Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

18 occurrences of མགོན་པོ་བེང་
[Clear Hits]


  
  
 
 
  
  
  
  
 
 
 
  
  
  
  
མི་ནག་མགོ་གསུམ་གྱི་བཟློག་མདོས་འགལ་རྐྱེན་ཀུན་སེལ།


18 occurrences of མགོན་པོ་བེང་
[Clear Hits]

 
previousམི་ནག་མགོ་གསུམ་གྱི་བཟློག་མདོས་འགལ་རྐྱེན་ཀུན་སེལ།no next

མི་ནག་མགོ་གསུམ་གྱི་བཟློག་མདོས་འགལ་རྐྱེན་ཀུན་སེལ།

༄༅། །མི་ནག་མགོ་གསུམ་གྱི་བཟློག་མདོས་འགལ་རྐྱེན་ཀུན་སེལ་ཞེས་བྱ་བ་བཞུགས། ལྷ་ཀོང་ཚེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། འགྲོ་བ་གང་ཞིག་ལ་སྔོན་ལས་དང་འཕྲལ་རྐྱེན་ལས་གྱུར་བའི་དགྲ་སྣ་དང་གདོན་སྣ་དང་ནད་སྣ་རིམས་སྣ་ཐུག་པ་དང་མི་ཕྱུགས་ཀྱི་ཤི་འགབ་གཅོད་པ་དང་། སྲིའུ་གསོ་བ་དང་། ལོ་ཀེག་ཟླ་གཤེད་དང་། ཆག་ཆེ་ཉམ་ང་བསྒྱུར་བ། བྱད་ཕུར་གཏད་ཁྲམ་རྦོད་གཏོང་བཟློག་པ། ཁྱད་པར་ཐན་དང་ལྟས་ངན་མ་རུངས་པ་བྱུང་བའི་ཐན་བཟློག་སོགས་ལ་མི་ནག་མགོ་གསུམ་གྱི་བཟློག་མདོས་འདི་བྱེད་པ་གལ་ཆེ་སྟེ། དེ་ལ་དང་པོ་བཅའ་བཤམས་ཀྱི་རིམ་པ་ནི་ཟུར་ཡིག་ལྟར་ཚང་བར་བྱས་ལ། དངོས་གཞིའི་འདོན་ཆ་ནི། ཡི་དམ་གྱི་བདག་བསྐྱེད་དང་། མདོས་རྫས་བྱིན་གྱིས་བརླབ་པ་རྣམས་རིགས་མཐུན་ལྟར་བྱས་ལ་མདོས། ཧྲིཿཥྚི་ཝི་ཀྲིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བདག་ཉིད་ལྷར་གསལ་བའི་མདུན་དུ་སླ་ང་ནག་པོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་མ་ཧཱ་གསེར་གྱི་རུ་སྦལ་གྱི་ལྟོ་བར་ཡི་གེ་བྷྱོ་ནག་པོ་ག ཅིག་གསལ། དེ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཐལ་བར་བརླགས། འོད་ཟེར་ཚུར་འདུས་བྷྱོ་ལ་ཐིམ། བྷྱོ་ཡོངས་སུ་གྱུར་པ་ལས་བདུད་ཀྱི་རྒྱལ་པོ་མི་ནག་མགོ་གསུམ་སྐ་མདོག་ནག་པོ་མུན་པའི་མདོག་ཅན། ཤིན་ཏུ་ཁྲོས་ཤིང་གཏུམ་ལ་རྔམ་པ། དབུས་གླང་མགོ། གཡས་སྟག་མགོ གཡོན་ཕག་མགོ་གསུམ་མིག་བསྒྲད་ནས་ཁ་གདངས་ཤིང་མཆེ་བ་གཙིགས་པ། ཕྱག་གཡས་ན་གནམ་ལྕགས་ཀྱི་སྟྭ་རེ་འཕྱར་ཞིང་། གཡོན་པས་ལྕགས་ཀྱུ་དང་སྦྲུལ་ཞགས་འཛིན་པ། ལུས་ལ་མཚོན་ཆ་སྣ་ཚོགས་ཀྱི་སྤུ་སྐྱེས་ཤིང་འཇིགས་སུ་རུང་བ་རྐང་ལག་ལྕགས་ཀྱི་སྡེར་མོ་ཅན་སྦྲུལ་གྱི་མཇུག་མ་རུ་སྦལ་གྱི་སྟེང་ན་འཁྱིལ་བ་གཅིག་བསྒོམ། དེའི་སྤྱོད་སྲིན་སྲིན་བྱ་འུག་པ་མཁུན་པ། གཡས་གཡོན་ས་བདག་ཁེན་ཁོན་ཕོ་མོ་རྒོད་པ། མདུན་དུ་ཤང་ཤང་གིས་སྣ་ཁྲིད་བྱས་པ། རྒྱབ་ཏུ་གླང་ཆེན་ཁལ་བཀལ་གྱིས་འདེད་ཚུལ་བྱེད་པ། མདུན་གཡས་སུ་མི་ཁའི་བུ་མོ་སྤུན་དགུ། མདུན་གཡོན་དུ་བུད་མེད་རྔ་མོང་ལ་ཞོན་པ། དེ་རྣམས་ཀྱི་འཁོར་དུ་ལོ་བདུད་བཅུ་གཉིས། སྤར་ཁ་སྨེ་བ་ཚེས་གྲངས་དུས་ཚོད་གཟའ་སྐར་ལ་སོགས་པའི་དགྲ་གཤེད་ཆག་ཆེ་ཉམས་ངའི་བདག་པོ་བདག་མོ་རྣམས་དང་། ཐན་བདག་ནད་བདག་འཆི་བདག་ལ་སོགས་སྲིད་པ་གསུམ་ན་གནས་པའི་གདོན་བགེགས་འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བའོ། བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འཇིག་རྟེན་ཁམས་ན་གནས་པའི་འབྱུང་པོ་གདོན་བགེགས་ཀྱི་ཚོགས་འཁོར་དང་བཅས་པ་ཐམས་ཅད་རང་དབང་མེད་པར་བཀུག་ནས་མདུན་གྱི་གཟུགས་བརྙན་ལ་བསྟིམས་པས་གཉིས་སུ་མེད་པར་གྱུར་བར་བསམ་ལ། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེདཿ ང་ནི་ཁྲོ་བོ་ཀུན་གྱི་རྗེཿ འཁོར་འདས་སྣང་སྲིད་ཐམས་ཅད་ནི༔ ང་ཡི་བཀའ་ལ་མི་ཉན་མེདཿ སྲིད་པའི་ཆུ་ལ་མི་འཐུང་མེདཿ ཀུན་ཀྱང་ང་ཡི་བཀའ་ལ་འདུསཿ དེ་རིང་ཁམས་གསུམ་དབང་དུ་སྡུདཿ དེ་རིང་སྲིད་གསུམ་ཟིལ་གྱིས་གནོནཿ དེ་རིང་མི་དང་གླད་གཉིས་བརྗེ༔ དེ་རིང་བུ་ལོན་ལན་ཆགས་འཇལཿ མཐོ་བ་སྲིད་པའི་རྩེ་མོ་ནསཿ དམའ་བ་ན་རག་ཡན་ཆད་ཀྱིཿ ཆེ་དགུ་གཉན་བཅུ་ཐམས་ཅད་གཤེགསཿ ཁ་དྲེགས་རྩལ་སྟོབས་ལྡན་ཀུན་གཤེགསཿ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་ཿ ནད་གདོན་བར་ཆད་རྩོམ་པ་ཡིཿ ཐན་བདག་འགོང་པོ་ཡི་དྭགས་སོགསཿ ཚེ་རབས་སྔོན་ནས་ད་ལྟའི་བརཿ ལན་ཆགས་བུ་ལོན་མ་འཁོར་བའིཿ གླད་དང་ཡས་འདོད་ཐམས་ཅད་ཀུནཿ སྐད་ཅིག་ཉིད་ལ་འདིར་འདུས་ཤིགཿ རང་རང་གཟུགས་ལ་བརྟན་པར་བཞུགསཿ མདོས་གཞི་ནག་པོའི་གདན་ལ་སྡོདཿ བསྒོ་བའི་བཀའ་ལ་ཉན་པར་མཛོདཿ སརྦ་བྷུ་ཏ་ཨཾ་ཀུ་ཤ་ཛ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པས་ཐིབ་ཐིབ་བྱོན་ནས་རང་གཟུགས་རྣམས་ལ་ཐིམ་སྟེ་བཀའ་ཉན་གསུང་སྡོད་ཀྱིས་གནས་པར་བསམ་ལ། དེ་ནས་ཁོ་ཡི་སྔོན་གྱི་བྱུང་ཁུངས་ལོ་རྒྱུས་སྨྲེང་འདི་གྱེར་རོ། ཀྱཻཿ དང་པོ་ཅི་ཡང་མེད་པ་ལསཿ འཕགས་པ་འཇམ་དཔལ་ཐུགས་རྗེ་ཡིསཿ འགྲོ་དྲུག་རྣམས་ལ་ཕན་གདགས་ཕྱིརཿ ས་བདག་ཧ་ས་གྷར་པར་སྤྲུལཿ ས་བདག་ཧ་ས་འགར་པ་ལཿ མ་ཧཱ་གསེར་གྱི་རུ་སྦལ་སྲིདཿ གསེར་གྱི་རུ་སྦལ་དེ་ཉིད་ནིཿ འབྱུང་བ་ཆེན་པོ་ལྔ་ལས་གྲུབཿ འབྱུང་བ་ལྔ་ཡི་སྙིགས་མ་ལཿ ས་བདག་ཁེན་ཁོན་ཕོ་མོ་གཉིས་སུ་སྲིདཿ སྐྱེ་འགྲོའི་ལོ་ཀེག་ཟླ་གཤེད་བཟློག་པ་དང་ཿ སྲིད་པའི་བྱོལ་ཟློག་མཛད་པའི་ཕྱིརཿ ཁེན་པ་རྒད་པོ་ཐུགས་ཁྲོས་ནསཿ མ་ཅིག་ཁོན་མ་རྒན་མོ་ལ། ཡིད་ཀྱིས་སྦྱོར་བ་བྱས་པ་ཡིས། ཟླ་དགུ་ངོ་བཅུ་ལོན་ཙམ་ན། ཕ་མ་གཉིས་ཀར་མི་འདྲ་བའི༔ འཇིགས་སུ་རུང་བའི་བུ་ཞིག་སྐྱེས། མི་ཡི་ལུས་ལ་མགོ་བོ་གསུམ། མདོག་ནག་གཏུམ་རྔམ་འཇིགས་པའི་གཟུགས། ཁ་གདངས་མཆེ་གཙིགས་སྡང་མིག་བསྒྲད། དེ་ཉོན་མོངས་བདུད་སྲིན་རིགས་ལས་བྱུང་། དབུས་ཞལ་བྱོལ་སོང་གླང་གི་མགོ ཆགས་སྲིད་ཆེ་ཞིང་ཤ་རྩ་ལྷོད། དེ་འདོད་ཆགས་མ་ཡི་རྒྱུ་ལས་བྱུང་། གཡས་ཕྱོགས་གཅན་ཟན་སྟག་གི་མགོ ཁྲོ་གཏུམ་སྡང་སེམས་གདུག་རྩུབ་ཆེ། དེ་ཞེ་སྡང་ཕ་ཡི་རྒྱུ་ལས་གྲུབ། གཡོན་པ་གཏི་མུག་ཕག་གི་མགོ། གཏི་མུག་ཆེ་ཞིང་ཤ་ལ་དགའ དེ་ས་བདག་ཀླུ་སྲིན་རིགས་ལས་བྱུང་། བཙས་མ་ཐག་ནས་ལུས་རྩལ་རྫོགས། སྙིང་རྗེ་མེད་ཅིང་དུག་ལྔ་རྒྱས། དེ་ལ་སུ་ཡང་མ་དགའ་བས། མ་རུངས་པ་ཡི་བུ་དེ་ཉིད། སླ་ང་ནག་པོའི་ནང་དུ་བཅུག མི་ཁའི་རྫས་སྣ་ཟས་སུ་བྱིན། དགྲ་དང་བགེགས་ཀྱི་མིང་རུས་བྲིས། ཁོ་ཡི་ཁོང་པའི་ནང་དུ་བཅུག མ་ཅིག་ཁོན་མ་རྒན་མོ་དེས། འདི་སྐད་སྨྲས་ནས་དམོད་པ་བོར། སྲིད་པའི་རྒན་རྒོན་ངེད་གཉིས་ཀྱིས། ཀྱེ་མ་ལས་ངན་བྱས་པ་འདྲ། དེ་ཡི་འབྲས་བུ་ད་ལྟ་སྨིན། འདི་དང་འདྲ་བའི་སེམས་ཅན་ནི། འཇིག་རྟེན་འདི་ན་མཐོང་མ་མྱོང་། ཀྱེ་མ་ཀྱི་ཧུད་ང་རེ་འཇིགས། མི་ནག་མགོ་བོ་གསུམ་པོ་འདི། རྐང་ལག་ལྕགས་ཀྱི་སྡེར་མོ་ཅན། ཁ་གདངས་མིག་བགྲད་མཆེ་བ་གཙིགས། ཐམས་ཅད་འཇིགས་པའི་ང་རེ་སྒྲོགས། ཁྱོད་འདི་ནས་མ་འདུག་འགྲོ་བར་གྱིས། དགྲ་དང་བགེགས་ཀྱི་སྟེང་དུ་ཆོས། ཐན་དང་ལྟམ་ངན་ཐམས་ཅད་ཁྱེར། གནས་ནི་རྒྱ་གྲམ་ལམ་ཀར་སྡོད། དགྲ་ཤ་ཟོ་ལ་དགྲ་ཁྲག་འཐུག དེ་སྐད་བརྗོད་ནས་ལམ་ཀར་བསྐྱལ། བསྐྱལ་བས་ལམ་དུ་འཕྲད་ཚད་ཤི། ཡུལ་དེའི་མི་རྣམས་ཁོ་ཡི་ཟོས། དགྲ་བགེགས་མཐོང་ཚད་ཐལ་བར་བརླགས། དེས་ཀྱང་མ་ཚིམ་འཇིག་རྟེན་མི། ཐམས་ཅད་མགོ་གསུམ་དེ་ཡིས་ཟོས། སྲིད་པ་གསུམ་པ་སྟོངས་ལ་ཐུག། མགོ་ག ཅིག་གཅན་གཟན་སྟག་གི་མགོ གཟའ་ཁྱབ་འཇུག་ལྷུམས་སུ་ཞུགས་པའི་བུ། གང་དང་འཕྲད་པ་ཧུར་ཐུམ་གསོད། གསོད་དང་གཅོད་ལ་ཤིན་ཏུ་དགའ། ཤ་ཟ་ཁྲག་འཐུང་ཞེ་སྡང་ཆེ། མགོ་གཅིག་གཏི་མུག་ཕག་གི་མགོ གཟའ་ལྷག་པ་ལྷུམས་སུ་ཞུགས་པའི་བུ། ལག་པ་མྱུར་མགྱོགས་ཤིན་ཏུ་ཆེ། རྨུགས་འཐིབས་བརྒྱལ་འབོག་ནད་རྣམས་གཏོང་། ཚེ་དང་སྲོག་ལ་རབ་ཏུ་རྔམ། དབུས་ཕྱོགས་གླང་གི་མགོ་བོ་དེ། གཟའ་སྤེན་པ་ལྷུམས་སུ་ཞུགས་པའི་བུ། གང་འཕྲད་སྲོག་ལ་རྒོལ་བ་ཡི། མཛེ་དང་ཤུ་བ་ལྷོག་པ་གཏོང་། གཟའ་བདུད་བས་ཀྱང་དྲག་ཤུལ་ཆེ། ཟས་སུ་མི་ཡི་ཚེ་སྲོག་ཟ། དེ་ལྟ་བུ་ཡི་མི་ནག་དེ། འཕགས་པའི་ཐུགས་རྗེས་འདུལ་བར་དགོངས། མཁྱེན་རབ་དབང་ཕྱུག་འཇམ་དཔལ་གྱིས། མི་ནག་མགོ་གསུམ་འཇིགས་པའི་གཟུགས། ཁོ་རང་འདྲ་བ་ཞིག་ཏུ་སྤྲུལ། སྤྱན་ནས་མེ་འབར་ཐོག་སེར་འབེབས། རྐན་སྒྲ་བརྡབ་པས་འཛིན་རྟེན་གཡོ། མཆེ་གཙིགས་ཞལ་གདངས་འདི་སྐད་བརྗོད། ཁྱེད་མི་སྲུན་གདུག་པའི་ང་རོ་ཅན། སྙིང་རྗེ་མེད་པའི་སེམས་ཅན་ནི། ཐམས་ཅད་ང་ཡིས་འདུལ་བར་བྱེད། ཁྱོད་ཀྱང་ང་ཡི་འདུལ་སྐལ་ཡིན། དེ་སྐད་ཅེས་ནི་བརྗོད་པ་དང་། མི་ནག་མགོ་གསུམ་ཞལ་དུ་གསོལ། མགྲིན་པར་མིད་ནས་འོག་སྒོར་ཕྱུང། ཁོ་སྐྲག་ཅིང་བསྔངས་ནས་འདར་བཞིན་དུ། དཔའ་བོ་ཆེན་པོ་ང་ལ་ཉོན། ཁྱེད་ཀྱི་ཅི་གསུང་བཀའ་བཞིན་བྱེད། དེ་སྐད་ཡང་ཡང་ཞུས་པ་དང་། འཇམ་དཔལ་ཁྲོ་མོས་བཀའ་སྩལ་པ། ཁྱོད་མི་ནག་མགོ་བོ་གསུམ་པ་ཡིས། ང་ཡི་བཀའ་ལ་མ་འདའ་བར། སྙིགས་མ་ལྔ་ཡི་དུས་བྱུང་ཚེ། ལྔ་བརྒྱ་ཐ་མའི་སེམས་ཅན་ལ། སྲིད་པའི་བྱོལ་བཟློག་ཁྱོད་ཀྱི་མཛོད། སླ་ང་ནག་པོའི་ནང་དུ་བཞུགས། གཏོར་མ་མཐེབ་སྐྱུ་ཁྱོད་ལ་སྦྱིན། མི་ཁ་སྣ་ཚོགས་ཟས་སུ་ཟོ། གནོད་པ་བསྐྱལ་ན་གང་འཕྲད་སོད། ཆག་ཆེ་ཉམ་ང་ཡོད་ན་སྒྱུར། ནད་པ་སློང་ལ་གདོན་སྣ་བཟློག སྲི་བུ་གསོས་ལ་ཆུང་སྲི་སོད། ཐན་ལྟས་ཆོ་འཕྲུལ་ངན་པ་ཟློགས ཅེས་གསུང་མི་ནག མགོ་གསུམ་གྱིས། བཀའ་བཞིན་བསྒྲུབ་པར་ཁས་བླངས་པའི། སྔོན་གྱི་དམ་ཚིག་དེ་དག་རྣམས། དེ་རིང་རྗེས་སུ་དྲན་མཛོད་ལ། གཏོ་ཡས་གནས་སུ་ཐིངས་བར་མཛོད། ཀྱཻ་བདུད་རྒྱལ་མི་ནག་མགོ་བོ་གསུམ། སྲིད་པ་གསུམ་གྱི་མཐུ་བོ་ཆེ། སྔོན་གྱི་ཐུགས་དམ་ཇི་བཞིན་དུ། སྲིད་པའི་བྱོལ་བཟློག་ཁྱོད་ཀྱིས་མཛོད། བདག་དང་རྒྱུ་སྦྱོར་ཡོན་བདག་ལ། སྡེ་བརྒྱད་ཟ་ཁ་ཟུག་པ་དང་། ལོ་ཟླ་ཞག་དུས་ཀེག་རིགས་དང་། རྨི་ལྟས་མཚན་མ་ངན་པ་རྣམས། བྱད་མ་དགྲ་བོའི་སྟེང་དུ་སྒྱུར། གང་དང་འཕྲད་པ་དེ་ལ་སྒྱུར། མིང་འདྲ་ལོ་མཉམ་དེ་ལ་སྒྱུར། ན་མཉམ་ཚོད་མཉམ་དེ་ལ་སྒྱུར། བྱོལ་སོང་ཐ་མ་ཁྱི་ལ་བསྒྱུར། ས་རྡོ་སེམས་མེད་དེ་ལ་བསྒྱུར། འཆི་བར་ངེས་པའི་མི་ཡོད་ཀྱང་། ལོ་གསུམ་བར་དུ་བཤོལ་ཐོབ་ཅིག དེ་རིང་བསྒྱུར་བའི་རྒྱལ་པོ་མཛོད། གཡས་པ་སྟག་གི་མགོ་བོ་ཡིས། འགོང་པོའི་གནོད་པ་བསྒྱུར་དུ་གསོལ། གཡོན་པ་ཕག་གི་མགོ་བོ་ཡིས། བྱུར་དང་གོད་ཁ་བསྒྱུར་དུ་གསོལ། དབུས་ཕྱོགས་གླང་གི་མགོ་བོ་ཡིས། ཆག་ཆེ་ཉམ་ང་བསྒྱུར༴ གཞན་ཡང་དགྲ་སྣ་གདོན་སྣ་དང་། མི་ནད་ཕྱུགས་ནད་རིམས་ཡམས་དང་། ཐན་ལྟས་ཆོ་འཕྲུལ་ངན་པ་སོགས། ཐམས་ཅད་སྒྱུར་བའི་རྒྱལ་པོ་མཛོད། དེ་ནས་ལོ་སྐོར་བཅུ་གཉིས་ཀྱི་སྨྲེང་འདི་སྐད་དུ་གྱེར། ཀྱཻ་ལོ་ཡི་རྒྱལ་པོ་བྱི་བའི་ལོ། སྣ་ཚོགས་ཆུ་ལས་གྲུབ་པ་ཡི། མི་ལུས་བྱི་བའི་མགོ་བོ་ཅན། ལག་ན་ཆུ་ཡི་རྐྱལ་པ་བསྣམས། མདོས་རྫས་གླད་གཏོར་འདི་བཞེས་ལ། བྱི་བ་ལོ་བའི་ལོ་ཀག་བསྒྱུར་དུ་གསོལ། མི་ལུས་གླང་གི་མགོ་བོ་ཅན། རིན་ཆེན་གསེར་ལས་གྲུབ་པའི་མདོག ལག་ན་གསེར་གྱི་རི་རབ་བསྣམས། བྱང་ཤར་གེན་ལ་གནས་པའི་བདག མདོས་རྫས་གླད་གཏོར༴ གླང་ལོ་པ་ཡི་ལོ་ཀེག་བསྒྱུརཿ མི་ལུས་སྟག་གི་མགོ་བོ༴ ཤིང་ལོ་ལྗང་གུའི་མདངས་ལས་གྲུབ། རི་མོ་ཐམས་ཅད་ལུས་ལ་བཀྲ། ཤར་སྟོད་ཤིང་གི་གདན་ལ་བཞུགས། ཕྱག་ན་ལྗོན་ཤིང་ཡལ་ག་བསྣམས། མདོས་རྫས་གླད་གཏོར༴ སྟག་ལོ་པ་ཡི་ལོ་ཀེག་བསྒྱུར༴ མི་ལུས་ཡོས་བུའི་མགོ་བོ་ཅན། ལྗང་ངལ་མི་འགྱུར་ཤིང་ལ་བརྟེན། ལག་ན་ལྗོན་ཤིང་མེ་ཏོག་བསྣམས། མདོས་རྫས་གླད་གཏོར༴ ཡོས་བུ་ལོ་བའི་ལོ་ཀེག་བསྒྱུར༴ མི་ལུས་འབྲུག་གི་མགོ་བོ་ཅན། སེར་པོ་གསེར་གྱི་མདངས་ལས་གྲུབ། གསེར་ས་རིམ་དགུའི་མངའ་བདག་བྱེད། ལག་ན་གསེར་གྱི་སྡོང་བུ་བསྣམས། མདོས་རྫས་གླད་གཏོར༴ འབྲུག་ལོ་པ་ཡི་ལོ་ཀེགཿ མི་ལུས་སྦྲུལ་གྱི་མགོ་བོ ༴ དམར་པོ་མེ་ཡི་མདངས་ལས་གྲུབ། ལག་ན་སྲེག་བྱེད་མེ་དཔུང་བསྣམས། མདོས་རྫས༴ སྦྲུལ་ལོ་པ་ཡི་ལོ་ཀེག་བསྒྱུར༴ མི་ལུས་རྟ་ཡི་མགོ་བོ༴ འབར་བ་མེ་ཡི་ན་བཟའ༴ ལག་ན་གསལ་བྱེད་མེ་རི་བསྣམས། མདོས་རྫས་གླད་གཏོར༴ རྟ་ལོ་པ་ཡི་ལོ་ཀེག་བསྒྱུར༴ མི་ལུས་ལུག་གི་མགོ་བོ་ཅན། སྐ་མདོག་སེར་ལ་འོད་ཟེར་འཕྲོ། ལག་ན་གསེར་གྱི་སྒྲོམ་བུ་བསྣམས། ལྷོ་ནུབ་ཁོན་གྱི་ས་སྒོ་སྲུངས། མདོས་རྫས་གྲུདཿ ལུག་ལོ་པ་ཡི་ལོ་ཀེག༴ མི་ལུས་སྤྲེའུའི་མགོ་བོ༴ ལག་ན་ལྕགས་ཀྱི་འཁོར་ལོ་ཐོགས། ལྕགས་ལས་གྲུབ་པའི་མངའ་བདག༴ མདོས་རྫས་གླད༴ སྤྲེའུ་ལོ་བའི་ལོ་ཀེག་བསྒྱུར༴ མི་ལུས་བྱ་ཡི་མགོ་བོ༴ དེ་ཡང་མདོག་དཀར་ལྕགས་ལས་གྲུབ། ལག་ན་གཅོད་བྱེད་རལ་གྲི་བསྣམས། མདོས་རྫས་གླད་གཏོརཿ བྱ་ལོ་པ་ཡི་ལོ་ཀེག༴ མི་ལུས་ཁྱི་ཡི་མགོ་བོ་ཅན། སེར་པོ་གསེར་གྱི་ན་བཟའ་གསོལ། ལག་ན་གསེར་གྱི་མཆོད་རྟེན་འཛིན། ནུབ་བྱང་ཁེན་གྱི་གནམ་སྒོ་སྲུངས ། མདོས་རྫས་གླད་གཏོར་འདི་བཞེས་ལ། ཁྱི་ལོ་ས་ཡི་ལོ་ཀེག་བསྒྱུར་དུ་གསོལ། མི་ལུས་ཕག་གི་མགོ་བོ་ཅན། འཁྲུད་བྱེད་ཆུ་ཡི་ན་བཟའ་གསོལ། ལག་ན་ཆུ་ཡི་བུམ་པ་བསྣམས། མདོས་རྫས་གླད་གཏོར༴ ཕག་ལོ་བ་ཡི་ལོ་ཀེག་བསྒྱུར་དུ་གསོལ། དེ་ནས་འབྲུ་སྣ་འཐོར་ཞིང་མདོས་རྫས་རྣམས་བསྔོ་བ་ནི། ཀྱཻ་མི་ནག་མགོ་བོ་གསུམ་པོ་དང་། ས་བདག་ཁེན་ཁོན་རྒན་རྒོན་དང་། ཤང་ཤང་སྲིན་བྱ་གླང་ཆེན་དང་། མི་ཁའི་བུ་མོ་སྤུན་དགུ་པོ། ལོ་སྐོར་བཅུ་གཉིས་སྤར་ཁ་བརྒྱད། སྨེ་བ་དགུ་དང་འབྱུང་བ་ལྔ། གཟའ་དང་རྒྱུ་སྐར་འདྲེ་སྲིན་རིགས། ལོ་ཟླ་ཞག་དུས་ས་བདག་དང་། ནད་ཡམས་ལོ་བདག་གླད་ཀྱི་བདག ཐན་བདག་འབྱུང་པོ་ལ་སོགས་པའི། སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ལ། མཁོ་དགུའི་ལོངས་སྤྱོད་མཐུན་པའི་རྫས། རྨད་བྱུང་བདུད་རྩི་གསེར་སྐྱེམས་ཕུད། བཟའ་བཏུང་དཀོར་ཆ་འདོད་ཡོན་ལྔ། དགྲ་བགེགས་ཤ་ཁྲག་རུས་པ་དང་། ཕོ་གླད་མོ་གླད་ནོར་ཕྱུགས་གླད། མར་མེ་ཆངས་བུ་མཐེབ་སྐྱུ་དང་། ནམ་མཁའ་རྒྱང་བུ་མདའ་དང་འཕང་། ཇ་ཆང་ཞོ་མར་ཤ་ཐུད་དང་། ནས་འབྲས་གྲོ་སྲན་འབྲུ་སྣའི་ཆན། དམར་གྱི་གཏོར་མ་ཁྲག་གི་སྐྱེམས། ཚ་སྒོག་རམ་གཡེར་ལ་ཕུག་དང་། སྦང་རམ་བཙོད་མཚུར་མི་ཁའི་རྫས། གོས་ཕྲུག་དར་རས་མཚོན་ཆ་སོགས། སྲིད་འདིར་གནས་པའི་ལོངས་སྤྱོད་ཚོགས། རང་རང་ཡིད་ལ་ཅི་འདོད་པ། གང་ཡང་མ་ཚང་མེད་པ་འདི། ཏིང་འཛིན་སྔགས་རྒྱས་བྱིན་བརླབས་ནས། ཁྱེད་ཅག་མདོས་བདག་རྣམས་ལ་བསྔོ། བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག བཟློག་བསྒྱུར་ཕྲིན་ལས་མཛད་དུ་གསོལ། ཞེས་ཚིག་བཅད་དང་། ཁྱད་པར་དུ། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས། ཞེས་བདུན་ནམ་ཉེར་གཅིག་གིས་ཚིམ་པར་བསྔོས་ལ། དེ་བཞིན་གཤེགས་པ་རིན་ཆེན་མངག་ལ་ཕྱག་འཚལ་ལོ། སོགས་མཚན་བཞི་བརྗོད། དེ་ལྟར་བསྔོས་པས་འདོད་དོན་སྣ་ཚོགས་ཀྱིས་མཉིས་ནས་བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོའི་དགྲ་བགེགས་ཐན་ལྟས་ངན་པ་ཐམས་ཅད་བསྒྱུར་ནས་དགྲ་བོའི་ཡུལ་དུ་ཆས་པར་བ སྒོམ་ལ་འདི་སྐད་དོ། ཀྱཻ་སྲིད་གསུམ་ལྷ་འདྲེ་ཚོགས་པའི་བུ། མི་ནག་མགོ་གསུམ་མཐུ་བོ་ཆེ། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། དོ་ནུབ་སྲིད་པའི་བྱོལ་ཟློག་དྲག་པོ་མཛོད། དེ་རིང་བདག་དང་རྒྱུ་སྦྱོར་ཡོན་བདག་ལ། ལྷ་ཡི་བཀའ་ཆད་བབ་པ་བསྒྱུར་དུ་གསོལ། བདུད་ཀྱིས་ཞགས་པས་བཏབ་པ་བསྒྱུརཿ གཤིན་རྗེས་ཁྲམ་ལ་བཏབ་པ༴ རྒྱལ་པོས་སྨྱོ་འབོག་གཏོང་བ༴ སྲིན་པོས་ཟ་ཁ་གཏོང་བ༴ གནོད་སྦྱིན་གདུག་རྩུབ་བྱེད་པ༴ བཙན་གྱི་ཇག་པ་རྒྱུག་པ་བསྒྱུར༴ མ་མོའི་ཁྲག་ནད་གཏོང་བ༴ ཀླུ་ཡི་དུག་རླངས་འགྱེད་པ་བསྒྱུར༴ ཐེའུ་རང་ཚེ་ལ་རྐུ་བ༴ གཟའ་དང་རྒྱུ་སྐར་བྱད་སྟེམས༴ གཉན་ནད་ལྷོག་རྒོད་བྱུང་བ་བསྒྱུར༴ ལྷ་འདྲེའི་ཟ་ཁ་སྟོན་པ༴ བན་བོན་བྱད་ཁ་ཟུག་པ༴ མུ་སྟེགས་ངན་སྔགས་གཏོང་བ༴ མི་མཐུན་རྐྱེན་ཟེར་ལྡང་བ་བསྒྱུར། ལོ་ཀེག་ཟླ་གཤེད་ངན་པ༴ དགུ་མིག་བདུན་ཟུར་ལྡང་བ༴ སྤར་ཁ་བརྒྱད་ཀྱི་དགྲ་གཤེད༴ ཐན་ལྟས་ཆོ་འཕྲུལ་ངན་པ༴ པྲ་ལྟས་རྨི་ལམ་འཁྲུགས་པ༴ ཆགས་ཆེ་ཉམ་ང་ཐམས་ཅད༴ ནད་ཁ་ཡམས་ཁ་ཟུག་པ༴ མི་ཁ་སྨྲ་མཆུ་གླེང་བ༴ དགྲ་སྣ་ཇག་སྣ་ཟུག་པ༴ རྐུན་སྣ་གྱོད་སྣ་ཟུག་པ༴ རྒན་སྲི་གཞོན་སྲི་བབ་པ༴ བྱིས་པའི་ཆུ་སྲི་ལངས་པ༴ གོད་སྲི་གོད་འདྲེ་ལངས་པ༴ ཟ་འདྲེ་ཕུང་སྲིའི་གནོད་པ༴ ནད་རིགས་བཞི་བརྒྱ་རྩ་བཞི༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གློ་བུར་བརྒྱད་ཅུ་རྩ་ཅིག༴ ལྟས་ངན་ཉི་ཁྲི་ཆིག་སྟོང་བསྒྱུར་དུ་གསོལ། མདོར་ན་སྔོན་ལས་འཕྲལ་རྐྱེན་ལས་བྱུང་བའི། མི་མཐུན་གནོད་པའི་ཕྱོགས་རྣམས་མ་ལུས་པ། ཐམས་ཅད་བསྒྱུར་ཞིང་ཟློག་པའི་ཕྲིན་ལས་མཛོད། ཀྱཻ ཤ་ཕོ་རུ་འཛིང་དྲི་ཟའི་ཐན། དྲི་ཟའི་ཐན་ལྟས་ངན་པ་དགྲ་ལ་བསྒྱུར། ལོག་བ་རུ་འཛིངས་དམུ་ཡི་ཐན། དམུ་ཡི་ཐན་ལྟས་ངན་པ་དགྲ༴ གླ་ནག་མཆེ་འཛིང་བྲག་ཐེའུའི་ཐན། བྲག་ཐེལ་ཐན་ལྟས་ངན་པ༴ རྟ་ཕོ་རྟིང་བརྒྱུད་གྲུལ་བུམ་ཐན། གྲུལ་བུམ་ཐན་ལྟས་ངན་པ་དགྲ༴ བྱ་ནག་སྡེར་འཛིང་བདུད་ཀྱི༴ བདུད་ཀྱི་ཐན་ལྟས་ངན་པ༴ སྦྲུལ་ནག་མགོ་དགུ་ཀླུ་ཡི་ཐན༴ ཀླུ་ཡི་ཐན་ལྟས་ངན་པ༴ སྦལ་ནག་ལག་བཅུ་ས་བདག༴ ས་བདག་ཐན་ལྟས་ངན་པ་དགྲ་ལ་སྒྱུར། གཞན་ཡང་མི་མིན་ལྷ་འདྲེའི་ཆོ་འཕྲུལ་གྱིས། ཐན་དང་ལྟས་ངན་གང་བྱུང་དགྲ་ལ༴ མདོར་ན་འཇིག་རྟེན་འདི་རུ་མི་སྲིད་པའི། ཆག་ཆེ་ཉམ་ང་བཀྲ་མི་ཤས་པའི་རྟགས༴ ཐམ་ཅད་བསྒྱུར་ཞིང་བཟློག་པའི་ཕྲིན་ལས་མཛོད། ཕོ་བདུད་དལ་ཁ་གཡས་སུ་སྒྱུར། མོ་བདུད་དལ་ཁ་གཡོན་དུ་སྒྱུར། སྤྱི་བདུད་དལ་ཁ་མཁའ༴ ཆུང་བདུད་དལ་ཁ་ཐད༴ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། བྷྱོ་བྷྱོ་བར་ཆད་རྐྱེན་ལ་བྷྱོ། སྒྱུར་ཅིག་ཟློགས་ཤིག་ས་མ་ཡ། བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། ཅེས་བརྗོད་པ་ཙམ་གྱིས། བདག་གི་ཐུགས་ཀའི་འོད་ཀྱིས་བསྐལ་བས་ཁོ་འཁོར་དང་བཅས་པ་ཆེར་ཁྲོས་ཏེ་དགྲ་བགེགས་ལོག་འདྲེན་འབྱུང་པོ་ཐན་བདག་དང་བཅས་པ་ཐམས་ཅད་བཀུག་ནས་ཤ་ཟོས། ཁྲག་འཐུང་། རུས་པ་མུར་ཏེ་ཐལ་རྡུལ་ཕྲན་དུ་བརླག བརྒྱའི་མི་ཁ་སྟོང་གི་བྲ་མཆུ་བྱད་ཕུར་རྦོད་གཏོང་ངན་པ་ཐམས་ཅད་ཕྱིར་བཟློག་ཅིང་སྒྱུར་བའི་ལས་མཛད་པར་བསམ་ལ། སྔགས་འདི་ཅི་མང་བཟླས། བྷྱོཿ དགྲ་བགེགས་མི་ཁ་ཐམས་ཅད་སྒྱུར་ཅིག མི་ཁ་ཧུར་ཐུམ་རྦད་རྦད་དྲིལ་དྲིལ་ཐུམ་ཐུམ་ཤིག་ཤིག་བྷྱོ་བྷྱོ་བཟློག་བཟློག ཅེས་བརྒྱ་སྟོང་སོགས་ཅི་འགྲུབ་བཟླས་མཚམས་སུ་ཤམ་བུ་འདི་སྦྱར། བརྒྱའི་མི་ཁ་སྒྱུར། སྟོང་གི་བྲ་མཆུ་སྒྱུར། ཁ་སྨྲས་གླེང་གཞི་ཐམས་ཅད་སྒྱུར་ཅིག ལོ་ཀེག་ཟླ་གཤེད་ངན་པ་དང་དགྲ་སྣ་གདོན་སྣ་ཟུག་པ་ཐམས་ཅད་སྒྱུར་ཅིག མི་ནད་ཕྱུགས་ནད་ལ་སོགས་ནད་སྣ་རིམས་སྣ་ཟུག་པ་ཐམས་ཅད་སྒྱུར་ཅིག བྱད་ཁ་ཕུར་ཁ་གཏད་ཁ་ཁྲམ་ཁ་ཟུག་པ་ཐམས་ཅད༴ ཐན་ལྟས་ལ་ཉེ་ཆོ་འཕྲུལ་ངན་པ་དང་བཀྲ་མི་ཤིས་པ་ཐམས་ཅད་སྒྱུར་ཅིག ཟློགས་ཤིག་བྷྱོ་བྷྱོ་བཟློག་བཟློག་བྷྱོ་བཟློག་ཅིག ཅེས་སྔགས་གོང་མ་ལ་བཏགས་ལ་མང་དུ་བཟླ། ཐ་ནའང་ཚར་དགུ་ངེས་པར་ཀློག་དགོས་སོ། དེ་ནས་ལམ་སྟོན་ནི། ཁ་ཕྱིར་བསྐོར་ལ་ཏིང་ལམ་སྒྲོན་ཞིང་། ཀྱཻ་འདྲེ་སྲིན་སྡེ་བརྒྱད་ཀུན་གྱི་སྲས། མི་ནག་མགོ་གསུམ་འཇིགས་པའི་གཟུགས། ཁྲོ་གཏུམ་དྲག་རྩལ་གདུག་རྩུབ་ཅན། ཁ་གདངས་མིག་བགྲད་མཆེ་བ་གཙིགས། རྐང་ལག་ལྕགས་སྡེར་ཕྱོགས་བཅུར་བགྲད། བ་སྤུ་མཚོན་ཆར་ཟངས་སེ་ཟང་༴ གཡས་པས་སྟྭ་རེ་གནམ་དུ་འཕྱར། གཡོན་པས་ལྕགས་ཀྱུ་སྦྲུལ་ཞགས་བསྣམས། དགྲ་དང་བགེགས་ལ་ཤིན་ཏུ་ཁྲོས། སྲིད་གསུམ་འབྱུང་པོའི་འཁོར་གྱིས་བསྐོར། ཀུན་ཀྱང་ཁྲོ་གཏུམ་ཡ་ལ་ལ། ཁྱེད་ཅག་མ་ལུས་ཐམས་ཅད་ཀྱིས། རྗོངས་ཡས་མཆོད་སྦྱིན་ཀུན་བཞེས་ལ། ད་ནི་འགྲོ་བའི་དུས་ལ་བབ། ཁྱོད་ཀྱི་ལམ་སྟོན་དགྲ་ལ་སྟོན། སྡང་བའི་དགྲ་བོའི་ཡུལ་དུ་སོང་། མགོ་གསུམ་བདུད་ལ་གསིག་གིན་སོང་། ལག་པས་དགྲ་ལ་རྙབ་ཀྱིན་སོང་། གཡས་ཕྱོགས་སྟག་མགོས་དགྲ་ཤ་ཟོ། གཡོན་ཕྱོགས་ཕག་མགོས་དགྲ་ཁྲག་འཐུང་། དབུས་ཕྱོགས་གླང་མགོས་དགྲ་བོ་རྡུངས། སྟྭ་རེས་དགྲ་བོའི་མགོ་ལུས་ཕྲོལ། ལྕགས་ཀྱུས་དགྲ་སྙིང་ཐང་དུ་ཕྱུངས། ཞགས་པས་དགྲ་བོའི་ཡན་ལག་ཆིངས། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུའི། སྣང་སྲིད་ལྷ་འདྲེ་ཁྲིད་ལ་སོང་། ལོ་བདུད་བཅུ་གཉིས་ཁྲིད་ལ་སོང་། ཕོ་སྲི་མོ་སྲི་ཁྲིད་ལ་སོང་། ལྟས་ངན་ཐམས་ཅད་ཁྲིད་ལ་སོང་། ཀག་དང་མཚེར་རྩུབ་སྒྱུར་གྱིན་སོང་། ཤགས་ཤགས་སྣ་ཁྲིད་ཀྱིས་ལ་སོང་། གླེ་ན་རྒྱབ་ནས་དེ་དལ་སོང་། མི་ཁ་བྲ་མཆུ་ཁྲིད་ལ་སོང་། ནད་ཀྱི་རྐྱལ་པ་ཁུར་ལ་སོང་། མཚོན་གྱི་དྲུ་གུ་ལྡོག་ལ་སོང་། ལམ་ཆེན་སུམ་མདོ་ཁྱོད་ཀྱི་ལམ། སུ་དང་འཕྲད་ཚད་འགྲོགས་ལ་སོང་། དགུ་ཚིག་སྐྱ་མོ་ཁྱོད་ཀྱི་ལམ། ཡ་བདུད་ཐམས་ཅད་སྒྱུར་གྱིན་སོང་། གཙང་པོ་གཞུང་རིང་ཁྱེད་ཀྱི་ལམ། མ་བདུད་ཐམས་ཅད་བསྒྱུར་ཤིན་སོང་། སྟོང་ལམ་ཁྲི་ཤོང་ཁྱོད་ཀྱི་ལམ། མ ཚེར་རྩུབ་ཐམས་ཅད་སྒྱུར་གྱིན་སོང་། བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། སྐ་ཡི་གླད་དུ་བཞུད་ལ་སོང་། བདུད་བཙན་འདྲེ་སྲིན་ཚོགས་རྣམས་ཀྱི། ཁ་ཁོག་ངོ་ལོངས་གདུག་རྩུབ་སྒྱུར། ཕྱིན་ཆད་གནས་འདིར་མ་འཁོར་བར། དགྲ་བོའི་ཡུལ་དུ་དམག་སྒར་ཐོབ། དགྲ་ཁམས་མ་ལུས་སྟོངས་སུ་ཆུག ང་ཡི་བཀའ་ལས་མ་འདའ་བར། ད་ལྟ་ཉིད་དུ་འགྲོ་བར་གྱིས། མི་འགྲོ་འདུག་ན་བརླག་པར་བྱེད། དེ་བས་མྱུར་དུ་ཕྱིར་དེངས་ཤིག གནོད་བྱེད་འབྱུང་པོ་སརྦ་ཨུ་ཙ་ཏ་ཡ་ཕཊཿ བྷྱོཿ དགྲ་བགེགས་མི་ཁ་ཐམས་ཅད་སྒྱུར་ཅིགཿ མི་ཁ་ཧུར་ཐུམས་རྦད་རྦད་དྲིལ་དྲིལ་ཐུམ་ཐུམ་ཤིག་ཤིག་བྷྱོ་བྷྱོ་བཟློག་བཟློག ཅེས་དང་། ཡི་དམ་བ རྒྱ་གྱི་དྲག་སྔགས་ཀྱིས་ཐུན་བྲབ་རོལ་མོ་དྲག་ཏུ་འཁྲོལ་ལ། སྐྱེལ་མས་ཕྱི་མིག་མི་ལྟ་བར་གནས་ཁང་མི་མཐོང་བའི་སར་བསྐྱལ་རྗེས་སྲུང་འཁོར་བསྒོམ།


previousམི་ནག་མགོ་གསུམ་གྱི་བཟློག་མདོས་འགལ་རྐྱེན་ཀུན་སེལ།no next