Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

18 occurrences of མགོན་པོ་བེང་
[Clear Hits]


  
  
 
 
  
  
  
  
མགོན་པོའི་ལམ་ལྷ།
 
 
 
  
  
  
  


18 occurrences of མགོན་པོ་བེང་
[Clear Hits]

 
previousམགོན་པོའི་ལམ་ལྷ།next

མགོན་པོའི་ལམ་ལྷ།

༄༅། །མགོན་པོའི་ལམ་ལྷ་བཞུགས།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སློབ་ད པོན་བཻ་རོ་ཙ་ནས་གཞི་བདག་དགེ་བསྙེན་བརྔན་པ་ལ། །ཕྱེ་མར་གཙང་མ་ལ་སྨན་དང་རིན་པོ་ཆེ་བ་བསྲེས་ལ་ཁྱུང་དང་སེང་གེ་འབྲུག་དང་གསུམ། །གཡག་ལུག་ར་གསུམ་འབྲོང་དང་བདུན། །དཀར་གསུམ་མངར་གསུམ་ཆང་ཕུད་དར་སྣ་རྣམས་བཤམས་ལ། ། དེ་ནས་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པར་བྱས་ལ། །འདི་སྐད་དོ། །ཧཱུྃ་རྡོ་རྗེ་འཆང་གི་བཀའ་བྱུང་གིས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །མགྲོན་པོ་བྱེས་སུ་འགྲོ་བའི་ཚེ། །སྐྱེས་བུ་འདོད་དོན་གང་ཞིག་གིས། །མགོན་པོ་ལེགས་ལྡན་གཙོ་བྱས་པའི། །བོད་ཡུལ་གཉན་གྱི་གཞི་བདག་དང་། །འདི་རུ་བཞུགས་པའི་ཡུལ་ལྷ་དང་། །དགེ་བསྙེན་ཆེན་པོ་འཁོར་དང་བཅས། །སྲུང་མ་གཉན་པོ་མཆོད་པའི་ཚེ། །མགྲོན་པོའི་མི་རྟ་ཁལ་མཛོ་རྣམས། །སྔུན་ནས་སུས་ལ་རྒྱབ་ནས་སྐྱོལ། །རྒྱ་ཡི་ཟས་ནོར་གྲོགས་སུ་སྡུས། །བོད་ཀྱི་ཟས་ནོར་གཡང་དུ་ལོངས ། །མཁའ་འགྲོའི་དོན་སྒྲུབས་ཡུལ་དུ་སྐྱོལ། །ཡུལ་དུ་ཕྱི་ཡི་དགྲ་སྣ་བཟློག །དངོས་གྲུབ་བར་ཆད་བྱེད་པ་ཡི། །གདོན་བགེགས་འབྱུང་པོ་རྡུལ་དུ་རློོགས། །བསྟན་པ་གཉན་པོ་བསྲུང་དུ་གསོལ། །ཁྱེད་ལ་མཆོད་པ་འབུལ་བ་ནི། །བཀའ་ཡི་གཏོར་མ་རྒྱན་ཅན་དང་། །ཁྱུང་དང་སེང་གེ་གཡུ་འབྲུག་དང་། །གཡག་ལུག་ར་ཡི་གཟུགས་འགྲོས་དང་། །རིན་ཆེན་གསེར་དངུལ་ཕྱེ་མར་དང་། །ཇ་ཆང་ལ་སོགས་ཟས་སྐོམ་ཕུད། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །བསམ་གཏན་ལྷ་ཡི་དཀོར་པོ་བས་ལྷག །མཐུ་ཆེན་གཉན་པོ་རྣམས་ལ་འབུལ། །བསོ་མ་གཡེལ་སྲུང་མ་མཐུ་རྩལ་ཅན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །ཇག་ལ་འགྲོ་ན་ཇག་དཔོན་མཛོད། །དམག་ལ་འགྲོ་ན་དམག་དཔོན་མཛོད། །ཕྱོགས་བཅུར་མགྲོན་པོ་གར་འགྲོ་ཡང་། །སྡུན་དུ་སུས་ལ་རྒྱབ་ཏུ་སྐྱོལ། །མགྲོན་པོ་ལམ་དུ་ཞུགས་པའི་ཚེ། །འཇིགས་པ་བརྒྱད་ལས་སྐྱོོབ་པར་མཛོད། །མཐོ་ལ་བབ་ན་ལ་བརྒལ་ཞིང་། །དམའ་ལ་བབ་ན་ཆུ་སྒྲོལ་ཞིག །ཆུ་ལ་འགྲོ་ན་གྲུ་ཟམ་གྱིས། །བྲག་ལ་འགྲོ་ན་འཕྲང་ཐེམ་གྱིས། །གྱེན་ལ་འགྲོ་ན་ཤུགས་ཀྱིས་དྲོངས། །ཐུར་ལ་འགྲོ་ན་སྟོབས་ཀྱིས་བརྟེན། །ཉམ་ང་ཤུལ་གྱི་མཛོ་རྟ་དྲོངས ། །མཐོ་ས་སྒང་ལ་བྱ་ར་གྱིས། །དམའ་ས་ཐང་ལ་འཚོ་རྫི་མཛོད། །མགྲོན་པོའི་སྔུན་གྱི་ལམ་སྣ་དྲོངས། །ཚོང་པ་རྒྱབ་ཀྱི་ཤུལ་ཡར་ཁྱོགས། །ཁལ་ཁུར་མ་ཡོ་བརྟན་པར་མཛོད། །མགྲོན་པོ་མི་རྟ་ཁལ་མཛོ་རྣམས། །ཤུལ་རིང་ལམ་དུ་ཞུགས་པའི་ཚེ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཞིང་ཆད་དུ་མ་འཇུག་ཅིག །བྲང་ཁང་གནས་སུ་ཞུགས་པའི་ཚེ། །ཉིན་གྱི་གུང་དུ་བྱ་ར་མཛོད། །མཚན་གྱི་གུང་དུ་མེལ་ཚེ་གྱིས། །ཕྱི་རྐུན་ནང་དུ་མ་བཏང་ཅིག །ནང་རྐུན་བྲང་ལ་མ་འགྱེད་ཅིག །ཚོང་དུས་གནས་སུ་ཕྱིན་པའི་ཚེ། །ཚོང་དཔོན་ཐུགས་ཡིད་མ་ཀྲུགས་ཤིག །བྲང་ལ་ནོགས་པ་མ་བཏང་ཅིག །ནོགས་ཀྱང་ཐུགས་དང་མ་འགལ་ཅིག །བྲང་ལ་ནང་མཁོན་མ་བཏང་ཅིག །གློ་བུར་ཡེ་འགྲོགས་མ་བཏང་ཅིག །བརྗེད་ཅིང་སྟོར་བརླགས་མ་འཇུག་ཅིག །བསྐྱུར་བ་བོར་སྟོར་མ་བཏང་ཅིག །བདག་དང་ཡོན་བདག་འཁོར་བཅས་རྣམས། །གར་འགྲོ་གར་འདུག་གར་གནས་ཀྱང་། །ཁ་ཡི་ཟས་འདོད་ཟས་དང་སྤྲོད། །ལག་པའི་ནོར་འདོད་ནོར་དང་སྤྲོད། །སྙིང་གི་ཆོས་འདོད་ཆོས་དང་སྤྲོད། །རྒྱབ་ཀྱི་གོས་འདོད་གོས་དང་སྤྲོད། །རྐང་པ་རྟ་འདོད་རྟ་དང་སྤྲོད། །ཚོང་ཡ་རྣམས་ཀྱི་ཆང་པ་ཁྲོལ། །གནས་པོ་རྣམས་ཀྱི་ཡིད་སེམས་སྲུངས། །བདག་ལ་ཕྱོགས་པའི་སྡོང་ཟླ་མཛོད། །ཅི་འདོད་དངོས་གྲུབ་བདག་ལ་སྩོལ། །རྒྱ་ནོར་བོད་ནོར་དབང་དུ་སྡུས། །མགྲོན་པོ་རྣམས་ཀྱི་དོན་གཉེར་ན། །དཀོན་མཆོག་གསུམ་གྱི་བདེན་པ་ཡིས། །ཕྲེང་བ་ལག་ཏུ་འདུག་པ་ལྟར། །ལག་པ་གཡས་ན་དཔལ་ཡོད་ཤོག །མགྲོན་པོ་རྣམས་ཀྱི་དོན་འགྲུབ་ནས། །བསྲུང་མ་རྣམས་ལ་གཏང་རག་འབུལ། །ཕྱི་ཡང་དགོས་པའི་ཞུ་དོན་འབུལ། །བཀའ་ཡི་གཏོར་མ་རྒྱན་ཅན་དང་། །ཉིད་ཀྱི་མཐུན་རྫས་གཡག་ལུག་འབུལ། །རིན་ཆེན་གསེར་དངུལ་ཕྱེ་མར་མཆོད། །ཇ་ཆང་ཟས་སྐོམ་ཕུད་ཀྱིས་མཆོད། །བསོ་མགོན་པོ་ལེགས་ལྡན་ཚོང་དཔོན་མཛོད། །དཔལ་རབ་འཆང་གིས་ལམ་ལྷ་མཛོད། །ཉི་མའི་སྲས་པོས་སོ་བ་མཛོད། །ཤ་བ་རི་ཡིས་ཕྱུགས་རྫི་མཛོད། །རེ་མནྟ་ཡིས་རྟ་རྣམས་འཚོས། །བྲག་ལྷ་མགོན་པོས་བྲག་ལམ་མཛོད། །ཛམ་བྷ་ལ་ཡིས་ནོར་རྣམས་སྡུས། །རྣམ་ཐོས་སྲས་ཀྱིས་ནོར་རྣམས་སྲུངས། །དགེ་བསྙེན་ཆེན་པོས་ཚོང་དཔོན་མཛོད། །དགྲ་ཡི་ཇག་རྐུན་འོང་ཤོམ་ན། །པྲ་རྟགས་མཚན་ལྟས་རྟེན་འབྲེལ་རྣམས། །སྔ་རྟགས་སྒྲོན་བཞིན་གསལ་བར་སྟོན། །ཇག་ཉེས་རྐུ་དུག་དགྲ་ལ་ཕོབས། །སྲུང་མ་རྣམས་ཀྱིས་དགྲ་སྡང་ཐུལ། །བདག་ཅག་ལ་སོགས་བྲན་འཁོར་རྣམས། །འཇིགས་པ་བརྒྱད་ལས་སྐྱོབ་པར་མཛོད། །ཡུལ་ལྷ་གཉན་པོས་འཚོ་རྫི་མཛོད། །ཀླུ་གཉན་ས་བདག་རྒྱབ་བརྟེན་མཛོད། །རྡོ་རྗེ་ལེགས་པ་ཚོང་ལ་ཆོས། །ཚོང་པ་རྣམས་ཀྱིས་ཆང་པ་སྤྲུགས། །མི་ལ་ཆོད་ལ་བདག་ལ་སྟེར། །བསྭོ་མ་གཡེལ་སྲུང་མ་མགོན་གྱི་ལྷ། །རེམ་ཞིག་འདོད་པའི་དོན་རྣམས་སྒྲུབས། །ལམ་ལ་དགྲ་བྱེད་ཆོམ་རྐུན་རྣམས། །རྒྱུས་པ་ཆིངས་ལ་གྲུམས་ཆིངས་གྱིས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བསྭོ་རེམ་ཞིག་སྲུང་མ་མགྲོན་གྱི་ལྷ། །རེམ་ཞིག་འདོད་པའི་དོན་རྣམས་སྒྲུབས། །ལམ་ལ་དགྲ་བྱེད་ཆོམ་རྐུན་རྣམས། །རྒྱུས་པ་ཆིངས་ལ་གྲུམས་ཆིངས་ཀྱིས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བསྭོ་རེམ་ཞིག་སྲུང་མ་མགྲོན་གྱི་ལྷ། །བདག་དང་ཡོན་བདག་འཁོར་བཅས་རྣམས། །མི་ལ་ཤྭ་དང་རྒྱན་འགྱེད་ཚེ། །ཤྭ་དང་རྒྱན་ལས་རྒྱལ་བར་མཛོད། །དོ་མ་མགྱོགས་པའི་བང་འགྲན་ན། །རང་རྟ་མགྱོགས་པའི་ཤུགས་ཕྱུངས་ཤིག །རང་གི་བུ་རྟ་འཚོ་རྫི་མཛོད། །གཞན་གྱི་བུ་རྟའི་རྒྱུས་པ་ཆིངས། །སྡང་བའི་དགྲ་ལ་དམག་དྲངས་ན། །དམག་དཔོན་ཆེན་པོ་དམག་ལ་ཆོས། །ཟུན་གྱི་དམག་མི་རྒྱལ་བར་མཛོད། །དགྲ་བོའི་དམག་མི་ཕམ་དུ་ཆུག །ཚོང་ལ་གནོད་པར་བྱེད་པ་ཡི། །ལོག་སེམས་གནོད་བྱེད་ཁེ་དྲག་ཅན། །སྲུང་མ་ཁྱེད་ཀྱིས་ཚར་ཆོད་ཅིག །བར་བ་ཚོང་རྣ་འཕྲོས་པའི་ཚེ། །ཕམ་བྱེད་བར་ཆད་མ་བཏང་ཞིག །བར་ཆད་མ་བཏང་ཕན་སེམས་མཛོད། །ན་ཚ་གོས་ཁ་མ་བཏང་ཞིག །ཚོང་རྒྱལ་དོན་གྲུབ་ཚུར་འོང་ནས། །སྲུང་མ་རྣམས་ལ་གཏང་རག་འབུལ། །མ་གཡེལ་མ་གཡེལ་སྲུང་མ་རྣམས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །དེ་ནས་མཆོད་གཏོར་དགྲ་ཕྱོགས་སུ་བསྐྱལ་ལོ། །ལེགས་ལྡན་མགོན་པོའི་ལམ་ལྷ་པཎྜིཏ་པ་གོར་བཻ་རོ་ཙ་ནས་མཛད་པ་རྫོགས་སོ། །༼ཨྠ྄ྀི༽


previousམགོན་པོའི་ལམ་ལྷ།next