Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

18 occurrences of མགོན་པོ་བེང་
[Clear Hits]


  
  
 
 
  
  
  
  
 
 
 
  
  
  
དེ་ནས་སྐྱེལ་པ་སྟག་ལོ་་་་
  


18 occurrences of མགོན་པོ་བེང་
[Clear Hits]

 
previousདེ་ནས་སྐྱེལ་པ་སྟག་ལོ་་་་next

དེ་ནས་སྐྱེལ་པ་སྟག་ལོ་་་་

༄༅། དེ་ནས་སྐྱེལ་པ་སྟག་ལོ་ཞིག་གིས་རྐང་པ་གཡོན་པས་གཡག་རུ་བརྗིས་ནས་དགྲ་ཆོས་ཀྱི་འབྱུང་ཁུངས་སོགས་ཀྱི་སྨྲེང་འདི་གྱེར་རོ། ཀྱཻ་སྔོན་གྱི་བསྐལ་པ་དང་པོ་ལ། དགྲ་བྲུབ་བྱེད་པ་གར་སྲིད་ན། གནམ་གྱི་མགོ་བོ་དང་ནི་ས་ཡི་ཐ་མ་འཚོས་པ་ལ། ཕ་གནམ་མཐའ་ལྕགས་ཀྱི་རྒད་པོ་དང་། མ་ས་མཐའ་ཟངས་ཀྱི་རྒན་མོ་སྲིད། དེ་གཉིས་རྫུ་འཕྲུལ་བསྡེབས་པ་ལས། སྲིད་པའི་སྒོ་ང་རྣམ་བཞི་བྱུང་། དུང་སྒོང་ཤར་དུ་རྡོལ་བ་ལས། ཤར་ཕྱོགས་རྒྱ་ཡི་དགྲ་སྲི་སྲིད། གཡུ་སྒོང་ལྷོ་རུ་རྡོལ་བ་ལས། ལྷོ་ཕྱོགས་འཇང་གི་དགྲ་སྲི་སྲིད། ཟངས་སྒོང་ནུབ་ཏུ་རྡོལ་བ་ལས། ནུབ་ཕྱོགས་མོན་གྱི་དགྲ་སྲི་སྲིད། ལྕགས་སྒོང་བྱང་དུ་རྡོལ་བ་ལས། བྱང་ཕྱོགས་ཧོར་གྱི་དགྲ་སྲི་སྲིད། ཕྱོགས་བཞིའི་དགྲ་སྲི་རྣམ་བཞི་དེས། གོ་གྱོན་མཚོན་ཐོགས་ཀུན་ལ་སྡང་། འཛམ་གླིང་མི་ལ་དམག་སྣ་དྲངས། དེར་ལས་སྨོན་མཐུ་དང་ལྡན་པ་ཡིས། མཁས་པ་མི་བཞིས་རྫུ་འཕྲུལ་མཛད། སྡང་བའི་དགྲ་བོ་ཐམས་ཅད་ཀུན། འོད་ཟེར་ཤུགས་ཀྱིས་བསྡུས་ནས་ནི། ཤར་ཕྱོགས་རྒྱ་ཡི་དགྲ་སྲི་དེ། འཕར་སྤྱང་ཐོད་པའི་ནང་དུ་བྲུབ། ལྷོ་ཕྱོགས་འཇང་གི་དགྲ་སྲི་དེ། ཁྱི་ཕག་ཐོད་པའི་ནང་དུ་བྲུབ། ནུབ་ཕྱོགས་མོན་གྱི་དགྲ་སྲི་དེ། རྟ་རྨིག་འཁོར་མོའི་ནང་དུ་བྲུབ། བྱང་ཕྱོགས་ཧོར་གྱི་དགྲ་སྲི་དེ། གཡག་རུ་གཡོན་མའི་ནང་དུ་བྲུབ། རྡོ་ནག་རྡེའུ་འབྲུ་དགུ་དང་བྲུབ། གླང་མ་ལིང་ཚེ་དགུ་དང་བྲུབ། ཚྭ་སྒོག་རམ་པ་དགུ་དང་བྲུབ། གཡེར་མ་ཁ་ཆེ་དགུ་དང་བྲུབ། རྒྱ་ལམ་ཆེན་པོའི་བཞི་མདོར་མནན། ལྷ་ཁང་ཐེམ་པའི་འོག་ཏུ་མནན། ལུང་གསུམ་འདུས་པའི་མདོ་རུ་མནན། མཆོད་རྟེན་བྱིན་ཅན་ཞབས་སུ་མནན། འཕང་བ་རྒྱ་མཚོའི་གཏིང་དུ་འཕང་། འཕང་བའི་འོག་ནས་ཡར་མ་ལྡང་། མནན་པ་རི་རབ་ལྗིད་ཀྱིས་མནན། མནན་པའི་འོག་ནས་འཕར་མེད་བྱས། དགྲ་བྲུབ་བྱེད་པ་དང་པོ་དེ་ལྟར་སྲིད། སྲིད་པ་དེ་ཡི་དཔེ་བཞིན་དུ། དོ་ནུབ་བདག་དང་ཡོན་བདག་གིས། གཡག་རུ་གཡོན་མའི་ནང་ཤེད་དུ། དགྲ་གཟུགས་ལིངྒ་མིང་རུས་བཅས། རྡོ་ནག་དེ་ནི་རྡེའུ་དགུ་དང་། གླང་མ་དེ་ནི་ལིང་དགུ་དང་། ཚྭ་གཡེར་རམ་སྒོག་ཐལ་འཇིམ་འདིས། སྡང་དགྲ་གནོད་བགེགས་མ་ལུས་བྲུབ། དམག་སྣ་ཇག་སྣ་སྟོན་མི་བྲུབ། རྐུན་སྣ་གྱོད་སྣ་སྟོན་མི་བྲུབ། བསམ་ངན་སྦྱོར་རྩུབ་འཆང་བ་ཡིས། དགྲ་བགེགས་བྱད་མ་ཐམས་ཅད་བྲུབ། བྲུབ་པོ་དགྲ་བོ་མ་ཤོར་ཅིག མནན་ནོ་དགྲ་བོ་མ་ལྡང་ཅིག ནྲྀ་ཏྲི་མཱ་ར་ཡ་ནན། སྟྭཾ་བྷ་ཡ་ནན་ནན། ཀྱཻ་དེ་ནས་བསྐལ་པ་སྔ་མ་ལ། དགྲ་སྲི་བྲུབ་པ་གར་སྲིད་ན། སྲིད་པ་ཡེ་སྨོན་རྒྱལ་པོ་ལ། བདུད་ངམ་རྗེ་རྩོལ་པོ་དགྲ་རུ་ལངས། བདུད་རྟ་ནག་པོ་འགྲམ་རིང་ཞོན། བདུད་ཞགས་ནག་པོ་གྲུ་ལ་བསྐོན། ལྕགས་སྤྱང་སྔོན་པོ་ཕྱི་ནས་ཁྲིད། འཛམ་གླིང་མི་ལ་དམག་སྣ་དྲངས། དེར་སྲིད་པ་ཡེ་སྨོན་རྒྱལ་པོ་དེས། འཕྲུལ་གྱི་གཏོ་མཁན་སྔགས་འཆང་སྤྱན་དྲངས་ནས། བདུད་ངམ་རྗེ་རྩོལ་པོའི་བླ་བཟུང་ནས། རྐང་ལག་བཞི་པོ་མགོ་དང་ལྔར། ཁྲོ་ཆུའི་ཕ་བོང་རྡོ་རེ་བཏགས། ལྕགས་ཐག་སྔོན་པོས་ཧྲིལ་གྱིས་བཀྱིགས། གཡག་རུ་གཡོན་མའི་ནང་དུ་བྲུབ། རྒྱ་ལམ་སུམ་མདོ་དྲང་པོ་རུ། གཡག་རུ་དགྲ་དང་བཅས་པ་མནན། དེ་ཡི་ངམ་རྗེ་ཕམ་ནས་ངམ་ཁམས་བརླགས། ཡེ་སྨོན་རྒྱལ་པོ་ཡོན་མཆོད་རྒྱལ། དགྲ་སྲི་བྲུབ་པ་དེ་ལྟར་སྲིད། སྲིད་པ་དེ་ལ་སོགས། ཀྱཻ་དེ་འོག་བསྐལ་པ་བར་མ་ལ། དགྲ་བྲུབ་བྱེད་པ་གར་སྲིད་ན། ཕྱྭ་རྗེ་ཡབ་བླ་བདལ་དྲུག་ལ། བདུད་ཁྱུང་རུ་ནག་པོའི་དགྲ་རུ་ལངས། བོང་བུ་ནག་པོ་རྟ་རུ་ཞོན། སྲིན་ཞྭ་ནག་པོ་མགོ་ལ་གྱོན། ཁྱི་ནག་ལྕགས་མགོ་རྗེས་སུ་ཁྲིད། འཛམ་གླིང་མི་ལ་དམག་སྣ་དྲངས། དེར་ཕྱྭ་རྗེ་ཡབ་བླ་བདལ་དྲུག་དཔེ། ལྷ་བདུད་དཔུང་ཀུན་འདུལ་སྤྱན་དྲངས་ནས། ས་ལ་རྡོ་བླངས་དགྲ་བོའི་བླ་རྡོ་བྱས། ལུང་ལ་ཤིང་བཅད་དགྲ་བོའི་བླ་ཤིང་བྱས། དགྲ་བོའི་བླ་རྡོ་བཅག་ལ་བླ་ཤིང་བཅད། གཡག་རུའི་ནང་དུ་དགྲ་སྲི་མ་ལུས་བྲུབ། སྡང་དགྲ་གནོད་བྱེད་བྲུབ་པ་དེ་ལྟར་སྲིད། སྲིད་པ་དེ་ལ་སོགས། ཀྱཻ་བསྐལ་པ་དེ་ཡི་ཐ་མ་ལ། དགྲ་བྲུབ་བྱེད་པ་གར་སྲིད་ན། སྲིད་པ་རྒྱལ་བུ་མཐིང་གྷེ་ལ། སྲིན་པོ་སྙིང་དམར་དགྲ་རུ་ལངས། དྲེལ་ནག་རྐང་གསུམ་རྟ་རུ་ཞོན། སྲིན་པོའི་དམག་ཚོགས་ལས་ལ་བསྐོས། འཛམ་གླིང་མི་ལ་དམག་སྣ་དྲངས། དེར་སྲིད་པ་རྒྱལ་བུ་མཐིང་གྷེ་དེས། ཀོང་ཚེ་འཕྲུལ་རྒྱལ་སྤྱན་དྲངས་ནས། ས་ལ་རྡོ་བླངས་དགྲ་བོའི་བླ་རྡོ་བྱས། ལུང་ལ་ཤིང་བཅད་དགྲ་བོའི་བླ་ཤིང་བྱས། དགྲ་བོའི་བླ་ཤིང་གཏུབས་ནས་བླ་རྡོ་བཅག གཡག་རུའི་ནང་དུ་དགྲ་ལིང་བྱས་ཏེ་བྲུབ། སྡང་དགྲ་གནོད་བྱེད་བྲུབ་པ་དེ་ལྟར་སྲིད། སྲིད་པ་དེ་ཡི་སོགས། ཡང་དགྲ་བྲུབ་བྱེད་པ་གར་སྲིད་ན། རྒྱ་གར་ཆོས་ཀྱི་རྒྱལ་པོ་ལ། མུ་སྟེགས་ནག་པོ་དགྲ་རུ་ལངས། ཆོས་འཁོར་བསྟན་པ་འཇིག་ལ་ཐུག ནད་མུག་མཚོན་གྱིས་བུ་ཡུག་འཚུབས། དེར་རྒྱ་གར་ཆོས་ཀྱི་རྒྱལ་པོ་དེས། སློབ་དཔོན་ཤིནྟཾ་གྷརྦྷ་སོགས། གྲུབ་ཆེན་མང་པོ་སྤྱན་དྲངས་ནས། དྲག་སྔགས་དམོད་པའི་སྒྲུབ་པ་མཛད། མནན་བསྲེག་འཕང་བའི་ལས་སྦྱོར་གྱིས། མུ་སྟེགས་སྡེ་ཚོགས་ཆམ་ལ་ཕབ། ནང་བ་སངས་རྒྱས་བསྟན་པ་བཙུགས། དགྲ་ཆོས་བྱེད་པ་དེ་ནས་སྲིད། སྲིད་པ་དེ་ལ་དཔེ་བླངས་སོགས། ཡང་དགྲ་བྲུབ་བྱེད་པ་གར་སྲིད་ན། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ལ། མཐའ་མིའི་རྒྱལ་པོ་དགྲ་རུ་ལངས། བོད་ཁམས་མི་བདེ་འཁྲུག་རྩོད་བྱུང་། དེར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། སློབ་དཔོན་པདྨ་འབྱུང་གནས་དང་། མཁས་པ་བཻ་རོ་ཙ་ན་དྲངས། རྟ་མགྲིན་དབང་གི་སྒྲུབ་པ་མཛད། དགྲ་གཟུགས་ལིངྒ་མི་རུས་དང་། དགྲ་བོའི་བླ་རྡོ་བླ་ཤིང་རྣམས། གཅན་གཟན་ཐོད་པའི་ནང་དུ་བཅུག ལྷ་ཁང་ཐེམ་པའི་འོག་ཏུ་མནན། མཐའ་དམག་བཟློག་ནས་བོད་ཁམས་བདེ། དགྲ་བྲུབ་བྱེད་པ་དེ་ནས་སྲིད། སྲིད་པ་དེ་ལ་དཔེ་སོགས། ཡང་དགྲ་བྲུབ་བྱེད་པ་གར་སྲིད་ན། རྒྱལ་པོ་མདོ་གཞེར་ནག་པོའི་སྐ་རིང་ལ། ཤར་གྱི་རྒྱལ་པོ་དགྲ་རུ་ལངས། རྒྱལ་མོ་རོང་དུ་དམག་སྣ་དྲངས། རྒྱལ་ཁམས་འཁྲུག་རྩོད་ལས་ལ་གཡེངས། དེར་རྒྱལ་པོ་མདོ་གཞེར་ནག་པོ་དེས། ལོ་པཎ་བཻ་རོ་ཙ་ན་དང་། གཡུ་སྒྲ་སྙིང་པོ་གདན་དྲངས་ནས། དམག་དཔུང་བཟློག་པའི་ཞུ་བ་ཕུལ། སློབ་དཔོན་རྣམ་གཉིས་བཀའ་བགྲོས་བྱས། མགོན་པོ་ནག་པོ་དགྲ་ལ་རྦད། གཡག་རུའི་ནང་དུ་དགྲ་གཟུགས་བྱས། སྒྲུབ་གནས་གཉན་པོའི་འོག་ཏུ་མནན། དགྲ་ཁམས་ཕམ་ནས་ཟུན་ཕྱོགས་རྒྱལ། དགྲ་ཆོས་མཛད་ནས་གཏེར་དུ་སྦས། དགྲ་སྲི་བྲུབ་པ་དེ་ནས་སྲིད། སྲིད་པ་དེ་ལ་དཔེ་བླངས༴ དེ་རིང་བདག་དང་༴ གཡག་རུ་གཡོན་མའི༴ དགྲ་གཟུགས་ལིངྒ༴ རྡོ་ནག་དེ་ནི༴ གླང་མ་དེ་ནི་ལིང་༴ ཚྭ་གཡེར་རམ་སྒོག༴ སྡང་དགྲ་གནོད་བགེགས༴ དམག་སྣ་ཇག་སྣ༴ རྐུན་སྣ་གྱོད་སྣ༴ བསམ་ངན་སྦྱོར་བ༴ དགྲ་བགེགས་བྱད་མ་ཐམས་ཅད༴ བྲུབ་པོ་དགྲ་བོ་མ་ཤོར༴ མནན་ནོ་དགྲ་བོ་མ་ལྡང་ཅིག ནྲྀ་ཏྲི་མཱ་ར་ཡ་ནན། སྟྭཾ་བྷ་ཡ་ནན་ནན། དེ་ནས་རྡོ་ལེབ་འམ་ཤིང་ལེབ་གཙང་མའི་སྟེང་དུ་ཁྲམ་ལ་བཏབ་པའི་གླང་མ་དུམ་བུ་རེ། རྡོ་ནག་དུམ་བུ་རེ། ཚྭ་སྒོག་རམ་པ་གཡེར་མ་ཐལ་འཇིམ་བཅས་དུམ་བུ་རེ་རེ་སྟེ་དེ་རྣམས་ཚང་བར་བཅས་པ་ཆ་གུར་བཤམས་ལ། ཚེས་གཅིག་ནས་དགུའི་བར་གྱི་ཚིགས་མཚམས་རྣམས་སུ་མི་ཐམས་ཅད་ཀྱི་ལག་གཡོན་མར་བརྒྱུད་དེ་དམོད་བཅོལ་གང་དྲན་རེ་བྱེད་བཞིན་སྒྱིད་ཁུགས་གཡོན་ནས་དྲངས་ཏེ་གོང་གི་མི་སྐྱེས་པ་སྟག་ལོ་བ་ལ་གཏད། དེས་གཡག་རུའི་ནང་གི་ལིངྒའི་སྟེང་དུ་བྲུབ་ལ་འདི་སྐད་དོ། ཧཱུཾ་ང་ནི་ཁྲོ་རྒྱལ་ཀུན་གྱི་གཙོ། ང་ནི་ཁམས་གསུམ་ཡོངས་ཀྱི་རྗེ། ང་ནི་དགྲ་བགེགས་ཀུན་གྱི་གཤེད། ང་ཡི་མི་འདུལ་གང་ཡང་མེད། བདག་དང་རྒྱུ་སྦྱོར་ཡོན་བདག་ལ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས། སྡང་བའི་དགྲ་དང་གནོད་པའི་བགེགས། ང་ཡིས་ཐུགས་རྗེའི་ཤུགས་ཀྱིས་བཀུགས། གཟུགས་ཀྱི་ལིངྒ་འདི་ལ་བསྟིམས། གཡག་རུ་གཡོན་མའི་ནང་དུ་བྲུབ། རྡོ་ནག་རྡེའུ་འབྲུ་དགུ་དང་བྲུབ། གླང་མ་ལིང་ཚེ་དགུ་དང་། ཚྭ་སྒོག་རམ་པ་དགུ་དང་༴ གཡེར་མ་ཁ་ཆེ་དགུ་དང་༴ བྲུབ་པོ་དགྲ་བོ་མ་ཤོར་ཅིག མནན་ནོ་དགྲ་བོ་མ་ལྡང་ཅིག༴ ནྲྀ་ཏྲི་མཱ་ར་ཡ་ནན། སྟྭཾ་བྷ་ཡ་ནན་ནན། ཀྱཻ་ད་ནི་དགྲ་བོ་བྲུབ་པའི་དུས་ལ་བབ། ཇག་རྐུན་འཆིང་བའི་དུས་ལ་བབ། གདོན་བགེགས་འདུལ་བའི་དུས༴ བྱུར་སྲི་གནོན་པའི་དུས༴ བདག་དང་རྒྱུ་སྦྱོར་ཡོན་བདག་ལ། ཚེས་གཅིག་བཅུ་གཅིག་ཉི་ཤུ་གཅིག གཅིག་གསུམ་དག་ལ་གནོད་པའི་དགྲ་བོ་དེ། གཟུགས་ཀྱི་ལིངྒ་འདི་ལ་ཁུག གཡག་རུ་གཡོན་མའི་ནང་དུ་བྲུབ། འཕར་སྤྱང་ཐོད་པའི་ནང་དུ༴ ཁྱི་ཕག་ཐོད་པའི་ནང་དུ༴ རྟ་རྨིག་འཁོར་མོའི་ནང་དུ༴ རྡོ་ནག་རྡེའུ་འབྲུ་དགུ་དང་༴ གླང་མ་ལིང་ཚེ་དགུ་དང་༴ ཚྭ་སྒོག་རམ་པ་དགུ་དང་༴ གཡེར་མ་ཁ་ཆེ་དགུ་དང་༴ དགྲ་གཟུགས་ལིངྒ་བླ་རྡོ་བཅས། འཕེན་པ་རྒྱ་མཚོའི་གཏིང་དུ་འཕེན། རྒྱ་མཚོའི་ཁ་ལ་མ་འཕར་ཅིག མནན་པ་རི་རབ་ལྗིད་ཀྱིས་མནན། མནན་པའི་འོག་ནས་མ་ལྡང་ཞིག དགྲ་བོ་བྲུབ་པོ་མནན་ནོ་མཱ་ར་ཡ། སྟྭཾ་བྷ་ཡ་ནན་ནན། ཚེས་གཉིས་བཅུ་གཉིས་ཉི་ཤུ་གཉིས། གཉིས་གསུམ་དག་ལ་ཆས་པའི་དགྲ་བོ་དེ། གཟུགས་ཀྱི་ལིངྒ་སོགས། ཚེས་གསུམ་བཅུ་གསུམ་ཉི་ཤུ་གསུམ། གསུམ་གསུམ་དག་ལ་ཆས་པའི་དགྲ་བོ་དེ། གཟུགས་ཀྱི་ལིངྒ་འདི་ལ་ཁུག གཡག་རུ་གཡོན་མའི་ནང་དུ་བྲུབ༴ ཁྱི་ཕག་ཐོད་པའི་ནང་དུ༴ རྟ་རྨིག་འཁོར་མོའི་ནང་དུ༔ རྡོ་ནག་རྡེའུ་འབྲུ་དགུ༴ གླངས་མ་ལིང་༴ ཚེ་དགུ༴ ཚྭ་སྒོག་རམ་པ་དགུ༴ གཡེར་མ་ཁ་ཆེ་དགུ༴ དགྲ་གཟུགས་ལིངྒ་བླ་རྡོ་བཅས། འཕེན་པ་རྒྱ་མཚོའི་གཏིང་དུ་འཕེན། རྒྱ་མཚོའི་ཁ་ལ་མ་འཕར་ཅིག མནན་པ་རི་རབ་ལྗིད་ཀྱིས་མནན། མནན་པའི་འོག་ནས་མ་ལྡང་ཅིག དགྲ་བོ་བྲུབ་པོ་མནན་ནོ་མཱ་ར་ཡ། སྟྭཾ་བྷ་ཡ་ནན་ནན། ཚེས་བཞི་བཅུ་བཞི་ཉི་ཤུ་བཞི། བཞི་གསུམ་དག་ལ་ཆས་པའི་དགྲ་བོ་དེ། གཟུགས་ཀྱི་སོགས། ཚེས་ལྔ་བཅོ་ལྔ་ཉི་ཤུ་ལྔ། ལྔ་གསུམ་དག་ལ་ཆས་པའི་དགྲ་བོ་དེ། གཟུགས་ཀྱི་སོགས། ཚེས་དྲུག་བཅུ་དྲུག་ཉི་ཤུ་དྲུག དྲུག་གསུམ་དག་ལ་ཆས་པའི་དགྲ་བོ་དེ། གཟུགས་ཀྱི་སོགས། ཚེས་བདུན་བཅུ་བདུན་ཉི་ཤུ་བདུན། བདུན་གསུམ་དག་ལ་ཆས་པའི་དགྲ་བོ་དེ། གཟུགས་ཀྱི་སོགས། ཚེས་བརྒྱད་བཅོ་བརྒྱད་ཉི་ཤུ་བརྒྱད། བརྒྱད་གསུམ་དག་ལ་ཆས་པའི་དགྲ་བོ་དེ། གཟུགས་ཀྱི་སོགས། ཚེས་དགུ་བཅུ་དགུ་ཉི་ཤུ་དགུ། དགུ་གསུམ་དག་ལ་ཆས་པའི་དགྲ་བོ་དེ། གཟུགས་ཀྱི་སོགས། ཀྱཻ་གཞན་ཡང་རྣལ་འབྱོར་བདག་ཅག་ལ། གནོད་ཅིང་འཚེ་བར་བྱེད་པ་ཡི ། གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། བསམ་ངན་སྦྱོར་རྩུབ་འཆང་བ་ཀུན། འོད་ཟེར་ཤུགས་ཀྱིས་བསྡུས་ནས་ནི། ཟུགས་ཀྱི་ལིངྒ་འདི་ལ་ཁུག གཡག་རུ་གཡོན་མའི་ནང་དུ་བྲུབ། དམག་སྣ་ཇག་སྣ་སྟོན་མི༴ རྐུན་སྣ་གྱོད་སྣ་སྟོན་མི༴ བྱད་ཕུར་གཏད་ཁྲམ་བྱེད་པ༴ མི་ཁ་བྲ་མཆུ་གླེང་བ༴ རྒབ་འདྲེ་བསེ་རག་འགོང་པོ༴ གོད་འདྲེ་གོད་སྲི་ཐམས་ཅད༴ ཆགས་ཆེ་ཉམ་ང་ཐམས་ཅད༴ རྨི་ལྟས་མཚན་ངན་ཐམས་ཅད༴ ནད་སྣ་རིམས་སྣ་ཟུག་པ་བྲུབ། བྲུབ་པོ་དགྲ་བོ་མ་ཤོར་ཅིག མནན་ནོ་དགྲ་བོ་མ་ལྡང་ཅིག དགྲ་གཟུགས་ལིངྒ་བླ་རྡོ་བཅས། འཕེན་པ་རྒྱ་མཚོའི་གཏིང་དུ་འཕེན། འཕང་བའི་འོག་ནས་མ་ལྡང་ཅིག མནན་ནོ་རི་རབ་ལྗིད་ཀྱིས་མནན། མནན་པའི་འོག་ནས་མ་འཕར་ཅིག བསྐལ་པ་སྟོང་དུ་མ་ལྡང་ཅིག ནྲྀ་ཏྲི་མ་ར་ཡ་ནན། སྟྭཾ་བྷ་ཡ་ནན་ནན། དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་རྦད༴ ནན་ནན། ཆིང་ཆིང་། མྱོག་མྱོགཿ ནྲྀ་ཏྲི་སརྦ་ཤ་ཏྲུམ་ཧུར་ཐུམས༈ བསད་སྔགས་ནི། རྩ་སྔགས་གང་ཡིན་གྱི་ཤམ་དུ། ༀ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་ཏི་སོགས། ཛྭ་ལ་རམ་ཧཱུཾ་ཕཊཿ སྡང་བྱེད་དགྲ་ཇག་ཆོམ་རྐུན་གཅན་གཟན། འཕར་སྤྱང་། སྟག་གཟིག གནོད་བྱེད་གདོན་བགེགས་འབྱུང་པོ་རྒབ་འདྲེ་བསེ་རག ཟ་འདྲེ་ཕུང་སྲི། ཕོ་སྲི་མོ་སྲི། ཆེ་སྲི་ཆུང་སྲི། གོད་འདྲེ་གོད་སྲི་ཐམས་ཅད་ཀྱི་སྲོག་རྩ་ལ་ཡཾ་ཡཾཿ སྙིང་རྩ་ལ་རྦད་རྦདཿ བླ་ཚེ་སྲོག་དབུགས་ཐམས་ཅད་ཨེ་ཧུར་ཐུམས་ཛཿ མཱ་ར་ཡ་རྦད་རྦདཿ ཅེས་བཟླའོ། མནན་སྔགས་ནི། རྩ་སྔགས་གང་ཡིན་གྱི་འཁོར་ལོ ། ༀ་བཛྲ་མ་ཧཱ་ཀྲོ་དྷ་སོགས། ༀ་སརྦ་ཇི་ན་ཧཱུཾ་ཛཿ ཏྲི་ཛ་ཏྲིག་ནནཿ ནྲྀ་ཏྲི་མུ་ཏྲི་ལཾ་ནནཿ ཤན་ཏྲི་གན་ཏྲི་ནནཿ ཕུང་སྲི་གུམ་གུམ་སྟྭཾ་བྷ་ཡ་ནནཿ སྡང་བྱེད་དགྲ་ཇག་ཆོམ་རྐུན་གཅན་གཟན། འཕར་སྦྱང་། སྟག་གཟིག གནོད་བྱེད་གདོན་བགེགས་འབྱུང་པོ། རྒབ་འདྲེ་བསེ་རག ཟ་འདྲེ་ཕུང་སྲི། ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི། གོད་འདྲེ་གོད་སྲི་ཐམས་ཅད་ཀྱི་ལུས་སྟོབས་སྟྭམ་བྷ་ཡ་ནནཿ ངག་ནུས་སྟྭམ་བྷ་ཡ་ནནཿ ཡིད་འགྱུ་སྟྭམ་བྱ་ཡ་ནནཿ མཐུ་དང་ནུས་པ་རྫུ་འཕྲུལ་ཐམས་ཅད་སྟྭམ་བྷ་ཡ་ནན། མཱ་ར་ཡ་ནནཿ ཆིངས་ཤིག ཅེས་བཟླ་འོ། ཛཿ མཱ་ར་ཡ་ནནཿ སྟྭཾ་བྷ་ཡ་བྷྱོ་བྷྱོ་ནནཿ ཅེས་རིམ་བཞིན་གཡག་རུའི་ནང་དུ་རྫས་རྣམས་བྲུབ་ལ་ཡི་དམ་གང་ཡིན་གྱི་བསད་སྔགས། དང་མནན་སྔགས་བརྗོད་ཅིང་། ཧཱུཾ་ཧཱུཾ་ཧཱུཾཿ དགྲ་བོ་བྱད་མ་ཐམས་ཅད་བདུད་པྲ་མཱ་ར་ཡ་རྦད་ནནཿ དགྲ་རྐུན་ཇག་གསུམ་ཐམས་ཅད་ཁ་ལ་ཛ་མ་ལི་རྦད་ནན༔ གདོན་བགེགས་འབྱུང་པོ་ཐམས་ཅད་རཱ་ཛ་དུན་ལིང་ཤག་རྦད་ནནཿ ནད་མུག་མཚོན་འཁྲུག་ཐམས་ཅད། ཤིག་ཤིག་དུམ་དུམ་རྦད་ནནཿ བྱད་གཏད་ཁྲམ་གསུམ་ཐམས་ཅད་ཚལ་པ་ཚལ་པ་རྦད་ནནཿ རྨི་ལྟས་མཚན་ངན་ཐམས་ཅད་ཁྲོམ་ཁྲོམ་བྷྱོ་རྦད་ནནཿ མི་ཁ་སྨྲ་མཆུ་ཐམས་ཅད་རྨུག་རྨུག་རྦད་ནནཿ ཆགས་ཆེ་ཉམ་ང་ཐམས་ཅད་ཏིར་ཏིར་རྦད༴ མི་དང་མི་མ་ཡིན་པའི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཚལ་ཚལ་རྦད་ནནཿ ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི་རྒབ་འདྲེ་བསེ་རག་གོད་འདྲེ་གོད་སྲི་ཐམས་ཅད་ༀ་ལམ་ཧཱུཾ་ལམ་སུམ་ལམ་རྦད་ནན། ནྲྀ་ཏྲི་སརྦཤ་ཏྲུམ་ཧུར་ཐུམ་ཛཿ མཱ་ར་ཡ་རྦད་ནནཿ སྟྭམ་བྷ་ཡ་བྷྱོ་བྷྱོ་ནན་ནནཿ ཅེས་པ་འདི་དགྲ་ཁ་ལ་རྒྱས་འདེབས་ཀྱི་སྔགས་དགྲ་བྲུབ་ཀྱི་རྒྱུད་ནས་བཏུས་པའོ། དེ་ནས་གཡག་རུའི་ཁ་དེ་བཅད་པའི་རྫས་ལ་ཕུང་ཤུལ་གྱིས། གོ་གསུམ་ཐལ་བ། སྒྱེད་གསུམ་གྱི་དྲེག་པ་བསྡུས་པ་རྣམས་བསྲེས་ལ་རི་རབ་ཀྱི་གཟུགས་གཅིག་བྱ། དེ་ནས་སྐྱེར་བའི་ཕུར་བུ་ཆུང་ངུ་དགུ་བཞོག་ལ་དེ་རྣམས་ཀྱི་རྩེར། མཛོ་ཁལ་དྲིལ་གསུམ། ཁྱི་ར་ཕག་གསུམ། བ་གླང་བོང་གསུམ་དགུའི་མགོ་གཟུགས་བྱས་ལ་བཙུགས། དེ་དག་རྡོ་ཤིང་གང་རུད་གི་སྟེང་དུ་བསྒྲིགས་ལ་འདི་སྐད་དོ། ཧཱུཾ་ང་ནི་ཁྲོ་ཆེན་འབར་བའི་སྐ། སྐ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། སྤྲུལ་པའི་ཁྲོ་ཚོགས་སྟོང་ཁམས་ཁྱབ། ཕྱོགས་བཅུའི་དགྲ་བགེགས་འབྱུང་པོ་རྣམས། དབང་དུ་བསྡུས་ནས་ཟིལ་གྱིས་གནོན། འགུགས་འཆིང་སྡོམ་མྱོས་གསོད་ལ་བརྩོན། ང་ལས་ཆེ་བཙན་སུ་ཡང་མེད། སྡང་སེམས་གདུག་རྩུབ་ལྡན་པ་ཡི། གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། ཁྱེད་རྣམས་རང་རང་གནས་སུ་སྡོད། གལ་ཏེ་མི་འདུག་འཚེ་གྱུར་ན། རོག་པོ་གཡག་གི་རྭ་གཡོན་འདི། དགྲ་བགེགས་བྲུབ་པའི་ཧོམ་ཁུང་ཡིན། བསྟན་དང་འགྲོ་ལ་གནོད་པ་ཡི། དགྲ་འདྲེ་བྱུར་སྲི་མ་ལུས་ས། སྐད་ཅིག་རང་དབང་མེད་པར་བཀུག་གནམ་ལྕགས་ཁང་སྒྲོམ་འབར་བའི་དབུས། གཡག་རུ་གཡོན་མའི་ནང་དུ་བྲུབ། རི་རབ་ཆེན་པོས་སྟེང་ནས་གནོན། དྲག་རྩལ་ཐུགས་རྗེས་ཤུགས་ཀྱིས་སྒྲོལ། ཡེ་ཤེས་མེ་ཡིས་གཞོབ་ཏུ་བསྲེགས། ནམ་ཡང་ཐར་བའི་དུས་མེད་དོ། ཀྱཻ་དགྲ་བགེགས་ཆམ་ལ་དབབ་བྱེད་པའི། ཡས་ཀྱི་ཐལ་འཇིམ་མགོ་དགུ་འདིའི། ཕ་ནི་གནམ་གྱི་ཁ་ཆར་དང་། མ་ནི་ས་གཞི་ལས་སྐྱེས་པའི། བུ་ནི་རྩི་ཤིང་ནགས་ཚལ་སྲིད། དེ་འབྱུང་བ་མེ་ལ་བསྲེགས་ནས་སུ། ཐལ་བར་བྱ་བའི་དངོས་པོ་དེ། དགྲ་གདོན་བྱུར་སྲི་གནོན་ཕྱིར་བསྡུས། གོ་གསུམ་ཐལ་བ་བསྡུས་ཙམ་ན། ཁ་ཆར་བུ་ཡུག་འཚུབ་པ་འདྲ། སྒྱེད་གསུམ་དྲེག་པ་བཞར་ཙམ་ན། བསྐལ་པའི་མུན་པ་འཐིབ་པ་འདྲ། རི་རབ་གཟུགས་སུ་བཏོད་ཙམ་ན། ཐོག་འབྲུག་གློག་གསུམ་འཛོམ་པ་འདྲ། དྲག་པོའི་ཕུར་པ་བཞེངས་ཙམ་ན། མཚོན་ཆའི་འཁོར་ལོ་བསྐོར་བ་འདྲ། མགོ་དགུའི་གཟུགས་སུ་བཏོད་ཙམ་ན། སྲིད་པའི་འདྲེ་དགུ་ལངས་པ་འདྲ། མགོ་གསུམ་མཛོ་ཁལ་དྲིལ་གསུམ་མགོ། མགོ་གསུམ་ཁྱི་ར་ཕག་གསུམ་མགོ། མགོ་གསུམ་བ་གླང་བོང་གསུམ་མགོ། མགོ་དགུའི་ཁ་ལ་དགྲ་བོ་ཟ། སྣ་དགུའི་རླུང་འཚུབས་མི་ཁ་གཏོར། མིག་ནས་མེ་འབར་ཇག་རྐུན་བསྲེགས སྲིད་པའི་ཐལ་འཇིམ་མགོ་དགུ་པོ། ལས་ལ་བསྐལ་ལོ་དགྲ་ལ་རྒྱུགས གཡག་རུ་གཡོན་པའི་ཁ་ཆོད་ལ། དམ་ཉམས་དགྲ་བོ་ལས་ངན་གྱི། དབང་པོ་ལྔ་སོགས་ཁམས་དང་སྐྱེ་མཆེད་རྣམས། ཐལ་བ་སྐྱ་བོའི་འཚུབ་མས་གཡོག དགྲ་བོ་མ་འཆོར་བཙོན་དུ་ཟུངས། ཐལ་འཇིམ་ཆོས་ཆོས་དགྲ་ལ་ཆོས། དགྲ་ལ་ནད་མཚོན་དུག་ཆར་ཕོབས། མྱོས་འཐིབ་བརྒྱལ་འབོག་ལྐུགས་སུ་ཆུག ཐལ་འཇིམ་རྒྱུགས་རྒྱུགས་དགྲ་ལ་རྒྱུགས དགྲ་བོ་ལྷ་དང་ཕྱེས་ལ་བདུད་དང་སྤྲོད། དབང་དུ་སྡུས་ལ་རྡུལ་དུ་བརློགས། ནམ་ཡང་ལྡང་བ་མེད་པར་མཛོད། ཅེས་རི་རབ་ཕུར་བ་མགོ་དགུའི་གཟུགས་དང་བཅས་པས་གཡག་རུའི་ཁ་བཅད་ལ། དེ་ནས་རེ་བ་ནག་པོ་དང་ཁྱི་སྤུ་ར་བལ་གྱི་སྐད་པ་བསགས་ལ། དང་པོ་རྨུ་གབ་བསྐོན་པ་ནི། ཀྱཻ་ད་ནི་དགྲ་ལ་རྨུ་གབ་བསྐོན། སྔོན་དང་སྔོན་གྱི་དུས་ཙམ་ན། མཁས་པ་མི་བཞིའི་རྨུ་གབ་དེ། ཕྱོགས་བཞིའི་དགྲ་སྲིའི་མགོ་ལ་བཀབ། ཡེ་སྨོན་རྒྱལ་པོའི་རྨུ་གབ་དེ། ངམ་རྗེ་རྩོལ་པོའི་མགོ་ལ་བཀབ། ཡབ་བླ་བདལ་དྲུག་རྨུ་གབ་དེ། བདུད་ཁྱུངས་རུ་ནག་པོའི་མགོ་ལ་བཀབ། རྒྱལ་བུ་མཐིང་གྷེའི་རྨུ་གབ་དེ། སྲིན་པོ་སྙིང་དམར་མགོ༴ སངས་རྒྱས་ཆོས་ཀྱི་རྨུ་གབ་དེ། མུ་སྟེགས་ནག་པོའི་མགོ་ལ༴ སྤུ་རྒྱལ་བོད་ཀྱི་རྨུ་གབ༴ མཐའ་བཞིའི་དམག་དཔུང་མགོ༴ དེ་བཞིན་དེ་རིང་འདིར་འདུས་ཀྱི། བདག་ཅག་དཔོན་སློབ་རྨུ༴ བསྟན་དགྲ་ངན་པས་མགོ༴ ཡོན་བདག་འདི་ཡི་རྨུ༴ ཐད་དུ་ལང་པའི་དགྲ་བོའི་མགོ་ལ༴ ལྷ་དང་སྲུང་མའི་རྨུ༴ བདུད་དང་སྲིན་པོའི་མགོ༴ ཕོ་ལྷ་དགྲ་ལྷའི་རྨུ༴ དགྲ་ཇག་ཆོམ་རྐུན་མགོ་ལ༴ མོ་ལྷ་སྨན་བཙུན་རྨུ༴ མོ་འདྲེ་བསེན་མོའི་མགོ༴ ཡུལ་ལྷ་གཞི་བདག་རྨུ༴ ཡུལ་འདྲེ་ས་སྲིན་མགོ༴ ནོར་ལྷ་གཡང་ལྷའི་རྨུ༴ བསེ་རག་འགོང་པོའི་མགོ༴ དཀར་ཕྱོགས་ལྷ་མིའི་རྨུ༴ ནག་ཕྱོགས་བདུད་རིགས་མགོ༴ རི་མགོ་སྨུག་པས་གཡོག་པ་བཞིན། དགྲ་མགོ་རེ་བས་ད་ཐུམས་ཤིག ཉི་ཟླ་གཟའ་ཡིས་ཟིན་པ་བཞིན། དགྲ་མིག་ཁྲག་གིས་ད་ཆོད་ཅིག བསྐལ་པའི་མུན་ནག་འཐིབས་པ་བཞིན། དགྲ་ཁམས་མ་ལུས་རྨུགས་སུ་ཆུགས དགྲ་འདྲེ་བྱུར་གསུམ་ཐམས་ཅད་ཀུན། གཏན་ནས་བརླགས་ཏེ་མེད་པར་མཛོད། ཅེས་བརྗོད་ཅིང་གཡག་རུ་ཐལ་འཇིམ་དང་བཅས་པའི་ཁ་དེ་རེ་བ་ནག་པོས་མར་བཅད། སྐད་པ་ཁྲ་བོ་དེ་ལྷ་སྲིན་སྡེ་བརྒྱད་ཀྱི་བྱད་ཐག་ཏུ་དམིགས། དགྲ་བོ་བྱད་དུ་བཅུག་པར་བསམ་ལ་འདི་སྐད་དོ། ཀྱཻ་ཟིན་ན་ཐར་བ་མེད་པའི་གནས། དྲག་པོའི་བཙོན་ཁང་གཡག་རུ་འདིའི། ནང་དུ་དགྲ་བགེགས་ཐམས་ཅད་བྲུབ། རི་དྭགས་གོ་རར་བཙུད་པ་བཞིན། ཁ་ནི་ཐལ་འཇིམ་རེ་བས་གཡོགས། ཉེས་ཅན་བཙོན་དུ་བཟུང་བ་བཞིན། ཕྱི་ནི་སྣ་ཚོགས་ཞགས་པས་བཅིངས། ལྷ་ཡི་བྱད་ཐག་དཀར་པོ་འདིས། དམ་ཉམས་དགྲ་བོའི་མགོ་བོ་ཆིངས། གཤིན་རྗེའི་བྱད་ཐག་སྔོན་པོ་འདིས། དམ་ཉམས་དགྲ་བོའི་སྐེད་ནས་ཆིངས། བཙན་གྱི་བྱད་ཐག་དམར་པོ་འདིས། སྡང་བའི་དགྲ་བོའི་རྙབ་བྱེེད་ལག་པ༴ བདུད་ཀྱི་བྱད་ཐག་ནག་པོ༴ དམ་ཉམས་དགྲ་བོའི་སྐེད་པ༴ ཀླུ་ཡི་བྱད་ཐག་ཁྲ་བོ༴ དམ་ཉམས་དགྲ་བོའི་འགྲོ་བྱེད་རྐང་པ༴ གཟའ་ཡི་བྱད་ཐག་ལྗང་གུ༴ དམ་ཉམས་དགྲ་བོའི་གཟུགས་ཕུང་༴ རྒྱལ་པོའི་བྱད་ཐག་སྐྱ་བོ༴ དམ་ཉམས་དགྲ་བོ་འཆོར་མེད་སྡོམ༴ མ་མོའི་ནད་ཞགས་སྔོ་དམར་འདིས། དམ་ཉམས་དགྲ་བོ་གཟེར་དུ་ཆུགས ས་བདག་དང་ནི་གཉན་གྱི་བྱད་ཐག་སེར་པོ་འདིས། དམ་ཉམས་དགྲ་བོ་མྱུར་དུ་སྡོམས། འགོང་པོ་ཐེའུ་རང་བྱད་ཐག་ཁྱི་སྤུ་ར་བལ་སྐད་པ་འདིས། དམ་ཉམས་དགྲ་བོ་དྲག་ཏུ་སྡོམ་ལ་དམ་དུ་ཆིངས། མ་འཆོར་མ་གཏོང་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས། མ་ཉེས་སྟབས་ལ་མ་བཅད་ལ། ཉེས་བྱེད་སྟེབས་སུ་མ་ཤོར་ཅིག བཟུང་སྟེ་ཤོར་བ་མེད་པར་ཟུངས། བཟུང་འོག་དེ་ནས་མ་ཤོར་ཅིག བཅིངས་ཏེ་ཁྲོལ་བ་མེད་པར་ཆིངས། བཅིངས་འགོ་དེ་ནས་མ་གྲོལ་ཅིག བསྡམས་ཏེ་ལྷོད་པ་མེད་པར་སྡོམ། བསྡམ་འོག་འདི་ནས་མ་ཀློད་ཅིག མནན་ཏེ་ཁྱོག་པ་མེད་པར་མནན། མནན་འོག་འདི་ནས་མ་འཕར་ཅིག བསྐལ་པ་སྟོང་དུ་མ་ལྡང་ཅིག ཅེས་དང་་། སླར་ཡང་བདེན་པའི་སྟོབས་བརྗོད་ལ་དམོད་བཅོལ་དྲག་ཏུ་བྱ། གཡག་རུའི་ཁ་དེ་སྐད་པ་ཁྲ་བོས་དམ་དུ་དཀྲིས་ཏེ་མདུད་པ་དགུ་བྱ་ཞིང་ཕུར་ཐེལ་ལམ་རྡོ་རྗེ་རྒྱ་གྲམ་གྱི་ཐེལ་བརྒྱབ་ལ་བཞག་གོ སྒྲུབ་པ་ཞག་མང་བྱེད་པ་ཡིན་ན་དེ་ཡན་ཆད་ཆ་ཚང་བ་ནི་ཉིན་སྔ་མའམ། རྗེས་མ་སོགས་ལ་བྱེད་ཅིང་། བར་མ་རྣམས་ལ་བཟློག་པའི་མཇུག་ཏུ་གོང་གི་དམིགས་བྱ་བསྐྱེད་འགུགས་ནས་བཟུང་། གཟུ་དཔང་། དགྲ་ཆོས་བྱུང་ཁུངས་ཀྱི་སྨྲེང་། དགྲ་བྲུབ་དངོས་ཀྱི་མཇུག་གི་དགྲ་ཁ་ལ་རྒྱས་འདེབས་ཀྱི་སྔགས་ཡན་ཆད་ཚར་གྲངས་ཅི་འགྲུབ་བསགས་མཐར་བཟློག་པའི་ཐུན་གཏོར་འབུལ་བ་སོགས་ཆོ་གའི་རྗེས་ཆོག་རྣམས་བྱ་བ་བཞིན་ནོ། སྒྲུབ་ཞག་རྫོགས་པའི་ཉིན་ཐ་མའི་ཚེ། གླ་ཆེན་སྣ་བསྒྱུར་དང་། མི་ནག་མགོ་གསུམ་བྱེད་ན་མཚམས་འདིར་གཏོང་། དེ་ནས་སྔོན་འགྲོར་དཀར་གཏོར་གསེར་སྐྱེམས་སོགས་བཏང་ཞིང་ཕྱི་ནང་གི་སྒོ་དབྱེ། གཏོར་ཆེན་གྱི་དམ་ཡེ་ཕྱེས་ནས་ཟོར་སྒྲུབ། གཏོར་མ་རྣམས་དཔག ལྷག་མ་དང་ཆ་ཐོ་གཏོང་། མངའ་ཟོར་སོགས་འཕེན་རྒྱུ་རྣམས་ཐོགས་ལ། ན་མོ་རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ༴ ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ༴ བདེན་པ་ཆེན་པོའི་མཐུ་དང་ནུས་པས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐ་དགྲ། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་སློབ་དཔོན་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་ཇག་ཆོམ་རྐུན་སྒབ་འདྲེ་བསེ་རག་ཟ་འདྲེ་ཕུང་སྲི་གོད་འདྲེ་གོད་སྲི་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་གཡག་རུ་གཡོན་མའི་ནང་དུ་གཟུགས་ཀྱི་ལིངྒ་འདི་དང་གཉིས་སུ་མེད་པར་ཁུག་ཅིག ཆིངས་ཤིག་སྟིམས་ཤིག ནྲྀ་ཏྲི་སརྦ་ཤ་ཏྲུམ་ཧུར་ཐུམ་ཛཿ ཛཿཧཱུཾ་བཾ་ཧོཿ ཨ་ཝེ་ཤ་ཡ་ཨ་ཨཱཿ ཡིད་ལ་བརྣག་པའི་དགྲ་བོ་ལས་ངན་རྣམས་ཀྱི་སྐྱེས་པ་ཕོ་རྒྱུད་ཟ་མ་མོ་རྒྱུད། བྱིས་སྦ་ཆུང་རྒྱུད་མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་ཐམས་ཅད་ཀྱི་ལུས་སྟོབས་ཐམས་ཅད་སྟྭཾ་བྷ་ཡ་ནན། ངག་ནུས་སྟྭམ་བྷ་ཡ༴ ཡིད་འགྱུ་སྟྭམ༴ མཐུ་རྩལ་རྫུ་འཕྲུལ་ཐམས་ཅད༴ མོ་ངན་པ་དང་། རྨི་ལམ་ངན་པ་དང་། ཐན་ལྟས་ལ་ཉེ་ཆོ་འཕྲུལ་ངན་པ་དང་། བཀྲ་མི་ཤིས་པའི་ཕྱོགས་ངན་པ་ཐམས་ཅད་དང་ཐད་དུ་ལངས་པའི་བསྟན་དགྲ་ལས་ངན་སྡིག་ཅན་འདི་རྣམས་ཀྱི་སྟེང་དུ་ཟློགས་ཤིག སྒྱུར་ཅིག ནྲྀ་ཏྲི་མཱ་ར་ཡ་ནནཿ སྟྭམ་བྷ་ཡ་ནན། བསྐལ་པ་སྟོང་དུ་མ་ལྡང་ཅིག ༈ ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད༴ སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་བ༴ དགྲ་མགོ་ཐོག་ཏུ་བབས་པ་ཐམས་ཅདཿ སྔ་དགྲ་ལག་ཏུ་བདར་བ་ཐམས་ཅད༴ ཕྱི་དགྲ་ཡིད་ལ་ཤོམ་པ༴ ད་དགྲ་ཁྱི་ལྟར་ཟུག་པ༴ མགོ་ལ་ཏིལ་རྡུང་བྱེད་པ་ཐམས་ཅད སེམས་ལ་སྡུག་བསྔལ་གཏོང་བ༴ ལུས་ལ་ན་ཚ་གཏོང་བ༴ སྲོག་ལ་བར་ཆད་གཏོང་བ༴ ཟས་ནོར་ལ་གོད་ཁ་གཏོང་བ༴ རྒྱབ་ནས་འདེང་ཤོམ་བྱེད་པ༴ མདུན་ནས་རྩང་བཞིན་བཙུགས་པ༈ ཟུར་ནས་གཅོད་དགོས་ཟེར་བ༴ ཟ་ལམ་དུ་དུག་གཡོས་བྱེད་པ༴ འགྲོ་ལམ་དུ་རྩང་བཙུགས་པ༴ བྱམས་པ་གཉེན་གྱིས་བརྗོད་དུ་མ་བཅུག་ཅིག་མཱ་ར་ཡ༴ སྡང་བའི་དགྲས་སྒྲོག་ཏུ་མ་བཅུག་ཅིག་མཱ་ར་ཡ༴ མཉན་པས་གྲུ་ཚུགས་སུ་གླེང་དུ་མ་འཇུག་ཅིག༴ མགར་གྱི་སོ་མལ་དུ་གླེང་དུ་མ་འཇུག་ཅིག དགེ་འདུན་གྱི་ཚོགས་གྲལ་དུ་གླེང་དུ་མ་བཅུག་ཅིག སྔགས་པའི་ཕུར་གྲལ་དུ་གླེང་དུ་མ་འཇུག༴ བརྒྱ་ཁ་མང་གི་མི་ཁ་ཟུག་པ་ཐམས་ཅད༴ སྟོང་མིག་མང་གི་གྲ་མཆུ་ངན་པ༴ ཕ་ཚོའི་འདུན་ཁང་ནས་མི་ཁ་གླེང་བ༴ གསོད་ཤོམ་བྱེད་པ༴ རྐུ་ཤོམ་བྱེད་པ་ཐམས་ཅད༴ འཕྲོག་ཤོམ་བྱེད་པ༴ ལྐོག་ནས་འབུ་བཞིན་དུ་འབུགས་པ་ཐམས་ཅད༴ ཀེག་བདུད་གཤེད་གསུམ་ལ་བབ་པ་ཐམས་ཅད༴ བྱད་ཁ་ཕུར་ཁ་ཟུག་པ་ཐམས་ཅད༴ རྦད་འདྲེ་རྦོད་དོང་གཏོང་བ་ཐམས་ཅད༴ མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབ་པ༴ མི་ཁ་དང་དགྲ་སྣ་མེ་ལྟར་འབར་བ་ཐམས་ཅད༴ མི་ཁ་དང་དགྲ་སྣ་ཆུ་ལྟར་འབྲུབ་པ་ཐམས་ཅད༴ ཡུལ་མི་ཁྱིམ་མཚེས་ཀྱི་མི་ཁ་ཟུག་པ་ཐམས་ཅད༴ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད༴ བསྟན་དགྲའི་ལུས་ངག་ཡིད་གསུམ༴ གཞན་ཡང་ལྷ་སྲེན་སྡེ་བརྒྱད་ཀྱིས་ཟ་ཁ་སྟོན་པ༴ བསྐལ་པ་མ་སྟོངས་ཀྱི་བར་དུ་མ་ལྡང་ཞིག མཱ་ར་ཡ་རྦད་ནན། ༀ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནནཿ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན། ཡོན་མཆོད་ཀྱིས་གོ་གྱོན་མཚོན་ཐོགས། དར་ནག་བསྐྱོད། སྟངས་སྟབས་བྱ། རོལ་མོ་འཁྲོལ་ཞིང་འདི་སྐད་དོ། ཧཱུཾ་ད་ནི་ཆོས་ཆོས་དགྲ་ལ་ཆོས། ལྷ་དང་སྲུང་མའི་དམག་ཚོགས་ཆོས། ཕོ་ལྷ་དགྲ་ལྷའི་ཚོགས་རྣམས༴ གཟུ་དཔང་ཡུལ་ལྷ་གཉན་པོ༴ ནམ་མཁའི་ཁམས་ནས་ལྷ་དམག༴ བར་དང་ཁམས་ནས་གཉན་དམག༴ ས་གཞིའི་ཁམས་ནས་ཀླུ་དམག༴ ཀུ་བསོ་ཆ་སྒྲ་དིར་དིར་ཆོས། རྔ་གཤང་རོལ་མོ་ཁྲོལ་ལེ༴ དར་ནག་བ་དན་ལྷབས་སེ༴ ཐུན་ཟོར་དམག་ཇག་དཔུངས་སེ༴ མདའ་མདུང་རལ་གྲི་རུབས་སེ༴ སྡེ་བརྒྱད་འོ་དོད་ལྷང་ངེ༴ ཀླུ་བཙན་རྟ་རྒྱུག་སྤྲེངས་སེ༴ སྔགས་པས་བྲོ་བརྡུངས་ཁྲིགས་སེ༴ དཔའ་འོ་གོ་ཁྲབ་ཤིགས་སེ༴ ཤེད་དམ་ཐལ་རྡེབ་ཐལ་ལེ༴ བྱིས་པའི་གད་རྒྱང་ཤར་རེ༴ དགྲ་ངན་སྨྲེ་སྔགས་འབུབས་སེ༴ འདྲེ་ངན་སྐད་ངན་ཙི་རེ༴ དེ་རེང་འདིར་འདུས་སྡེ་བརྒྱད་དམག ད་རེས་སྡང་བའི་དགྲ་ལ་ཆོས། དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད། ད་རིས་གནོད་པའི་བགེགས་ལ་ཡང་། བགེགས་དཔུང་ཐལ་བ་རྡུལ་དུ་རློགས། མ་གཡེལ་ལྷ་དང་སྲུང་མ་རྣམས། དུས་ལ་བབ་པོ་ལས་མཛོད་ཅིག ཅེས་དགྲ་ཆོས་དམག་འགྱེད་འདི་མ་ནིང་ལས་རྒྱུད་དང་། དགྲ་ལྷ་དྲག་མདོས་རྣམས་ཀྱི་དོན་བསྡུས་པ་ཡིན་པས་ཟབ་པོ། དེ་ནས་ཟོར་རྣམས་འཁྱེར་གྲབས་བྱས་ལ། ཧཱུཾ་གཏོ་འདི་བསྡུས་བསྡུས་བསྐྱོད་བསྐྱོད་ནས། ཡས་འདི་བསྔོས་བསྔོས་གྱེར་གྱེར་ནས། སྨྲེང་འདི་བསྔགས་བསྔགས་བརྗོད་བརྗོད་ནས། དགྲ་འདི་བཀུག་བཀུག་བྲུབ་བྲུབ་ནས། སངས་རྒྱས་བསྟན་པ་བཤིག་པ་དང་། དཀོན་མཆོག་དབུ་འཕང་སྨད་པ་དང་། རྔ་ཐོགས་དཀོར་ལ་རློམ་པ་དང་། བསྟེན་པའི་ལེའུ་ལྷ་ལོག་དང་། གཏམ་པའི་ཤག་རོགས་མནའ་ཟན་དང་། ཉེས་པའི་ཆུང་མ་སྙིང་ངན་དང་། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། ཐད་དུ་ལངས་པའི་དགྲ་བོ་ཡི། མི་ནོར་ཕུང་བར་ས་མ་ཡ། དགྲ་བགེགས་གནོད་བྱེད་སྟེང་དུ་བྷྱོཿ ཟློག་ཅིག་སྒྱུར་ཅིག་མཱ་ར་ཡཿ དེ་ནས་དམོད་བཅོལ་དྲག་ཏུ་བྱ་ཞིང་ཟོར་ཐམས་ཅད་ཐོགས་ནས། ཕྱི་རོལ་གྱི་གཏོར་མ་འཕེན་པར་ཕྱིན། གསེར་སྐྱེམས་མཆོད། གཡག་རུ་དམིགས་པའི་འབེན་དུ་བཞག་ནས་དགུག་གཞུག་ལན་གསུམ་བྱ། དེ་ནས་གཏོར་ཟོར་ཁྲག་ཟོར་སོགས་ཟོར་སྣ་ཐམས་ཅད་འཕེན། སླར་ཡང་མདའ་གཞུ་རྩེ་སྟོང་སྤྲད་ལ་མདའ་སྡེ་བརྒྱད་དུ་བསམས་ཤིང་། ཧཱུཾ་གཞུ་འདི་སྲིན་པོ་ཛྭ་ལ་རག རྒྱུད་འདི་སྦལ་མགོ་ཁྲག་མིག་མ། མདའ་འདི་སྲས་མཆོག་རཱ་ཧུ་ལ། གོ་མཚོན་ལྷ་སྲིན་སྡེ་བརྒྱད་དེ། མདའ་ཟོར་དགྲ་བོའི་སྙིང་ལ་རྒྱོབ། དགྲ་སྲོག་ཆོད་ལ་དགྲ་དབུགས་སྡུས། རལ་གྲིས་དགྲ་བོའི་ལྷུ་ཚིག་ཕྱེས། ལྷ་སྲིན་སྡེ་བརྒྱ྄ད་དྲེགས་ཚོགས་ཀྱིས། གདུག་པའི་མདུང་དམར་དབལ་སོ་ཅན། རྒྱོབ་ཅིག་དགྲ་བོའི་སྙིང་ལ་རྒྱོབ། ཚོམས་ཤིག་དགྲ་བོའི་དམག་དཔུང་ཆོམས། ཆོད་ཅིག་དགྲ་བོའི་མཐའ་རྒྱུད་ཆོད། རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། སྔོན་དུ་མདས་བརྒྱབ། དེ་ནས་མཚོན་ཆ་སྣ་ཚོགས་བརྒྱབ་ཚུལ་བྱ་ཞིང་བཟློག་བསྒྱུར་བྱ། གཏོར་ཆེན་ཟོར་སྟབས་སུ་འཕེན། དྲག་སྔགས་དང་བཟློག་བསད་སྔགས་དྲག་ཏུ་བཟླའོ། རྣལ་འབྱོོར་བདག་ཅག་ཡོན་ཆོད་འཁོར་དང་བཅས་པ་རྣམས་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པ་ཐམས་ཅད་ནས་ཐད་དུ་ལངས་པའི་དགྲ་རྐུན་ཇག་གསུམ་ཐམས་ཅད་ཚལ་པ་ཚལ་ས། དུམ་བུ་དུམ་བུ། རྡུལ་ཕྲན་རྡུལ་ཕྲན། ཕྱེ་མ་ཕྱེ་མ། ནྲྀ་ཏྲི་ཨ་བྷྱོ་ཛ་ཛཿ དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་རྦདཿ ཅེས་བཟླའོ། དེ་ནས་གཡག་རུ་དེ་རྒྱ་ལམ་ཆེན་པོའི་བཞི་མདོ་འམ། ཚ་ཁང་རྙིང་པའི་འོག་གམ། ལུང་གསུམ་འདུས་པའི་མདོ་དང་། མ་ཎི་བརྒྱ་མཁར་སོགས་ཀྱི་ཞབས་སུ་མནན། མ་འབྱོར་ན་སྒོ་ཐེམ་གྱི་འོག་གམ་ཐལ་ཕུང་གི་ནང་དུ་མནན་ལ་འདི་སྐད་དོ། ཧཱུཾ་རིམ་པ་དགུ་ཡི་ས་འོག་ནས། སྒོ་མེད་ལས་ཀྱི་བཙོན་ཁང་ནུས། འཆི་བདག་ནག་པོ་སྐ་བཞེངས་ཤིག དོ་ནུབ་དགྲ་བགེགས་བྱར་མ་འདི། ཁྱོད་ལ་གཏད་དོ་མྱུར་དུ་ལོངས། བརྫངས་སོ་ཆུ་སྲིན་གྲེ་བར་བརྫངས། གཏོང་ངོ་རྒྱ་མཚོའི་གཏིང་དུ་གཏོང་། གཉེར་རོ་ལས་མཁན་ཁྱོད་ལ་གཉེར། མནན་ནོ་རི་རབ་ལྗིད་ཀྱིས་མནན། བྲུབ་བོ་ཐར་མེད་བཙོན་རར་བྲུབ། རྒྱ་ལམ་བཞི་མདོའི་དཀྱིལ་དུ་བྲུབ། མཆོད་རྟེན་བྱིན་ཅན་འོག་ཏུ་བྲུབ། ལུང་གསུམ་འདུས་པའི་མདོ་རུ་མནན། ལྷ་ཁང་ཐེམ་པའི་འོག་ཏུ་མནན། ཐལ་བ་སྐྱ་བོའི་འོག་ཏུ་བྲུབ། བྲུབ་བོ་མནན་ནོ་མཱ་ར་ཡ། བསྐལ་པ་སྟོང་དུ་མ་ལྡང་ཅིག ནྲྀ་ཏྲི་སརྦ་སྟྭཾ་བྷ་ཡ་ནནཿ ༀ་ལཾ་ཨ་ལཾ་ཧཱུཾ་ལཾ་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་ནན་ནནཿ དེ་ནས་རྐང་ཞབས་རྡོ་རྗེ་རྒྱ་གྲམ་དུ་བསམ་ལ་བྲོ་བརྡུང་ངོ་། དེ་ནས་ནང་དུ་ལོག་ནས་ཚེ་འགུགས་ལ་སོགས་རྗེས་ཆོག་རྣམས་བྱའོ། ཨེ་མ་འདི་ནི་ཚེགས་ཆུང་དོན་ཆེ་བྱ་སླ་བའི། དགྲ་མནན་ཟབ་མོ་ཁྱད་པར་ཅན་ཡིན་ཏེ། གང་དག་དགྲ་རྐུན་ཇག་པས་མནར་བ་དང་། ཁ་སྨྲས་གླེང་གཞི་བྱུང་དང་མཐུ་བྱད་ཟུག དབུལ་སྲི་བསེ་རག་ལྟོག་འགོང་ལྡང་བ་དང་། རྟ་ནོར་ཕྱུགས་ལ་གཅན་གཟན་འཚེ་བ་སོགས། ཀུན་ལ་ཕན་ཐོགས་ལག་ལེན་མྱོང་བས་གྲུབ། གྲོང་ཆོག་མཁན་རྣམས་དེ་ལུགས་ཉམས་ལེན་མཛོད། དོ་གལ་ཆེ་བའི་དགྲ་མནན་སྨིན་སྒྲུབ་ཚེ། རི་སྣ་བྲག་ཟུར་བྱང་བལྟས་འོག་ལ་སོགས། གོང་གནོན་ཆེ་བའི་ས་གནད་ངན་པ་རུ། མ་ཧཱ་བ་ལའི་མནན་པ་ལ་སོགས་བྱ། སྤྱི་མཚམས་ལ་ནི་རང་གི་སྒོ་ཐེམ་འོག གྲུ་གསུམ་བྲུས་པའི་ནང་དུ་གཡག་རུ་གནོན། སྟེང་ནས་གཏོར་གཞོང་སྦུབས་ལ་རྟ་བྲོ་བརྡུངས། དེས་ཀྱང་ཕན་ཆེ་ལན་མང་མྱོང་གྲུབ་ཡིན། དེ་སྐད་སྨྲ་བ་ར་ག་ཨ་གསེ་ཡིས། ལུག་ལོ་རྒྱལ་གྱི་ཟླ་བའི་མར་ངོའི་དུས། དགུ་གཏོར་ཆེན་མོར་ཕུར་བའི་སྒྲུབ་པ་དང་། འབྲེལ་བའི་གཡག་རུ་དགྲ་བྲུབ་ཚར་མང་བསགས། ཉེར་དགུའི་ཉིན་པར་བསྲེག་འཕང་མནན་གསུམ་གྱིས། ལས་མཇུག་བསྡུས་པས་དེ་ནུབ་ནམ་ཕྱེད་ཆར། བདུད་འདུལ་སྔགས་པའི་གླིང་ཡིན་ཟེར་བ་ཡི། ཁང་པ་དམར་ནག་གྲུ་གསུམ་མཐོ་བའི་ནང་། སྟག་ལྤགས་བཀབ་པའི་ཁྲིའུ་ཞིག་གི་སྟེང་། པད་འབྱུང་ཡིན་ཟེར་བླ་མ་སྔགས་ཆས་ཅན། ཕྱག་ན་ལྕགས་ཕུར་ཞིག་དང་དར་སྣ་ལྔས། དྲིལ་བའི་གླེགས་བམ་བསྣམས་པའི་མདུན་དེ་རུ། བྷནྡྷ་རཀྟས་བཀང་བ་བཞག་པ་མཐོང་། དེ་ལ་བདག་གིས་ཕྱག་བྱས་གླེགས་བམ་དེའི། བཀླག་ལུང་ཞུས་པས་དེ་མ་ཐག་ཉིད་ནས། གླེགས་བམ་ཕྱེས་ནས་དགྲ་ཆོས་འདི་ཉིད་ཀྱི། དམིགས་བྱ་བསྐྱེད་འགུགས་ནས་བཟུང་མནན་པའི་བར། འདོན་ཆ་ཚང་བའི་བཀླག་ལུང་ཚན་གསུམ་གསུངས། དེ་ནས་ལྕགས་ཕུར་གླེགས་བམ་བྷནྡྷ་བཅས། བདག་ལ་གཏད་པས་བདག་གིས་རཀྟ་དེ། འཐུང་བའི་མོད་ལ་བླ་མ་དེ་ཉིད་ཀྱང་། རང་ལ་ཐིམ་སྙམ་བྱུང་བས་གཉིད་སད་ཚེ། པད་འབྱུང་བླ་མར་རང་བཞིན་དབྱེར་མེད་པའི། ངེས་ཤེས་བརྟན་པོས་ལུས་སེམས་བདེ་བས་ཁྱབ། དགྲ་ཆོས་འདོན་ཆའི་ཚིག་རྣམས་མ་བརྗེད་འདུག ནངས་པར་སྣག་ཤོག་ཚགས་བྱས་ཡི་གེར་བྲིས། སྔོན་དུས་བ དག་གིས་བསྒྲིགས་པའི་དགྲ་ཆོས་དང་། ཞུས་དག་བྱས་པས་ཤ་རུ་ཁྲམ་འདེབས་དང་། གླང་གཟུགས་ཙམ་ལས་ཁྱད་པར་འགའ་མ་བྱུང་། འདི་ནི་ཆོག་བསྒྲིགས་གཞན་དང་མི་འདྲ་བའི། སྙན་རྒྱུད་དགོངས་གཏེར་གྲལ་དུ་བརྩིས་ཀྱང་མཚུངས། གང་དྲན་སྨྲས་པ་མིན་པས་ཟབ་གནད་ཆེ། སྔོན་ཆད་དམར་ཡོན་སྔགས་པས་བསྐལ་བའི་ངོར། བདག་གིས་བསྒྲིགས་པའི་དགྲ་ཆོས་དེ་ཉིད་ཀྱང་། སྔོན་གྱི་རྒྱུད་གཞུང་ཡིག་རྙིང་མང་པོ་དང་། བཀའ་གཏེར་མང་པོའི་དགྲ་བྲུབ་གོང་བསྡུར་ནས། ཆོས་སྐྱོང་བཀའ་སྲུང་དགྲ་ལྷའི་ཚོགས་བཅས་ལ། གསོལ་བ་བཏབ་ནས་བྲིས་པས་དེ་ནུབ་ཀྱང་། རྨི་ལམ་རྟེན་འབྲེལ་བཟང་པོ་འགའ་ཞིག་བྱུང་། དེ་དུས་བྲིས་པའི་དགྲ་ཆོས་དེ་ཉིད་དང་། འདྲ་བའི་ནང་ནས་མི་འདྲའི་ཟབ་གནད་ཁྱད། འདི་ནི་མང་དུ་མ་སྤེལ་བཀའ་རྒྱ་སྡོམས། མཐུ་དཔེ་ལྟ་བུ་ཡིན་པས་གཅིག་བརྒྱུད་མཛོད། རང་ལ་དགོས་དུས་ལག་ཏུ་ལོངས་དང་གསལ། བཀའ་འདི་མ་མགོན་དྲེགས་པ་སྡེ་བརྒྱད་ལ། བཅོལ་ལོ་གཏད་དོ་སྲུངས་ཤིག་ས་མ་ཡ ། དམ་ཉམས་ལོག་པར་ལྟ་བའི་སྙིང་ཁྲག་འཐུང་། དམ་ལྡན་རྣམས་ལ་སྡོང་གྲོགས་གཡེལ་མེད་མཛོད། འདི་བྲིས་དགེ་བས་རྒྱལ་བའི་བསྟན་པ་དར། འགྲོ་ལ་འཚེ་བའི་དགྲ་ཇག་ཆོམ་རྐུན་རྣམས། རང་སར་གྲོལ་ནས་རྣལ་འབྱོར་ཡོན་མཆོད་ཀྱི། སྐ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པར་ཤོག སྨྲ་བའི་སྔགས་ནག་རཱ་ག་ཨ་གསེ་དང་། བྲི་བའི་ཡིག་མཁན་པདྨ་འདུད་འདུལ་ལ། འདི་ཕྱིའི་རྐྱེན་དང་སྒྲིབ་པར་མ་གྱུར་ཅིག སརྦ་མངྒ་ལཾ། དགྲ་ཆོས་ལ་ཉེ་བར་མཁོ་བའི་ཐུར་ཡིག་ལིངྒ་བྲི་ཐབས་ནི། ཕུང་ཉི་བདུད་ཉི་སོགས་དྲག་པོའི་འགྲུབ་སྦྱོར་ལ་བབ་ཚེ། དུག་ཤོག་ལ་དུག་སྣ་དང་ཁྲག་སྣ་སྦྱར་བའི་ཁུ་བས་དགྲ་བགེགས་ཀྱི་ལིངྒ་དཔེ་རིས་ཚད་ལྡན་ལག་པ་རྒྱབ་ཏུ་བཀྱིགས། རྐང་པ་ལྕགས་སྒྲོག་ཏུ་བཅུག་པའི་སྤྱི་བོར་དྲིག་ནནཿ དཔྲལ་བར་ཇིའུ་ཀུང་ཀེག་ཤིང་། སྨིན་མཚམས་སུ་ཛ དཔུང་བ་པུས་མོའི་ཚིགས་ཆེན་བཞིན། དཔུང་མགོ་གཡས་ནས་བཙམས་ལ་གཡས་སྐོར་དུ་ཛཿཧཱུཾ་བཾ་ཧོཿ བཞི། ལུང་བུ་གྲུ་མོ་བཞིར། ལུང་ཚིགས་གཡོན་ནས་གཡས་སྐོར་དུ། མ་ར་ཡ་རྦད་བཞི་བྲིས། འདོམས་སུ་ཕཊཿ རྐང་མཐིལ་གཉིས་ཀྱི་ཞབས་སུ་རླུང་དཀྱིལ་གཞུའི་དབྱིབས་ཀྱི་རི་མོའི་ཆང་ཟུང་གི་ནང་ངོས་དང་། ལིང་གའི་སྙིང་གར་དགྲ་ལ་ནྲྀ་དང་། བགེགས་ལ་ཏྲི་བྲིས། ༑༑༑༑དེ་དག་གི་སྤྱི་ནས། ཨེ་ཧུར་ཐུམས་རྦདཿ འབྲུ་བཞི་ཕྱོགས་བཞི་ནས་བསྐོར། དེའི་ཕྱི་རོལ་ནས་དགྲ་ཡིན་ན། དམིགས་པའི་བླ་སྲོག་སྟོང་རྣམ་པར་ཤེས་པ་ཁུག་ཅིག་ནྲྀ་ཨ་ཀཪྴ་ཡ་ཛ་ཛཿ མཱ་ར་ཡ་རྦད་ནནཿ ཞེས་པ་དང་། བགེགས་ལ་རྒྱལ་བསེན་འབྱུང་པོ་ཤི་འདྲེ་གོད་སྲི་ཟ་འདྲེ་ཕུང་སྲི་རྣམས་ཀྱི་བླ་སྲོག་ཡིད་གཟུགས་ཁུག་ཅིག་བྲི་ཨ་ཀཪྴ་ཡ་ཛ་ཛཿ མཱ་ར་ཡ་རྦད་ནནཿ ཞེས་བྲིས། ལིངྒའི་ཕྱི་རོལ་གྱི་སྤྱི་བོ་ནས་དགྲ་བགེགས་གང་ཡིན་དམིགས་བསལ་ཁ་བསྒྱུར་གྱི། གནོད་བྱེད་སརྦ་ཤ་དྲུམ་ཧུར་ཐུམ་ཛཿ ནྲྀ་ཏྲི་མཱ་ར་ཡ་ཛ་ཛ་རྦད་རྦད་སོད་སོད་གནོད་བྱེད་འབྱུང་པོ་དགྲ་ཇག་ཆོམ་རྐུན་ཟ་འདྲེ་ཕུང་སྲི་གོད་འདྲེ་གོད་སྲི་གཅན་སྤྱང་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་སྟོབས་ཐམས་ཅད་སྟྭམ་བྷ་ཡ་བྷྱོ་ནན་ནནཿ ཞེས་པའི་སྔགས་དམོད་མོ་བཅས་ཚང་བས་གཡས་སུ་བསྐོར། ཕྱི་ནང་གི་ཡིག་མགོ་ཐམས་ཅད་རྦད་ཕྱིར་བསྟན་ནོ། དེའི་ཕྱི་རོལ་རྫས་ཁམ་གྱིས་བསྐོར་བ་ཅན་ལིངྒ་ཁ་རྐུབ་སྤྲད་པའི་རོ་ལྟེབ་བྱས་ནས་བྲུབ་ཁུང་ནང་གི་གཡག་རུའི་ནང་དུ་བཅུག་གོ རྒྱས་པར་འཛོམ་ན་ལས་དཀྱིལ་ཀྱི་ལྷོ་ནུབ་ཏུ་མི་ཤིས་པའི་གདུག་པའི་ས་སྣ་འཛོམ་ཚད་བསགས་ལ། རེ་ལྕག་དྷ་དུ་ར་སོགས་དུག་སྣའི་ཆུས་སྦྲུས་པའི་བྲུབ་ཁུང་རྒྱར་ཁྲུ་གང་། དཔངས་སུ་དེའི་ཕྱེད་ཕྱི་རོལ་རོ། སེལ་དང་ནང་དུག་གིས་བྱུགས་པའི་མཐའ་རྩང་དམར་གྱིས་བསྐོར་བའི་ནང་དུ་གཡག་རུ་ལིངྒ་དང་བཅས་པ་འཇོག དེ་དང་ཉེ་ལོགས་སུ་ལྷ་དང་དབྱེ་རྫས། གུ་གུལ་དང་། ཐུན་རྫས་སྣ་ཚོགས། ཟན་ལིང་། ཕུར་བ། སྒྲོལ་གྲི་ཐོ་བ། ཧོམ་གཟར་སོགས་བསྒྲལ་ཆས་རྣམས་དང་། བླ་རྡོ་བླ་ཤིང་གླང་མ། ཚ་གཡེར་རམ་སྒོག ཐལ་འཇིམ། རེ་ནག ཁྱི་སྤུ་ར་བལ་ཀྱི་སྐད་པ། སྐྱེར་བའི་ཕུར་ཆུང་ཐལ་འཇིམ་མགོ་དགུ། གསེར་སྐྱེམས། དཀར་གཏོར། དམར་གཏོར། བྱ་རོག་དང་འུག་པའི་སྒྲོ་གཉིས། དེ་དག་ལ་སོགས་དགོས་རྫས་ཐམས་ཅད་བསགས་ལ། ལས་གཞུང་གང་ཡིན་བསྒྲལ་བཟློག་སོང་བ་དང་། གཡག་རུའི་དམིགས་བྱ་བསྐྱེད་འགུགས་ལ། འགུགས་སྔགས་སོགས་བཏགས་པ་དང་། བླ་རྡོ་བླ་ཤིང་བཅག་བཅད་དང་། ལྷ་དབྱེ་རྒྱས་པ་ཞིག་བྱེད། བསད་མནན་གྱི་དམིགས་པ་དང་། སྔགས་ལས་གཞུང་གང་ཡིན་ལྟར་སྦྱར། ཐུན་གྱིས་བྲབས་དེ་ནས་དགྲ་ཆོས་ཀྱི་བྱུང་ཁུངས་ནས་ད་བཟུང་ཚང་བར་འདོན། མཐར་ཟན་ལིང་བསྐྲལ་ཞིང་གཏོར་མར་འབུལ། དེ་ནས་ཐུན་གཏོར་རྗེས་ཆོག་རྣམས་ཆོ་གའི་དཀྱུས་བཞིན་བྱ། ཉིན་རྗེས་མའི་ཚེ་ལིངྒ་མནན་པ་སོགས་བྱས་ན་ལེགས་སོ། ༈ དྲག་པོ་སྔགས་ཀྱི་ལས་ཚོགས་ཐུན་མོང་མ་ཡིན་པ་གཡག་རུ་དགྲ་ཆོས་དགྲ་བགེགས་ཚར་གཅོད་ཞེས་བྱ་བ་གཤིན་ཏུ་ཟབ་པ། དེའི་ཟུར་ཡིག་བླ་རྡོ་བཅག་པ། གླང་ཁྲམ་བཅད་འདེབས་དང་བཅས་པའི། བཀླག་ལུང་ཐོབ་པའི་ཉེ་བརྒྱུད་ནི། སློབ་དཔོན་པདྨ་འབྱུང་གནས་སྔགས་ནག་རཱ་ག་ཨ་སྱེས། པདྨ་བདུད་འདུལ་ཨོ་རྒྱན་ཀློང་གྲོལ། ཀུན་བཟང་དོན་ཡོད། ཕྲིན་ལས་ཕུན་ཚོགས། དཀོན་མཆོག་ཆོས་ལྡན། ངག་དབང་རྒྱལ་མཚན། ཆབ་མདོ་བླ་མ་རིག་འཛིན་བསྟན་རྒྱས་དེས་བདག་ལའོ། སངས་རྒྱས་བསྟན་པ་སྲུང་བའ་ིམཆོག་གི་ཆར་ཤོར་མཚོན་ཆར་ཤོག།


previousདེ་ནས་སྐྱེལ་པ་སྟག་ལོ་་་་next