ལས་ནོར། །དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང་གི་རྒྱལ། །འདི་འདྲ་གཞན་ཕན་ཁོ་ནས་བཀོད་པ་ལས། །རང་འདོད་དྲི་མས་མ་གོས་དེ་ཡིས་ཕྱིར། །འཕྱང་མོ་ཉུག་གི་ལམ་དུ་མི་ཚུད་འཚལ། །ཚུལ་འདི་གུ་རུ་ཆོས་ཀྱི་དབང་ཕྱུག་དང་། །གྲྭ་བ་མངོན་ཤེས་ཅན་གྱི་གཏེར་བྱོན་ཆོས། །རྒྱལ་དབང་ལྔ་བ་ཆེན་པོས་ཆོག་ཁྲིགས་སུ། །ལེགས་བསྟར་འགོ་བའི་ལྷ་ལྔ་མཆོད་ཐབས་ཀྱི། །གཞུང་གཉིས་ཟུང་འབྲེལ་ཚོགས་བདག་རང་གཞུང་གི །བསྲུང་བཀོད་དང་ནི་རྣམ་གསུམ་ལུས་ཀྱི་ཚུལ། །རང་ལུགས་དཀར་པོ་ཡབ་རྗེའི་དགྲ་ལྷ་ཡང་། །ཚིག་ཉུང་དོན་འདུས་བྱིན་རླབས་བདོག་མཚོན་ཚུལ། །དེ་དག་ཡོངས་དྲིལ་རྡོ་རྗེའི་མཁར་རྫོང་བཞིན། །གཞོམ་གཞིག་བྲལ་ཕྱིར་བསམ་པ་མྱུར་འགྲུབ་མས། །བརྟན་པར་བྱ་ཞིང་བཀྲ་ཤིས་སྨོན་ལམ་གྱིས། །མངའ་གསོལ་བགྱིད་འདི་ཡིད་བཞིན་ནོར་བུ་འདྲ། །འདི་ཉིད་སྒྲུབ་བརྩོན་རྣལ་འབྱོར་ཆོས་མཆོག་སོགས། །དད་ལྡན་འགའ་ཡིས་བསྐུལ་བ་དོན་ཡོད་ཕྱིར། །བྲིས་འདིས་དགེ་བས་བསྲུང་བྱ་སྦྱིན་བདག་ཚོགས། །འགོ་བའི་ལྷ་ལྔས་ཕ་ཁུ་སྤུན་ཟླ་ལྟར། །རྟག་ཏུ་བསྲུང་ཞིང་དགྲ་ལས་རྣམ་རྒྱལ་ཞིང་། །བཀྲ་ཤིས་བདེ་སྐྱིད་དཔལ་དང་ཡོངས་འགྲོགས་ཤོག །འདི་འདྲའི་མན་ངག་ལག་ལེན་སྤེལ་བྱེད་གང་། །བྱང་སེམས་ཀུན་བཟང་གཞན་ཕན་གྱིས་བགྱིས་ཤིང་། །ཡི་གེ་པ་ནི་ཐོས་བསམ་དད་དམ་ནོར། །གཅེས་སྤྲས་ཀྱིས་འཆང་རང་སློབ་ཀློང་གསལ་གྱིས། ། བགྱིས་པའི་དགེ་བ་བསྟན་འགྲོར་རྟག་སྨན་ཤོག །དགེའོ།།


previousདཔལ་མགོན་ཚོགས་ཀྱི་བདག་པོའི་དགྲ་ལྷ་མཆོད་བསྟོད་བསྟིམ་པ་ཕྲིན་ལས་དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང་གི་རྒྱལ་པོ།next