Nitartha Digital Library
Tibetan
 
previousསློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་བསྡུས་པ་ཉི་མའི་འོད་ཟེར།no next

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་བསྡུས་པ་ཉི་མའི་འོད་ཟེར།

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་བསྡུས་པ་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས།

།ན་མོ་མ་ཧཱ་གུ་རུ་སརྦ་སིདྡྷི་ཕ་ལ་ཧོ། །འཁོར་བ་འཇིགས་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པའི་ཞལ་སྐྱིན་བླ་ན་མེད། །རྒྱ་མཚོར་སྐུ་འཁྲུངས་ཨུ་རྒྱན་ཡུལ་དུ་བྱོན། །པདྨ་རྒྱལ་པོའི་སྐུ་གསུང་ཐུགས་ལ་བསྟོད། །མདོ་ལྟར་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད། །སྔགས་ལྟར་པདྨ་ཀཱ་རའི་སྐུར་བཞེངས་ཏེ། །གསང་སྔགས་རྡོ་རྗེ་ཐེག་པ་རྒྱས་མཛད་པའི། །སྐུ་དྲིན་སྙིང་ནས་དྲན་ནོ་ཐུགས་རྗེས་གཟིགས། །གང་གི་རྣམ་ཐར་འཆི་མེད་ལམ་ཆེན་པོ། །བདག་སོགས་བྱིས་བློས་གཞལ་བར་བཀའ་མོད་ཀྱང་། །རྣམ་གསུམ་དད་པའི་རྟ་བདུན་རབ་བསྐྱོད་པས། །རྣམ་ཐར་འོད་ཟེར་སྟོང་ལྡན་འདི་རུ་ཤར། །ལོག་སྨྲ་བྱང་བལྟའི་ཕུག་པར་གནས་བཅས་ཤིང་། །ལྟས་ངན་ཧུང་སྒྲ་སྒྲོགས་དང་ཆབས་ཅིག་པར། །རྣམ་དག་ཆོས་ལ་སྨ་དབབ་གད་རྒྱངས་སྒྲོགས། །དེ་ལྟའི་རིགས་ཀྱིས་སྒྲ་འཛིན་ཁོབས་ལ་ཕྲོས། །སྔོན་སྨོན་མཐུ་ལྡན་འཕྲལ་རྐྱེན་དད་པའི་སྟོབས། །པདྨའི་ཚལ་བཞིན་རབ་རྒྱས་གུས་ལྡན་ཚོགས། །རྣམ་ཐར་ཉི་མའི་འོད་ཟེར་དང་དུ་ལོངས། །ལྔ་བདོ་སྙིགས་མའི་དུས་ཀྱི་སྨག་རུམ་འདིར། །རྣམ་ཐར་འོད་ཟེར་སྟོང་འབར་ཤར་བའི་མོད། །ཕྱོགས་བརྒྱའི་སྐར་ཚོགས་བག་ལ་ཞ་བ་དང་། །གདུལ་བྱ་ཆུ་སྐྱེས་ཚལ་ཆེན་ཅིག་ཅར་བཞད། །དེ་ཡང་སྒྲོན་མའི་བསྐལ་པའི་སྐབས་ཤིག་ཏུ། །སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ། །ངོ་མཚར་སྦྲང་རྩིའི་རྒྱལ་མཚན་རྩེར་འཁྲུངས་ཤིང་། །རྒྱུ་ཡིས་མ་བསྐྱེད་སྐྱེན་གྱིས་མི་འཇིགས་པའི། །རང་བྱུང་ལྷུན་གྲུབ་པདྨ་རྒྱལ་པོ་གང་། །ཆོས་སྐུའི་ཀློང་ནས་འགྲོ་འདུལ་སྤྲུལ་སྐུར་བཞེངས། །སྣང་མཐའི་ཐུགས་རྗེས་རབ་བསྐུལ་རྫུས་སྐྱེས་ཚུལ། །ཡེ་ཤེས་ལྔ་ལྡན་ཐོད་ཕྲེང་རིགས་ལྔ་བྱོན། །རྒྱལ་པོའི་ཚུལ་བཟུང་བློན་པོའི་ཚོགས་ཀྱིས་སྤྱུགས། །དུང་ཁྲོོད་བརྒྱད་དུ་དཀའ་ཐུབ་སྤྱོད་པ་བསྐྱངས། །རིག་འཛིན་རྣམས་ཀྱི་དགོངས་བཅུད་མ་ལུས་བླངས། །མདོ་སྔགས་ཐེག་པ་ཀུན་ལ་སྦྱངས་ཚུལ་བསྟན། །མ་དད་བཟློག་ཕྱིར་གྲུབ་རྟགས་མངོན་དུ་ཕྱུང། །རིག་འཛིན་རྣམ་བཞིའི་ས་ལ་མངོན་ཕྱིན་ཀྱང་། །སངས་རྒྱས་སྟོང་གི་ཕྲིན་ལས་མ་རྫོགས་པར། །འགྲོ་རྣམས་སྨིན་གྲོལ་བཀོད་ཕྱིར་ཚེ་དབང་བརྙེས། །ཤཱཀ་ཐུབ་བསྟན་པའི་རྒྱལ་མཚན་སེང་གེའི་སྒྲ། །ཆོས་སྐུའི་ཞིང་དུ་ཐོག་མའི་མགོན་པོ་སྟེ། །ངེས་པ་ལྔ་ལྡན་ཐོད་ཕྲེང་རིགས་མཆོག་ལྔ། །མ་ངེས་དོན་མཛད་མཚན་བརྒྱད་རིག་འཛིན་བརྒྱད། །སྤྲུལ་དང་ཡང་སྤྲུལ་གྲངས་མེད་སྲིད་གསུམ་ཁྱབ། །འགྲོ་རེའི་མདུན་ན་པད་འབྱུང་རེ་རེ་སྟེ། །དྲང་ངེས་དོན་གྱི་ཆོས་འཁོར་རྒྱུན་མི་འཆད། །དེ་དག་ཐམས་ཅད་དགོངས་ཀློང་རོ་གཅིག་པས། །ང་ལས་གཞན་དུ་ཐ་དད་མ་ཡིན་ཏེ། །མཆོག་སྤྲུལ་རིག་འཛིན་པདྨ་རྒྱལ་པོ་དང་། །སྐུ་གསུང་ཐུགས་རྗེ་གཅིག་བསྡུས་ཐོད་པ་རྩལ། །འཇམ་དབྱངས་སྤྲུལ་པས་སྤྱན་དྲངས་བོད་དུ་འོངས། །རྒྱལ་པོའི་ཐུགས་དམ་བསམ་ཡས་ལྷུན་གྱིས་གྲུབ། །བོད་ཡུལ་གདུག་པའི་ལྷ་འདྲེ་མ་ལུས་བཏུལ། །མདོ་སྔགས་ཆོས་ཀྱི་སྒྲོན་མའི་ཉི་འོད་གསལ། །སྔོན་གྱི་སྨོན་ལམ་ཤུགས་བཙན་མཁན་སློབ་འཛོམས། །ཁྱད་པར་གསང་སྔགས་ཀུན་གྱི་སྙིང་པོའི་བཅུད། །ཡང་གསང་དགོངས་བཅུད་ཁྱད་པར་ཅན་རྣམས་བསྟན། །གཏེར་ཆེན་གཏེར་ཕྲན་ས་འོག་ས་སྟེང་བཀང་། །དེ་སྐད་ཨོ་རྒྱན་ཆེན་པོས་གསུངས་པ་བཞིན། །ལན་ཅིག་དུས་ན་ཆུ་གཏེར་ཆེན་པོ་ཡི། །ཀློང་ནས་ཆོས་རྒྱལ་ཨིནྟྲ་བྷུ་ཏི་ཡིས། །ཡིད་བཞིན་ནོར་ལས་ལྷག་པའི་སྤྲུལ་པའི་སྐུ། །རྙེད་པར་གྱུར་ཚེ་དད་དང་མོས་གུས་ཀྱིས། །སྤྱན་དྲངས་རང་གི་སྲས་སུ་མངའ་གསོལ་བར། །རྒྱལ་སྲིད་ཆོས་ཀྱི་ཁྲིམས་ཀྱིས་བདེ་ལ་བཀོད། །དེ་ཚེ་རྒྱལ་པོ་ཐོར་ཅོག་ཅན་ཞེས་གྲགས། །དེ་ནས་འདོད་ཡོན་སྤངས་པའི་བརྟུལ་ཞུགས་ཀྱིས། །ལྷོ་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཏ་ན་ག་ནའི་སྦྱོར་སྒྲོལ་དགོངས་པ་ཡིས། །མ་མོ་མཁའ་འགྲོ་ཐམས་ཅད་དབང་བསྡུས་ཚེ། །མཚན་ཡང་ཤནྟ་རཀྵི་ཏ་ཞེས་གྲགས། །སོ་ས་གླིང་དང་ཧེ་ཆེན་བརྡལ་བ་སོགས། །དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་སྤྱོད་པ་ཡིས། །མ་མོ་མཁའ་འགྲོ་ཐམས་ཅད་དབང་བསྡུས་ཤིང་། །རྡོ་རྗེ་ཕག་མོའི་ཞལ་མཐོང་དངོས་གྲུབ་ཐོབ། །ནམ་མཁའི་གཟའ་ཆེན་ཐམས་ཅད་བྲན་དུ་བཀོལ། །མཚན་ཡང་རྡོ་རྗེ་དྲག་པོ་རྩལ་ཞེས་གྲགས། །བྲག་དམར་བྱ་ཁྱུང་ཚལ་གྱི་ཀེའུ་ཚང་དུ། །སློབ་དཔོན་པྲ་བྷ་ཧསྟིའི་ག་ལ་བར། །རྣལ་འབྱོར་ཆེན་པོའི་ཆོས་ལ་གསན་སྦྱངས་མཛད། །ཡོ་གའི་ལྷ་ཚོགས་རྣམས་ཀྱི་ཞལ་མཐོང་བས། །མཚན་ཡང་ཤཱཀྱ་སེང་གེ་ཞེས་སུ་གྲགས། །རྒྱ་གར་ཡུལ་གྱི་ཕྱོགས་བཞིའི་གནས་ཆེན་དུ། །སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་དང་། །འཇམ་དཔལ་བཤེས་གཉེན་ཤྲཱི་སིང་ཧ་སོགས། །རིག་འཛིན་གྲུབ་ཐོབ་མང་པོའི་ཞལ་སྔ་ནས། །རིག་གནས་ལྔ་དང་རྒྱུ་འབྲས་ཆོས་སྐོར་སྤྱི་ཁྱད་པར་ནང་རྒྱུད་ཡོ་ག་རྣམ་གསུམ་ལ། །བསླབས་བཞིན་སྦྱངས་པས་སྨིན་གྲོལ་དྲོད་ཚད་ཐོབ། །མཚན་ཡང་བློ་ལྡན་མཆོག་སྲེད་ཅེས་སུ་གྲགས། །དེ་དུས་ཐམས་ཅད་མཁྱེན་པའི་བརྟུལ་ཞུགས་ཀྱིས། །ལོག་སྨྲའི་མུ་སྟེགས་ཐ་དག་རྩོད་པས་བཏུལ། །བྲག་ཕུག་མ་ར་ཏི་ཀའི་ཀེའུ་ཚང་དུ། །ལྷ་ལྕམ་མནྡཱ་ར་བས་སྒྲུབ་སྡེ་མོ། །བྱས་ཏེ་འཆི་མེད་རིག་འཛིན་སྒྲུབ་པའི་ཚེ། །མགོན་པོ་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས། །སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྱུར། །མཚན་ཡང་འཆི་མེད་པདྨ་འབྱུང་གནས་གྲགས། །ཟ་ཧོར་རྒྱལ་ཁམས་གདུལ་བྱར་གཟིགས་པའི་ཚེ། །མ་བརྟགས་རྒྱལ་བློན་འབངས་འཁོར་བཅས་པ་ཡིས། །སྔོན་གྱི་ཤ་འཁོན་ཡིད་ལ་བརྣག་ཚུལ་གྱིས། །ཙནྡན་མེ་སྦར་ཏིལ་མར་ངར་བཏབ་ནས། །སློབ་དཔོན་ཡབ་ཡུམ་ལྷན་ཅིག་བསྲེགས་གྱུར་ཚེ། །མེ་ཉིད་ཆུར་བསྒྱུར་དབུས་སུ་པད་སྡོང་རྩེར། །ངོ་མཚར་བལྟ་བས་མི་ངོམས་སྐུར་བཞེངས་པར། །མཚན་ཡང་པདྨ་སམ་བྷ་ཞེས་བྱར་གྲགས། །ཨུ་རྒྱན་རྒྱལ་ཁམས་འདུལ་ཕྱིར་བྱོན་པའི་ཚེ། །དེར་ཡང་སྔོན་གྱི་ཤ་འཁོན་ཞེར་བཞག་པས། །མི་སྲུན་རྒྱལ་བློན་འབངས་འཁོར་བཅས་པ་ཡིས། །སློབ་དཔོན་ཆེན་པོ་ཡབ་ཡུམ་མེ་དཔུང་གི །དཀྱིལ་དུ་བཅུག་ནས་བསྲེག་པར་རློམ་པའི་ཚེ། །མེ་དཔུང་མཚོར་བསྒྱུར་ལ་སོགས་འཕྲུལ་བསྟན་ནས། །ཨུ་རྒྱན་རྒྱལ་ཁམས་རྣམ་དག་ཞིང་དུ་བསྒྱུར། །སྲས་མཆོག་པདྨ་རྒྱལ་པོ་ཞེས་སུ་གྲགས། །ཕྱི་ནང་རྩོད་པས་ནང་པ་ཕམ་ཉེ་དུས། །མཁའ་འགྲོ་སེང་གདོང་མ་ཡིས་མངོན་སྤྱོད་མཐུ། །གནང་བཞིན་བསྒྲུབས་པས་མུ་སྟེགས་ཕམ་བྱས་ཏེ། །མུ་སྟེགས་ངན་སྔགས་མཁན་རྣམས་ཐོག་གིས་བསྒྲལ། །འཕགས་པ་སེང་གེ་སྒྲ་སྒྲོགས་ཞེས་སུ་གྲགས། །བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །དཔལ་ཆེན་ཡང་དག་དཀྱིལ་འཁོར་སྒྲུབ་པའི་ཚེ། །བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། །མཚན་ཡང་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྲགས། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་པར། །མཆོད་རྟེན་བདེ་བྱེད་བརྩེགས་པའི་ག་ལ་བར། །ཐུགས་ཀྱི་རིག་འཛིན་ཧཱུཾ་ཆེན་ཀཱ་ར་དང་། །སྐུ་ཡི་རིག་འཛིན་འཇམ་དཔལ་བཤེས་གཉེན་དང་། །གསུང་གི་རིག་འཛིན་ཀླུ་སྒྲུབ་སྙིང་པོ་དང་། །ཕྲིན་ལས་རིག་འཛིན་སྲ་ཆེན་ཧ་སྟི་རྩལ། །རྦོད་གཏོང་རིག་འཛིན་དྷ་ན་སཾ་ཀྲྀ་ཏ། །རིག་འཛིན་སློབ་དཔོན་བཱི་མ་མི་ཏྲ་དང་། །མཆོད་བསྟོད་རིག་འཛིན་རོམ་བུ་གུ་ཧྱ་དང་། །དྲག་སྔགས་རིག་འཛིན་ཤིནྟཾ་གརྦྷ་སོགས། །རིག་འཛིན་རྣམ་བརྒྱད་ལྷན་ཅིག་འདུས་ནས་སུ། །བཀའ་སྲུང་དཔའ་བོ་མཁའ་འགྲོའི་ཚོགས་བཅས་རྣམས། །ཚོགས་གཏོར་མཆོད་པས་མཉེས་པར་བྱས་ནས་སུ། །མཆོད་རྟེན་དེ་ནས་བཀའ་བརྒྱད་ཆོས་སྐོར་རྣམས། །ཕྱུང་སྟེ་བཀའ་བབ་རྣམས་ལ་སོ་སོར་གཏད། །ཡང་དྲིལ་བདེ་གཤེགས་འདུས་པའི་གཅེས་སྒྲོམ་ཡང་། །སློབ་དཔོན་པདྨར་གཏད་ནས་དར་རྒྱས་བྱས། །མདོར་ན་ལོ་གྲངས་སུམ་སྟོང་དྲུག་བརྒྱའི་བར། །འཕགས་པའི་ཡུལ་གྱི་ནོར་འཛིན་ཐ་དག་ཀུན། །གུ་རུ་མཚན་བརྒྱད་སོགས་སུ་སྤྲུལ་ནས་ཀྱང་། །རྒྱལ་པོ་ལ་སོགས་ང་རྒྱལ་དྲེགས་པ་ཅན། །ཕྱི་རོལ་པ་དང་ལྟ་སྤྱོད་ལོག་ལམ་དུ། །གྱུར་པ་རྣམས་དང་བར་བའི་འགྲོ་བ་གང་། །ལས་ངན་དབང་གྱུར་སྡུག་བསྔལ་རྒྱུ་འབྲས་ལ། །སྤྱོད་རྣམས་ཡང་དག་ལམ་དུ་དཀྲི་བའི་ཕྱིར། །ཞི་རྒྱས་དབང་དྲག་ཕྲིན་ལས་རླབས་པོ་ཆེས། །ཀུན་ཀྱང་ཐར་པ་དང་ནི་རྣམ་མཁྱེན་གྱི། །ས་ལ་བཞག་ནས་འཕྲལ་ཕུགས་ཕན་བདེར་བསྒྱུར། །དེ་ཚེ་རྒྱ་གར་འཕགས་པའི་ཡུལ་ཆེན་པོར། །སྟོན་པའི་ཞལ་སྐྱིན་བསྟན་པའི་མངའ་བདག་རྗེ། །མཚུངས་ཟླར་འོས་པ་འགའ་མེད་གཅིག་གྱུར་ཚེ། །འཇམ་དཔལ་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས། །སྔོན་སྨོན་དབང་གིས་བོད་དུ་སྤྱན་དྲངས་ཚེ། །མཐའ་འཁོབ་བོད་ཡུལ་མུན་པའི་གླིང་ལྟ་བུར། །དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་ཆེད་དུ། །བྱོན་ཏེ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །མཐུ་སྟོབས་ནུས་པའི་མེ་དཔུང་ཆེར་སྦར་བས། །ལྷ་སྲིན་གདུག་པའི་ཚང་ཚིང་རབ་བསྲེགས་ཤིང་། །མགུར་ལྷ་བཅུ་གསུམ་དགེ་བསྙེན་ཉེར་གཅིག་དང་། །བརྟན་མ་སྐྱོང་མ་གཡའ་མའི་ཚོགས་རྣམས་ཀུན། །དམ་ལ་བཏགས་ནས་བྲན་དུ་ཁས་བླངས་གྱུར། །གཞན་ཡང་དབུས་གཙང་དང་ནི་མདོ་ཁམས་ཀུན། །ལྷ་སྲིན་འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །དབང་བསྡུས་བྲན་དུ་བཀོལ་ནས་དམ་འོག་བཅུག །པཎ་ཆེན་བཱི་མ་མི་ཏྲ་ལ་སོགས་པའི། །མཁས་ཤིང་གྲུབ་པ་བརྙེས་པས་པཎྜི་ཏ། །མང་པོ་དང་ནི་ལོ་ཆེན་བཱཻ་རོ་སོགས། །ལུང་དུ་བསྟན་ཅིང་རྒྱུ་འབྲས་ཆོས་མང་བསྒྱུར། །དཔལ་གྱི་བསམ་ཡས་དབུ་རྩེ་རིམ་གསུམ་དང་། །གླིང་བཞི་གླིང་ཕྲན་བརྒྱད་དང་མཆོད་རྟེན་བཞི། །ཡཀྴ་ལྟག་འོག་ཕྱི་ཡི་ལྕགས་རི་སོགས། །ཐམས་ཅད་བསམ་བཞིན་ལྷུན་གྱིས་གྲུབ་མཐའ་རུ། །རབ་ཏུ་གནས་ཤིང་མངའ་གསོལ་རྒྱ་ཆེར་མཛད། །བོད་ཡུལ་མུན་གླིང་ཆོས་ཀྱི་སྣང་བས་ཁྱབ། །དེ་དུས་པདྨ་འབྱུང་གནས་ཞེས་སུ་གྲགས། །སྐབས་དེར་བོད་ཀྱི་ཆོས་འཁོར་རྣམ་གསུམ་དང་། །ཁྱད་པར་རྒྱ་གར་དུར་ཁྲོད་བསིལ་ཚལ་དང་། །མཚུངས་པའི་མཆིམས་ཕུ་བྲེ་གུ་གོང་འོག་ཏུ། །སྐལ་ལྡན་རྗེ་འབངས་ཉི་ཤུ་རྩ་ལྔ་སོགས། །སྒྲུབ་ཆེན་བཀའ་བརྒྱད་གསང་སྔགས་དཀྱིལ་འཁོར་དུ། །ལས་ཅན་རྒྱལ་པོ་འབངས་འཁོར་སྨིན་བྱས་ཚེ། །མངའ་བདག་རྗེ་དང་འབངས་རིགས་ཉེར་ལྔ་པོ། །རྟོགས་གྲོལ་དུས་མཉམ་རིག་འཛིན་སར་གཤེགས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་གྱུར། །སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་དུ། །བོད་ཁམས་ཕུང་བྱེད་བདུད་དང་དམ་སྲི་བཏུལ། །ཆོས་འཁོར་གསུམ་དང་གངས་རི་ཙར་སྒོམ་སོགས། །གངས་ཅན་ཉི་ཤུ་རྩ་གཅིག་ལ་སོགས་པའི། །གནས་ཆེན་གངས་བྲག་རྣམས་སུ་གཏེར་མང་སྦས། །མ་འོངས་འགྲོ་རྣམས་ཐུགས་རྗེས་མི་གཏོང་ཕྱིར། །དེ་དུས་རྡོ་རྗེ་གྲོ་ལོད་རྩལ་ཞེས་གྲགས། །ཏི་སི་ཙ་རི་ཤམ་པོ་འོད་དེ་གངས། །དེ་སོགས་གངས་རི་རྣམས་ལ་སྒྲུབ་ཁང་མཛད། །བསམ་ཡས་མཆིམས་ཕུ་བྲག་དམར་གཡའ་མ་ལུང་། །ཡར་ལུང་ཤེལ་བྲག་སྒྲགས་ཀྱི་ཡང་རྫོང་དང་། །སྟག་ཚང་སེང་ཕུག་ཡེར་བ་ཟླ་བ་ཕུག །མཁར་ཆུ་ཕུག་རིང་པུ་རི་ཕུག་མོ་ཆེ། །དེ་སོགས་ཕུག་པ་མང་པོར་ཡང་དབེན་མཛད། །སྒམ་པོའི་བྲག་དང་ཀོང་པོའི་རྒྱ་ལའི་བྲག །ཤ་འུག་སྟག་སྒོ་གཙང་གི་རོང་ཆུང་བྲག །དེ་སོགས་མང་པོར་ཕྱག་དང་ཞབས་རྗེས་བཞག །མ་པང་གཡུ་མཚོ་བྱང་གི་གནམ་མཚོ་དང་། །ཙ་རིའི་གཡུ་མཚོ་བྱང་ཕྱོགས་མཚོ་སྔོན་བཞིར། །ཕྱག་རྗེས་བཞག་སོགས་འགྲོ་དོན་རྒྱ་ཆེན་མཛད། །ལྷོ་ཕྱོོགས་མོན་ཁའི་བྲག་སོགས་མངོན་གྱུར་དང་། །ལྐོག་གྱུར་མང་པོར་གུ་རུའི་སྐུ་རྗེས་བཞག །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་གཏེར། །སྐུ་ཚབ་གཏེར་ལྔ་དང་ནི་དེར་མཆེད་པའི། །གཏེར་ཆེན་བརྒྱ་རྩ་གཏེར་ཕྲན་བྱེ་བ་དང་། །དེ་ཙམ་དུ་ཡང་མ་ཟད་གདུལ་བྱ་ཡི། །སྣང་ངོར་གང་ལ་གང་འདུལ་གཏེར་གྱི་ཆོས། །མང་དུ་འབྱུང་བ་ཡིད་བཞིན་ནོར་བུ་ལས། །དགོས་འདོད་འབྱུང་བཞིན་གཏེར་ཆོས་འཛད་པ་མེད། །ཅིའི་ཕྱིར་ཞེ་ན་དུས་གསུམ་ཀུན་མཁྱེན་རྗེ། །ཨོ་རྒྱན་ཆེན་པོའི་ཞལ་ནས་འདི་སྐད་གསུངས། །སྤྱིར་ཡང་བོད་རྣམས་གསར་ངེས་ཆེ་བ་དང་། །སྙིགས་མའི་འགྲོ་ལ་ལྷག་པར་ཐུགས་བརྩེའི་ཕྱིར། །མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག །མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན། །སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན། །རང་ཆེ་འབྱིན་ཕྱིར་གཏེར་ལ་རྩོད་ན་ཡང་། །སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན། །ཟབ་ལ་ཁ་ཚང་མ་བསྒྲིབ་མཐའ་རྒྱས་པ། །གདམས་པ་སྣ་རེས་གང་ཟག་གྲོལ་བར་བྱེད། །དེ་ཕྱིར་ལས་སྐལ་ལྡན་པའི་རྗེས་འཇུག་རྣམས། །འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས། །གསུངས་པའི་དོན་དེ་སྙིང་ལ་བཞག་པ་གཅེས། །བོད་ཀྱི་ལྷ་གཅིག་འགྲོ་བ་ཡོངས་ཀྱི་དཔལ། །ཐུགས་རྗེ་ཁྱད་པར་ཅན་དེའི་བཀའ་དྲིན་སོམས། །མདོར་ན་སློབ་དཔོན་ཆེན་པོ་པདྨ་འབྱུང་། །བོད་ཀྱི་ཡུལ་འདིར་ལོ་གྲངས་བརྒྱ་དང་ནི། །བཅུ་གཅིག་བཞུགས་ཞེས་ཡོངས་ལ་གྲགས་མོད་ཀྱང་། །དམུས་ལོང་དག་གིས་སྣང་བྱེད་འོད་བརྒྱ་པ། །ཡོད་པ་མིན་ཞེས་སྙིང་ནས་འགོག་པ་དང་། །དེ་བཞིན་འབྱུང་པོའི་བྱ་རྣམས་ཉི་མའི་འོད། །ཤར་མ་ཐག་ཏུ་མུན་པར་འགྱུར་བ་བཞིན། །པད་འབྱུང་རྣམ་ཐར་འོད་ཟེར་སྟོང་འབར་གང་། །ཐལ་མོས་འགེབ་འདོད་དཔེ་དང་ཅིས་མི་མཚུངས། །དུས་དེར་སློབ་དཔོན་དུས་གསུམ་མཁྱེན་པ་ཡིས། །བོད་ཡུལ་སྐྱོན་རྣམས་ཡོན་ཏན་ལ་བསྒྱུར་ནས། །བདེ་སྐྱིད་ཕུན་སུམ་ཚོགས་པར་མཛད་ཅེས་དང་། །རྒྱལ་པོའི་སྐུ་ཚེ་དཔག་མེད་ཐུབ་པའི་ཐབས། །ཅིས་ཀྱང་མཛད་དགོས་གསུངས་བཞིན་ཐོགས་མེད་དུ། །འབྱུང་ཡང་རྒྱལ་ཁ་བློན་གྱིས་བསྒྱུར་ནས་སུ། །བཟང་པོའི་མཛད་པ་བཤོལ་ནས་ངན་པར་ལུས། །རྒྱལ་པོར་ཚེ་དབང་བསྐུར་རྒྱུ་བཀག་སྐྱོན་གྱིས། །སྐུ་ཚེ་དཔག་མེད་རྟེན་འབྲེལ་གཞན་དབང་གྱུར། །དེ་དུས་སྐབས་ཤིག་བཙུན་མོ་དམར་རྒྱན་གྱིས། །དབྱེན་སྦྱོར་འཕྲུལ་གྱིས་རྒྱལ་སྲས་འབྲིང་པོ་གང་། །མུ་རུབ་བཙད་པོས་སྣ་ནམ་ཞིང་གི་བུ། །བསད་པའི་རྐྱེན་གྱིས་རྒྱལ་ཁྲིམས་གཉན་པའི་ཕྱིར། །རྒྱལ་བུ་དེ་ཉིད་དམག་དཔོན་ལ་བསྐོས་ནས། །བྷ་ཏ་ཧོར་གྱི་སྒོམ་གྲྭ་ཡོངས་བཅོམ་ནས། །ནོར་རྫས་སྤྱི་དང་ཁྱད་པར་བ་སོ་ཡི། །ལྷ་ཁང་དང་ནི་གཡུ་ཡི་ཐུབ་པ་དང་། །ཙིའུ་དམར་སྐུ་འབག་སྨུག་ཆུང་ཞེས་གྲགས་དང་། །གཞན་ཡང་ངོ་མཚར་ཅན་གྱི་རྟེན་མང་པོ། །ཁྱེར་ནས་འོངས་བའི་རྗེས་སུ་པེ་ཧ་ར། །འཁོར་དང་ཡང་འཁོར་སྤྲུལ་པ་ཕྱག་བརྙན་བཅས། །ཤ་ཁྱེར་རྗེས་སུ་བྱ་ཁྱི་འབྲངས་བ་བཞིན། །དམག་དཔུང་རྗེས་སུ་ཐམས་ཅད་འབྲངས་ནས་སུ། །དམག་གི་དཔུང་རྣམས་ཕལ་ཆེར་བརྒྱལ་བ་དང་། །ལ་ལ་འབོག་ཅིང་ལ་ལ་སྨྱོ་བཞིན་དུ། །བོད་ཡུལ་བསམ་ཡས་གནས་སུ་སླེབས་གྱུར་ཚེ། །སློབ་དཔོན་ཆེན་པོའི་མཐུ་དང་རྫུ་འཕྲུལ་གྱིས། །དབང་བསྡུས་བྲན་དུ་བཀོལ་ནས་སྲུང་མར་བསྐོས། །མུ་རུབ་བཙན་པོ་ཞིང་བློན་སྣ་ནམ་པར། །ཡིད་མ་ཆེས་ནས་གོང་པོའི་ཡུལ་དུ་བཞུད། །དེ་ཡི་གདུང་རྒྱུད་ད་དུང་ཡོད་ཅེས་གྲགས། །དེ་ནས་མངའ་བདག་ལྔ་བཅུ་རྩ་དྲུག་ལ། །གཤེགས་པའི་ཀག་རྐྱེན་དུས་ལ་བབ་གྱུར་ཀྱང་། །སློབ་དཔོན་ཆེན་པོའི་ལུང་བསྟན་ལ་བསྟེན་ནས། །ཕྱི་ནང་གསང་བའི་རིམ་གྲོ་སྣ་ཚོགས་ཀྱིས། །གེགས་རྣམས་བཟློག་ནས་དྲུག་ཅུ་རྩ་དགུའི་བར། །བཞུགས་ཀྱང་སྐབས་དེར་ལོ་གསར་སྐབས་བབ་ནས། །རྒྱལ་བློན་འབངས་བཅས་ལོ་གསར་གྲབས་བྱས་ཚེ། །སློབ་དཔོན་ཞལ་ནས་ད་དུང་ལོ་གསར་དང་། །རྟ་རྒྱུག་མ་བྱེད་གསུངས་ཀྱང་མ་ཉན་ནས། །ལོ་གསར་བྱས་ཤིང་རྟ་བརྒྱུགས་ཁྲོམ་འུར་ནས། །གར་བྱུང་མ་ངེས་རྒྱང་མདའ་བྱུང་གྱུར་ནས། །རྒྱལ་པོར་ཕོག་པས་དེས་རྐྱེན་བྱས་ནས་གཤེགས། །དེ་རྗེས་ལྷ་སྲས་ཆེ་བ་མུ་ནེ་བཙན། །རྒྱལ་སར་བསྐོས་ནས་རྒྱལ་པོར་མངའ་གསོལ་ཡང་། །ཡབ་རྗེའི་བཀའ་བཞིན་ཕོ་གྱོང་རྒྱལ་མོ་བཙུན། །གཅེས་པར་བསྐྱངས་པས་མ་ཡུམ་དམར་རྒྱན་མས། །ཐུགས་ལ་མ་བབ་སྐྱོན་གྱིས་ལྷ་སྲས་ལ། །དུག་བཏང་ཟླ་བ་བདུན་ནས་གཤེགས་ཞེས་སྐད། །དེ་རྗེས་ལྷ་སྲས་མུ་ཏིག་བཙད་པོ་འམ། །མུ་ཁྲི་བཙད་པོ་ཞེས་གྲགས་དགུང་གྲངས་ཀྱང་། །བཞི་ལས་མ་ལོན་པ་ཞིག་ཉམས་སད་ཕྱིར། །རྒྱལ་པོར་མངའ་གསོལ་ཁྲི་འདོན་བྱས་པ་ལ། །ཐམས་ཅད་དགའ་བའི་རྣམ་འགྱུར་མང་ངོམ་པར། །མཇིང་ཡོན་སད་ན་ལེགས་ཞེས་མཚན་ཏུ་གསོལ། །རྒྱལ་བུ་དེ་ཡི་འགྱུར་མེད་དད་པ་དང་། །སློབ་དཔོན་ཉིད་ཀྱི་ཐུགས་དམ་གཡེལ་མེད་ཕྱིར། །ལོ་གྲངས་བཅུ་གསུམ་བར་དུ་ཡབ་སྲས་བཞིན། །གཅེས་པར་བསྐྱངས་ནས་ཕྱི་ནང་གསང་བའི་ཆོས། །མང་དུ་གནང་ཞིང་སྐལ་བཟང་མཆོག་རབ་གྱུར། །དེ་ནས་སློབ་དཔོན་ཆེན་པོ་པད་འབྱུང་ཉིད། །ལྷོ་ནུབ་སྲིན་པོ་འདུལ་དུ་འབྱོན་དགོངས་ནས། །བོད་ཀྱི་རྗེ་བློན་འབངས་འཁོར་བཅས་རྣམས་ལ། །ད་ནི་བོད་ཀྱི་གདུལ་བྱ་རྫོགས་གྱུར་ན། །ཅིས་ཀྱང་སྲིན་པོའི་ཁ་གནོན་མཛད་ཕྱིར་འགྲོ། །གསུངས་ནས་བོད་དུ་མཛད་པ་བཅུ་གཅིག་གི །ཐ་མ་སྲིན་པོ་འདུལ་དུ་བྱོན་ཚུལ་ནི། །དཔལ་གྱི་བསམ་ཡས་གནས་ནས་མ་ཐེག་གོང་། །སློབ་དཔོན་ཆེན་པོས་སྐད་ཅིག་བསྐལ་བ་དང་། །བསྐལ་བ་སྐད་ཅིག་བསྒྱུར་བའི་རྫུ་འཕྲུལ་གྱི། །མཐུ་སྟོབས་ལྡན་ཕྱིར་སྤྲུལ་པ་མང་བཀྱེས་ནས། །རབ་འབྱམས་ལས་ཀྱིས་འགྲོ་དོན་དཔག་མེད་མཛད། །དེ་རྗེས་སྲིན་པོ་འདུལ་ཕྱིར་བྱོན་པའི་ཚེ། །བཤུལ་ལམ་རིམ་བགྲོད་མང་ཡུལ་གུང་ཐང་གི། །ལ་ཁར་མ་ཐུག་བར་དུ་བོད་ཡུལ་གྱི། །རྗེ་འབངས་སེར་སྐྱ་ཕོ་མོ་ཐམས་ཅད་ཀྱིས། །སྐྱེལ་ཐུང་བྱས་ནས་ལ་ཁ་དེ་ཉིད་དུ། །ཞག་ས་ཕོག་ནས་མཆོད་ཡོན་སོ་སོ་རུ། །གྱེས་པའི་སྐབས་ལ་བབ་ཚེ་ནམ་མཁའ་ནས། །ཅང་ཤེས་རྟ་མཆོག་རིན་ཆེན་རྒྱན་ལྡན་ཞིག །ལྷ་དང་མཁའ་འགྲོ་མང་པོས་ཁྲིད་བྱུང་བར། །ཆིབས་ནས་མཁའ་འགྲོའི་བརྟུལ་ཞུགས་ངོམ་གྱུར་ཚེ། །བོད་རྣམས་ཉ་མོ་བྱེ་ཚན་བཏོན་པ་བཞིན། །མྱ་ངན་ཉམ་ཐག་གདུང་བའི་སྨྲེ་སྔགས་བཏོན། །སྐབས་དེ་ཉིད་དང་བསམ་ཡས་ནས་བྱོན་པའི། །བར་དེར་སློབ་མ་ཡོན་བདག་ཚོགས་རྣམས་ལ། །གང་ལ་གང་འཚམས་ཞལ་གདམས་མང་གསུངས་མཐར། །སླར་ཡང་ཞལ་ཆེམས་ཚུལ་གྱིས་མགུར་འདི་གསུངས། །ད་ལྟ་ཁྱེད་རྣམས་སྨྲེ་སྔགས་འདོན་མི་འཚལ། །ཁྱེད་ཅག་ལུས་སེམས་བདེ་བའི་གནས་སྐབས་འདིར། །ང་འགྲོ་ལྷོ་ནུབ་སྲིན་པོ་འདུལ་དུ་འགྲོ། །ད་ལྟའི་དུས་འདིར་སྲིན་པོ་མ་བཏུལ་ན། །འཛམ་བུ་གླིང་པ་སྲིན་པོས་སྟོང་བར་བྱེད། །དེ་ཕྱིར་བདག་ནི་སྲིན་པོ་འདུལ་དུ་འགྲོ། །ཁྱེད་ཅག་བོད་རྣམས་སྐུ་ཁམས་ཅི་བདེར་བཞུགས། །ཞེས་གསུངས་མོད་ལ་སློབ་དཔོན་ཆེན་པོ་ཡང་། །འཆི་མེད་ལམ་དུ་བྱ་ཁྱུང་འཕུར་བ་བཞིན། །རྫུ་འཕྲུལ་འགྲོས་ཀྱིས་བདེན་བྲལ་ཕྱོགས་སུ་གཤེགས། །རྗེ་འབངས་རྣམས་ཀྱིས་ཕྱག་འཚལ་གསོལ་འདེབས་དང་། །ཆབས་ཅིག་སློབ་དཔོན་མཐོང་འདོད་ངང་ཉིད་ནས། །ཇི་ལྟར་བལྟས་ཀྱང་དད་ལྡན་ཡིད་མཚོ་རུ། །གདན་གསུམ་མཚན་དཔེའི་དཀྱིལ་འཁོར་གསལ་ཙམ་ལས། །ཆུ་བུར་མིག་གིས་མཇལ་རྒྱུའི་སྐབས་བྲལ་གྱུར། །དེ་ཚེ་རྗེ་འབངས་མཆོག་དམན་སྐྱེལ་མའི་ཚོགས། །རང་ཡུལ་ལོག་ནས་གུ་རུའི་བཀའ་བཞིན་དུ། །མངའ་བདག་རྒྱལ་པོའི་བཀའ་ལ་སྡོད་པར་བྱས། །སློབ་དཔོན་སངས་རྒྱས་སྟོང་གི་རྫུ་འཕྲུལ་མཐུ། །གྲུབ་ཕྱིར་ཟངས་མདོག་དཔལ་རིའི་རྩེར་བབས་ནས། །བདེན་བྲལ་ཡུལ་གྱི་སྲིན་རྒྱལ་མཆོག་དམན་ཀུན། །ཐུགས་རྗེའི་མཐུ་ཡིས་དབང་བསྡུས་བྲན་བཀོལ་ཡང་། །དགའ་བཞིན་གུས་དང་དད་པས་འདུ་བ་ལས། །ཁོང་ཁྲོའི་དྲག་ཤུལ་ཤུགས་ཀྱིས་ཞི་གྱུར་ནས། །སློབ་དཔོན་སྲིན་རྒྱལ་རཀྴ་ཐོད་ཕྲེང་དུ། །མཐོང་ནས་སྔོན་བཞིན་ཅི་གསུང་བཀའ་བསྒྲུབས་ཤིང་། །སྲིན་ཡུལ་རྣམ་དག་སྤྲུལ་སྐུའི་ཞིང་དུ་བསྒྱུར། །དེ་ཡང་ཟངས་མདོག་དཔལ་གྱི་རི་བོ་ལ། །རྟེན་བཅས་པདྨ་འོད་ཀྱི་གཞལ་ཡས་ཁང་། །འོག་ཁང་ནང་དུ་སློབ་དཔོན་སྲིན་རྒྱལ་སྐུར། །བཞེངས་ནས་རཀྴ་སྲིན་པོའི་ཚོགས་རྣམས་ལ། །བདེན་རྫུན་དཔང་བྱེད་ལེགས་ཉེས་སྟངས་གཅོད་མཛད། །ཐོག་རིམ་བར་མར་ལོངས་སྐུའི་ཚུལ་དང་ནི། །སྟེང་མར་ཆོས་སྐུའི་ཚུལ་གྱིས་གདུལ་བྱ་ཡི། །ལས་དང་དབང་པོར་འཚམས་པའི་འགྲོ་དོན་བྱེད། །གཞན་ཡང་སྲིན་པོའི་གླིང་ཆེན་བཞི་དང་ནི། །གླིང་ཕྲན་མང་དུ་ཡོད་པར་སོ་སོ་ཡི། །གཙོ་བོར་སྤྲུལ་ནས་ཞི་རྒྱས་དབང་དྲག་དང་། །རབ་འབྱམས་ལས་ཀྱིས་འགྲོ་དོན་མཐའ་ཡས་མཛད། །དེ་ཡང་སྲིན་པོའི་རྒྱལ་པོ་དེ་དག་གི། །མ་དག་ལུས་སེམས་དག་པར་བསྒྱུར་བ་ནི། །ལྕགས་ཁམས་གསེར་འགྱུར་རྩི་ཡིས་བསྒྱུར་བ་བཞིན། །ཆགས་སྡང་གནས་དག་རྒྱལ་དང་དེ་སྲས་ལྟར། །བྱིན་གྱིས་བརླབས་ནས་དག་པའི་ཞིང་དུ་བསྒྱུར། །མདོར་ན་ཕྱོགས་བཅུ་དུས་གསུམ་རྒྱལ་རྣམས་ཀྱི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཡི། །སྤྱི་གཟུགས་པད་འབྱུང་འགྲོ་བའི་མགོན་པོ་གང་། །མཚོན་ཚུལ་ཙམ་དུ་འགྲོ་འདུལ་སྤྲུལ་པའི་སྐུར། །བཟུང་ནས་གདུལ་བྱ་འདུལ་བྱེད་མདོ་སྔགས་ཆོས། །རང་བློའི་སྤྱོད་ཡུལ་ཙམ་ལས་མེད་སྙམ་ཡང་། །དེ་ལྟར་མ་ཡིན་ནམ་མཁའ་མ་ཟད་བར། །གུ་རུའི་ཆོས་སྐུ་ལོངས་སྐུ་འཛད་པ་མེད། །མཆོག་དམན་འགྲོ་བའི་ཁམས་རྣམས་མ་ཟད་བར། །སྤྲུལ་སྐུ་དང་ནི་ཕྲིན་ལས་རྒྱུན་མི་འཆད། །དེ་ཕྱིར་རྟོག་གེ་ལོག་པར་སྨྲ་རྣམས་ཀྱི། །རྗེས་སུ་མི་འབྲངས་སྐུ་གསུམ་ཀུན་འདུས་དཔལ། །པད་འབྱུང་འགྲོ་བའི་མགོན་པོ་སྐྱབས་ཡུལ་དུ། །བཟུང་ན་འདི་ཕྱིའི་དོན་ཆེན་འགྲུབ་ངེས་པས། །རྣམ་ཐར་རྒྱས་བསྡུས་འདི་གཉིས་དད་པ་དང་། །དག་སྣང་བསྐྱེད་པའི་རྟེན་དུ་ངེས་བཞག་ན། །མཐའ་ཡས་འགྲོ་རྣམས་པདྨ་འབྱུང་གནས་ཀྱི། །གསང་གསུམ་འཆི་མེད་མགོན་དང་དབྱེར་མེད་ཤོག །ཅེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་བསྡུས་པ་ཉི་མའི་འོད་ཟེར་ཞེས་བྱ་བ་འདི་ཉིད་རྣམ་ཐར་རྒྱས་པའི་རིགས་ལ་ཐོས་བསམ་གྱི་བག་ཆགས་དང་འབྲེལ་པ་འཇོག་མི་ནུས་པའི་བློ་དམན་རྣམས་ལ་ཕན་ཕྱིར། །བྱ་བྲལ་རྡོ་བླས་སྤེལ་བའི་ཡི་གེ་པ་ནི་འཇིག་མེད་ལྷག་བསམ་གྱིས་བགྱིས་པའི་དགེ་བས་འགྲོ་རྣམས་རང་བྱུང་པདྨ་རྒྱལ་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག དགེའོ། །དགེའོ། །དགེའོ། །


previousསློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་བསྡུས་པ་ཉི་མའི་འོད་ཟེར།no next