Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

18 occurrences of མགོན་པོ་བེང་
[Clear Hits]


  
  
 
 
  
  
  
  
 
 
 
  
མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒོ་ནས་དགྲ་སྲི་མནན་ཐབས་རྡོ་རྗེའི་ལྷུན་པོ།
  
  
  


18 occurrences of མགོན་པོ་བེང་
[Clear Hits]

 
previousམགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒོ་ནས་དགྲ་སྲི་མནན་ཐབས་རྡོ་རྗེའི་ལྷུན་པོ།next

མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒོ་ནས་དགྲ་སྲི་མནན་ཐབས་རྡོ་རྗེའི་ལྷུན་པོ།

༄༅། །མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒོ་ནས་དགྲ་སྲི་མནན་ཐབས་རྡོ་རྗེའི་ལྷུན་པོ་ཞེས་བྱ་བ་བཞུགས་སོ།

གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་གཟུགས། ཞི་ཆགས་ཁྲོ་སོགས་འདོད་དགུར་བསྒྱུར་མཛད་གང་། སྐ་གསུམ་རྒྱལ་བའི་ཕྲིན་ལས་མངའ་བདག་མཆོག །ཚོགས་ཀྱི་བདག་པོར་ངེས་པས་ཕྱག་འ ཚལ་ལོ། སྲིད་པའི་འགྲོ་རྣམས་དགྲ་འདྲེའི་དུ་ཁས་མནན། ཕན་བྱེད་རྒྱལ་བའི་ཕྲིན་ལས་ཚད་བཟུང་བྲལ། དེ་ཕྱིར་དགྲ་སྲི་མནན་པའི་ཐབས་ཟབ་མོ། ངག་གབ་པ་མངོན་བྱུང་འདི་ལྟར་རོ། དེ་ཡང་དཔལ་མགོན་ལེགས་ལྡན་ནག་པོ་དང་། ཚོགས་ཀྱི་བདག་པོ་ཡབ་སྲས་ཀྱི་སྒོ་ནས་དགྲ་སྲི་མནན་པའི་ལས་ཀྱི་རིམ་པ་ནི། ལིངྒ་བྲུབ་ཁུང་ཐོད་པ་རྫས་སོགས་ཡིག་ཆུང་ལས་ཤེས་པར་བྱ་ཞིང་། དམིགས་འདོན་དབྱེར་མེད་ཀྱི་ངང་ནས། དང་པོ་གསེར་སྐྱེམས་འབུལ་བ་ནི། སྣོད་གཙང་དུ་སྐྱེམས་ཕུད་རིན་པོ་ཆེ་བརྡར་བ་ལ། རཾ་ཡཾ་ཁཾ་གིས་བདུད་རྩིའི་ཉེས་སྐྱོན་སྦྱངས་ༀ་ཨཱཿཧཱུཾ་གིས་འདོད་ཡོན་གྱི་ཕུང་པོ་ལོངས་སྤྱོད་དཔག་མེད་དུ་བལྟས་ལ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས། གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། ཁྱད་པར་དཔལ་མགོན་ཚོགས་བདག་ཡབ་ཡུམ་སྲས། ལས་མགོན་རྣམ་གསུམ་ཕྱོགས་བཅུའི་སྡེ་བརྒྱད་མགོན། སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ཕྱག་བརྙན་བཅས། གསེར་སྐྱེམས་འདི་བཞེས༴ མ་མགོན་ལྕམ་དྲལ་ཚེ་རིང་མཆེད་ལྔ་དང་། དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། བཀའ་ཉན་བྲན་གཡོག་མངག་གཞུག་བཅས་པ་རྣམས། གསེར་སྐྱེམས་འདི་བཞེས༴ སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། ས་ཕྱོགས་འདི་ཡི་ཡུལ་གཞིའི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། གསེར་སྐྱེམས་འདི་བཞེས༴ མཆོག་གསུམ་ངོ་བོ་དཔལ་མགོན་བླ་མ་དང་། རྒྱུད་སྡེ་རྒྱ་མཚོ་གནས་གསུམ་མཁའ་འགྲོ་ལྷ། མ་མགོན་ལྕམ་དྲལ་ཚེ་རིང་མཆེད་ལྔ་ལ། མཆོད་གསོལ་བསྟོད་དོ་བསམ་དོན་ལྷུན་གྲུབ་མཛོད། གཉིས་པ་གཟུ་དཔང་བཅོལ་བ་ནི། ཧཱུཾ་ཁྱབ་བདག་གདོད་མའི་མགོན་པོ་ནས་བཟུང་སྟེ། མངོན་པར་བྱང་ཆུབ་དཔལ་མགོན་བླ་མའི་བར། དགོངས་བརྡ་སྙན་བརྒྱུད་རྡོ་རྗེ་སློབ་དཔོན་དང་། དཔལ་ཆེན་འདུས་པའི་ལྷ་ཚོགས་གཟུ་དང་དཔང་། ལྷ་ཡི་ལྷ་མཆོག་དཔལ་མགོན་ཚོགས་ཀྱི་བདག ཡུམ་ཆེན་ཁྲོ་མོ་ཡཀྴ་བཻ་ཏ་ལི། སྐ་གསུང་ཐུགས་མགོན་ཡོན་ཏན་ཕྲིན་ལས་མགོན། ཕྱོགས་བཅུའི་སྡེ་བརྒྱད་ལྷ་ཀླུ་གཉན་དམག་དཔུང་། ཟོ་དོར་ཡུལ་ལྷ་དཀར་ཕྱོགས་སྲུང་མའི་ཚོགས། དཔལ་མགོན་དམ་ཅན་རྒྱ་མཚོ་གཟུ་དང་དཔང་། འགྲོ་དྲུག་བདེ་གཤེགས་སྙིང་པོའི་རང་བཞིན་ལ། དགྲ་གཉེན་ཕྱོགས་ཆའི་སྡང་ཞེན་མི་དམིགས་ཀྱང་། གཟུང་འཛིན་གདོན་གྱིས་བརླམས་པའི་ཉམས་པ་བདུན། བྱང་ཆུབ་སེམས་གཉིས་བསྒོམ་པའི་དགྲ་རུ་ལངས། འདི་ལ་མངོན་སྤྱོད་ཕྲིན་ལས་མི་མཛད་ན། མཐར་གྱི་འཆི་བ་སེམས་ཅན་ཀུན་ལ་ཡོད། དུས་ལ་བབ་ན་དཔག་བསམ་ཤིང་ཡང་འགྱེལ། བསམ་པ་ངན་པའི་འབྲས་བུ་མཐར་ཕྱིན་ན། ཚར་གཅོད་རྗེས་འཛིན་མཐུ་སྟོབས་རྫུན་དུ་ཟད། ཆོས་ཉིད་བདེན་པ་བསླུ་བ་མེད་པ་དང་། སྔགས་ཀྱིས་སྒྲོལ་བ་སངས་རྒྱས་རྣམས་ཀྱི་མཐུ། ཨ་བྷི་ཙཪྱའི་དུས་ལ་ད་བབ་ན། བརྣག་པའི་ལས་ལ་བཏང་སྙོམས་མ་མཛད་ཅིག དུས་གསུམ་སངས་རྒྱས་རྣམས་ཀྱིས་དབྱིངས་ནས་གཟིགས། མཁའ་འགྲོ་ཆོས་སྐྱོང་སྲུང་མས་ནུས་སྟོབས་སྐྱེད། ཡུལ་ལྷ་གཞི་བདག་རྣམས་ཀྱིས་སྡོང་གྲོགས་མཛོད། བདེན་གཉིས་རྒྱུ་འབྲས་བསླུ་མེད་གཟུ་དང་དཔང་། དཔལ་མགོན་ཆོས་སྐྱོང་རྣམས་ཀྱིས་མཐུ་རྩལ་སྐྱེད། ཉེས་ཅན་འདི་ལ་མངོན་སྤྱོད་ཕྲིན་ལས་མཛོད། ཅེས་བརྗོད་ཅིང་ཡུས་གདབ། གསེར་སྐྱེམས་ཕྱོགས་བཅུར་འཐོར། བསྐལ་པ་ནི། ཧཱུཾ་མི་གནས་ཡམས་ཆོས་སྐའི་ཕོ་བྲང་ནས། ལོངས་སྤྱོད་རྫོགས་པ་ཞི་དང་ཁྲོ་བོའི་ལྷ། དཔལ་འབྱོན་ཚོགས་ཀྱི་བདག་པོའི་ལྷ་ཚོགས་རྣམས། ཐུགས་དམ་བསྐལ་ལོ་འགྲོ་བའི་དོན་ལ་དགོངས། རིག་པའི་རང་བཞིན་བདེ་གཤེགས་སྙིང་པོ་ཡང་། མ་རིག་འཛིན་པའི་ཀུན་གཞི་ལུང་མ་བསྟན། སྒོ་ལྔའི་ཡུལ་དུ་རྟེན་ཅིང་འབྲེལ་བ་ལས། རིགས་དྲུག་རྒྱུད་ལྔའི་གནས་སུ་འཁྱམས་པ་རྣམས། ལས་དང་ཉོན་མོངས་མཐུ་ཡིས་གཟིར་བའི་མཐུ། ཕྱི་རོལ་ཡུལ་ལ་སྨིན་པའི་སྡུག་བསྔལ་དང་། ནད་མཚོན་མུ་གེ་དགྲ་བགེགས་འབྱུང་པོའི་གདོན། འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས། མངོན་སྤྱོད་དྲག་པོའི་རོལ་པས་ཚར་བཅད་ནས། ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམས། རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བས། རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛོད། ཅེས་བསྐལ་ལོ། བཞི་ས་ལས་བྱེད་ཀྱི་ལྷ་འགྱེད་པ་ནི། མདུན་གྱི་ལས་རྦད་ཀྱི་གཏོར་མ་མི་དམིགས་པ་སྟོང་ལ་འཛིན་པ་དང་བྲལ་བའི་དང་ནས། རང་གི་ཕར་མདུན་སྲུང་མ་རྣམས་ཀྱི་ཚུར་མདུན། གྲུ་གསུམ་དེ་ལྕགས་ཀྱི་ཁང་པ་ཟུར་གསུམ་ནག་ལ་གཏིང་ཟབ་པ། སྒོ་མེད་པ་གཅིག་གི་ནང་དུ། དགྲ་བགེགས་གང་ཡིན་པ་དེ་དངོས་སུ་བསྐྱེད་པའི་སྟེང་དུ་མགོན་པོའི་ཐུགས་ཀ་ནས་ཕཊཿ ནག་པོ་གཅིག་འཕྲོས་པ་ལས་བདུད་མགོན་སྲོག་གཅོད་ནག་པོ་གཡས་སོག་ལེ་གཡོན་ཐོད་ཁྲག་ཐོགས་པ། ལུས་ལ་བདུད་སྟྭ་རྣོན་པོ་ཡམ་ཡམ་པས་བརྒྱན་པ། ཆིབས་སུ་བདུད་གླང་ནག་པོ་ལ་བཅིབས་པ། དེའི་འཁོར་དུ་རེ་འབྱམས་སྤུན་དགུ། ལོ་བདུད་བཅུ་གཉིས། ལོའི་རེ་འབྱམས་དྲུག་ཅུ་རྩ་བཞི། ལྷ་འདྲེ་གྲི་བོའི་དམག་ཚོགས། སྲིན་པོའི་གདོན་ཚོགས། བདུད་པོ་ཐོད་ཁུར། བདུད་མོ་ནད་བདག་ཐེའུ་རང་འགོང་པོ། ཟ་བྱེད་དང་བཙན་དང་གཤིན་རྗེ་དཔག་ཏུ་མེད་པས་བསྐོར་ནས་དགྲ་བོ་བསད་བཅད་ཀྱི་ཤན་པར་རྔམ་ཤིང་ཡོད་པར་བསྒོམས། དེ་ནས་འདས་པའི་དྲེགས་བྱེད་ཐམས་ཅད་བསྟིམས། དེ་ལྟར་དུ་གསལ་བའི་བདུད་མགོན་གྱི་ཐུགས་ཀར་ཕཊཿ མཐིང་ནག་དང་འཁོར་རྣམས་ཀྱི་ཐུགས་ཀར་རང་རང་གི་མིང་ཡིག་དང་པོའི་ཐིག་ལེས་བརྒྱན་པ་ལས་འོད་ཟེར་འཕྲོས་པས་དེ་འདྲ་བའི་ལྷ་ཚོགས་སྤྱན་དྲངས་ནས་དམ་ཚིག་གི་འཁོར་ལོ་དང་དབྱེར་མེད་དུ་ཐིམ་པར་བསམ་ཞིང་། ཛཿཧཱུཾཾ་བམ་ཧོ༔ ཞེས་སོགས་ཀྱིས་ལས་རྦད་གཙོ་འཁོར་ཡོངས་རྫོགས་བསྐྱེད་ལ་ཡེ་ཤེས་པ་སྤྱན་དྲངས་པ་དང་མཆོད་བསྟོད་ཕྲིན་བཅོལ་རྦད་པ་སོགས་ནི་འདི་སྐད་དོ། ཧཱུཾ་སྔོན་ཚེ་དངོས་གྲུབ་བསྒྲུབ་པའི་ཚེ། བྱིན་རླབས་ཡ་མཚན་ཆེ་བའི་གནས། བྱ་རྒོད་ཕུང་པོའི་རི་ཡི་གྲོང་། འོད་མའི་ཚལ་གྱི་བྱང་གི་གནས། གང་ག་ཆེན་པོའི་ལྷོ་ཕྱོགས་ན། ནཱ་ལེནྟྲ་ཡི་ཤར་ཕྱོགས་ན། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཤི་རི་ཤ་དང་ཨ་ཤྭ་ཀ། ཨུ་དུམ་ཝཱ་ར་ནྱ་ཀྲོ་ཏ། ཤེལ་དང་མེ་ཏོག་ཚལ་གྱིས་བརྒྱན། ཀང་རུས་ཐོད་པའི་སྐ་མཁར་ནས། ནག་པོ་ཆེན་པོ་སྤྱན་འདྲེན་ན། ཆོས་དབྱིངས་ཕོ་བྲང་དམ་པ་འདིར། ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། བྱིན་གྱིས་བརླབས་པའི་གནས་མཆོག་འདིར། བསྟན་པ་བཤིག་བྱེད་བསྒྲལ་བའི་ཕྱིར། ནག་པོ་ཆེན་པོ་གཤེགས་སུ་གསོལ། ཤ་ཁྲག་དམར་གྱི་བདུད་རྩི་འདི། མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་བའི་ཕྱིར། ཡང་ཅིག་སྐ་ཅན་གཤེགས་སུ་གསོལ། མཐིང་ནག་གྲུ་གསུམ་དཀྱིལ་འཁོར་འདིར། འཕུང་བྱེད་ནག་པོ་སྤྱན་འདྲེན་ན། ཁྲག་འཐུང་ཆེན་པོ་གཤེགས༴ ཆོས་དབྱིངས་མི་འགྱུར་ཀློ་ང་དཀྱིལ་ནས། དམ་ཅན་ནག་པོ་སྤྱན་འདྲེན་ན། ལྷ་ཆེན་དཔལ་འབར་གཤེགས༴ དད་པ་དང་ནི་དམ་ཚིག་གིས། ལེགས་ལྡན་ནག་པོ་སྤྱན་འདྲེན་ན། བསྟན་སྲུང་མགོན་པོ་གཤེགས་སུ་གསོལ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། བསྟན་པ་བསྲུང་བར་ཞལ་བཞེས་པའི། བྱ་རོག་གདོང་ཅན་གཤེགས༴ ནག་པོ་སྟོང་དང་ཤ་ཟ་འབུམ། མ་མོ་བྱེ་བའི་ཚོགས་རྣམས་ཀུན། བདེ་གཤེགས་སྤྲུལ་པ་གཤེགས་སུ་གསོལ། བྷུ་དྡྷའི་རྗེས་འཇུག་དམ་ཚིག་ཅན། རྣལ་འབྱོར་བདག་གིས་སྤྱན་འདྲེན་ན། བསྟན་པ་རྒྱས་མཛད་གཤེགས༴ དྲག་པོའི་ལས་རྣམས་བསྒྲུབ་པའི་ཕྱིར། སྡེ་བརྒྱད་མགོན་པོ་སྤྱན་འདྲེན་ན། སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། ཇི་ལྟར་ཁས་བླངས་དམ་བཅས་པའི། ཁྲག་འཐུང་ཆེན་པོ་གཤེགས༴ ནག་པོ་ཆེན་པོ་དྲག་ཤུལ་ཅན། བྱ་རོག་མཚན་ཅན་སྟོབས་པོ་ཆེ། ཁྱོད་ཀྱིས་མི་འདུལ་གང་ཡང མེད། སྔོན་གྱི་ཐུགས་དམ་དགོངས་མཛོད་ལ། དད་པ་དང་ནི་དམ་ཚིག་གིས། ཚུར་གཤེགས་ཚུར་གཤེགས་ནག་པོ་ཆེ། བསྟན་དང་བསྟན་འཛིན་སྐྱོང་བ་དང་། བསྟན་དགྲ་ལོག་འདྲེན་སྒྲོལ་ཕྱིར་དུ། དྲག་པོའི་གནས་འདིར་གཤེགས་ནས་ཀྱང་། དུར་ཁྲོད་རོལ་པའི་གདན་དེ་རུ། མངོན་སྤྱོད་དབང་གིས་བཞུགས་སུ་གསོལ། ༀ་ཤྲྀ་མ་ཧཱ་ཀཱ་ལ་ས་མ་ཡ་ཛཿཧཱུཾ་བཾ་ཧོཿ གསུམ་པ་མཆོད་པ་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཀྱེ་མ་མགོན་པོའི་ཐུགས་ཀྱི་སྤྲུལ་པ་ལས། བདུད་མགོན་སྲོག་གཅོད་ནག་པོ་དང་། བདུད་དམག་འབུམ་ཕྲག་འཁོར་བཅས་རྣམས། གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། རྒྱན་གྱི་གཏོར་མ་འདི་བཞེས་ལ། དགྲ་སྲོག་གཅོད་པའི་དུས་ལ་བབ། ལས་བཅོལ་ཕྲིན་ལས་མྱུར་དུ་མཛོད། ཀྱཻ་ས་བདག་རྒྱལ་པོ་ཕག་མགོ་ཅན། རེ་འབྱམས་མཆེད་བརྒྱད་འཁོར་བཅས་རྣམས། གནས་འདིར་སྤྱན་འདྲེན་སོགས། ཀྱཻ་མྱུར་མགྱོགས་ཕྲ་མེན་བཅུ་གཅིག་དང་། བདུད་ཕོ་ལོ་བདུད་བཅུ་གཉིས་རྣམས། གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། རྒྱན་གྱི་གཏོར་མ་འདི་བཞེས་ལ། དགྲ་སྲོག་གཅོད་པའི་དུས་ལ་བབ། ལས་བཅོལ་ཕྲིན་ལས་མྱུར་དུ་མཛོད། ཀྱཻ་མི་ལུས་དུད་འགྲོའི་མགོ་བོ་ཅན། ཕུང་འདྲེ་བཅོ་བརྒྱད་འཁོར་བཅས་རྣམས། གནས་འདིར་སོགས། ཀྱཻ་ཕོ་བདུད་བདུད་ཕོ་ཐོད་ཁུར་དང་། མོ་བདུད་བདུད་མོ་ནད་བདག་དང་། སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། གནས་འདིར་སོགས། ཀྱཻ་སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ། འཕགས་པ་སྤྱན་རས་གཟིགས་དབང་དང་། དཔལ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས། རིག་འཛིན་དྷ་ན་སཾ་སྐྲྀ་ཏ། མཁས་པ་བཻ་རོ་ཙ་ན་ཡི། སྤྱན་སྔར་ཁས་བླངས་དམ་བཅས་པ། བསྟན་སྲུང་མགོན་པོ་ལ་སོགས་པའི། འཇིག་རྟེན་དྲེགས་པའི་ལྷ་འདྲེ་རྣམས། དམ་ཚིག་གཉན་ལ་མ་འདའ་བར། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། རྒྱན་གྱི་གཏོར་མ་འདི་བཞེས་ལ། དགྲ་བགེགས་མིང་གཟུགས་བྲིས་པ་རྣམས། སོད་ཅིག་སྒྲོལ་ཞིག་དགྲ་ཤ་ཟོ། གཏན་ནས་བརླག་པའི་ཕྲིན་ལས་མཛོད། ཀྱཻ་སྐྱེ་འགྲོའི་སྲོག་ལ་དབང་བྱེད་པའི། ས་བདག་རེ་འབྱམས་མཆེད་བརྒྱད་དང་། ལོ་བདུད་བཅུ་གཉིས་འཁོར་བཅས་དང་། སྲིན་པོ་སྡེ་བཞི་གྲི་བོའི་ཚོགས། ཕུང་འདྲེ་བཅོ་བརྒྱད་ཁྱེད་རྣམས་ལ། ཕྲིན་ལས་དྲག་ཏུ་བཅོལ་བ་ནི། བདག་ལ་བརྙས་བྱེད་སྡིག་ཅན་དང་། ཉམས་པ་ཅན་གྱི་དགྲ་བོ་འདིའི། སྲོག་སྙིང་ཕྱུངས་ལ་འབྱུང་བཞི་ཀྲུགས། མེ་དབལ་གག་ལྷོག་གཟོར་གསུམ་སོགས། ཚ་ནད་འབྲུམ་པ་ཁྲག་བཤལ་རིམས། སྲོག་སྙིང་ཕྱུང་བའི་ལས་རྣམས་ཀྱིས། དམ་ཉམས་དགྲ་བོའི་མཐའ་རྩ་ཆོད། བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། ཅེས་བརྗོད་ཅིང་བསྐལ་ལོ། ལྔ་པ་བྲིབ་ཁུང་བསྐྱེད་པ་ནི། ཨེ གནོད་བྱེད་དགྲ་བགེགས་མ་ལུས་བྲུབ་པའི་ཁུང་། དུག་གསུམ་ལས་ལས་གྲུབ་པའི་བཙོན་ཁང་ནི། གྲུ་གསུམ་དམར་ནག་རི་རབ་བང་རིམ་ཅན། འོག་ཕྱོགས་འདོད་ཆགས་ཁྲག་མཚོ་ཁོལ་མའི་གཞི། ནང་དམར་ཞེ་སྡང་རང་བཞིན་མེ་དཔུང་འབར། ཕྱི་ནག་གཏི་མུག་བྱིང་བའི་མུན་པ་འཐིབས། ཁ་དོག་མཐིལ་ཡངས་ཟིན་ན་ཐར་མེད་གནས། བདུད་ཀྱི་བཙོན་ར་གཤིན་རྗེའི་ཕོ་བྲང་ཆེ། ཤན་པའི་གྲོང་ཁྱེར་གསོད་དང་གཅོད་ལ་རྔམས། ཤ་ཁྲག་ཟས་ལ་རབ་དགའ་དེ་ཡི་མཐར། ཁོར་ཡུག་ལྕགས་བསྲེགས་ས་གཞི་ངར་མའི་སྟེང་། རྩང་དམར་འཇིག་རྟེན་ལས་གྲུབ་བཤན་པའི་ཚོགས། ཉི་ཤུ་རྩ་གཅིག་འཁོར་བཅས་གསལ་བར་གྱུར། དྲུག་པ་ལིངྒ་དམིགས་བྱ་གསལ་བ་ནི། ནྲྀཿཏྲིཿ དེ་ནང་བཀོད་པའི་ལིངྒ་བསྒྲལ་བའི་ཞིང་། བསྟན་པ་སྤྱི་དང་རྣལ་འབྱོར་སྒོས་ཀྱི་དགྲ། དམ་ཉམས་དགྲ་བོ་གནོད་བྱེད་ཨ་མུ་ཀ། གཟུགས་བརྙན་རི་མོར་བྲིས་ལ་མིང་བྱང་བཏབ། རྣམ་ཤེས་རྟེན་དུ་བྱས་ལ་ཟག་རྫས་བྱུག ཉམ་ཐག་མྱ་ངན་འདུག་སྟངས་རྐང་ལག་བཅིངས། མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། བདུན་པ་ཕོ་ཉ་སྤྲོ་ཞིང་དམིགས་བྱ་དགུག་པ་ནི། ཛཿཛཿ བདག་དང་མདུན་བསྐྱེད་ཐུགས་ལས་རང་འདྲ་བའི། སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་འཕྲོས་པས། དམ་ཉམས་དགྲ་བོའི་རྣམ་པར་ཤེས་པ་ནི། སྐྱོབས་བྱེད་ལྷ་དང་བན་བོན་སྲུང་མའི་སྐྱབས། མདོར་ན་གར་ཡོད་གར་གནས་དེ་དག་ནི། མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས། དམའ་བ་ན་རག་དམྱལ་ཁམས་ཡན་ཆད་དུ། བྲོས་ཤིང་བསྡད་པའི་རང་དབང་མེད་གྱུར་ནས། འགུགས་བྱེད་ལྕགས་ཀྱུས་སྙིང་གི་གནས་ནས་ཟུངས། ལས་ཀྱི་རླུང་དམར་ཞགས་པས་མགུལ་ནས་ཁྲིད། འཇོམས་བྱེད་ཐོ་བས་སྤྱི་བོའི་གཙུག་ནས་རྡུངས། འཇིགས་བྱེད་མུན་པ་ནག་པོས་རྒྱབ་ནས་དེད། ལས་ཀྱི་ཕོ་ཉས་ཧབ་སྒྲ་དི་རི་རི། རང་དབང་མེད་པར་བཙོན་བཞིན་ཁྲིད་ནས་ཀྱང་། ཕོ་རྣམས་གཡས་དང་མོ་རྣམས་གཡོན་དུ་བསྐོར། བདག་མདུན་བྲུབ་ཁུང་མཐར་སླེབ་འཁོར་རྣམས་ཀྱིས། ཀླད་ལ་གཡུགས་ཅིང་ལྕགས་བསྲེགས་ས་བཞིར་བརྡབ། ཁོ་ཡི་ཁོང་པའི་ནང་ནས་ཚེ་དང་བཅུད། ཐམས་ཅད་ཡར་བསྐྱུགས་བདག་ལ་ཚུར་ཐིམ་པས། དངོས་གྲུབ་གསོས་གྱུར་བཀྲག་དང་གཟི་མདངས་རྒྱས། བཅུད་བྲལ་སྒྱེ་སྟོང་བཞིན་གྱུར་དགྲ་བོ་ནི། འགོ་བའི་ལྷ་ལྔ་སྐྱོབས་བྱེད་དང་བྲལ་བས། ལུས་རིད་ནག་པོ་སྐེམ་སྐེམ་སོང་ནས་ནི། རྣམས་ཤེས་མར་མེ་འཆི་གའི་འོད་ཙམ་དང་། བཅས་ཏེ་བྲུབ་ཁུང་ནང་གི་ལིངྒར་ཐིམ། བརྒྱད་པ་དགུག་པ་བྱ་བ་ནི། ན་མོ། རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན། དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པ་དང ། དཔལ་མགོོན་ལེགས་ལྡན་ཚོགས་བདག་ཡབ་ཡུམ་སྲས། སྐ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་མགོན། ཕྱོགས་བཅུ་སྡེ་བརྒྱད་ལྷ་དམག་བྱེ་བའི་ཚོགས། དཔལ་མགོན་བདུན་ཅུ་རྒྱལ་ཆེན་སྡེ་བཞི་སོགས། མ་ལུས་འཁོར་དང་བཅས་པའི་བདེན་པའི་མཐུས། བླ་མའི་སྐ་དགྲ་བསྟན་དང་བསྟན་འཛིན་སྨོད། ཁྱད་པར་སྔགས་འཆང་བདག་དང་སྦྱིན་པའི་བདག དཔོན་གཡོག་འཁོར་དང་བཅས་པ་ཐམས་ཅད་ལ། སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས། ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། ཁ་འཇམ་སྙིང་རྩུབ་ཞེ་ནས་དམོད་པ་དང་། དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་ཤོམ། མཐུ་དང་ནུས་པ་བུ་ལོན་བཞིན་དུ་སྙེགས། འགྲོ་ལམ་རྩང་བཙུགས་ཟ་ལམ་དུག་སྦྱོར་ཤོམ། དམིགས་ཡུལ་གཟུགས་ལིང་བཀོད་པ་འདི་རྣམས་ཀྱི། རྣམ་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས། གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང་། ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས། གང་ན་གནས་ཀྱང་ལིངྒ་འདི་ཉིད་ལ། ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། ཡན་ལག་སྡོམས་ཤིག་བཛྲ་སྥོ་ཌ་བམ། མྱོས་པར་གྱིས་ཤིག་བཛྲ་གྷཎྜེ་ཧོཿ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊཿ དབྱེར་མེད་སྟིམས་ཤིག་ཨ་ཝེ་ཤ་ཡ་ཨཱཿ ཞེས་འགུགས་འཆིངས་སྡོམ་མྱོས་དབྱེ་བསྟིམས་ཀྱི་རྒྱ་དང་བཅས་རྟགས་མ་བྱུང་བར་བསྐྱལ་ཞིང་། སྤྲོ་ན་འགུགས་པ་རྒྱས་བསྡུས་ཅི་རིགས་བྱས་ལ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊཿ ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུཾ༔ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ག་ན་གུ་ཏི་ཀཱ་མ་ལ་ཤྲྀ་ནག་མོ་ཏི་ལ་བྷྱོཿ གནོད་བྱེད་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི། བླ་ཤ་རེ་མ་ཏི་འགྲིམ་འགྲིམཿ ཤ་མ་རུ་ཏི་ཐུམ་ཐུམཿ མྱོག་མྱོག༴ ཡེད་ཡེདཿ ཤ་མ་རུ་ཏི་ཁུག་ཁུགཿ ལིང་མྱོག ལིང་ཤག ལིང་ཐུམཿ ཙ་མུན་དྲི་བྷྱོཿ ཛཿཧཱུཾ་བཾ་ཧོཿ དགུ་བ་སྔོན་བྱུང་གི་ཁུངས་དང་ལོ་རྒྱུས་ཇི་བཞིན་དགྲ་སྲི་བྲུབ་པའི་གཞུང་ལ་འཇུག་པ་ནི། འགུགས་པའི་དམིགས་གནད་ལ་འདུན་པ་གཞུར་ནས་འདི་སྐད་དོ། ཧཱུཾ་སྔོན་གྱི་བསྐལ་པ་དང་པོ་ལཿ དགྲ་བྲུབ་བྱེད་པ་གར་སྲིད་ན། གནམ་གྱི་མགོ་བོ་དང་ནི་ས་ཡི་ཐ་མ་འཚོས་པ་ལ། ཕ་གནམ་མཐའ་ལྕགས་ཀྱི་རྒད་པོ་དང་། མ་ས་མཐའ་ཟངས་ཀྱི་རྒན་མོ་སྲིད། དེ་གཉིས་རྫུའཕྲུལ་བསྡེབས་པ་ལ། སྲིད་པའི་སྒོ་ང་རྣམ་བཞི་བྱུང་། དུང་སྒོང་ཤར་དུ་རྡོལ་བ་ལ། ཤར་ཕྱོགས་རྒྱ་ཡི་དགྲ་སྲི་སྲིད། གཡུ་སྒོང་ལྷོ་རུ་རྡོལ་བ་ལ། ལྷོ་ཕྱོགས་འཇང་གི་དགྲ་སྲི་སྲིད། ཟངས་སྒོང་ནུབ་ཏུ་རྡོལ་བ་ལ། ནུབ་ཕྱོགས་མོན་གྱི་དགྲ་སྲི་སྲིད། ལྕགས་སྒོང་བྱང་དུ་རྡོལ་བ་ལ། བྱང་ཕྱོགས་ཧོར་གྱི་དགྲ་སྲི་སྲིད། ཕྱོགས་བཞིའི་དགྲ་སྲི་རྣམ་བཞི་དེས། གོ་གྱོན་མཚོན་ཐོགས་ཀུན་ལ་སྡང་། འཛམ་གླིང་མི་ལ་དམག་སྣ་དྲངས། དེར་ལས་སྨོན་མཐུ་དང་ལྡན་པ་ཡི། མཁས་པ་མི་བཞིས་རྫུ་འཕྲུལ་མཛད། སྡང་བའི་དགྲ་བོ་ཐམས་ཅད་ཀུན། འོད་ཟེར་ཤུགས་ཀྱིས་བསྡུས་ནས་ནི། ཤར་ཕྱོགས་རྒྱ་ཡི་དགྲ་སྲི་དེ། འཕར་སྤྱང་ཐོད་པའི་ནང་དུ་བྲུབས། ལྷོ་ཕྱོགས་འཇང་གི་དགྲ་སྲི་དེ། ཁྱི་ཕག་ཐོད་པའི་ནང་དུ་བྲུབས། ནུབ་ཕྱོགས་མོན་གྱི་དགྲ་སྲི་དེ། རྟ་རྨིག་འཁོར་མོའི་ནང་དུ་བྲུབས། བྱང་ཕྱོགས་ཧོར་གྱི་དགྲ་སྲི་དེ། གཡག་རུ་གཡོན་མའི་ནང་དུ་བྲུབས། རྡོ་ནག་རྡེའུ་འབྲུ་དགུ་དང་བྲུབས། གླང་མ་ལིང་ཚེ་དགུ་དང་བྲུབས། ཚྭ་སྒོག་རམ་པ་དགུ་དང་༴ གཡེར་མ་ཁ་ཆེ་དགུ་དང་༴ རྒྱ་ལམ་ཆེན་པོའི་བཞི་མདོར་མནན། ལྷ་ཁང་ཐེམ་པའི་འོག་ཏུ་མནན། ལུང་གསུམ་འདུས་པའི་མདོ་རུ་མནན། མཆོད་རྟེན་བྱིན་ཅན་ཞབས་སུ་མནན། འཕང་བ་རྒྱ་མཚོའི་གཏིག་དུ་འཕང་། འཕང་བའི་འོག་ནས་ཡར་མ་ལྡང་། མནན་པ་རི་རབ་ལྗིད་ཀྱིས་མནན། མནན་པའི་འོག་ནས་འཕར་མེད་བྱས། དགྲ་བྲུབ་བྱེད་པ་དང་པོ་དེ་ལྟར་སྲིད། སྲིད་པ་དེ་ཡི་དཔེ་བཞིན་དུ། དོ་ནུབ་བདག་དང་ཡོན་བདག་གིས། གཡག་རུ་གཡོན་མའི་ནང་ཤེད་དུ། དགྲ་གཟུགས་ལིངྒ་མིང་རུས་བཅས། རྡོ་ནག་དེ་ནི་རྡེའུ་དགུ་དང་། གླང་མ་དེ་ནི་ལིང་དགུ་དང་། ཚྭ་གཡེར་རམ་སྒོག་ཐལ་འཇིམས་འདིས། སྡང་དགྲ་གནོན་བགེགས་མ་ལུས་བྲུབ། དམག་སྣ་ཇག་སྣ་སྟོན་མི་བྲུབ། རྐུན་སྣ་གྱོད་སྣ་སྟོན་མི་བྲུབ། བསམ་ངན་སྦྱོར་བ་རྩུབ་པ་ཡི། དགྲ་བགེགས་གནོད་བྱེད་ཐམས་ཅད་བྲུབ། བྲུབ་པོ་དགྲ་བོ་མ་ཤོར་ཅིག མནན་ནོ་དགྲ་བོ་མ་ལྡང་ཅིག ནྲྀ་ཏྲི་མཱ་ར་ཡ་ནན། སྟྭཾ་བྷ་ཡ་ནན། ཀྱཻ་དེ་ནས་བསྐལ་པ་སྔ་མ་ལ། དགྲ་སྲི་བྲུབ་པ་གར་སྲིད་ན། སྲིད་པ་ཡེ་སྨོན་རྒྱལ་པོ་ལ། བདུད་ངམ་རྗེ་རྩོལ་པོ་དགྲ་རུ་ལངས། བདུད་རྟ་ནག་པོ་འགྲམ་རིང་ཞོན། བདུད་ཞགས་ནག་པོ་གྲུ་ལ་བསྐོན། ལྕགས་སྤྱང་སྔོན་མོ་ཕྱི་ནས་ཁྲིད། འཛམ་གླིང་མི་ལ་དམག་སྣ་དྲངས། དེར་སྲིད་པ་ཡེ་སྨོན་རྒྱལ་པོ་དེས། འཕྲུལ་གྱི་གཏོད་མཁན་སྔགས་འཆང་སྤྱན་དྲངས་ནས། བདུད་ངམ་རྗེ་རྩོལ་པོའི་བླ་བཟུང་ནས། རྐང་ལག་བཞི་པོ་མགོ་དང་ལྔར། ཁྲོ་ཆུའི་ཕ་སྲིད་པ་དེ་ལ་དཔེ་བླངས་ནས། དེ་རིང་བདག་དང་ཡོན་བདག་གིས། གཡག་རུ་གཡོན་མའི་ནང་ཤེད་དུ། དགྲ་གཟུགས་ལིངྒ་མིང་རུས་བཅས། རྡོ་ནག་དེ་ནི་རྡེའུ་དགུ་དང་། གླང་མ་དེ་ནི་ལིང་དགུ་དང་། ཚྭ་གཡེར་རམ་སྒོག་ཐལ་འཇིམས་འདིས། སྡང་དགྲ་གནོད་བགེགས་མ་ལུས་བྲུབ། དམག་སྣ་ཇག་སྣ་སྟོན་མི་བྲུབ། རྐུན་སྣ་གྱོད་སྣ་སྟོན་མི་བྲུབ། བསམ་ངན་སྦྱོར་རྩུབ་འཆང་བ་ཡིས། དགྲ་བགེགས་བྱད་མ་ཐམས་ཅད་བྲུབ། བྲུབ་པོ་དགྲ་བོ་མ་ཤོར་ཅིག མནན་ནོ་དགྲ་བོ་མ་ལྡང་ཅིག ནྲྀ་ཏྲི་མཱ་ར་ཡ་ནན། སྟྭཾ་བྷ་ཡ་ནན་ནན། འོག་མ་ཀུན་ལ་དེའི་བགྲེས་སྦྱར། བོང་རྡོ་རེ་བཏགས། ལྕགས་ཐག་སྔོན་པོས་ཧྲིལ་གྱིས་བཀྱིགས། གཡག་རུ་གཡོན་མའི་ནང་དུ་བྲུབ། རྒྱ་ལམ་སུམ་མདོ་དྲང་པོ་རུ། གཡག་རུ་དགྲ་དང་བཅས་པ་མནན། དེ་ཡིས་ངམ་རྗེ་ཕམ་ནས་ངམ་ཁམས་བརླགས། ཡེ་སྨོན་རྒྱལ་པོ་ཡོན་མཆོད་རྒྱལ། དགྲ་སྲི་བྲུབ་པ་དེ་ལྟར་སྲིད། སོགས། ཀྱཻ་དེ་འོག་བསྐལ་པ་བར་མ་ལ། དགྲ་བྲུབ་བྱེད་པ་གར་སྲིད་ན། ཕྱྭ་རྗེ་ཡ་བླ་བདལ་དྲུག་ལ། བདུད་ཁྱུང་རུ་ནག་པོ་དགྲ་རུ་ལངས། བོང་བུ་ནག་པོ་རྟ་རུ་ཞོན། སྲིན་ཞྭ་ནག་པོའི་མགོ་ལ་གྱོན། ཁྱི་ནག་ལྕགས་མགོ་རྗེས་སུ་ཁྲིད། འཛམ་གླིང་མི་ལ་དམག་སྣ་དྲངས། དེར་ཕྱྭ་རྗེ་ཡ་བླ་བདལ་དྲུག་དེས། ལྷ་བདུད་དཔུང་ཀུན་འདུལ་སྤྱན་དྲངས་ནས། ས་ལ་རྡོ་བླངས་དགྲ་བོའི་བླ་རྡོ་བཅས། ལུང་ལ་ཤིང་བཅད་དགྲ་བོའི་བླ་ཤིང་བྱས། དགྲ་བོའི་བླ་རྡོ་བཅག་ལ་བླ་ཤིང་བཅད། གཡག་རུའི་ནང་དུ་དགྲ་སྲི་མ་ལུས་བྲུབ། སྡང་དགྲ་གནོད་བྱེད་བྲུབ་པ་དེ་ལྟར་སྲིད། སྲིད་པ་དེ་ལ་དཔེ་བླངས་སོགས། ཀྱཻ་བསྐལ་པ་དེ་ཡི་ཐ་མ་ལ༈ དགྲ་བྲུབ་བྱེད་པ་གར་སྲིད་ན། སྲིད་པ་རྒྱལ་བུ་མཐིང་གྷེ་ལ། སྲིན་པོ་སྙིང་དམར་དགྲ་རུ་ལངས། དྲིལ་ནག་རྐང་གསུམ་རྟ་རུ་ཞོན། སྲིན་པོའི་དམག་ཚོགས་ལས་ལ་བསྐོས། འཛམ་གླིང་མི་ལ་དམག་སྣ་དྲངས། དེར་སྲིད་པའི་རྒྱལ་བུ་མཐིང་གྷེ་དཔེ། ཀོང་ཚེ་འཕྲུལ་རྒྱལ་སྤྱན་དྲངས་ནས། ས་ལ་རྡོ་བླངས་དགྲ་བོའི་བླ་རྡོ་བྱས། ལུང་ལ་ཤིང་བཅད་དགྲ་བོའི་བླ་ཤིང་བྱས། དགྲ་བོའི་བླ་ཤིང་གཏུབ་ནས་བླ་རྡོ་བཅག །གཡག་རུའི་ནང་དུ་དགྲ་ལིང་བཅས་ཏེ་བྲུབ། སྡང་དགྲ་གནོད་བྱེད་བྲུབ་པ་དེ་ལྟར་སྲིད། སྲིད་པ་དེ་ཡི་དཔེ་སོགས། ཡང་དགྲ་བྲུབ་བྱེད་པ་གར་སྲིད་ན། རྒྱ་གར་ཆོས་ཀྱི་རྒྱལ་པོ་ལ། མུ་སྟེགས་ནག་པོ་དགྲ་རུ་ལངས། ཆོས་འཁོར་བསྟན་པ་འཇིགས་ཐུག །ནད་མུག་མཚོན་གྱི་བུ་ཡུག་འཚུབ། དེར་རྒྱ་གར་ཆོས་ཀྱི་རྒྱལ་པོ་དེས། སློབ་དཔོན་ཤིནྟཾ་གྷརྦྷ་སོགས། གྲུབ་ཆེན་མང་པོ་སྤྱན་དྲངས་ནས། དྲག་སྔགས་དམོད་པའི་སྒྲུབ་པ་མཛད། མནན་བསྲེག་འཕང་བའི་ལས་སྦྱོར་གྱིས། མུ་སྟེགས་སྡེ་ཚོགས་ཆམ་ལ་ཕབ། ནང་བ་སངས་རྒྱས་བསྟན་པ་བཙུགས། དགྲ་ཆོས་བྱེད་པ་དེ་ནས་སྲིད། སྲིད་པ་དེ་ལ་དཔེ་སོགས། ཡང་དགྲ་བྲུབ་བྱེད་པ་གར་སྲིད་ན། བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ། མཐའ་མིའི་རྒྱལ་པོ་དགྲ་རུ་ལངས། བོད་ཁམས་མི་བདེ་འཁྲུག་རྩོད་བྱུང་། དེར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། སློབ་དཔོན་པདྨ་འབྱུང་གནས་དང་། མཁས་པ་བཻ་རོ་ཙ་ན་དྲངས། རྟ་མགྲིན་དབང་གི་སྒྲུབ་པ་མཛད། དགྲ་གཟུགས་ལིངྒ་མིང་རུས་དང་། དགྲ་བོའི་བླ་རྡོ་བླ་ཤིང་རྣམས། གཅན་གཟན་ཐོད་པའི་ནང་དུ་བཅུག ལྷ་ཁང་ཐེམ་པའི་འོག་ཏུ་མནན། །མཐའ་དམག་བཟློག་ནས་བོད་ཁམས་བདེ། དགྲ་བྲུབ་བྱེད་པ་དེ་ནས་སྲིད། སྲིད་པ་དེ་ལ་སོགས། ཡང་དགྲ་བྲུབ་བྱེདཔ་གར་སྲིད་ན། རྒྱལ་པོ་མདོ་བཞིར་ནག་པོའི་སྐ་རིང་ལ། ཤར་གྱི་རྒྱལ་པོ་དགྲ་རུ་ལངས། རྒྱལ་མོ་རོང་དུ་དམག་སྣ་དྲངས། རྒྱལ་ཁམས་འཁྲུག་རྩོད་ལས་ལ་གཡེངས། དེར་རྒྱལ་པོ་མདོ་གཞེར་ནག་པོ་དེས། ལོ་པཎ་བཻ་རོ་ཙ་ན་དང་། གཡུ་སྒྲ་སྙིང་པོ་གདན་དྲངས་ནས། དམག་དཔུང་བཟློག་པའི་ཞུ་བ་ཕུལ། སློབ་དཔོན་རྣམ་གཉིས་བཀའ་བསྒྲོས་བྱས། མགོན་པོ་ནག་པོ་དགྲ་ལ་རྦད། གཡག་རུའི་ནང་དུ་དགྲ་གཟུགས་བྱས། སྒྲུབ་གནས་གཉན་པོའི་འོག་ཏུ་མནན། དགྲ་ཁམས་ཕམ་ནས་ཟུན་ཕྱོགས་རྒྱལ། དགྲ་ཆོས་མཛད་ནས་གཏེར་དུ་སྦས། དགྲ་སྲི་བྲུབ་པ་དེ་ནས་སྲིད། སྲིད་པ་དེ་ལ་དཔེ་བླངས་ནས། དེ་རིང་བདག་དང་ཡོན་བདག་གིས། གཡག་རུ་གཡོན་མའི་ནང་ཤེད་དུ། དགྲ་གཟུགས་ལིངྒ་བླ་རྡོ་བཅས། རྡོ་ནག་དེ་ནི་རྡེའུ་དགུ་དང་། གླང་མ་དེ་ནི་ལིང དགུ་དང་། ཚྭ་གཡེར་རམ་སྒོག་ཐལ་འཇིམ་འདིས། སྡང་དགྲ་གནོད་བགེགས་མ་ལུས་བྲུབ། དམག་སྣ་ཇག་སྣ་སྟོན་མི་བྲུབ། རྐུན་སྣ་གྱོད་སྣ་སྟོན་མི་བྲུབ། བསམ་ངན་སྦྱོར་རྩུབ་འཆང་བ་ཡི། དགྲ་བགེགས་བྱད་མ་ཐམས་ཅད་བྲུབ། བྲུབ་པོ་དགྲ་བོ་མ་ཤོར་ཅིག མནན་ནོ་དགྲ་བོ་མ་སྡང་ཅིག ནྲྀ་ཏྲི་མཱ་ར་ཡ་ནན། སྟྭཾ་བྷ་ཡ་ནན་ནནཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊཿ མ་ཧཱ་ཀཱ་ལ་སིདྷི་ཡཾ་དུ་ཛཿ ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུཾཿ ཏྲག་རཀྴ་རཀྨོ་ཐུམ་ལམཿ སྙིང་ལ་འདུས་འདུསཿ སྲོག་ལ་སྲིང་སྲིང་ཿ ཤམ་ཤམ་ཁྱེར་བྷྱོཿ འབོད་པའོ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊཿ ༀ་མ་ཧཱ་ཀཱ་ལ་ཆྒཻམོའི་སྙིང་འབྱིནཿ སྙིང་ལ་པུ་ཏྲི་ཆྒཻམོའི་ཙིརྟ་རྦད་རྦདཿ དེ་ནི་ཡབ་ཀྱི་རྦད་པའོ། ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུཾ༔ ཏྲག་རཀྴ་རཀྨོ་ཐུམ་ལམཿ ཆྒཻའི་སྙིང་ལ་འདུས་འདུསཿ སྲོག་ལ་སྲིང་སྲིང་ཿ ཤམ་ཤམ་ཁྱེར་བྷྱོཿ ཏྲག་རཀྴ་རཀྨོ་ཐུམ་ལིང་སྙིང་ཁ་རག་ཛ་ཛཿ ཡུམ་གྱི་རྦད་པ་དང་དྲག་སྔགས་སོ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊཿ ༀ་མ་ཤྲཱྀ་མ་ཧཱ་ཀཱ་ལ་དགྲ་བོའི་སྙིང་འབྱིནཿ སྙིང་ལ་སུ་ཏྲི་ཙིརྟ་རྦདཿ ༀ་མ་ཧཱ་ཀཱ་ལ་ནྲྀ་ཐུམ་ལིམ་རིལ་རྦདཿ སུ་ནྲྀ་ཛ་དགྲ་བོའི་སྙིང་ལ་ཡ་ཡཿ ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུཾཿ ཏྲག་རཀྴ་རཀྨོ་ཐུམ་ལིང་༔ དགྲ་བོའི་སྙིང་ལ་འདུས་འདུས༔ སྲོག་ལ་བྲིང་བྲིང་ཤམ་ཤམ་ཁྱེར་བྷྱོཿ རཀྴ་རཀྨོ་ཐུམ་ལིཾ་སྙིང་ཁ་རཀྴ་ཛ་ཛཿ ཏྲག་རཀྴ་དགྲ་བོའི་ཙིརྟ་ཤམ་ལམ་སྙིང་ཁ་རཀྴ་ཛཿཛཿ ཐུམ་རི་ལི་ལི་བྷྱོཿ ༀ་ཤྲཱྀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་ཙིརྟ་སརྦ་ཤཱ་ཏྲུམ་དགྲ་བོ་མིང་དང་གཟུགས་སུ་བྲིས་པ་ཐམས་ཅད་མཱ་ར་ཡ་ཕཊཿ འབོད་རྦད་རྣམས་ཀྱི་གཤམ་དུ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ནྲྀ་ཐུམ་ལིཾ་ཐུམ་རིལཿ སུ་ནྲྀ་ཛཿ དགྲ་བོའི་སྙིང་ལ་ཡ་ཡཿ དྲག་རཀྴ་ཙིརྟ་ཤམ་ལོང་སྙིང་ཁ་རཀྴ་ཛ་ཛཿ ཐུམ་རི་ལི་ལི་བྷྱོཿ འབོད་རྦད་བསད་གསུམ་ཚང་བ་དང་། ༈ ཧཱུཾ་ཧཱུཾ་ཧཱུཾ༔ དགྲ་བོ་བྱད་མ་ཐམས་ཅད་བདུད་པྲ་མཱ་ར་ཡ་རྦད་ནནཿ དགྲ་རྐུན་ཇག་གསུམ་ཐམས་ཅད་ཁ་ལ་ཛ་མ་ལི༔ གདོན་བགེགས་འབྱུང་པོ་ཐམས་ཅད་རཱ་ཛ་དུན་ལིང་ཤག༴ ནད་མུག་མཚོན་འཁྲུག་ཐམས་ཅད་ཤིག་ཤིག་དུམ་དུམ༴ བྱད་གཏད་ཁྲམ་གསུམ་ཐམས་ཅད་ཚལ་བ་ཚལ་བ༴ རྨི་ལྟས་མཚན་ངན་ཐམས་ཅད་ཁྲ་མོ་ཁྲ་མོ་བྷྱོ༴ མི་ཁ་བྲ་མཆུ་ཐམས་ཅད་རྨུག་རྨུག༴ ཆགས་ཆེ་ཉམས་ང་ཐམས་ཅད་ཏིར་ཏིར༴ མི་དང་མི་མ་ཡིན་པའི་བསམ་ངན། སྦྱོར་རྩུབ་ཐམས་ཅད་ཚལ་ཚལ༴ ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི་རྒབ་འདྲེ་བསེ་རག་གོད་འདྲེ་གོད་སྲི་ཐམས་ཅད་ༀ་ལམ་ཧཱུཾ་ལམ་སུམ་ལམ་རྦད་ནན། ནྲྀ་ཏྲི་སརྦ་ཧུར་ཐུམ་ཛཿ མཱ་ར་ཡ་རྦད་ནནཿ སྟྭཾ་བྷ་ཡ་བྷྱོ་བྷྱོ་ནན་ནནཿ ཞེས་སངས་རྒྱས་ཆ་སོགས་སྐབས་དང་བསྟུན་ཏེ་བཟླ་ཞིང་། གོང་གི་འགུགས་པ་དང་སྔགས་བཅས་མང་ཉུང་ཅི་རིགས་ལྡབ་རྗེས། དགྲ་བྲུབ་གཞུང་དེ་ཚར་རེ་བཏང་ནས་དགྲ་བྲུབ་གསང་སྔགས་གང་ནུས་བཟླ། དེ་ལྟར་གྱི་ཡང་བསྐྱར་ཅི་ཙམ་ནུས་པའི་ཐུན་བཟུང་མཐར། བཅུ་པ་དེ་ཡི་ལྷན་ཅིག་སྐྱེས་པའི་ལྷ་བདུད་གཉིས་ཁོ་རང་གི་གཤེད་དུ་དབབ་པ་ནི། ཛཿ ལིང་གར་བླ་སྲོག་ཁུག་པའི་དགྲ་བོ་དངོས། ཕྱིན་ཆད་འཆོར་བ་མེད་པ་དེའི་ལུས་ལ། སྐད་ཅིག་ཉིད་ལ་གཡས་སུ་སྦྲུལ་དཀར་པོ། ལྷན་ཅིག་སྐྱེས་པའི་ལྷ་ཡིན་དགྲ་བོ་ཡི། དམ་ཚིག་ཉམས་པས་ཁོ་ཡི་བདུད་དུ་བབས། སྤྱི་བོ་ཚངས་པའི་བུ་ག་ནས་མར་འཇིབས། སྙིང་ག་ཡན་ཆད་ཁོང་ཁྲག་ཐམས་ཅད་དྲངས། དེ་བཞིན་གཡོན་དུ་དུག་སྦྲུལ་ནག་པོ་ཞིག བྱུང་བའང་མཉམ་པོར་འོང་བའི་འཆི་བདག་བདུད། ཡིན་ཏེ་ཁོ་ཡི་དམ་ཉམས་རང་གཤེད་གྱུར། གསང་བའི་གནས་ནས་མར་ལ་ཁོང་ཁྲག་རྣམས། དྲངས་ཏེ་མཆིན་མཁྲིས་མན་ཆད་འཇིབས་ཤིང་ཟོས། སྦྲུལ་དཀར་གཡས་དང་གཡོན་གྱི་སྦྲུལ་ནག་གཉིས། འཛིངས་ཤིང་འཐབ་ཅིང་དགྲ་བོའི་སྙིང་ཁྲག་ལ། ཟ་ཁ་མ་མཐུན་ལུས་ཀྱི་གཡས་གཡོན་དུ། འཁྲིལ་ཞིང་མཇུག་གཉིས་གསང་བའི་གནས་སུ་མདུད། མགོ་གཉིས་སྤྱི་བོར་གུག་པ་མདུད་བྱས་ནས། ལུས་ལ་འཁྱུད་ཅིང་ཀླད་ཁུང་གཡས་གཡོན་གྱི། རྣ་བར་ཁ་གདངས་ལྕེས་ལྡག་སོ་ཡིས་འབྲད། དེ་ཡི་སྤྱི་བོར་སྣ་ཚོགས་རྡོ་རྗེ་ནི། ལས་ཀྱི་རླུང་གིས་བསྐོར་བས་ཤུགས་དྲག་འཁོར། གསོར་ལྟར་བསྣུན་པས་ཀླད་ཁྲག་སྙིང་ཁྲག་རྣམས། ཞོ་ལྟར་དཀྲུགས་པས་སྦྲུལ་ཆེན་གཉིས་ཀྱིས་འཇིབས། དཀར་ནག་སྦྲུལ་གཉིས་ཇེ་ཆེར་སྟོབས་ལྡན་གྱུར། ཞེས་དམིགས་པ་མ་ཡེངས་བའི་ངང་ནས། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊཿ སོགས། གོང་ལྟར་འབོད་རྦད་བསད་གསུམ་སྦྲེལ་བའི་སྔགས་མཐར་ཛ་ཛཿ བར་དང་། ༈ བསད་སྔགས་སྤྱི་བགྲོས་སི སྒྲུབ་སྔགས་ཀྱི་ཤམ་དུ ཨ་མུ་ཀ་ནྲྀ་ཏྲི་ཤ་ཏྲུམ་སརྦ་ཧུར་ཐུམ་ཛཿ མཱ་ར་ཡ་ཐུམ་རིལ་བྷྱོ་རྦདཿ ལམ་གཏུབཿ ཁཾ་འཐུང་ཿ རེམ་གཏོརཿ ཀཾ་ཆོམསཿ ཡཾ་ཆོདཿ ཀ་ཝ་ཙི་རློགས༔ མཱ་ར་ཡ་རྦད་བྷྱོ་ནནཿ སྡང་བྱེད་དགྲ་ཇག་ཆོམ་རྐུནཿ གནོད་བྱེད་གདོན་བགེགས་འབྱུང་པོ་རྒབ་འདྲེ་བསེ་རག་ཟ་འདྲེ་ཕུང་སྲི་གོད་འདྲེ་གོད་སྲི་ཐམས་ཅད་ཀྱི་སྲོག་རྩ་ལ་ཡཾ་ཡཾཿ སྙིང་རྩ་ལ་རྦད་རྦདཿ ཁྲག་རྩ་ལ་རྦུད་རྦུདཿ བླ་ཚེ་སྲོག་དབུགས་ཐམས་ཅད་ཨེ་ཧུར་ཐུམས་ཛཿ མཱ་ར་ཡ་རྦད་རྦདཿ ཅེས་བཟླའོ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊཿ སོགས་ནས ཛ་ཛཿ ཐུམ་རིལ་ནྲྀ་མགྱོག་སྒྲིབས་དགྲ་བོའི་ཝཱཀྐ་སྟྭཾ་བྷ་ཡ་རཀྴ་ནནཿ བྷིག་ནན་དགྲ་བོ་མཱ་ར་ཡ་རྦད་ནན་ཆིངས་ཤིགཿ ཏརྒྱ་ཐཱ། དུ་ཤན་དུ་ཤན་རཀྴ་རཀྴ་དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུསཿ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོདཿ མཱ་ར་ཡ་རྦད་སོདཿ དགྲ་བོ་བྱད་མ་ཐམས་ཅད་བདུད་པྲ་མཱ་ར་ཡ་རྦད་ནནཿ དགྲ་རྐུན་ཇག་གསུམ་ཐམས་ཅད་ཁ་ལ་ཛ་མ་ལི་རྦད༴ གདོན་བགེགས་འབྱུང་པོ་ཐམས་ཅད་རཱ་ཛ་དུན་ལིང་ཤག་རྦདཿ ནད་མུག་མཚོན་འཁྲུགས་ཐམས་ཅད་ཤིག་ཤིག་དུམ་དུམ་རྦདཿ བྱད་གཏད་ཁྲམ་གསུམ་ཐམས་ཅད་ཚལ་པ་རྦད༴ རྨི་ལྟས་མཚན་ངན་ཐམས་ཅད་ཁྲོམ་ཁྲོམ་བྷྱོ་རྦདཿ མི་ཁ་སྨྲ་མཆུ་ཐམས་ཅད་རྨུག་རྨུག༴ ཆགས་ཆེ་ཉམ་ང་ཐམས་ཅད་ཏིར་ཏིར་རྦད༴ མི་དང་མི་མ་ཡིན་པའི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཚལ་ཚལ་རྦད༔ ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི་རྒབ་འདྲེ་བསེ་རག་གོད་འདྲེ་གོད་སྲི་ཐམས་ཅད་ༀ་ལམ་ཧཱུཾ་ལམ་སུམ་ལམ་རྦད་ནན། ནྲྀ་ཏྲི་སརྦ་ཤ་ཏྲུམ་ཧུར་ཐུམ་ཛཿ མཱ་ར་ཡ་རྦད་ནནཿ སྟྭཾ་བྷ་ཡ་བྷྱོ་བྷྱོ་ནན་ནན༔ སྔགས་གང་ནུས་བཟླ་ཞིང་། ཐུན་རྫས་ལ་མཆིལ་མ་མི་ཕོག་པར་རྒྱས་གདབ། བཅུ་གཅིག་པ་ཐུན་བརྡེག་པ་ནི། འཛབ་བཟླས་བསྔགས་པའི་ཐུན་རྫས་རྣམ་པ་ལྔ། ཕུར་བུ་ལ་སོགས་མཚོན་ཆ་སྣ་ཚོགས་པའི། རྣོ་བའི་དབལ་དང་དུག་གི་ནུས་པར་ལྡན། གནམ་ལྕགས་རབ་ཏུ་འབར་བའི་ཐོག་ལྟར་གྱུར། ཞེས་དང་། ཛཿ ལྷན་སྐྱེས་ངོ་བོ་སྦྲུལ་མེད་དགྲ་བོ་ཡི། ལུས་ཀྱི་སྟེང་དུ་དྲག་པོའི་རྫས་ཀྱི་ཐུན། བརྒྱབ་པས་ཐམས་ཅད་མཚོན་ཆའི་ཆར་དུ་གྱུར། ཚལ་པ་ཚལ་པ་དུམ་བུ་དུམ་བུར་གཏུབས། མཐར་གོང་བཞིན་སྔགས་རྣམས་ཚང་བར་བཟླ་ཞིང་དམོད་བཅོལ་འདི་ཉིད་བྱ། དམ་ཉམས་པའི་དགྲ་བོ་བསྒྲལ་བའི་ས་འདི་ནིཿ ལས་ཀྱི་གཤིན་རྗེ་ནག་པོའི་ལྟོ་བཿ གཟའ་བདུད་རཱ་ཧུ་ལ་ཡི་གདོང་བཿ ལྷ་མ་སྲིན་སྡེ་བརྒྱད་ཀྱི་འཚོགས་རཿ རྡོ་རྗེ་ལེགས་པའི་འགྲིམ་སྲིང་༔ བདུད་བཙན་གཉིས་ཀྱི་སོ་བར༔ ཀླུ་བདུད་ནག་པོའི་ཕོ་བྲང་། ནད་ཀྱི་རླངས་པ་འཐིབ་པཿ མཚོན་གྱི་ཆར་བ་འབེབ་པཿ ཁྲག་གི་རྒྱ་མཚོ་འཁྱིལ་བཿ རིམས་ཀྱི་རླངས་པ་འཕྱོ་བ། ཐོག་གི་བུ་ཡུག་འཚུབས་པཿ བྱད་མའི་མདའ་ཐུན་འདྲིལ་བཿ སྲོག་གཅོད་ཀྱི་ཕོ་ཉ་ངུ་བ། ཤ་ཟན་གྱི་ཕོ་ཉ་རྒོད་པ༔ ཁྲག་འཐུང་གི་ཕོ་ཉ་རྒྱུག་པཿ ལག་དམར་གྱི་བཤན་པ་རྔམས་པཿ ཤ་ཟན་གྱི་ཁྱི་ནག་དུ་བཿ བླ་འཛིན་གྱིས་དྲ་བ་བྲེས་པཿ བླ་འགུགས་ཀྱི་ཤ་ཟུང་ཐོགས་པཿ ཕྱི་ལྕགས་རི་ནག་པོ་ལཿ ལོགས་མཚོན་ཆའི་དྲྭ་བ་བྲེས་པཿ སྲིད་པ་གསུམ་ཡང་མི་མངོན་པཿ བདུད་ཀྱི་ལག་པ་བརྐྱང་པཿ གཤིན་རྗེའི་ལྟེ་བ་ཟེད་པཿ དཔག་ཚད་དགུ་སྟོང་ཡོད་པའི་ནང་དུཿ དམ་ཉམས་པའི་དགྲ་བོ་བསམ་པ་ངན་པཿ སྦྱོར་བ་རྩུབ་པཿ ཁ་ངན་པཿ ལག་པ་རྩུབ་པཿ ཁ་དཀར་ལ་སྙིང་ནག་པཿ སྔ་དགྲ་བྱས་པཿ ད་དགྲ་བརྩམ་པཿ ཕྱི་དགྲ་ཤོམ་པཿ རྐུན་མ་ཤ་ཆང་ཁུར་བཿ ཇག་པ་རྟ་ཁ་བསིགས་པཿ མཐོ་ལ་ཁཿ དམའ་ལུང་ཁུང་ཿ ཆུ་ཁ་རབ་སོཿ གཞི་བྱེས་གཉིས་ཀྱི་བར་ན་ངན་སེམས་འཆང་བའི་དགྲ་བོ་མིང་དང་གཟུགས་སུ་བྲིས་པ་རྣམས་སོད་ཅིགཿ སྒྲོལ་ཞིགཿ ཁ་སྐོར་ཅིགཿ ཚང་སྤྲུགས་ཤིག༔ ལིང་ཐོབ་ཅིགཿ མིག་ཕྱུངས་ཤིགཿ རོའི་ཟམ་པ་ཚུགས་ཤིགཿ ཁྲག་གི་ཆག་ཆག་ཐོབ་ཅིགཿ གྲིའི་ས་བོན་ཐོབ་ཅིག༴ ལིང་ཁུང་ཆེན་པོའི་ཁ་མ་དོགཿ ཤན་པ་ལག་དམར་གྱི་སྤྲུ་གྲི་མ་རྟུལཿ སྐྱེ་བ་ཕྱི་མ་ལ་སེལ་མ་བཏབཿ ལས་ཀྱི་རྣམ་པར་སྨིན་པ་ལ་ཁུངས་མ་འབྱིནཿ དུས་ད་ལྟ་ཉིད་དུ་སོད་ཅིགཿ སྒྲོལ་ཞིགཿ ཞེས་མནན་བསྲེག་གི་ལིང་ག་དང་ཿ རྒྱུན་བསྒྲལ་རྒྱུའི་ཐན་ལིང་བཅས་ལ་ཐུན་བརྡེགས་ཤིང་ཟན་ལིང་དུམ་བུར་གཏུབས་ནས་ཤ་དུམ་ཁྲག་ཐིགས་སུ་བསྒྲལ་ཞིང་། བཅུ་གཉིས་ས་བསྟབ་པ་ནི། ཧཱུཾ་ཤ་ཁམ་ཁྲག་ཐིགས་ཙམ་ཡང་མ་ལུས་པར། ནག་པོ་ཆེན་པོ་འཁོར་བཅས་དགྱེས་པར་རོལ། གནོད་བྱེད་ནྲྀ་ཏྲི་ཤ་ཏྲུམ་མཱ་ར་ཡཿ དུག་གསུམ་ཤ་ཁྲག་རུས་གསུམ་ཁ་རམ་ཁ་ཧིཿ ཞེས་དང་། བསྟན་དགྲ་གནོད་བྱེད་སྡིག་པོ་ཆེ་འདིའི་ཚེ་བླ་སྲོག་གསུམ་ཁ་རྗེ་དབང་ཐང་དང་བཅས་པ་ཐམས་ཅད་དཔལ་མགོན་པོ་ནག་པོ༴ ཤྲཱྀ་མ་ཧཱ་ཀཱ་ལ་ལེགས་ལྡན་ནག་པོ༴ སྐའི་མགོན་པོ༴ གསུང་གི་མགོན་པོ ཐུགས་ཀྱི༴ ཡོན་ཏན་གྱི༴ ཕྲིན་ལས་ཀྱི༴ ཕྱོགས་བཅུའི༴ སྡེ་བརྒྱད་ཀྱི་མགོན་པོ་འཁོར་ནག་པོ་སྟོང་༴ ཤ་ཟ་འབུམ༴ དྲི་ཟ་བྱེ་བ༴ དཔལ་ལྷ་མོ་ནག་མོ༴ སྔགས་ཀྱི་སྲུང་མ༴ མ་གཤིན་འབུམ༴ སྤྲུལ་པ་ཡང་སྤྲུལ་དང་། ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པའི་ཞལ་དུ་སྟོབས་ཤིག༴ བཞེས་ཤིག༴ རོལ་ཞིག༴ གསོལ་ཞིག༴ མ་ཧཱ་མཾ་ས་ལ་ཁཱ་ཧིཿ མ་ཧཱ་རཀྟ༴ མ་ཧཱ་ཙིརྟ་ལ༴ མ་ཧཱ་བ་སུ་ཏ་ལ༴ མ་ཧཱ་ཀོ་རོ་ཙ་ན༴ དབང་པོ་རྣམ་ལྔ་ལ༴ རྣམ་ཤེས་ཚོགས་བརྒྱད་ལ༴ སྐྱེ་མཆེད་བཅུ་གཉིས་ལ༴ ལྷག་མ་རྗེས་ཤུལ་ལ་ཁཱ་ཧི༔ རྒྱན་གྱི་གཏོར་མ་ཕུད་ཀྱི་མཆོད་པ་འདི་བཞེས་ལ༔ སྡང་བའི་དགྲ་ལ་མཐུ་མ་ཆུང་༔ གནོད་པའི་བགེགས་ལ་རྩལ་མ་ཞན༔ བཅོལ་པའི་ལས་ལ་བང་མ་བུལ༔ དགྲ་བོ་ཆེ་བ་ལ་བབ་ན་སྡོང་རྒན་ལ་མེ་མཆེད་པ་བཞིན་དུ་ཐོངས་ཤིག༔ དགྲ་བོ་འབྲིང་བ་ལ་བབ་ན་ལྕུག་ཕྲན་ཟོར་བས་བྲེགས་པ་བཞིན་དུཿ དགྲ་བོ་ཆུང་བ་ལ་བབ་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ༴ དགྲ་བོའི་དར་མ་ལ་བབ་ན་ཐང་ཕྲན་སྟྭ་རེས་བཅད་པ་བཞིན་དུ༴ དགྲ་བོའི་བུད་མེད་ལ་བབ་ན་མེ་ཆུས་བསད་པ་བཞིན་དུ༴ དགྲ་བོའི་ཡུལ་ཞིང་ལ་བབ་ན་སྤང་ལ་མེ་མཆེད་པ་བཞིན་དུ༴ དགྲ་བོའི་ཁ་རྗེ་ལ་བབ་ན་རྟ་དཀར་པོ་ལ་སྟན་ནག་པོ་བསྟད་པ་བཞིན་དུ་དགྲ་བོའི་ཟས་ནོར་ལ་བབ་ན་མཚལ་རིས་ཆུས་ཁྱེར་བ་བཞིན་དུ༴ དགྲ་བོའི་གྲོང་མཁར་ལ་བབ་ན་བྲག་རུལ་ལ་ཐོག་ཕོག་པ་བཞིན་དུ། དགྲ་བོའི་ལོ་ཏོག་ལ་བབ་ན་འདམ་བུ་ནགས་ཚལ་མེས་ཚིག་པ་བཞིན་དུ༴ དགྲ་བོའི་ཕོ་རྒྱུད་རྩ་བ་ཀླུ་ལ་གཏོད་ཅིག མོ་རྒྱུད་མངལ་གྱི་ཆགས་འཛིན་བཙན་ལ༴ སྐྱེས་པ་དར་མ་གྲི་ཁར་སོད་ཅིགཿ ན་ཆུང་དར་མ་འགགས་གྲིར་སོད་ཅིག༔ བུ་ཚ་ཚང་ཕྱིང་ནང་དུ་སོད་ཅིགཿ རིང་པོར་སྐྱེས་པའི་རྩ་བ་ཆོད་ཅིགཿ ཐུང་ངུར་སྐྱེས་པའི་རྩ་བ་ཕྱུངས་ཤིགཿ སྦོམ་པོར་སྐྱེས་པའི་ཁོག་པ་སྤྲུགས་ཤིག ཡལ་ག་སྐྱེས་པའི་ཡན་ལག་ཆོད་ཅིག༔ དམ་ཉམས་པའི་དགྲ་བོ་མི་ནོར་འཁོར་བཅས་ཀྱི་ཚེ་བླ་སྲོག་གསུམ་ཁ་རྗེ་དབང་ཐང་བསོད་ནམས་ཐམས་ཅད་མཱ་ར་ཡ་ནན། སྟྭཾ་བྷ་ཡ་ནནཿ གོད་འདྲེ་གོད་སྲི་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་ནནཿ སྟྭཾ་བྷ་ཡ་ནན་ཛ་ཛཿ བཅུ་པ་དགྲ་བོ་བྲུབ་མནན་དངོས་ལ་འཇུག་པ་ནི། མནན་ལིང་བྲུབ་རྫས་སྣོད་བཅས་ཟུར་གསལ་བཞིན་ཕྱག་ལེན་ཇི་བཞིན་དུ་ཐེབ་པར་བྱས་ལ་འདི་སྐད་དོ། ཧཱུཾ་མཆོག་གསུམ་རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་དང་། ལེགས་ལྡན་ཚོགས་ཀྱི་བདག་པོ་ཡབ་ཡུམ་སྲས། སྐ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། མགོན་ཆེན་སྡེ་ལྔ་ཕྱོགས་བཅུའི་སྡེ་བརྒྱད་མགོན། དཔལ་མགོན་བདུན་ཅུ་སྤྲུལ་འཁོར་ཕོ་ཉར་བཅས། མ་ལུས་འཁོར་དང་བཅས་པའི་བདེན་མཐུ་དང་། རྟེན་འབྱུང་བསླུ་མེད་ཆོས་ཉིད་འགྱུར་མེད་པའི། བདེན་པ་ཆེན་པོའི་མཐུ་སྟོབས་བྱིན་རླབས་ཀྱིས། བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་ཀྱི་དགྲ། ཕྱོགས་བཞི་མཚམས་བཞི་སྟེང་འོག་གཉིས་དང་བཅུའི།། བསམ་ངན་སྦྱོར་རྩུབ་ཁ་དཀར་སྙིང་གནག་ཅིང་། ཕན་པ་འགོག་ཅིང་འགལ་རྐྱེེན་སྦྱོར་བའི་རིགས། བྲུབ་ཁུང་ཕོང་ཐོད་ཀུན་འདུས་གཡག་རྒོད་རྭ། གྲུ་ུགསུམ་གཏིང་རིང་གནམ་ལྕགས་ཁང་སྒྲོམ་དུ། བྲུབ་པོ་བྲུབ་པོ་མི་ཁའི་རྫས་ཀྱིས་བྲུབ། དམག་ཇག་ཆོམ་རྐུན་བྲུབ་པའི་དུས་ལ་བབ། དམེ་གྱོད་མི་ཁ་བྲུབ་པའི་དུས་ལ་བབས། བསམ་ངན་སྦྱོར་རྩུབ་བྲུབ་པའི་དུས་ལ་བབ། ཀྱཻ་ཚེས་གཅིག་བཅུ་གཅིག་ཉི་ཤུ་གཅིག་ལ་སོགས། གཅིག་གསུམ་ཉིན་མཚན་ལ་ཆས་སྡང་དགྲའི་རིགས། ཕོང་ཐོད་ཀུན་འདུས་གཡག་རའི་ནང་དུ་བྲུབ། རྡེལ་ནག་དགུ་དང་གླང་མ་དུམ་དགུས་བྲུབ། ཚྭ་སྒོག་གཡེར་མ་ཁ་ཆེ་དགུ་དགུས་བྲུབ། དགྲ་བོའི་བླ་དང་མི་ཁའི་རྫས་ངན་བཅས། རྒྱ་མཚོའི་གཏིང་དུ་འཕེན་ནོ་མ་ལྡང་ཞིག མཱ་ར་ཡ་ནན། སྟྭཾ་བྷ་ཡ་ནན། ཚེས་གཉིས་བཅུ་གཉིས་ཉི་ཤུ་གཉིས་ལ་སོགས། གཉིས་གསུམ་ཉིན་མཚན་ལ་ཆས་སྡང་དགྲའི་རིགས། ཕོང་ཐོད་སོགས ཚེས་གསུམ་བཅུ་ུགསུམ་ཉི་ཤུ་གསུམ་ལ་སོགས། གསུམ་གསུམ་ཉིན་མཚན་ལ་ཆས་སྡང་དགྲའི་རིགས། ཕོང་ཐོད་སོགས། ཚེས་བཞི་བཅུ་བཞི་ཉི་ཤུ་བཞི༴ བཞི་གསུམ་ཉིན་མཚན༴ ཕོང་ཐོད་སོགས ཚེས་ལྔ་བཅོ་ལྔ་ཉི་ཤུ་ལྔ༴ ལྔ་གསུམ་ཉིན་མཚན༴ ཕོང་ཐོད་སོགས ཚེས་དྲུག་བཅུ་དྲུག་ཉི་ཤུ་དྲུག༴ དྲུག་གསུམ་ཉིན་མཚན༴ ཕོང་ཐོད་སོགས། ཚེས་བདུན་བཅུ་བདུན་ཉི་ཤུ་བདུན༴ བདུན་གསུམ༴ ཕོང་ཐོད་སོགས། ཚེས་བརྒྱད་བཅོ་བརྒྱད་ཉི་ཤུ་བརྒྱད་ལ་སོགས། བརྒྱད་གསུམ་ཉིན་མཚན༴ ཕོང་ཐོད་སོགས། ཚེས་དགུ་བཅུ་དགུ་ཉི་ཤུ་དགུ་ལ་སོགས། དགུ་གསུམ་ཉིན་མཚན་ལ་ཆས་སྡང་དགྲའི་རིགས། ཕོང་ཐོད་སོགས། ཚེས་བཅུ་ཉི་ཤུ་གནམ་སྟོང་ཉིན་མཚན་ལ། དམག་ཇག་ཆོམ་རྐུན་གནོད་སྦྱིན་འཚེ་བའི་རིགས། ཕོང་ཐོད་ཀུན་འདུས་གཡག་རུའི་ནང་དུ་བྲུབ། རྡེལ་ནག་དགུ་དང་གླང་མ་དུམ་དགུས་བྲུབ། ཚྭ་སྒོག་གཡེར་མ་ཁ་ཆེ་དགུ་དགུས་བྲུབ། དགྲ་བོའི་བླ་དང་མི་ཁའི་རྫས་ངན་བཅས། རྒྱ་མཚོའི་གཏིང་དུ་འཕེན་ནོ། མ་ལྡང་ཞིག མཱ་ར་ཡ་ནན། སྟྭམ་བྷ་ཡ་ནན། ཞེས་དང་། ༀ་ཤྲྀ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊཿ སོགས། འབོད་རྦད་བསད་གསུམ་འགུག་སྔགས་རྣམས་ཚང་བར་གོང་བཞིན་བཏང་མཐར། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་མཱ༴ སྲོག་ལུས་དབང་ཐང་ཀླུང་རྟ་ལ་དགྲ་དར་བ་ཐམས་ཅད༴ དགྲ་མགོ་ཐོག་ཏུ་བབ་པ་ཐམས་ཅད༴ སྔ་དགྲ་ལག་ཏུ་བདར་བ་ཐམས་ཅད༴ ཕྱི་དགྲ་ཡིད་ལ་ཤོམ་པ༴ ད་དགྲ་ཁྱི་ལྟར་ཟུག་པ༴ མགོ་ལ་ཏིལ་བརྡུང་བྱེད་པ༴ སེམས་ལ་སྡུག་བསྔལ་གཏོང་བ༴ ལུས་ལ་ན་ཚ་གཏོང་བ་ཐམས་ཅད༴ སྲོག་ལ་བར་ཆད་གཏོང་བ༴ ཟས་ནོར་ལ་གོད་ཁ་གཏོང་བ༴ རྒྱབ་ནས་འདེད་ཤོམ་བྱེད་པ་ཐམས་ཅད༴ མདུན་ནས་རྩང་བཞིན་བཙུགས་པ་ཐམས་ཅད༴ ཟུར་ནས་གཅོད་དགོས་ཟེར་བ་ཐམས་ཅད༴ ཟ་ལམ་དུ་དུག་གཡོས་བྱེད་པ༴ འགྲོ་ལམ་དུ་རྩང་བཙུགས་པ་ཐམས་ཅད༴ བྱམས་པ་གཉེན་གྱིས་བརྗོད་དུ་མ་འཇུག་ཅིག་མཱ་ར་ཡ༴ སྡང་བ་དགྲའི་སྒྲོགས་སུ་མ་འཇུག་ཅིག་མཱཿ མཉན་པའི་གྲུ་ཚུགས་སུ་གླེང་དུ་མ་འཇུག༴ མགར་གྱི་སོ་མལ་དུ་གླེང་དུ་མ་འཇུག༴ དགེ་འདུན་གྱི་ཚོགས་གྲལ་དུ་གླེང་དུ་མ་འཇུག༴ སྔགས་པའི་ཕུར་གྲལ་དུ་གླེང་དུ་མ་འཇུག༴ བརྒྱ་ཁ་མང་གི་མི་ཁ་ཟུག་པ་ཐམས་ཅད་མཱ་ར༴ སྟོང་མིག་མང་གི་བྲ་མཆུ་ངན་པ་ཐམས་ཅད༴ ཕ་ཚེའི་འདུན་ཁང་ནས་མི་ཁ་གླེང་བ་ཐམས་ཅད༴ གསོད་ཤོམ་བྱེད་པ་ཐམས་ཅད༴ རྐུ་ཤོམ་བྱེད་པ་ཐམས་ཅད༴ འཕྲོག་ཤོམ་བྱེད་པ་ཐམས་ཅད༴ ལྐོག་ནས་འབུ་བཞིན་དུ་འབུགས་པ་ཐམས་ཅད་མཱ༴ ཀེག་བདུད་གཤེད་གསུམ་ལ་བབ་པ་ཐམས་ཅད༴ བྱད་ཁ་ཕུར་ཁ་ཟུག་པ་ཐམས་ཅད༴ རྦད་འདྲེ་རྦོད་གཏོང་གཏོང་བ་ཐམས་ཅད༴ མི་ཁ་དང་དགྲ་སྣ་མེ་ལྟར་འབར་བ་ཐམས་ཅད༴ མི་ཁ་དང་དགྲ་སྣ་ཆུ་ལྟར་བྲུག་པ་ཐམས་ཅད་མཱ་ར༴ ཡུལ་མི་ཁྱིམ་མ ཚེས་ཀྱི་མི་ཁ་ཟུག་པ་ཐམས་ཅད༴ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད༴ བསྟན་དགྲའི་ལུས་ངག་ཡིད་གསུམ་ཐམས་ཅད༴ གཞན་ཡང་ལྷ་སྲིན་སྡེ་བརྒྱད་ཀྱི་ཟ་ཁ་སྟོན་པ་མཱ་ར་ཡ༴ བསྐལ་པ་མ་སྟོང་གི་བར་དུ་མ་ལྡང་ཅིག མཱ་ར་ཡ་རྦད་ནན། ཆིངས་ཤིག ༀ་ལམ་ཧཱུཾ་ལམ་སྟྭཾ་བྷ་ཡ་ནན། དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་སྟྭཾ་བྷ་ཡ་ནན། བརྗོད་པ་དང་ཆབས་ཅིག་ཏུ་ལིངྒ་དང་མི་ཁའི་རྫས་སོགས་གཡག་རུའི་ནང་དུ་བཅུག་ཅིང་ལིངྒ་བཙིང་ཐིག་གི་འཕྲོ་གཡག་རུའི་ཁ་ནས་ལས་རྦད་དུ་བཏག་ཅིང་ལིངྒ་རས་ཀྱིས་བཀབ་ལ་བཞག ཅིང་ཐུན་གཏོར་ནི་གཏོར་ཁྲག་གིས་བརྒྱན་ཏེ་ཕུལ་བས་ལྗགས་གུག་གི་རྣམ་པ་ཅན་གྱིས་གསོལ་ཞིང་། ལྷག་མ་ནད་མཚོན་དུག་གསུམ་གྱི་རྣམ་པར་བསྒྱུར་ནས་དགྲ་ཕྱོགས་སུ་འཕང་བ་ཙམ་གྱིས་གང་ལ་དམིགས་པ་རྣམས་ཙྭ་ཕུང་མེས་བསྲེགས་པ་བཞིན་ནག་ཐུལ་གྱིས་ཚིག་པར་བསམ་མོ། ཧཱུཾ་ལེགས་ལྡན་ཚོགས་བདག་འཁོར་དང་བཅས། ཁྲམ་ཁ་སྒྱུར་བའི་མཐུ་བོ་ཆེ། བདུད་ཁ་སྒྱུར་བའི་ང་རོ་ཅན། དོ་ནུབ་བཟློག་བསྒྱུར་དུས་ལ་བབ། གཞན་གྱི་བསམ་སྦྱོར་ངན་པ་བཟློག བྱད་ཁ་ཕུར་ཁ་ངན་པ་བཟློག མཚེ་ཟོར་ཉུང་ཟོར་འཕེན་པ༴ འབྱུང་པོས་ཐོད་ཟོར་འཕེན་པ༴ གཤིན་རྗེའི་འཁོར་ལོ་སྐོར་བ༴ བདུད་ཀྱི་ཁྲམ་ཁ་གཏོང་བ༴ མ་མོའི་ཁྲག་ཟོར་འཕེན་པ༴ ཀླུ་ཡི་བྱད་དུ་བཅུག་པ༴ ཐེའུ་རང་སྲི་ལ་རྐུ་བ༴ མ་མོས་བར་ཆད་བྱེད་པ༴ རྒྱལ་པོ་སྨྱོ་འབོག་གཏོང་བ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ༴ གློ་བུར་དགུ་བཅུ་གོ་གཅིག༴ བྱིས་པའི་གདོན་ཆེན་བཅོ་ལྔ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ ནད་རིགས་བཞི་བརྒྱ་རྩ་བཞི༴ དུས་མིན་འཆི་བ་རྣམ་བརྒྱད༴ རྨི་ལྟས་མཚན་མ་ངན་པ༴ ལོ་ཀགས་ཟླ་ཀག་ཞག་ཀག༴ ཟ་ཀག་དུས་ཀག་བདུན་ཟུར༴ དྲང་སྲོང་གཟའ་ཡི་ཀི་ཀཾ༴ ཞང་ཞུང་ཙོ་དམར་འཕེན་ས༴ སུམ་པས་གླང་ཟོར་འཕེན་པ༴ བནྡྷེས་སྔགས་ཟོར་འཕེན་པ༴ བོན་པོས་སྟྭ་ཟོར་འཕེན་པ༴ སྐྱེས་པས་མདའ་ཟོར་འཕེན་པ༴ བུད་མེད་དམོད་ཟོར་འཕེན་པ༴ སྲུང་གི་གཤེད་བཞི་ཐམས་ཅད༴ མོ་རྩིས་ངན་པ་ཐམས་ཅད༴ བདུད་དང་སྲིན་པོ་གཤིན་རྗི་དང་། བཙན་དང་མ་མོ་རྒྱལ་པོ་དང་༴ ཀླུ་གདོན་ལ་སོགས་གནོད་པ༴ དེ་ལ་སོགས་པའི་གདུག་པ་རྣམས། ཐམས་ཅད་སྡང་བའི་དགྲ་ལ་བཟློག ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ ཧཱུཾ་ཕྲིན་ལས་བྱང་ཆུབ་ནག་པོ་ཆེ། སྣ་ཚོགས་སྤྲུལ་པའི་འཁོར་རྣམས་ལ། ཡང་སྤྲུལ་ཕོ་ཉ་འབུམ་ཕྲག་བརྒྱ། མཚོན་ཆ་སྣ་ཚོགས་རབ་འཛིན་ཞིང་། རི་རབ་ཆེན་པོ་ཕྲག་ལ་གཟར། རྡོ་རྗེ་བྲག་རི་རིང་དུ་འདོར། རྒྱ་མཚོ་ཆེ་ཡང་ཧུབ་ཀྱིས་འདེབས། གནམ་ལྕགས་རྡོ་རྗེའི་ཐོག་མདའ་འཕེན། སྣ་ཚོགས་མཚོན་ཆའི་སེར་ཆེན་འབེབས། དྲག་པོའི་ནད་ཀྱིས་ཆར་བ་གཏོང་། སྡིག་ཅན་དགྲ་བོའི་སྲོག་ལ་ཡ། དམ་ཉམས་རྣམས་ཀྱི་ལུས་ལ་ཡ། བསྟན་དགྲ་རྣམས་ཀྱི་སེམས་ལ་ཡ། གཟུགས་ཕུང་ཤིགས་ལ་རྣམ་ཤེས་ཕྲོགས ཁུག་ཅིག་དྲོངས་ཤིག་ཨཾ་ཀུ་ཤ། བརྒྱལ་ཅིག་རེངས་ཤིག་སྟྭཾ་བྷ་ཡ། ཕྱེས་ཤིག་ཕྲོལ་ཞིག་བི་དེ་ཤ། ཕྱུངས་ཤིག་སྐྲོད་ཅིག་ཨུ་ཙ་ཌ། སོད་ཅིག་ཆོམས་ཤིག་མཱ་ར་ཡ། རྡུལ་ཕྲན་ཙམ་དུ་ཙུརྞ་ཡ། ཞེས་པས་མཐར། གོང་གི་སྔགས་རྣམས་ཚང་བར་བཟླ་ཞིང་ཐུན་གཏོར་དགྲ་ཕྱོགས་སུ་བརྡེག འདི་ལ་གཏོར་ཆུང་ཤ་ཁྲག་གིས་བརྒྱན་པ་རེ་དང་། མཚེ་ཀྱུང་རྩང་གིས་བརྒྱན་པ་གཉིས་བཤམས་ལ། སྔ་མ་ལས་རྦད་དུ་འབུལ། ཕྱི་མ་ཕྱི་རོལ་དུ་འཕེན་ཞིང་འཕྲལ་དུ་ཐུན་གཏོར་གསར་གཟུང་རེ་བཤམས་པ་གནད་ཡིན་ནོ། སྤྲོས་པ་ལ་དགའ་ན་ལྷ་དམག་སྤྱི་བསྐལ། ཕར་མཐའ་མ། བཟློག་པ་ཆེ་ཆུང་ཐམས་ཅད་སྐབས་འདིར་བཏང་ན་ལེགས། སྒྲུབ་ཞག་ཅི་ཙམ་བྱེད་ཀྱང་དེ་སྲིད་དུ་ཚུལ་དེ་དང་མཚུངས་པར་ཐུན་མང་ཉུང་སྐབས་དང་བསྟུན་ཞིང་གཉིས་མནན་གཞུང་དེ་ཡང་བསྐྱར་གྱི་བཏང་བ་དེ་ཁོ་ནའོ། དེ་ནས་ཉིན་ཐ་མ་ལ་བབས་ཚེ་གསང་སྤུར་གཞུང་གི་ལས་མཐའ་རྫོགས་ནས་འཕང་བའི་ལས་ལ་འཇུག་ཚེ་ཟོར་འཕེན་གྱི་ལིངྒ་དང་། མནན་ལིང་གཉིས་ཀ་ཟོར་བརྡེགས་རྗེས་གང དུ་མནན་པའི་སར་ཁྱེར་ནས། དང་པོ་སྡེ་བརྒྱད་གསེར་སྐྱེམས་བཏང་ལ་མནན་དོང་བརྐོ་ཞིང་། མནན་ཆས་རྣམས་བདུན་དུ་བཞག་པར་རཀྟ་བྲན་མཐར། ཞལ་བསྟབས་ཐུན་གཏོར་བཅས་དོར། གཉིས་པ་བདག་ཉིད་ལྷའི་ང་རྒྱལ་བཟུང་ནས་ལས་རྦད་མ་གཏོགས་དཀྱུས་བཞིན་བཏང་ཞིང་། ཐུན་བསྡེགས་ལས་སྦྱོར་ནི། ཧཱུཾ་བདག་ཉིད་དཔལ་ཆེན་ཀུན་འདུས་ཧེ་རུ་ཀ། རྒྱལ་ཀུན་མཁྱེན་བརྩེ་ནུས་རྩལ་རྫོགས་པའི་སྐར། ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་གདེངས། གཡོན་པའི་སྡིགས་མཛུབ་ཕྱག་རྒྱས་ལོག་འདྲེན་འདུལ། ༀ་གུ་རུ་ཤྲྀ་བཛྲ་ཡཀྴ་ཀྲོ་ཏ་ཙིརྟ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཕྱག་གཡས་གནམ་ལྕགས་རྡོ་རྗེ་སར་བསྣུན་པས། ས་གཞི་ཚལ་བར་གས་པའི་དབྱིངས་རུམ་ནས། མཐའ་ཡི་རྒྱ་མཚོ་སྔོ་མེར་གསལ་བར་གྱུར། དེ་དབུས་ཀླུ་བདུད་ནག་པོ་ཏི་ས་ཙ། ཆུ་སྲིན་འབར་བའི་གདོང་ཅན་ཡར་ལ་བཞེངས། ཁ་གདེངས་གནམ་ས་བསྒྲད་ཅིང་ལྗགས་གློག་འཁྱུགས། ཚེམས་དང་མཆེ་བ་གངས་རི་ལྟ་བུར་གཙིགས། སྤྱན་གཉིས་ཉི་མ་ཟླ་བ་བཞིན་དུ་གསལ། སྦྲུལ་ཞགས་ནད་རྐྱལ་འཛིན་ཁྱོད་ཞལ་ཕྱེས་ཤིག གནམ་ས་བསྒྲད་པ་ཁྱེད་ཀྱིས་ཁ་ནང་དུ། དམ་ཉམས་དགྲ་བོ་གནོད་པར་བྱེད་པ་པོ། མི་ནོར་འཁོར་དང་བཅས་པ་འདི་དག་རྣམས། ཟས་སུ་བསྟབ་སོ་གཏོད་ནྲྀ་ཏྲི་ཛཿ ཞེས་པས སྐབས་འདིར་ལིངྒ་དགྲ་བོ་དངོས་སུ་གསལ་བ་ཡང་བསྐྱར་གྱིས་འགུགས་པ་འདི་ཉིད་ཅི་ནུས་བརྗོད༴ ན་མོ་མཆོག་གསུམ་རྩ་གསུམ་དམ་ཅན་རྒྱ་མཚོ་དང་། ཁྱད་པར་ལེགས་ལྡན་ཚོགས་བདག་ཡབ་ཡུམ་སྲས། སྐ་གསུང་ཐུགས་མགོན་ཡོན་ཏན་ཕྲིན་ལས་མགོན། ཕྱོགས་བཅུའི་སྡེ་བརྒྱད་དཔལ་མགོན་བདུན་ཅུའི་ཚོགས། སྤྲུལ་འཁོར་ཕོ་ཉ་ལས་བྱེད་ཡང་སྤྲུལ་བཅས། ཆོས་ཉིད་འགྱུར་མེད་རྒྱུ་འབྲས་བསླུ་མེད་མཐུས། རྒྱལ་བསྟན་ལ་གནོད་ཉེས་མེད་འགྲོ་ལ་འཚེ། བདག་དང་བསྲུང་བྱར་དུས་གསུམ་བསམ་སྦྱོར་གནག །དོ་བསྡོ་ཕོད་བཙུགས་འགྲས་བཙལ་ཐུབ་ཚོད་བྱས། དམག་ཇག་རྐུན་སྣ་དགྲ་གྱོད་མི་ཁ་འབེབས། མཐོ་གནོན་ཁྱད་གསོད་དངོས་དང་བརྒྱུད་ནས་གནོད། ཁ་དཀར་སྙིང་ནག་སྐར་འདེབས་ངན་སྨྲས་སྒྲོགས། ཕན་བདེ་འགོག་ཅིང་ལོག་སྦྱོར་རྩོམ་པའི་དགྲ། གནོད་ཅིང་འཚེ་བྱེད་གཟུགས་མེད་བགེགས་རིགས་བཅས། ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ མགུལ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ་ཡན་ལག་སྡོམས་ཤིག་བཛྲ་སྥོ་ཌ་བམཿ མྱོས་པར་གྱིས་ཤིག་བཛྲ་གྷཎྜེ་ཧོཿ ཕྱེས་ཤིག་བཛྲ་པྲ་ཝེ་ཤ་ཡ་ཕཊཿ དབྱེར་མེད་སྟིམས་ཤིག་ཨ་བེ་ཤ་ཡ་ཨཱཿ ཞེས་ཅི་ནུས་དང་། འགུགས་ཐུང་ཀྱང་བྱའོ། །གསུམ་པ་གཡག་རུ་ལག་ཏུ་ཐོགས་ལ ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་ནིཿ ཁྱོད་ནི་སྲོག་བདུད་ནག་པོ་སྟེ། མིང་དང་རུས་སུ་བྲིས་པ་ཡི། དགྲ་བགེགས་སྡིག་ཅན་དམ་ཉམས་འདི། སྲོག་གཅོད་ནག་པོ་ཁྱོད་ལ་གཏད། དཔལ་ལྡན་མགོན་པོ༴ ཁྱོད་ནི་ཚེ་ལེན་ནག་པོ་སྟེ། མིང་དང་རུས་སུ༴ དགྲ་བགེགས་སྡིག་ཅན་དམ༴ ཚེ་ལེན་ནག་པོ་ཁྱེད་ལ་གཏད། དཔལ་ལྡན་མགོན་པོ༴ ཁྱོད་ནི་མི་ཟན་ནག་པོ་སྟེ། མིང་དང་རུས་སུ༴ དགྲ་བགེགས་སྡིག་ཅན ༴ མི་ཟན་ནག་པོ་ཁྱོད་ལ་གཏད། དཔལ་ལྡན་མགོན་པོ༴ ཁྱོད་ནི་སྲོག་བདུད་ནག་པོ་སྟེ། མིང་དང་རུས་སུ་བྲིས་པ་ཡི། དགྲ་བགེགས་སྡིག་ཅན་དམ་ཉམས་འདི། སྲོག་བདུད་ནག་པོ་ཁྱོད་ལ་གཏད། དཔལ་ལྡན༴ ཁྱོད་ནི་ཤ ཟ་ནག་པོ་སྟེ། མིང་དང་རུས་སུ༴ དགྲ་བགེགས་སྡིག་ཅན༴ ཤ་ཟ་ནག་པོ་ཁྱོད་ལ༴ དཔལ་ལྡན༴ ཁྱོད་ནི་ཁྲག་འཐུང་ཆེན་པོ་སྟེ། མིག་དང་རུས་སུ༴ དགྲ་བགེགས་སྡིག་ཅན༴ ཁྲག་འཐུང་ཆེན་པོ་ཁྱོད་ལ༴ དཔལ་ལྡན༴ ཁྱོད་ནི་བདུད་སྲིན་ནག་པོ༴ མིང་དང་༴ དགྲ་བགེགས་སྡིག་ཅན༴ བདུད་སྲིན་ནག་པོ་ཁྱོད་ལ༴ དཔལ་ལྡན་མགོན་པོ༴ ཁྱོད་ནི་གཤིན་རྗེ་ནག་པོ་སྟེ། མིང་དང་དགྲ་བགེགས་སྡིག་ཅན༴ གཤིན་རྗེ་ནག་པོ་ཁྱོད༴ དཔལ་ལྡན༴ ཁྱོད་ནི་ཁྲམ་བདག་ནག་པོ་སྟེ། མིང་དང་༴ དགྲ་བགེགས་སྡིག་ཅན༴ ཁྲམ་བདག་ནག་པོ་ཁྱོད་ལ༴ དཔལ་ལྡན་མགོན་པོ༴ ཁྱོད་ནི་ནག་པོ་ཆེན་པོ་སྟེ། མིང་དང་རུས་སུ་བྲིས་པ་ཡི། ཡིད་ལ་བརྣག་པའི་དགྲ་བགེགས་འདི། ནག་པོ་ཆེན་པོ་ཁྱོད་ལ་གཏད། ལེགས་ལྡན་ནག་པོ་ཁྱོད་ལ་གཏད། བཀའ་ཡི་ལྷ་སྲིན་རྣམས་ལ་གཏད། གཏད་དོ་དགྲ་བོ་མ་ཤོར་ཅིག གཏད་པ་ཡིན་པས་དང་དུ་ལོངས། སྡང་བའི་དགྲ་ལ་ལས་མཛོད་ཅིག བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། ས་མ་ཡ་ཛ་ཛཿ ཅེས་བརྗོད་ནས་མནན་དོང་དུ་འཕང་ངོ་། བཞི་པ་མནན་པ་དངོས་ལ་འཇུག་པ་ནི། གཡག་རུ་མནན་དོང་དུ་ཁ་སྦུབས་སུ་བསྐྱུར་བ་ལ་ཐུན་རྫས་བླུགས། རཀྟ་གཏོར་ཞིང་། ཁུང་ཚུད་ས་བདག་ཀླུ་གཉན་ཀུན་དགའ་ཞིང་། ཕྲུ་གུ་ཐམས་ཅད་ཙིར་སྒྲ་ཏིར་ཏིར་སྒྲོགས། མནན་པས་ལས་སྦྱོར་དམ་ཉམས་དགྲ་བོ་རྣམས། བསྐལ་པ་མ་སྟོངས་བར་དུ་མི་ཐར་བའི། ཆུ་སྲིན་ཁ་བསྡམས་ཉི་ཟླ་གཟས་ཟིན་ལྟར། མུན་ནག་དགུ་རིམ་ངང་གནས་རྒྱ་མཚོའི་གཏིང་། རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་། ཞེས་དང་། འཆི་བདག་གཤིན་རྗེ་ནག་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ། དམ་ཉམས་པའི་དགྲ་བོ་འདིའི་ཚེ་བསོད་ནམས་བཀྲག་གཟི་མདངས། ཁ་རྗེ་དབང་ཐང་ལུས་ལོངས་སྤྱོད་དང་བཅས་པ་རྣམས་ཟས་སྐལ་དུ་གཏད་དོ། འཐུང་སྐལ་དུ་གཏད་དོ། བཀོད་པར་བགོ་སྐལ་དུ་གཏད་དོ། ནོར་སྐལ་དུ་གཏད་དོ། མ་ཤོར་ཅིག དེ་ནས་ནམ་ཡང་ལྡང་མེད་དུ་བྱ་བ་ནི། ཧཱུཾ་ང་ནི་དཔལ་ཆེན་ཁྲོ་བོའི་རྒྱལ། ཆེ་བའི་ལྷ་ཡ ང་ང་ཡི་འཁོར། སྣང་སྲིད་ལྷ་འདྲེ་ང་ཡི་བྲན། དེ་བས་ཐམས་ཅད་ང་ལ་ཉོན། སངས་རྒྱས་བསྟན་ལ་སྡང་བ་ཡི། ཞིང་བཅུ་ཚང་བའི་དགྲ་བོ་འདི། མི་ནོར་ཡུལ་མཁར་རིགས་རྒྱུད་བཅས། ད་ནི་མནན་པའི་དུས་ལ་བབ། རི་རབ་རི་ཡི་མར་ཞབས་ན། རིམ་པ་དགུ་ཡི་ས་འོག་ན། ཉི་ཟླ་ལྟ་བུའི་མིག་བསྒྲད་ཅིང་། གངས་རི་བསྣོལ་བའི་མཆེ་བ་གཙིགས། གནམ་ས་ལྟ་བུའི་ཁ་གདེངས་པའི། འཆི་བདག་གཤིན་རྗེ་ནག་པོ་ཡིས། ཁ་རུ་བྲུབ་པོ་མ་ཤོར་ཅིག མགུལ་དུ་བསྟིམ་མོ་མ་བཏང་ཅིག བཅོལ་ལོ་གཤིན་རྗེའི་དོང་དུ་བཅོལ། གཏད་དོ་བདུད་ཀྱི་ཟས་སུ་གཏད། བཅིངས་སོ་འཆི་བདག་ལྟོ་བར་བཅིངས། མནན་ནོ་རི་རབ་འོག་ཏུ་མནན། ཅེས་པས་མཐར་འགུགས་པ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་སོགས། གོང་གི་འབོད་རྦད་བསད་གསུམ་སྔགས་རྣམས་ཚང་བར་བརྗོད་ནས། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད༴ སོགས་ནམ ནན། ཞེས་བརྗོད་པ་དང་ཆབས་གཅིག་པ་རྡོ་རྗེའི་དབྱིབས་ལ། མེ་ཆུ་གོ་ལྡོག་གིས་རྒྱས་གདབ་ཅིང་དུར་གཡམ་ལ་རྒྱ་གྲམ་བྲིས་པས་ཁ་བཀབ་ལ། ནམ་མཁའ་རླུང་མེ་ས་ཆུ་རི་རབ་འོག་ནྲྀ་ཏྲི་གནོད་བྱེད་སྟྭམ་བྷ་ཡ་ལམ་ནན། མནན་པ་ཡིན་པས་ལྡང་བར་མ་གྱུར་ཅིག སངས་རྒྱས་དོན་ཡོད་གྲུབ་པས་རྒྱས་བཏབ་པོ། དམིགས་མེད་ཆོས་ཀྱི་དབྱིངས་སུ་ས་མ་ཏི། ཞེས་དང་། སླར་ཡང་རྡོ་རྗེའི་བྲོ་ཡིས་རྒྱས་གདབ་ཅིང་། ཧཱུཾ་ང་ནི་དཔལ་ཆེན་འཁོར་དང་བཅས། སྒེག་སོགས་ཉམས་དགུ་ལྡན་པའི་གར། ཉི་ཟླ་འབར་བའི་ལྷ་སྟངས་དང་། རྡོ་རྗེ་འབར་བའི་རྐང་སྟབས་ཀྱིས། གཡས་རོལ་བདེ་ཆེན་ཐབས་ཀྱི་བྲོ། གཡོན་རོལ་སྟོང་ཉིད་ཤེས་རབ་བྲོ། མཉམ་པའི་སྟང་སྟབས་ཟུང་འཇུག་བྲོ། ཡེ་ཤེས་རོལ་པ་ཆེན་པོའི་གར། དགྲ་བགེགས་སྤྱི་བོར་ཆེམས་སེ་ཆེམ། གཟུགས་ཕུང་རྡུལ་དུ་ཤིགས་སེ་ཤིག རྣམ་ཤེས་སྐྱེ་མེད་ཀློང་དུ་བསྒྲལ། དགྲ་བགེགས་མིང་ཡང་མེད་པར་བྱས། བླ་མེད་མཆོག་གསུམ་དབུ་འཕང་མཐོ། ལྷ་དང་སྲུང་མ་མངའ་ཐང་རྒྱས། སངས་རྒྱས་བསྟན་པ་གཉན་པོ་དར། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ༀ་ཛ་ཡེ་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ། དེ་ཡང་འདིར་ཤེས་པར་བྱ་བ་ཚོགས་བདག་གི་གཞུང་དང་འབྲེལ་ན། བར་ཅ་དང་། འོག་ཆའི་གཏོར་མ་ལས་རྦད་བཅས་པ་མཉམ་དུ་འཕེན་རྒྱུ་དང་། ཉིན་ཆོག་ལྟ་བུའི་ཡོན་མཆོད་གཉིས་ཀས་སྤྲོས་པ་བསྐྱུང་ན་དངོས་གྲུབ་འབྱུང་གཏེར་གཞུང་ཁེར་རྐྱང་བཏང་མཐར། དགྲ་བྲུབ་རྐྱང་པས་སྨད་ལས་གོ་ཆོད་བྱས་ཀྱང་ཆོག་པས་དེ་ལྟར་ན། ལས་རྦད་དབྱེར་མའི་ལྷ་ནམ་མཁར་བཏེགས་ནས་གཏོར་མ་དགྲ་བགེགས་ད ངོས་སུ་གསལ་བར་འགུགས་བསྒྲལ་བསྟབས་པ་སོགས་སྤྱི་ལྟར་བྱས་མཐར་ཐུན་གཏོར་གྱི་འཕེན་ཚིག་གིས་ལས་རྦད་འཕང་ཀྱང་རུང་ངོ་། འདིར་སྨྲས་པ། སྔ་འགྱུར་བཀའ་གཏེར་ལས་སྦྱོར་རྒྱ་མཚོ་ལས། ལེགས་ཐོན་སྲི་མནན་གདམ་པ་འོད་སྟོང་གཟིས། སྐྱེ་དགུའི་མི་མཐུན་སྨག་རུམ་རིངས་བསྐྲད་ནས། བདེ་སྐྱིད་སྦྲང་རྩིའི་རྒྱལ་མཚན་བཞད་པར་བྱས། འོན་ཀྱང་དགྲ་རིམ་མནན་ཐབས་ཤུགས་བསྟན་ལས། དངོས་སུ་སྤྲོས་པ་དབེན་ཕྱིར་ཁོ་བོ་ཡི། ལྷག་བསམ་སྐྱ་རེངས་ཀྱིས་དྲངས་དགྲ་མནན་ཐབས། རྡོ་རྗེའི་ལྷུན་པོ་འདི་བྲིས་དགེ་བ་ཡིས། བསྟན་འགྲོར་འཚེ་བའི་དགྲ་སྡེ་ཡོངས་བཅོམས་ཤིང་། འགྲོ་རྣམས་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ནས། འཕྲལ་ཕུགས་དགྲ་སྡེའི་གཡུལ་ལས་རྣམ་རྒྱལ་ཞིང་། །བདེ་ཆེན་འགྱུར་མེད་རྡོ་རྗེའི་གསན་ཐོབ་ཤོག དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒོ་ནས་དགྲ་སྲི་མནན་ཐབས་རྡོ་རྗེའི་ལྷུན་པོ་ཞེས་བྱ་བ་འདི་ནི་ཚོགས་བདག་གཞུང་གི་དགྲ་བྲུབ་ལ་རིགས་མཐུན་གྱི་མན་ངག་གིས་ཁ་བསྐང་ཞིང་གསར་རྩོམ་ཀྱི་ཚིགས་བཅད་འགའ་ཞིག་གིས་ཕྲ་ཚོམ་དང་བཅས་བཀླག་ཆོག་ཏུ་བཀོད་པ་འདི་ནི། གསང་སྔགས་རྡོ་རྗེ་ཐེག་པ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་བའཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་སྤེལ་བའི་ཡི་གེ་པ་ནི། དྷརྨ་པ་ལས་བགྱིས་དགེ་བས་པའི་བསྟན་འགྲོའི་མི་མཐུན་རྒུད་པའི་ན་བུན་ལྷག་མེད་དེངས་པའི་མཁའ་ལ་བདེ་སྐྱིད་རྫོགས་ལྡན་གསར་བའི་ཉི་མ་རྟག་པ་རྒྱུན་གྱི་འཁོར་ལོར་གསལ་བར་གྱུར་ཅིག། དགེའོ། །དགེའོ། དགེའོ།


previousམགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒོ་ནས་དགྲ་སྲི་མནན་ཐབས་རྡོ་རྗེའི་ལྷུན་པོ།next