Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

18 occurrences of མགོན་པོ་བེང་
[Clear Hits]


  
  
 
 
  
  
  
  
 
 
 
  
  
དྲག་པོ་སྔགས་ཀྱི་ལས་ཚོགས་ཐུན་མོང་མ་ཡིན་པ་གཡག་རུ་དགྲ་ཆོས་དགྲ་བགེགས་ཚར་གཅོད་ཞེས་བྱ་བ་ཤིན་ཏུ་ཟབ་པའི་མན་ངག
  
  


18 occurrences of མགོན་པོ་བེང་
[Clear Hits]

 
previousདྲག་པོ་སྔགས་ཀྱི་ལས་ཚོགས་ཐུན་མོང་མ་ཡིན་པ་གཡག་རུ་དགྲ་ཆོས་དགྲ་བགེགས་ཚར་གཅོད་ཞེས་བྱ་བ་ཤིན་ཏུ་ཟབ་པའི་མན་ངགnext

དྲག་པོ་སྔགས་ཀྱི་ལས་ཚོགས་ཐུན་མོང་མ་ཡིན་པ་གཡག་རུ་དགྲ་ཆོས་དགྲ་བགེགས་ཚར་གཅོད་ཞེས་བྱ་བ་ཤིན་ཏུ་ཟབ་པའི་མན་ངག

༄༅། །དྲག་པོ་སྔགས་ཀྱི་ལས་ཚོགས་ཐུན་མོང་མ་ཡིན་པ་གཡག་རུ་དགྲ་ཆོས་དགྲ་བགེགས་ཚར་གཅོད་ཞེས་བྱ་བ་ཤིན་ཏུ་ཟབ་པའི་མན་ངག་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡི། འཇམ་དབྱངས་བླ་མའི་ཞབས་ལ་ཕྱག་འཚལ་ལོ། འགྲོ་ལ་ཕན་ཕྱིར་དགྲ་ཆོས་བྲི་བ་འདིར། །ཡི་དམ་ཊཱཀྐི་དམ་ཅན་ཆོས་སྐྱོང་གིས། བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། སྔོན་ཚེ་ཡེ་སྨོན་རྒྱལ་པོའི་སྐ་རིང་ལ། བདུད་པོ་ངམ་རྗེ་རྩོལ་པོ་དགྲ་རུ་ལངས། འཛམ་གླིང་མི་ལ་དམག་སྣ་དྲངས་པའི་དུས། སྲིད་པ་ཡེ་སྨོན་རྒྱལ་པོ་ཡོན་མཆོད་ཀྱིས། ས་ལ་རྡོ་བླངས་དགྲ་བོའི་བླ་རྡོ་བྱས། ལུང་ལ་ཤིང་བཅད་དགྲ་བོའི་བླ་ཤིང་བྱས། དགྲ་བོའི་རྐང་ལག་གཟུགས་བཞི་མགོ་དང་ལྔ། ལིངྒ་བྲིས་ནས་དགུག་གཞུག་ཟིལ་གྱིས་མནན། གཡག་རུའི་ནང་བཙུད་རྡོ་ནག་ཤིང་ནག་དང་། མི་ཁའི་ཡས་བླུགས་རྒྱ་གྲམ་ལམ་དུ་མནན། དེ་ཡིས་ངོ་རྗེ་རྩོལ་པོ་དམུ་གབ་ནོན། དམག་སྣ་ཕར་ལ་བཟློག་སྟེ་དགྲ་ཁམས་ཕམ། དེ་ནས་མི་བུ་རུས་དྲུག་བཀྲ་ཤིས་སོ། དེང་སང་གཏོ་མཁན་འགའ་ཡི་བྱེད་ཚུལ་ལ། སྔོན་གྱི་དཔེ་ཡིན་ཟེར་བའི་དགྲ་ཆོས་བྱེད། བཅའ་ཆོག་འདོན་རྒྱུ་གཉིས་པོ་ཡ་བྲལ་ཏེ། རྡོ་ནག་ཡིན་ཟེར་རྡིས་འབྲུ་དགུ་དང་ནི། གླང་ཁྲམ་ཚྭ་གཡེར་རམ་སྒོག་ཐལ་འཇིམ་རྣམས། ལིངྒ་མེད་པའི་གཡག་རུ་སྟོང་པའི་ནང་། ལྷ་སྔགས་ཏིར་འཛིན་མེད་པར་གློ་བུར་བརྫངས། དེ་འདྲས་ཕན་གནོད་ཅིར་འགྱུར་ཆ་མ་མཆིས། དགྲ་བྲུབ་སྐོར་འདི་ཡེ་སྨོན་རྒྱལ་པོ་དང་། འཛམ་གླིང་རྒྱལ་པོར་དར་སྲོལ་ཆེ་ན་ཡང་། ཕྱི་ནས་ཡི་གེར་མ་ཐེབ་ཁ་མ་ཚང་། གཏོ་མཁན་རྣམས་ལ་ཁག་མེད་ལྟ་བུ་ཡིན། དེའི་ཕྱིར་དགྲ་ཆོས་ཆོག་བསྒྲིགས་འཁྱེར་བདེར་བཀོད། ཡར་གཞི་རྩ་གསུམ་སྲུང་མ་སྤྱི་སྒེར་གྱི། གཏོར་མ་སྨན་རཀ་མཆོད་རྫས་ཚོགས་འཁོར་དང་། བཟློག་གཏོར་ལ་སོགས་དུས་སྐབས་འབྲེལ་བར་བཤམས། མར་གཞི་དགྲ་ཆོས་བཅའ་ཆོག་འདི་ལྟ་སྟེ། ཧོམ་ཁུང་ནང་དུ་གཡག་རུ་གཡོན་མ་བཞག གཡག་རུའི་ནང་དུ་དུག་ཤོག་གཙང་མ་ལ། དགྲ་གཟུགས་ལིངྒ་ཚད་ལྡན་བྲིས་ཏི་གཞུག། བསྡུ་ན་ཙྭ་གཟུགས་བཅིངས་ཏེ་བཞག་ཀྱང་ཆོག། སྲིབ་སྐྱེས་ངམ་ཤིང་གླང་མ་དམར་པོ་དང་། མི་དང་དུད་འགྲོས་མ་འགོམ་རྡོ་ནག་དང་། ཚྭ་གཡིར་རམ་སྒོག་ཐལ་འཇིམ་ཕུང་རས་སོགས། འགོ་རུ་དགོས་པའི་རྫས་རྣམས་ཚང་བར་བསགས། དང་པོ་ཡི་དམ་བཀའ་སྲུང་ཆོས་སྐྱོང་གིས། ལས་གཞུང་བསྙེན་པ་ཚོགས་མཆོད་བསྐང་བཤགས་དང་། བསྐལ་དང་བསྒྲལ་ལས་བཟློག་པ་བྱ་བ་ནི། དཔེར་ན་རྒྱལ་པོར་ཞུས་ནས་བཀའ་འཕྲིན་བླངས། དེ་ནས་གཞན་ལ་རྩོད་པ་ལྟ་བུའོ། སྒྲུབ་གཞུང་ཡི་དམ་སངས་རྒྱས་བཟློག་བསྐང་བ་སོགས། ཞག་མང་ཡིན་ན་ཉིན་བཞིན་བཟློག་པའི་མཇུག དགྲ་ཆོས་ཚར་གྲངས་ཅི་མང་འདོན་པ་དང་། མནན་པ་བྱེད་ན་བྲ་བྲུབ་མཆོག་ཡིན་ཏེ། དགྲ་རྐུན་ཇག་པས་སྡང་དང་བྱར་མཐུ་ཟུག །ཁ་མཆུའི་མི་ཁ་དབབ་ས་ལ་སོགས་པར། ཕན་ཆེ་ལག་ལེན་མྱོང་བའི་གཏོ་ཆོག་ཡིན། འདི་ཡི་གོ་དོན་འདོན་ཆ་ཤེས་ན་ཡང་། ཞིབ་པར་མཐོང་བརྒྱུད་ཕྱག་བཞེས་གཙོ་བོར་ཟུངས། དེ་ནས་དངོས་གཞིའི་དམིགས་བྱ་བསྐྱེད་འགུགས་ནི། ༀ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ། ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ཟུར་གསུམ་པའི་ནང་དུ་ཡཿ ལས་དགྲ་བོ་འགུགས་པའི་གཡག་རུ་ནག་པོ་གཏིང་ཟབ་ཅིང་ཚ་ལ་རྩུབ་པ། ནག་ལ་རྔམ་པ། འཇིགས་སུ་རུང་བ་དེའི་ནང་དུ་ནྲྀ་དང་ཏྲིཿ ལས་ཐད་དུ་ལངས་པའི་དགྲ་བོ་ཐམས་ཅད་ཀྱི་བླ་དང་སྲོག་གི་ལིངྒ་གཟུགས་དང་སྐྱེ་མཆེད་ཚང་བ། སྔོ་བ་སྐྱ་བ་ཧམ་པ་རིད་པ། མིག་ནས་ཁྲག་གི་མཆི་མ་འཆོར་བ། རྐང་ལག་ལྕགས་སྒྲོག་གིས་བསྡམ་པ། མགོན་སྐྱབས་ཀྱི་ལྷ་ཐམས་ཅད་དང་ཕྲལ་ནས་འདར་ཕྲི་ལི་ལི་བསྔངས་ཧེད་ཧེད་བྱེད་པས་ཉམ་ཐག་པ། ཉོན་མོངས་པ་ཁ་ནས་སྡུག་བསྔལ་གྱི་ཆོ་ངེ་འདེབས་པ་ཞིག་ཏུ་གྱུར། གཞན་ཡང་བླ་རྡོ་ནག་པོ་བླ་ཤིང་གླང་མ། ཚྭ་སྒོག་རམ་གཡེར། གོ་གསུམ་ཐལ་འཇིམ་སྟེ་ཡས་སྟག་དེ་དག་རྣམས་ལའང་དགྲ་བོ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་ཁུག་ནས་ཐིམ་པར་གྱུར། ཛཿ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་རྒྱུད་སྡེ་བཞི་དང་ཐེག་པ་རིམ་པ་དགུ་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཤུགས་འགྲོ་སོགས་མ་སྲིང་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་སོགས་ཡེ་ཤེས་དང་འཇིག་རྟེན་གྱི་སྲུང་མ་བཀའ་གཏེར་གྱི་བདག་པོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི༴ ཕོ་ལྷ་དགྲ་ལྷ་ཡུལ་ལྷ་ཟོ་དོར་རྣམས་ཀྱི་བཀའ༴ གསང་སྔགས་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི༴ བདེན་པ་དང་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། སྤྱིར་སངས་རྒྱས་བསྟན་པའི་བསྟན་དགྲ། སེམས་ཅན་ཡོངས་ཀྱི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐ་དགྲ་ཁྱད་པར་དུ་རྣལ་འབྱོར་བ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ལ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པ་ནས། སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན་ལན་པ་མེད་པའི་སྲོག་ལ་རྒོལ་བ། བསྡོས་པ་མེད་པའི་ནོར་ཕྲོག་པ། ཟོས་པ་མེད་པའི་བུ་ལོན་སྙེགས་པ། དོ་བསྡོ་ཞིང་ཕོད་བཙུགས་པའི་དགྲ་ཡ། གྱོད་ཡ་འཛིང་ཡ་འཁོན་ཡ་བྱེད་པའི་དགྲ་བོ་ལ་ཁ་ན་ཇག་པ་རྟ་སྒ་སྟོད་མི། ལུང་ཁུང་ན་རྐུན་མ་ཐག་འབྲེང་ཐོགས་མི། རྐུན་ཁ་ཤོམ་བྱེད་མི། འཇབ་ལག་ཤོམ་བྱེད་མི། ཁ་མཆུ་དང་རྩོད་ཡ་བྱེད་མི། མི་མེད་དང་ལྷ་མེད་ཟེར་མི་སོགས། མདོར་ན་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་དགྲ་བོ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་འགྲམ། བར་ཉི་ཟླའི་སྐྱབས་ཞབས་སྔགས་པ་ནུས་པ་ཅན་གྱི་གུར་གུམ། སྲིད་པ་གསུམ་གར་གནས་ཀྱང་རང་དབང་མེད་པར་གཟུགས་ལིངྒ་འམ། རྩྭ་གཟུགས་སྐྱ་བོ། བླ་རྡོ་ནག་པོ། བླ་ཤིང་གླང་མ། གཡེར་མ་ཁ་ཆེ་ཚྭ་སྒོག་ཐལ་རམ་འདི་རྣམས་ལ་ཁུག་ཅིག ནྲྀ་ཏྲི་ཧུར་ཐུམ་ཛཿ ཛ་ཧཱུཾ་བམ་ཧོ༔ ཨ་བེ་ཤ་ཡ་ཨ་ཨཿ ཞེས་རོལ་མོ་དང་བཅས་པས་དགུག་གཞུག་ལན་གསུམ་བྱས་ལ། ༀ་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ༔ བཛྲ་སྥོ་ཌ་བམཿ བཛྲ་གྷ་ཎྜེ་ཧོཿ བཛྲ་པྲ་ཝེ་ཤ་ཡ་ཕཊཿ བཛྲ་ཨ་བེ་ཤ་ཡ་ཨཿ ཞེས་པས་འགུགས་འཆིང་སྡོམ་མྱོས་ལྷ་དང་བྲལ་ཏེ་དབྱེར་མེད་དུ་བསྟིམཿ དེ་ནས་གཟུ་ད པང་གི་ལྷ་ལ་དམར་གཏོར་ཤ་ཁྲག་གིས་བརྒྱན་པ། དཀར་གཏོར་དཀར་མངར་གྱིས་བརྒྱན་པ་བསོད་ནམས་འབྲུ་སྣས་བརྒྱན་པ་བཤམས་ལ་འདི་སྐད་དོ། ཧཱུཾ་དཀོན་མཆོག་གསུམ་པོ་གཟུ་དང་དཔང་ཿ བླ་མ་ཡི་དམ་གཟུ༴ མཁའ་འགྲོ་ཆོས་སྐྱོང་གཟུ༴ བཀའ་སྲུང་དམ་ཅན༴ ནོར་ལྷ་གཏེར་བདག༴ ཕོ་ལྷ་དགྲ་ལྷ༴ སྣང་སྲིད་ལྷ་འདྲེ་གཟུ༴ ཡུལ་ལྷ་གཞི་བདག༴ གནས་པེ་དགེ་བསྙེན༴ ཁྱེད་རྣམས་གཟུ་དང་དཔང་མཛོད་ཅིག༴ གཏོར་མ་འབྲུ་སྣ་འདོད་ཡོན་ལྔ། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དང་། ཇ་ཕུད་ཆང་ཕུད་བདུད་རྩི་ལྔ༴ གཟུ་དཔང་ལྷ་ལ་མཆོད་པ་འབུལ། དགྲ་བགེགས་ཤ་ཁྲག་ལིངྒ་ཡིས། བཀའ་སྲུང་དམ་ཅན་མཉེས་གྱུར་ཅིག བདུད་རྩི་གསེར་སྐྱེམས་མཆོད་པ་ཡིས། ཕོ་ཉ་ལས་ལ་རྒྱུག་པ་བརྔན། དཀར་གསུམ་མངར་གསུམ་གཏོར་མ་ཡིས། ཡུལ་ལྷ་གཞི་བདག་གཉན་པོ་མཆོད། ཚྭ་གཡེར་རམ་སྒོག་ཐལ་འཇིམ་འདིས། དགྲ་བོ་བྱད་མ་ཐམས་ཅད་བྲུབ། ཤིང་ནག་གླང་མ་ལིང་དགུ་ལ། དགྲ་བོའི་མི་ནོར་ཁྲམ་ལ་ཐོབས། གཡག་རུའི་ནང་གི་ལིངྒ་ལ། དགྲ་རྐུན་ཇག་པའི་བླ་སྲོག་ཁུག དོ་ནུབ་ཉི་མའི་དགོང་ཐུན་ལ། ཡི་དམ་ཆོས་སྐྱོང་བསྙེན་གྲངས་ཐེམས། གསང་སྔགས་བཟླས་བརྗོད་གྲངས་ཡང་ཚང་། བཀའ་སྲུང་དམ་ཅན་རྒྱུག་པའི་སྲང་། ཕོ་ཉ་ལས་མཁན་དམག་ལ་ཆོས། ཀི་དང་བསོ་ལ་དགའ་བ་དང་། དར་ལ་འདུ་བ་དགྲ་ལྷའི་ལུགས། སངས་རྒྱས་ཆོས་ཀྱི་སྲུང་མ་རྣམས། དར་རག་ཕྱོར་ལ་ད་འདུས་ཤིག རྔ་སྒྲ་ལྡིར་ལྡིར་ཆས་རེ་རན། གོ་ཁྲབ་གྱོན་ལ་རྣོ་མཚོན་ཐོགས། མགྱོགས་པའི་རྟ་ཞོན་རངས་པར་རྒྱུག ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། དགྲ་བོའི་མི་དཔལ་རྟ་མགྱོགས་ཀྱི། དཔུང་བ་ཆོགས་ལ་རྒྱུས་པ་ཆིངས། དགྲ་གཟུགས་ལིངྒ་འདི་ཉིད་དང་། གང་ལ་དམིགས་པའི་དགྲ་བོ་རྣམས། མཉམ་པོར་སྒྲོལ་ལ་བརླག་པར་མཛོད། དགྲ་སྲོག་ཆོད་ལ་དགྲ་དབུགས་སྡུས། ཤ་ཟོ་ཁྲག་འཐུང་རུས་པ་མུར། བསད་རྟགས་དོན་སྙིང་ཁྱེར་ལ་ཤོག ལས་ལ་བསྐལ་ལོ་བང་མ་བུལ། དགྲ་ལ་རྦད་དོ་མཐུ་མ་ཆུང་། བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། དུས་ལ་བབ་པོ་ས་མཱ་ཡ། བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། ཅེས་བཀའ་སྲུང་རྣམས་ཀྱི་རྦད་སྔགས་རྟག་ཏུ་བཟླའོ། དེ་ནས་མགོན་པོའི་དམག་འགྱེད་དམ་ཅན་དགྲ་ལྷའི་ཚོགས་དང་བཅས་པའི་དགྲ་ཆོས་བྱ་བ་ནི། ཡོན་བདག་ཐམས་ཅད་ཀྱིས་གོ་གྱོན་མཚོན་ཐེགས་གྲལ་ལ་འཁོད་ནས་རོལ་མོ་དང་བཅས་དེ་འདི་སྐད་དོ། ཧཱུཾ་ཆོས་སྐྱོང་སྲུང་མའི་མདག་ཚོགས་རྣམས་དམར་གྱི་གཏོར་མ་བཤམས་ནས་སུ། དར་ནག་གཡབ་མོས་འབོད་པའི་ཚེ། ཆོས་ཤིག་དགྲ་བགེགས་སྟེང་དུ་ཆོས། དཔལ་ལྡན་མགོན་པོ་ནག་པོ་ནི། སྐ་མདོག་མཐིང་ནག་རྔམ་པའི་གཟུགས། ཟ་བྱེད་རྔམ་པའི་མཆེ་བ་གཙིགས། ནག་པོ་སྟོང་དང་ཤ་ཟ་འབུམ། མ་མོ་བྱེ་བ་གནོད་སྦྱིན་ཁྲི། སྣ་སྲིད་ལྷ་འདྲའི་དམག་དང་བཅས། དགྲ་བགེགས་སྟེང་དུ་དམག་ལ་ཆོས། དམ་ཅན་རྡོ་རྗེ་ལེགས་པ་ཁྱོད། དགྲ་ལྷ་ཡོངས་ཀྱི་དམག་དཔོན་ཏེ། མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས། ཆོས་ཆོས་དགྲ་བགེགས་སྟེང་དུ་ཆོས། རྒྱུགས་རྒྱུགས་སྡང་བའི་དགྲ་ལ་རྒྱུགས་ད་རེས་མཐུ་རྩལ་ཅི་འདུག་ལྟ། དམ་ཅན་སྲུང་མའི་དམག་ཚོགས་རྣམས། དེ་རིང་དྲག་པོའི་ལས་ལ་བསྐལ། ལྷ་ཀླུ་གཉན་དང་སྡེ་བརྒྱད་རྣམས། ད་ལྟ་ཉིད་དུ་དམག་ལ་སྡུས། གོ་གྱོན་མཚོན་ཐོགས་ཞེ་སྡང་སྐྱེད། ཤ་ཁྲག་དམར་གཏོར་འདི་བཞེས་ལ། དགྲ་བོའི་ཡུལ་དུ་དམག་དཔུང་ཆོས། བདག་དང་རྒྱུ་སྦྱོར་ཡོན་བདག་ལ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས། སྡང་བའི་དགྲ་དང་གནོད་པའི་བགེགས། ལིངྒ་འདི་ལ་མྱུར་དུ་ཁུག རྩྭ་གཟུགས་སྐྱ་བོ་འདི་ལ་བསྐོར། བླ་ཤིང་སེ་རོག་གླང་མ་དང་། བླ་རྡོོ་ནག་པོ་འདི་ལ་སྟིམས། ཡིད་ལ་བརྣག་པའི་དགྲ་བོ་འདི། ལོ་དང་ཟླ་བར་མ་འགྱང་བར། ཞག་དང་ཟ་མའི་ནང་དུ་སྒྲོལ། དུས་ལ་བབ་སོ་སྲུང་མ་རྣམས། དམ་ཚིག་དགོངས་ལ་ཕྲིན་ལས་འདི། ཐོགས་མེད་མྱུར་དུ་འགྲུབ་པར་མཛོད། དེ་ནས་སླར་ཡང་བླ་རྡོ་བླ་ཤིང་སོགས་ལ་དམིགས་ནས་དགུག་གཞུག་དྲག་ཏུ་བྱ། བླ་ཤིང་བཅད་དེ་གླང་ཁྲམ་དགུ་བྱེད། བླ་རྡོ་བཅག་ནས་དུམ་བུ་དགུ་བྱེད། དགྲ་ཆོས་ལ་ཉེ་བར་མཁོ་བའི་ཐུར་ཡིག་བླ་རྡོ་བཅག་པ་དང་། བླ་ཤིང་བཅད་པ་ཁྲམ་འདེབས་དང་བཅས་པ་ནི། ཀྱཻ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི། ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན། གཟུགས་ནི་མ་ངེས་ཅིར་ཡང་སྟོན། སྤྲུལ་པ་ཕྱོགས་བཅུར་ཁྱབ་བར་རྒྱུག སྐྱེ་འགྲོའི་ཚེ་དང་སྲོག་ལ་རྔམ། གསོད་དང་གཅོད་ལ་རབ་ཏུ་དགའ། ཤ་དང་ཁྲག་ལ་ཤིན་ཏུ་དགྱེས། ཁྱེད་ཅག་འཁོར་དང་བཅས་པ་རྣམས། འདིར་སྤྱོན་གཏོར་མ་གསེར་སྐྱེམས་བཞེས། ང་ཡིས་བསྒོ་བའི་ཕྲིན་ལས་སྒྲུབས། དགྲ་བགེགས་མ་ཤོར་མྱུར་དུ་ཁུག དགྲ་བོའི་བླ་ཚེ་སྲོག་དབུགས་རྣམས། བླ་ཤིང་སེ་རོག་གླང་མ་དང་། བླ་རྡོ་ནག་པོ་འདི་ལ་སྟིམས། ནྲྀ་ཏྲི་སརྦ་ཨ་ཀཪྴ་ཡ་ཛཿཛཿ ཞེས་དགུག་ལ་དང་པོ་བླ་རྡོ་བཅག་པ་ནི། ཀྱཻ་སྟེང་གི་རྡོ་འདི་གནམ་ཡིན་ལ། འོག་གི་རྡོ་འདི་ས་ཡིན་པའི། གནམ་ས་གཉིས་ཀྱི་ཁ་བར་དུ། དགྲ་བོ་ཚེ་ཟད་བླ་རྡོ་བཅག སྟེང་གི་རྡོ་འདི་ཡེ་ཡིན་ལ། འོག་གི་རྡོ་འདི་ངམ་ཡིན་པས། ཡེ་ངམ་གཉིས་ཀྱི་ཁ་བར་དུ། དགྲ་བོ་ཚེ་ཟད༴ སྟེང་གི་རྡོ་འདི་ལྷ་ཡིན་ལ། འོག་གི་རྡོ་འདི་བདུད་ཡིན༴ ལྷ་བདུད་འཐབ་པའི་ཁ་བར༴ དགྲ་བོ་ཚེ་ཟད༴ སྟེང་གི་རྡོ་འདི་ཐོག་ཡིན་ལ། འོག་གི་རྡོ་འདི་སྒྱོགས་ཡིན་པས། ཐོག་སྒྱོགས་གཉིས་ཀྱི་ཁ་བར། དགྲ་བོ་ཚེ་ཟད༴ སྟེང་གི་རྡོ་འདི་ཟངས་ཡིན་ལ། འོག་གི་རྡོ་འདི་ལྕགས་ཡིན་པས། ཟངས་ལྕགས་གཉིས་ཀྱི་ཁཿ དགྲ་བོ་ཚེ་ཟད༴ སྟེང་གི་རྡོ་འདི་རི་ཡིན་ལ། འོག་གི་རྡོ་འདི་ཐང་ཡིནཿ རི་ཐང་གཉིས་ཀྱི་ཁ་བར༴ དགྲ་བོ་ཚེ་ཟད༴ སྟེང་གི་རྡོ་འདི་ཟླ་བ་ཡིན། འོག་གི་རྡོ་འདི་ཉི་མ་ཡིན། །ཉི་ཟླ་གཉིས་ཀྱི་ཁ༴ དགྲ་བོ་ཚེ་ཟད༴ སྟེང་གི་རྡོ་འདི་ཉིན་རི་ལ། འོག་གི་རྡོ་འདི་སྲིབ་རི་ཡིན། ཉིན་སྲིབ་གཉིས་ཀྱི་ཁ་བརཿ དགྲ་བོ་ཚེ་ཟད༴ ཁྱེད་དམ་ཅན་ལྷ་སྲིན་སྡེ་བརྒྱད་རྣམས། གསེར་སྐྱེམས་ཕུད་མཆོད་འདི་བཞེས་ལ། སྒོ་ང་བྲག་ལ་བརྒྱབ་པ་བཞིན། དགྲ་བོའི་བླ་རྡོ་དུམ་བུར་ཐོངས། བྲག་རི་ཐོག་གིས་བཤིག་པ་བཞིན། དགྲ་བོའི་བླ་རི་རྨང་ནས་སྒྱེལ། རམ་ནག་སེར་བས་བརྡུང་བ་བཞིན། དགྲ་བོའི་བླ་སྲོག་རྡུལ་དུ་རློགས། མ་གཡེལ་མ་གཡེལ་ལས་མཁན་རྣམས། དགྲ་དཔུང་ཚོམས་ལ་བགེགས་དཔུང་ཤིག དུས་ལ་བབ་པོ་ས་མཱ་ཡ། དྲག་པོའི་ཕྲིན་ལས་གྲུབ་པར་མཛོད། ཅེས་བརྗོད་ཅིང་། བླ་རྡོ་བཅག་ལ་དུམ་བུ་དགུ་བྱེད། དེ་ནས་གླང་ཁྲམ་བཅད་འདེབས་ནི ཀྱཻ། གསེར་རི་གཡུ་ལུང་དུང་རི་མཆོང་ལུང་དང་། ཤེལ་བྲག་འོང་མཚོའི་རྒྱུད་ལ་སྐྱེས་པ་ཡི། ཤུག་པ་འདོམ་ཤ་མཁན་པ་སྦ་སྨྱུག་རྣམས། ལྷ་ཀླུ་གཉན་དང་དགྲ་ལྷའི་བླ་ཤིང་ཡིན། སྲིབ་རི་ནག ས་ལ་སྐྱེས་པའི་གླང་ཕུང་འདི། སྔོན་ཚེ་སྲིད་པ་ཡེ་སྨོན་རྒྱལ་པོ་ཡིས། བདུད་ངམ་རྗེ་རྩོལ་པོ་བཏུལ་བའི་བླ་ཤིང་ཡིན། བར་དུ་ཡ་བླ་བདལ་དྲུག་སྐ་རིང་ལ། བདུད་ཁྱུང་རུ་ནག་པོ་བཏུལ་བའི་བླ་ཤིང་ཡིན། ཐ་མ་རྒྱལ་བུ་མཐིང་གྷེའི་སྐ་རིང་ལ། སྲིན་པོ་སྙིང་དམར་བཏུལ་བའི་བླ་ཤིང་ཡིན། དེ་རིང་སྔགས་འཆང་རྣལ་འབྱོར་ཡོན་མཆོད་ཀྱིས། གནོད་བྱེད་དགྲ་འདྲེ་བྱུར་གསུམ་བླ་ཤིང་བྱེད། སྡང་བའི་དགྲ་བོའི་བླ་ཡིད་སེམས་གསུམ་པོ། ངམ་ཤིང་སེ་རོག་གླང་མ་འདི་ལ་བསྟིམ། དགྲ་བོའི་བླ་དང་བླ་ཤིང་དབྱེར་མེད་གྱུར། ཤིང་གི་རྩི་མོ་ཐུར་དུ་བསྟན་ལ། ཀྱཻཿ དེ་རིང་དགུ་གསུམ་དྲག་པོའི་ཉི་མ་ལ། ཤིང་འདིའི་རྩེ་མོ་ཐུར་དུ་བསྟན་པ་ཡིས། དམ་ཉམས་དགྲ་བོ་ལས་ངན་མགོ་རྟིང་བཟློག རྣོ་ངར་ལྡན་པའི་གནམ་ལྕགས་རལ་གྲི་ཡིས། ཤིང་འདིའི་མགོ་པོ་མར་ལ་བཅད་པ་ཡིས། དགྲ་བོའི་མགོ་བོ་དང་ནི་གནམ་གྱི་འཇུ་ཐག་གཅོད། ཤིང་འདིའི་རྩ་བ་ཡར་ལ་བཅད་པ་ཡིས། དགྲ་བོའི་སྐྱེ་རྒྱུད་བཅད་དེ་ས་ཡི་རྟེན་ཕུར་ཕྱུང་། ཤིང་འདིའི་ལོ་འདབ་ཡན་ལག་བྲེག་པ་ཡིས། དམ་ཉམས་དགྲ་བོའི་ཡན་ལག་ཉིང་ལག་གཅོད། ཤིང་འདིའི་ལྤགས་པ་བཤུས་ནས་སྙིང་པོ་བྲུས་པ་ཡིས། དགྲ་བོའི་དོན་སྙིང་ཕྱུངས་ནས་ལྤགས་པ་བཤུས། ཤིང་འདིའི་རྐེད་པ་ཐད་དུ་བཅད་པ་ཡིས། དམ་ཉམས་དགྲ་བོའི་གཟུགས་ཕུང་རྐེད་ནས་གཅོད། ཤིང་འདི་དུམ་བུ་མང་པོར་གཏུབས་པ་ཡིས། སྡང་བའི་དགྲ་བོའི་དོན་སྙིང་ཚལ་བར་གཏོང་། ཤིང་འདི་གླང་ཁྲམ་དགུ་རུ་བྱས་པ་ཡིས། སྡང་བའི་དགྲ་བོའི་མི་ནོར་ཁྲམ་ལ་འདེབས། ཅེས་བརྗོད་པའི་བླ་ཤིང་གླང་མ་དེའི་མགོ་བོ་མར་བཅད། རྩ་བ་ཡར་བཅད། སྐེད་པ་དེ་དུམ་བུ་མང་པོར་བཏུབས་ལ་འདི་སྐད་དོ། ཀྱཻ་དམ་ཅན་ལྷ་སྲིན་སྡེ་བརྒྱད་རྣམས། གསེར་སྐྱེམས་ཕུད་མཆོད་འདི་བཞེས་ལ། བསྟན་དང་འགྲོ་བའི་སྤྱི་དགྲ་དང་། དཔལ་ལྡན་བླ་མའི་སྐ་དགྲ་རྣམས། ངམ་ཤིང་སེ་རོག་གླང་མ་ལ། མ་ཡོ་མ་བཟུར་ཁྲམ་ལ་ཐོབས། ད་ལྟ་ཉིད་དུ་རྩིས་ལ་ཕོབས། ཁྱད་པར་བདག་ཅག་ཡོན་མཆོད་ལ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་ནས། གནོད་ཅིང་འཚེ་བར་བྱེད་པ་ཡི། དགྲ་བགེགས་བྱད་མ་ཐམས་ཅད་ཀུན། ངམ་ཤིང་སེ་རོག་གླང་མ་ལ། མ་ཡོ་མ་བཟུར་ཁྲམ་ལ་ཐོབས། ད་ལྟ་ཉིད་དུ་རྩིས་ལ་ཕོབས། བྱད་ཁ་ཕུར་ཁ་སྟོན་མི་དང་། རྐུན་སྣ་གྱོད་སྣ་སྟོན་མི་རྣམས། ངམ་ཤིང་སེ་རོག་གླང་མ་ལ། མ་ཡོ་མ་བཟུར་ཁྲམ་ལ་ཐོབས། ད་ལྟ་ཉིད་དུ་རྩིས་ལ་ཕོབས། མི་ལ་ལྷ་མེད་ཟེར་མི་དང་། ལྷ་ལ་མཐུ་མེད་ཟེར་མི་དང་། མཐུ་བུ་ལོན་བཞིན་དུ་སྙོགས་མི་རྣམས། ངམ་ཤིང་སེ་རོག༴ མ་ཡོ་མ་བཟུར་ཁྲམཿ ད་ལྟ་ཉིད་དུ་རྩིསཿ བཀའ་འགལ་དམ་ལོག་བྱེད་པ་དང་། ཕོད་བཙུགས་དོ་བསྡོ་བྱེད་པ་དང་། བཙན་བཙུགས་ཀླང་འདེབས་བྱེད་མཁན་རྣམས། ངམ་ཤིང་སེ་རོགཿ མ་ཡོ་མ་བཟུརཿ ད་ལྟ་ཉིད་དུཿ མི་ཁ་སྨྲ་མཆུ་གླེང་བ་དང་། བསམ་ངན་སྦྱོར་རྩུབ་འཆང་བ་ཡི། བསྟན་དགྲ་ཚེ་ཟད་ལས་ངན་རྣམས། ངམ་ཤིང་༴ མ་ཡོ་མ་བཟུར༴ ད་ལྟ་ཉིད་དུ་རྩིས་ལ༴ དགྲ་བོའི་ཕོ་རྒྱུད་མོ་རྒྱུད་དང་། ཆུང་རྒྱུད་མཐའ་རྩ་སྐྱེ་རྒྱུད་བཅས། ལྷ་ཡི་ཁྲམ་ལ་ད་ཐོབས་ཤིག གཤིན་རྗེའི་ཁྲམ་ལ་ད༴ བཙན་གྱི་ཁྲམ་ལ༴ བདུད་ཀྱི་ཁྲམ་ལ། གཟའ་ཀླུ་གནོད་བྱིན་རྒྱལ་པོ་དང་། མ་མོའི་ཁྲམ་ལ་ད་ཐོབ་ཤིག སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ཀྱིས། ཁྲམ་འདི་མ་ཡོ་མ་བཟུར་ཅིག རྩིས་འདི་མ་ནོར་མ་འཁྲུག་ཅིག དགྲ་ལ་བབ་ན་དགྲ་དཔུང་ཆོམས། བགེགས་ལ་བབ་ན་བགེགས་དཔུང་ཤིག ལས་འདི་མྱུར་དུ་འགྲུབ་པར་མཛོད། ཅེས་གླང་མ་དུམ་བུ་རྣམས་ཀྱིས་གླང་ཁྲམ་དགུ་བྱས་ལ་བཞག བླ་རྡོ་བཅག་པ་དང་། བླ་ཤིང་བཅད་པ་ཁྲམ་འདེབས་དང་བཅས་པ་འདི་རྣམས་ནི། མགོན་པོ་ལེགས་ལྡན་གྱི་ལས་ཚོགས་དང་། བསྟན་གཉིས་གླིང་བའི་གཏེར་མ་ཤུགས་མགོན་གྱི་དགྲ་བྲུབ་དང་། ལྡི་རི་ཆོས་གྲགས་ཀྱིས་མཛད་པའི་མགོན་པོ་ཚོགས་བདག་གི་ལས་ཚོགས་རྣམས་ཀྱིས་ཚིག་གང་ཟབ་ཕྱོགས་གཅིག་ཏུ་བསྡུས་ནས་ཀརྨཱ་རཱ་ག་ཨ་པཱལ་རང་གཞན་མང་པོར་ཕན་ཕྱིར་བྲིས་པ་ཕྱི་རབས་རྣམས་ཀྱིས་ཡིད་བརྟན་དུ་ཟུངས་ཤིག སརྦ་མངྒ་ལཾ།


previousདྲག་པོ་སྔགས་ཀྱི་ལས་ཚོགས་ཐུན་མོང་མ་ཡིན་པ་གཡག་རུ་དགྲ་ཆོས་དགྲ་བགེགས་ཚར་གཅོད་ཞེས་བྱ་བ་ཤིན་ཏུ་ཟབ་པའི་མན་ངགnext