Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

22 occurrences of འབངས་མི་
[Clear Hits]


21   
ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་དགོས་འདོད་རེ་སྐོང་ཡིད་བཞིན་དབང་གི་རྒྱལ་པོ།
 


22 occurrences of འབངས་མི་
[Clear Hits]

 
no previousཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་དགོས་འདོད་རེ་སྐོང་ཡིད་བཞིན་དབང་གི་རྒྱལ་པོ།next

ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་དགོས་འདོད་རེ་སྐོང་ཡིད་བཞིན་དབང་གི་རྒྱལ་པོ།

ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་དགོས་འདོད་རེ་སྐོང་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་མངའ་བདག་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་དགོས་འདོད་རེ་སྐོང་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་ཨོ་རྒྱན་དུས་གསུམ་མཁྱེན་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་སྐད་ཅིག་ཀྱང་འབྲལ་བ་མེད་པར་བྱིན་གྱིས་རློབས་པར་མཛད་དུ་གསོལ། ཨེ་མ་ཧོ། །དག་བྱེད་རྒྱ་མཚོར་རང་བྱུང་པད་སྡོང་རྩེར། །སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་རྡོ་རྗེའི་སྐུ། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་དཔལ་མངའ་བ། །པད་འབྱུང་ཐུགས་རྗེའི་བདག་ཉིད་དུས་ཙ་འདིར་དྲན། །གང་གི་རྣམ་ཐར་ཀུན་མཁྱེན་རྒྱལ་བ་ལས། །སར་གནས་སེམས་དཔའི་ཚོགས་ཀྱིས་དཔག་དཀའ་ན། །སོ་སྐྱེས་བྱིས་པའི་བློ་ཡིས་སྨོས་ཅི་དགོས། །འོན་ཀྱང་དད་པ་བརྟན་པོས་ཡིད་ཕྲོགས་ཏེ། །རྣམ་ཐར་དགོས་འདོད་རེ་སྐོང་ཡིད་བཞིན་གྱི། །ནོར་བུ་དབང་གི་རྒྱལ་པོ་སྔ་འགྱུར་གྱི། །བསྟན་པའི་རྒྱལ་མཚན་མཐོན་པོའི་རྩེར་པོམ་ན། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་ཡོན་ལྡན། །དུས་གསུམ་ཀུན་མཁྱེན་པདྨ་ཀཱ་ར་དང་། །དབྱེར་མེད་མཁྱེན་བརྩེ་འོད་ཟེར་ལ་སོགས་པའི། །རྣམ་པ་ཉི་ཤུའི་གྲངས་ལྡན་བླ་མའི་ཚོགས། །གཞུང་འདི་བསྟན་འགྲོར་ཕན་པའི་དགེ་ལེགས་སྩོལ། །ཡི་དམ་རྒྱལ་བ་རྒྱ་མཚོ་ཞི་དང་ཁྲོ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས། །སློབ་དཔོན་ཆེན་པོའི་རྣམ་ཐར་གསར་སྤེལ་འདི། །ཐོག་མཐའ་བར་གསུམ་དགེ་བའི་ཕྲིས་ལས་སྒྲུབས། །བདག་ནི་ཐ་སྙད་གནས་ལ་མ་སྦྱངས་ཀྱང་། །གྲུབ་པའི་ཁྱུ་མཆོག་དུ་མས་རྗེས་བཟུང་བས། །སྦྱོར་དངོས་རྗེས་གསུམ་ཚང་བའི་གནད་ཡོད་ཕྱིར། །སྐལ་བཟང་རྗེས་འཇུག་ཚོགས་ཀྱི་བླང་བྱར་འོས། །དེ་ཡང་གཞུང་འདིའི་ཁུངས་དང་ལོ་རྒྱུས་ནི། །བླ་མ་དགོངས་འདུས་ལུང་བསྟན་བཀའ་རྒྱ་མར། །རང་བྱུང་པདྨ་ཞེས་བྱར་གྲགས་པ་གང་། །སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་སྤྲུལ། །འཕགས་པ་སྤྱན་རས་གཟིགས་དབང་གསུང་གི་འོད། །མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོའི་རྒྱལ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་བདག མཉམ་མེད་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ། །སྤྲུལ་པའི་སྐུར་སྣང་ཐུགས་རྗེ་སྟོབས་ཆེན་ལྡན། །གང་ལ་གང་འདུལ་ཕྲིན་ལས་རླབས་པོ་ཆེས། །སེམས་ཅན་རྣམས་ཀྱིས་རེ་འདོད་ཡིད་བཞིན་སྐོང་། །ཞེས་གསུངས་གང་གི་ལོ་རྒྱུས་རྣམ་ཐར་ནི། །མདོར་བསྡུས་རྒྱ་མཚོ་དག་ལས་ཆུ་ཐིགས་ཙམ། །སྐྲ་རྩེས་བླངས་ཏེ་དད་པའི་རྟེན་མཆོག་ཏུ། །ངོམ་པར་བགྱིས་ལ་རྗེས་འཇུག་དགའ་བར་མཛོད། །དེ་ཡང་དུས་གསུམ་ལས་འདས་མཉམ་ཉིད་དུས། །སློབ་དཔོན་ཆེན་པོ་ཐོག་མའི་མགོན་པོ་ཞེས། །ཀུན་ཏུ་བཟང་པོ་ཉིད་དུ་སངས་རྒྱས་པར། །ཡེ་ནས་ཡིན་པའི་སངས་རྒྱས་གཅིག་ཅེས་པ། །སློབ་དཔོན་རང་གི་ཞལ་གྱིས་བཞེས་པ་བཞིན། །ཆོས་སྐུ་དེ་ལས་མ་གཡོས་ངང་ཉིད་ལས། །ལོངས་སྐུ་ཞི་ཆགས་ཁྲོ་བོའི་སྒྱུ་འཕྲུལ་གཟུགས། །ཞིང་ཁམས་འཁོར་དང་ཆོས་དང་འདུལ་བྱེད་ཀྱི། །མཛད་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་པས། །བྱང་སེམས་འཕགས་པ་རྣམས་ཀྱི་དོན་མཛད་ཅིང་། །མ་དག་བྱིས་པ་སོ་སྐྱེས་སྣང་ངོ་རུ། །བཟོ་དང་སྐྱེ་བ་བྱང་ཆུབ་མྱང་འདས་སོགས། །སངས་རྒྱས་སྤྲུལ་སྐུའི་མཛད་པ་ཅིར་ཡང་སྟོན། །དེ་ཡང་སྤྲུལ་སྐུའི་གཟུགས་དང་གསུང་གི་སྒྲ། །མཛད་པ་ཕྲིན་ལས་དཔག་ཡས་སྣ་ཚོགས་པ། །སངས་རྒྱས་ཉིད་ལས་གཞན་གྱིས་བརྗོད་པར་དཀའ། །ཁྱད་པར་སློབ་དཔོན་པདྨ་འབྱུང་གནས་ཀྱི། །རྣམ་ཐར་འཕགས་ཡུལ་དང་ནི་གངས་ལྗོངས་འདིར། །མི་འདྲ་མི་གཅིག་སྟོང་དང་དགུ་བརྒྱའི་གྲངས། །ཡོད་པར་གསུངས་པ་འོད་ཟེར་སྟོང་ལྡན་གྱིས། །འཇིག་རྟེན་ཁམས་ཀུན་ཁྱབ་པའི་དཔེ་དང་མཚུངས། །དེ་ཕྱིར་སློབ་དཔོན་སངས་རྒྱས་གཉིས་པ་འདི། །རྒྱལ་བ་ཉིད་ལས་གཞན་པའི་རིམ་གྱིས་པའི། །པཎྜི་ཏ་འམ་གྲུབ་ཐོབ་རང་རྒྱུད་པར། །བཟུང་ན་ནོར་བའི་ཆོས་ཅན་སྨད་པའི་གནས། །འདི་ལྟར་སངས་རྒྱས་ཉིད་ཀྱི་མཛད་པ་ནི། །གང་དང་གང་དུའང་འཇུག་པ་དཔེར་མཚོན་ན། །དངོས་པོ་ཆེ་ཆུང་གང་གི་ནང་དབྱིངས་ཆ། །ནམ་མཁས་ཁྱབ་པར་གྱུར་དང་ཅིས་མི་མཚུངས། །དེ་ཕྱིར་སློབ་དཔོན་བརྫུས་སྐྱེས་མངལ་སྐྱེས་ཞེས། །ཁ་ཚོན་གཅོད་པ་རིགས་པ་མ་ཡིན་ཏེ། །ཐུགས་རྗེས་འགྲོ་བ་ཡོངས་ལ་ཁྱབ་ཕྱིར་རོ། །དེ་ཡང་སློབ་དཔོན་པདྨ་འབྱུང་གནས་གང་། །དུས་གསུམ་འཇིག་རྟེན་ཁམས་འདིར་མཚུངས་པ་མེད། །རྒྱལ་བའི་བཀའ་ལས་རྩོད་མེད་སྤྲུལ་སྐུར་གྲགས། །འཇིག་རྟེན་ཁམས་འདིར་མཛད་པ་ཆེས་མང་བས། །དེ་ཕྱིར་རྣམ་ཐར་ཡོངས་རྫོགས་བརྗོད་དཀའ་ཡང་། །ཐོས་པས་བྱང་ཆུབ་རྣམ་ཐར་མདོར་བསྡུ་ན། །རྒྱལ་སྲས་མཛད་པ་བཅུ་གཅིག་འདི་ལྟ་སྟེ། །འགྲོ་འདུལ་དགོངས་མཛད་པདྨའི་ལྷུམས་ཞུགས་མཛད། །རང་བྱུང་བལྟམས་མཛད་རྒྱལ་སྲས་རོལ་རྩེད་མཛད། །རབ་ཏུ་བྱུང་མཛད་དཀའ་ཐུབ་སྣ་ཚོགས་མཛད། །བདུད་དཔུང་འཇོམས་མཛད་སངས་རྒྱས་བྱང་ཆུབ་མཛད། །ཆོས་འཁོར་བསྐོར་མཛད་བརྟུལ་ཞུགས་སྤྱོད་པ་མཛད། །བསྟན་པ་མཐར་རྒྱས་མི་ནུབ་གཏེར་སྦེད་མཛད། །ཨུ་རྒྱན་རྣམ་ཐར་མདོར་བསྡུས་མཛད་པ་ནི། །སུ་ཡིས་བྲིས་སམ་མཐོང་ཐོས་གཞན་ལ་སྟོན། །དེ་དག་བདེ་བ་ཅན་གྱི་ཞིང་དུ་སྐྱེ། །འདི་ལ་དད་ཅིང་མོས་པས་སྤྱོད་ཚད་རྣམས། །བླ་མེད་བྱང་ཆུབ་འཚང་རྒྱར་ཐེ་ཚོམ་མེད། །དེ་ཕྱིར་མཛད་པ་བཅུ་གཅིག་འདི་བཀོད་པས། །ལས་འཕྲོ་ཅན་གྱི་རེ་བ་ཀུན་སྐོང་འགྱུར། །གུ་རུའི་རྣམ་ཐར་རྒྱས་བསྡུས་གང་འཐད་པ། །མཐོང་ཐོས་མོས་གུས་ཚད་མེད་བྱ་བ་གཅེས། །འདི་ལ་དད་རྣམས་ཐར་པའི་རྒྱལ་ས་ཟིན། །བླ་མེད་བྱང་ཆུབ་འཚང་རྒྱར་ཐེ་ཚོམ་མེད། །མདོར་ན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། །དུས་གསུམ་ཀུན་མཁྱེན་སློབ་དཔོན་པདྨ་འབྱུང་། །ཕྱི་རྒྱུད་དག་པས་སྤྲུལ་སྐུའི་བསྟན་པ་འཛིན། །ནང་རྒྱུད་དག་པས་ལོངས་སྐུའི་བསྟན་པ་འཛིན། །གསང་རྒྱུད་དག་པས་ཆོས་སྐུའི་བསྟན་པ་འཛིན། །ཞེས་གསུངས་དོན་ཡང་སྤྲུལ་སྐུའི་བསྟན་པ་ནི། །སྡེ་སྣོད་གསུམ་ཡིན་ལོངས་སྐུའི་བསྟན་པ་ཡང་། །བྱ་བ་སྤྱོད་པ་རྣལ་འབྱོར་རྒྱུད་དང་གསུམ། །ཆོས་སྐུའི་བསྟན་པ་ནང་རྒྱུད་ཡོ་ག་གསུམ། །དེ་དག་རྣམས་ལ་རིམ་དགུའི་ཐེག་པ་ཟེར། །དེ་ལ་དང་པོའི་ལས་ཅན་རིམ་འཇུག་བཞིན། །འགྲོ་རྣམས་བྱང་ཆུབ་ལམ་དུ་འཇུག་པ་དང་། །ས་ཆེན་ཐོབ་པའི་སེམས་དཔའ་མཆོག་རྣམས་ཀྱིས། །འགྲོ་དོན་མཛད་ལ་གཡེལ་བ་མེད་པ་དང་། །དེ་ལས་ཉན་རང་ཚུལ་གྱིས་འདུལ་བ་ལ། །དེ་དང་དེ་ཡི་གཙོ་བོར་སྤྲུལ་ནས་སུ། །གང་ལ་གང་འདུལ་འགྲོ་དོན་བྱེད་ཚུལ་དང་། །ཤཀྱ་ཐུབ་པའི་བསྟན་པ་འདིར་མཚོན་ན། །རྗེས་འཇུག་གདུལ་བྱའི་ཚོགས་རྣམས་དྲངས་སླད་དུ། །རབ་ཏུ་བྱུང་དང་ཐོས་བསམ་སློབ་སྦྱངས་མཛད། །མུ་སྟེགས་རྒོལ་བ་བཟློག་ཅིང་སྒྲུབ་གནས་སུ། །སྒྲུབ་པའི་རྒྱལ་མཚན་བཙུགས་སོགས་སྒོམ་སྒྲུབ་དང་། །བདུད་དང་མུ་སྟེགས་མི་མ་ཡིན་རྣམས་བཏུལ། །བཀའ་དང་དགོངས་པ་འགྲེལ་བའི་བསྟན་བཅོས་མཛད། །འདུལ་བར་དགེ་ཚུལ་བསླབ་པ་ལོ་དྲི་དང་། །མདོ་སྡེར་སྤྱོད་ཕྱོགས་བཏུས་པའི་ཆོས་ལ་སོགས། །མངོན་པ་ལ་ཡང་བསྟན་བཅོས་མང་དུ་མཛད། །གསང་སྔགས་བླ་མེད་ལ་ཡང་བདེ་མཆོག་གཞུང་། །མཁའ་འགྲོ་རྒྱ་མཚོའི་རྒྱུད་འགྲེལ་གྲུ་གཟིངས་མཛད། །སྡེ་དགོན་དང་ནི་གཙུག་ལག་ཁང་ཆེན་འགར། །ཚོགས་དཔོན་མཛད་ཅིང་གཞུང་ལུགས་མང་དུ་བཤད། །ཕྱིས་ཀྱི་གང་ཟག་སློབ་དཔོན་མ་བསྟེན་པར། །མཁས་པར་རློམ་རྣམས་དགག་པར་བྱ་ཕྱིར་དང་། །རང་ཉིད་གསང་སྔགས་བདག་པོར་ངེས་གྱུར་ཀྱང་། །རྗེས་འཇུག་སྔགས་ཀྱི་སྨིན་གྲོལ་མ་ཐོབ་བཞིན། །རང་གར་འཇུག་པའི་སྐྱོན་ལས་བཟློག་པའི་ཕྱིར། །པཎ་གྲུབ་དང་ནི་མཁའ་འགྲོ་མ་ལ་སོགས། །བླ་མ་སྟོང་དང་དགུ་བརྒྱ་བསྟེན་ཚུལ་མཛད། །བྷོ་ཊར་དགེ་འདུན་སྡེ་ཆེན་ཚུགས་པ་དང་། །བསམ་ཡས་གཙུག་ལག་ཁང་ཆེན་འགྲུབ་པ་སོགས། །སློབ་དཔོན་པདྨའི་བཀའ་དྲིན་ཁོ་ན་ཡིན། །ཞིང་ཁམས་འདི་ནས་སྤྱི་ཕུད་འཇིག་རྟེན་ཁམས། །སྟོང་ཕྲག་བཅུ་གཉིས་འདས་པའི་ཕ་རོལ་ན། །སངས་རྒྱས་ཞིང་ཁམས་དྲི་མ་མེད་ཅེས་ན། །ཤཱཀྱ་ཐུབ་པ་དྲི་མེད་རྔ་སྒྲ་དང་། །གུ་རུ་པདྨ་སྐྱེ་བཟང་ཞེས་བྱ་བས། །མདོ་སྔགས་གཉིས་ཀྱི་ཆོས་འཁོར་རྟག་ཏུ་སྐོར། །ཞིང་ཁམས་དེ་ཡི་ཕྱོགས་བཞི་མཚམས་བཞི་རུ། །སློབ་དཔོན་པདྨ་མཚན་མཆོག་བརྒྱད་ལྡན་གྱིས། །མདོ་སྔགས་གཉིས་པོ་སྤང་བླང་མེད་བཞིན་སྐྱོང་། །ཞིང་དེའི་ཕྱོགས་བཞི་དང་ནི་སྟེང་འོག་ཏུ། །འདུལ་བྱེད་གུ་རུ་དྲུག་གིས་གདུལ་བྱའི་ཡུལ། །འགྲོ་བ་དྲུག་པོ་བདེ་ལ་འགོད་པར་མཛད། །དེ་བཞིན་ཞིང་དེའི་ལྷོ་དང་ནུབ་དང་ནི། །བྱང་དང་ཤར་ལྷོ་ལ་སོགས་མཚམས་བཞི་རུ། །རིམ་བཞིན་ལྷོ་ཕྱོགས་ཡོན་ཏན་འབྱུང་ཞེས་ན། །ཤཱཀྱ་ཐུབ་པ་དཀོན་མཆོག་སྤྲིན་ཞེས་དང་། །གུ་རུ་ལྷུན་གྲུབ་འོད་ཀོར་ཞེས་བྱ་བཞུགས། །ནུབ་ཕྱོགས་ཞིང་ཁམས་ཤིན་ཏུ་བཀྲམ་པ་ན། །གང་ཟག་རྫུས་ཏེ་སྐྱེ་བའི་འཇིག་རྟེན་དེར། །ཤཱཀྱ་ཐུབ་པ་ཡོན་ཏན་འབྱུང་གནས་དང་། །པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བཞུགས། །བྱང་ཕྱོགས་ཞིང་ཁམས་བག་ཚ་མེད་པ་ན། །ཤཱཀྱ་ཐུབ་པ་སེང་གེ་སྒྲ་ཞེས་དང་། །པདྨ་ཡེ་གྲུབ་མཐའ་བྲལ་ཞེས་བྱ་བཞུགས། །ཤར་ལྷོ་ཞིང་ཁམས་རྣམ་པར་མཛེས་པ་ན། །ཤཱཀ་ཐུབ་པ་མཛེས་པའི་ཏོག་ཅེས་དང་། །པདྨ་འཁྲུལ་ཞིག་སེང་གེ་ཞེས་བྱ་བཞུགས། །ལྷོ་ནུབ་ཞིང་ཁམས་རབ་ཏུ་སྣང་ཞེས་ན། །ཤཱཀྱ་ཐུབ་པ་གཟི་བརྗིད་རྒྱན་ཞེས་དང་། །པདྨ་ཡེ་འཛུམ་བཞད་པ་རྩལ་ཞེས་བཞུགས། །ནུབ་བྱང་ཞིང་ཁམས་འོད་སྣང་ཞེས་བྱ་ན། །ཤཱཀ་ཐུབ་ཙན་དན་དྲི་མཆོག་དཔལ་ཞེས་དང་། །པདྨ་རྗེ་བཙུན་འགྲོ་བ་འདུལ་བྱེད་བཞུགས། །བྱང་ཤར་ཞིང་ཁམས་གདུང་བ་སེལ་བ་ན། །ཤཱཀ་ཐུབ་སྙིང་རྗེའི་རྒྱལ་པོ་ཞེས་བྱ་དང་། །པདྨ་འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་བཞུགས། །དེ་དག་སོ་སོའི་སྟོན་པ་རྣམ་གཉིས་ཀྱིས་བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེད། །དེ་ལྟར་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ན། །གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེད། །བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའི། །རྣམ་པར་སྤྲོས་པ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་མངོན་སྤྲོ་རྒྱལ་པོ་ཞེས་བྱ་དང་། །པདྨ་རྒྱལ་མཚན་མེ་ཏོག་ཅེས་བྱ་བས། །མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ། །དེ་བཞིན་འཇིག་རྟེན་རེ་རེའི་ཞིང་ཁམས་ན། །མདོ་སྔགས་སྟོན་པ་གཉིས་ཀྱིས་བསྟན་པ་ཟུང་། །ཇི་ལྟ་བ་བཞིན་སྟོན་པ་ཤེས་པར་བྱོས། །རིན་ཆེན་སྤྲོས་པ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་རིན་ཆེན་རྒྱལ་པོ་ཞེས་བྱ་དང་། །པདྨ་ཀོ་ལི་ཀོ་མི་ཞེས་བྱ་བཞུགས། །འོད་ཟེར་འབྱུང་བ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་འོད་ཀོར་ཡངས་པ་ཞེས་བྱ་དང་། །པདྨ་རབ་རྒྱུ་ཀུན་སྦྱོང་ཞེས་བྱ་བཞུགས། །དཀའ་བ་རྣམ་པར་སྤྱོད་པའི་ཞིང་ཁམས་ན། །སངས་རྒྱས་དཀའ་ཐུབ་རྒྱལ་པོ་ཞེས་བྱ་དང་། །པདྨ་གཡུལ་ལས་རྒྱལ་བ་ཞེས་བྱ་བཞུགས། །གཙུག་ཏོར་བཀོད་པ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་གཙུག་ཏོར་སྙིང་པོ་ཞེས་བྱ་དང་། །པདྨ་ས་མཁན་སྐྱབས་མགོན་ཞེས་བྱ་བཞུགས། །འོད་ཟེར་འབྱུང་བ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་ངེས་པར་སོང་བ་ཞེས་བྱ་དང་། །པདྨ་ཀོ་ཤ་ཎི་ཨི་ཞེས་བྱ་བཞུགས། །ངེས་པར་འཕགས་པ་ཞེས་བྱའི་འཇིག་རྟེན་ན། སངས་རྒྱས་ངེས་པར་གསུང་བ་ཞེས་བྱ་དང་། །པདྨ་ལམ་སྟོར་བཤེས་གཉེན་ཞེས་བྱ་བཞུགས། །བདེ་བར་སྤྱོད་པ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་བདེ་བ་ཆེན་པོ་ཞེས་བྱ་དང་། །པདྨ་འཁོར་བའི་གཅོང་འབྱིན་ཞེས་བྱ་བཞུགས། །མེ་ཏོག་བཀྲམ་པ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་མེ་ཏོག་དབང་པོའི་དབྱངས་ཞེས་དང་། །པདྨ་འདོད་དགུ་རང་བྱུང་ཞེས་བྱ་བཞུགས། །ཡོངས་སུ་གྲགས་པ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་གྲགས་པའི་དཔལ་ཞེས་བྱ་བ་དང་། །པདྨ་འདྲེན་པའི་དཔའ་བོ་ཞེས་བྱ་བཞུགས། །རྣམ་པར་འཕྲུལ་པ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་སྤྲུལ་པའི་རྒྱལ་པོ་ཞེས་བྱ་དང་། །པདྨ་བཀའ་བཏགས་རྒྱལ་པོ་ཞེས་བྱ་བཞུགས། །རྣམ་པར་སྦྱོང་བ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་སྒྲ་དབྱངས་མི་ཟད་པ་ཞེས་དང་། །པདྨ་ཀློང་ཡངས་དམ་པ་ཞེས་བྱ་བཞུགས། །སྨན་གྱིས་བརྒྱན་པ་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་སྨན་གྱི་རྒྱལ་པོ་ཞེས་བྱ་དང་། །པདྨ་སྤྱོད་ཡུལ་དག་པ་ཞེས་བྱ་བཞུགས། །དེ་བཞིན་རྣམ་པར་དག་པའི་འཇིག་རྟེན་དུ། །སངས་རྒྱས་མྱུར་དུ་འཛིན་ཞེས་བྱ་བ་དང་། །པདྨ་འཁོར་བ་དོང་སྤྲུག་ཅེས་བྱ་བཞུགས། །རིན་ཆེན་བཀོད་པའི་འཇིག་རྟེན་བྱ་བ་ན། །སངས་རྒྱས་དགའ་བའི་སྤྱན་ཞེས་བྱ་བ་དང་། །པདྨ་རང་བྱུང་ཡེ་ཤེས་བྱ་བ་བཞུགས། །རྣམ་པར་བཀྲམ་པ་ཞེས་བྱའི་འཇིག་རྟེན་ན། །ཡོངས་སུ་དགོངས་པའི་རྒྱལ་པོ་ཞེས་བྱ་དང་། །པདྨ་དྷེ་ཝ་ཤུགས་ཅན་ཞེས་བྱ་བཞུགས། །བཻཌཱུཪྱ་ཡི་སྙིང་པོ་ཞེས་བྱ་ན། །སངས་རྒྱས་གསེར་གྱི་སྙིང་པོ་ཞེས་བྱ་དང་། །པདྨ་ཡོངས་སྙིང་རང་གྲོལ་ཞེས་བྱ་བཞུགས། །འོད་ཟེར་དམ་པ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་འོད་ཟེར་དཔལ་ཞེས་བྱ་བ་དང་། །པདྨ་ཆོས་དབྱིངས་དཔལ་འབར་ཞེས་བྱ་བཞུགས། །རྣམ་པར་ཞི་བ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་ཞི་བའི་དབང་པོ་ཞེས་བྱ་དང་། །པདྨ་ཀུན་སྐྱོང་ཆེན་པོ་ཞེས་བྱ་བཞུགས། །སྤྲིན་ཆེན་རྣམ་པར་བཀོད་པའི་འཇིག་རྟེན་ན། །སངས་རྒྱས་སྤྲིན་གྱི་དཔལ་ཞེས་བྱ་བ་དང་། །པདྨ་གསེར་གྱི་རི་དབང་ཞེས་བྱ་བཞུགས། །ཡིད་ལ་མངོན་པར་དགའ་བའི་འཇིག་རྟེན་ན། སངས་རྒྱས་ཡིད་འོང་དབྱངས་ཞེས་བྱ་བ་དང་། །པདྨ་རྒྱལ་བའི་མེ་ལོང་ཞེས་བྱ་བཞུགས། །འཇིག་རྟེན་མེ་ལོང་དཀྱིལ་འཁོར་དབྱངས་ཞེས་པར། །སངས་རྒྱས་མེ་ལོང་སྣང་ཞེས་བྱ་བ་དང་། །པདྨ་མཐོན་མཐིང་ལྷབ་ལྷུབ་ཅེས་བྱ་བཞུགས། །ཟླ་བས་བརྒྱན་པ་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་ཟླ་འོད་དཔལ་ཞེས་བྱ་བ་དང་། །པདྨ་ཡིད་སྣང་ཅོད་པན་ཞེས་བྱ་བཞུགས། །ཉི་མའི་འོད་ཟེར་བརྒྱན་པའི་ཞིང་ཁམས་ན། །སངས་རྒྱས་ཉི་མའི་སྙིང་པོ་དཔལ་ཞེས་དང་། །པདྨ་ཨིནྟྲ་ནཱི་ལ་ཞེས་བྱ་བཞུགས། །སྤོས་དྲི་ངད་ལྡན་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་སྤོས་ཀྱི་རྒྱལ་པོ་ཞེས་བྱ་དང་། །པདྨ་རྣམ་དག་ཡེ་ཤེས་ཞེས་བྱ་བཞུགས། །གསེར་འོད་སྣང་བ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་གསེར་གྱི་འོད་འཕྲོ་བྱ་བ་དང་། །སྣ་ཚོགས་པདྨ་རིན་ཆེན་ཞེས་བྱ་བཞུགས། །འོད་ཟེར་བཀོད་པ་ཞེས་བྱའི་ཞིང་ཁམས་ན། སངས་རྒྱས་བཀོད་པའི་རྒྱལ་པོ་ཞེས་བྱ་དང་། །པདྨ་ཀུ་ལ་ག་ཡ་ཞེས་བྱ་བཞུགས། །གསེར་གྱི་འབྱུང་གནས་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་གསེར་གྱི་གཟུ་བ་ཞེས་བྱ་དང་། །པདྨ་འབྲུག་ཆེན་ལྷུན་རྫོགས་ཞེས་བྱ་བཞུགས། །དཔལ་གྱི་འོད་ཟེར་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་དཔལ་གྱི་རྒྱལ་པོ་ཞེས་བྱ་དང་། །པདྨ་སྐྱེ་ཤི་གཉིས་སྤངས་ཞེས་བྱ་བཞུགས། །སྣང་བ་དམ་པ་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་སྣང་བ་བརྩེགས་པའི་དཔལ་ཞེས་དང་། །པདྨ་འཇིགས་པ་བདེ་འབྱིན་ཞེས་བྱ་བཞུགས། །མྱ་ངན་མེད་པ་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་དང་། །པདྨ་ཆོས་ལེགས་མཐོང་དགའ་ཞེས་བྱ་བཞུགས། །དགའ་བའི་མདངས་ཞེས་བྱ་བའི་ཞིང་ཁམས་ན། །སངས་རྒྱས་དགའ་བའི་མཆོག་དཔལ་ཞེས་བྱ་དང་། པདྨ་སྤྱི་བཅིངས་ནམ་མཁའ་ཞེས་བྱ་བཞུགས། །གཟི་བརྗིད་འབྱུང་བ་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་གཟི་བརྗིད་དཔལ་ཞེས་བྱ་བ་དང་། །པདྨ་སམ་ཨུ་པཀྴ་ཞེས་བྱ་བཞུགས། །སངས་རྒྱས་གདུལ་བ་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་དགེ་རྩ་དྲན་བསྐྱེད་ཅེས་བྱ་དང་། །པདྨ་རིན་ཆེན་ཕྲ་སྤྲ་ཞེས་བྱ་བཞུགས། །ཡོངས་སུ་སྦྱོང་བ་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་ངན་སོང་སྦྱོང་བ་ཞེས་བྱ་དང་། །པདྨ་བྱེར་བཀྲམ་རྒྱ་ཡན་ཞེས་བྱ་བཞུགས། །ཐ་དད་སྤྱོད་པ་ཞེས་བྱའི་ཞིང་ཁམས་ན། །འཇིག་རྟེན་ཀུན་གྱི་སློབ་དཔོན་ཞེས་བྱ་དང་། །པདྨ་མི་ནུབ་རྒྱལ་མཚན་ཞེས་བྱ་བཞུགས། །རྒྱལ་མཚན་དཔུང་རྒྱན་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་རྣམ་པར་རྒྱལ་བ་ཞེས་བྱ་དང་། །པདྨ་མུན་པ་སྣང་བྱེད་ཅེས་བྱ་བཞུགས། །མེ་ཏོག་མཛེས་རྒྱན་ཞེས་བྱའི་འཇིག་རྟེན་ན། །མེ་ཏོག་བཀོད་པའི་རྒྱལ་པོ་ཞེས་བྱ་དང་། །པདྨ་མཻ་ཏྲི་ཀ་ཙེ་ཞེས་བྱ་བཞུགས། །མཛེས་པར་སྣང་བ་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་ཐམས་ཅད་སྣང་བ་ཞེས་བྱ་དང་། །པདྨ་འཁོར་བ་རུ་ན་ཞེས་བྱ་བཞུགས། །ཙནྡན་བཀོད་པ་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་ཙནྡན་དྲི་ཞེས་བྱ་བ་དང་། །པདྨ་རོལ་པ་རྣམ་དག་ཅེས་བྱ་བཞུགས། །སེང་གེ་འབྱུང་གནས་ཞེས་བྱའི་ཞིང་ཁམས་ན། །སངས་རྒྱས་སེང་གེ་འབུམ་གཟུགས་ཞེས་བྱ་དང་། །པདྨ་ཐ་མུ་ཏི་ཏོ་ཞེས་བྱ་བཞུགས། །སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས་འདི་ན། །སངས་རྒྱས་ཐུབ་པ་ཆེན་པོ་ཞེས་བྱ་དང་། །སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བཞུགས། །གོང་བཞིན་མདོ་སྔགས་གཉིས་ཀྱི་ཆོས་སྟོན་ཏོ། །དེ་ལྟར་འཇིག་རྟེན་སོ་སོ་རང་རང་གི། །ཕྱོགས་མཚམས་བརྒྱད་དུ་གུ་རུ་མཚན་བརྒྱད་ཀྱིས། །མདོ་སྔགས་གཉིས་ཀྱི་ཆོས་འཁོར་རྟག་བསྐོར་ཞིང་། །དེ་དག་སོ་སོའི་སྟེང་འོག་ཕྱོགས་བཞི་རུ། །གདུལ་བྱ་འགྲོ་བ་དྲུག་གི་སེམས་ཅན་ལ། །འདུལ་བྱེད་གུ་རུ་དྲུག་གིས་ཆོས་སྟོན་ཏོ། །དེ་བཞིན་འཇིག་རྟེན་ཞིང་ཁམས་ལྔ་བཅུ་རུ། །མདོ་སྔགས་སྟོན་ཕྱིར་སྟོན་པ་ལྔ་བཅུ་ཟུང་། །སྤྲུལ་པ་དང་བཅས་མདོ་ཙམ་བསྟན་པ་ལས། །ཡོངས་སུ་རྫོགས་པ་འཆད་པར་ནུས་མིན་ཏེ། །སངས་རྒྱས་དང་ནི་འགྲོ་ཁམས་བསམ་ལས་འདས། །འགྲོ་རྣམས་འདུལ་བྱེད་སྤྲུལ་སྐུ་བསམ་མི་ཁྱབ། །དེ་ལ་རྒྱལ་རྣམས་སྤྲུལ་སྐུའི་བསྟན་པ་འཛིན། །གུ་རུ་མཚན་བརྒྱད་དང་ནི་དེ་བཞིན་དུ། །སྤྲུལ་པ་དྲུག་གིས་ལོངས་སྐུ་སྔགས་བསྟན་འཛིན། །གུ་རུ་དྲུག་ལས་ལྷ་རྣམས་འདུལ་བྱེད་ཀྱི། །གུ་རུ་སྲིད་ཐུབ་འཛིན་གྱི་ཡང་སྤྲུལ་ནི། །ཆོས་ཀྱི་འབྱུང་གནས་དང་ནི་དེ་བཞིན་དུ། །དགའ་བའི་འབྱུང་གནས་ཆགས་མཆོག་ཡོན་ཏན་དང་། །ཤེས་རབ་ཡེ་ཤེས་དྲི་མེད་འབྱུང་གནས་རྣམས། །ཐེག་པ་དབུ་སེམས་ཀྲྀ་ཡོག་སྡེ་དྲུག་གི། །གཙོ་བོར་ལྷ་ཡི་རིག་འཛིན་རྣམས་སྨིན་ཕྱིར། །ཕལ་པའི་ལྷ་དག་དངོས་དང་བརྡའི་སྒོ་ནས། །ལེ་ལོ་སྤང་ཞིང་བརྩོན་འགྲུས་ཆོས་བསྟན་ནས། །ལྷ་རྣམས་འཆི་འཕོ་ལྷུང་བའི་སྡུག་བསྔལ་ལས། །གྲོལ་བར་བྱ་ཞིང་དེ་བཞིན་ལྷ་མིན་གྱི། །གནས་སུ་གུ་རུ་རྣམ་པར་རྒྱལ་བ་ཞེས། །དེ་ལས་འཕྲོས་པའི་དྷརྨ་ཐོད་ཕྲེང་དང་། །དེ་བཞིན་སོམྦྷུ་ཀ་དང་ནིརྨ་ཎ། །བཛྲ་བུདྷ་རཏྣ་པདྨ་དང་། །ཀརྨ་ཐོད་ཕྲེང་རྩལ་ལ་སོགས་པ་ཡིས། །བྱམས་དང་སྦྱིན་སོགས་ཕྲ་རོལ་ཕྱིན་དྲུག་དང་། །ཉོན་མོངས་ཡེ་ཤེས་ལམ་དུ་བསྒྱུར་བའི་ཐབས། །སྔགས་སོགས་བསྟན་ནས་ལྷ་མིན་རབ་རྣམས་དོན། །ཕལ་པ་དག་ཀྱང་འཐབ་རྩོད་ལས་ལྡོག་ཆོས། །དངོས་དང་བརྡ་ཡི་སྒོ་ནས་སྟོན་པ་ཡིན། །མི་ཡི་གུ་རུ་པདྨ་འབྱུང་གནས་ལས། །འཕྲོས་པ་སྤྲུལ་པའི་གུ་རུ་མཚན་བརྒྱད་ཀྱི། །མཚོ་སྐྱེས་རྡོ་རྗེས་དུག་ལྔའི་རྩ་བ་གཅོད། །པདྨ་རྒྱལ་པོས་ལེགས་པའི་ཡོན་ཏན་སྟེར། །པདྨ་སམ་བྷས་དད་ལྡན་བྱིན་གྱིས་རློབ། །རྡོ་རྗེ་གྲོ་ལོད་གནོད་སྦྱིན་གདུག་པ་འདུལ། །ཉི་མ་འོད་ཟེར་གསང་སྔགས་སྙིང་པོ་སྟོན། །ཤཱཀྱ་སེང་གེས་གདུལ་བྱ་ཐར་ལམ་འདྲེན། །སེང་གེ་སྒྲ་སྒྲོགས་ཕྱི་རྒོལ་མུ་སྟེགས་འདུལ། །བློ་ལྡན་མཆོག་སྲེད་མདོ་སྔགས་ཆོས་ཆར་འབེབས། །སྐུ་གཅིག་མཚན་བརྒྱད་འཁོར་བའི་གཞི་རྩ་གཅོད། །དྲང་དོན་རྒྱུ་འབྲས་སྤྱོད་པ་མས་ནས་འཛེགས། །ལྟ་བ་ཡས་འབུས་ཡིན་ལུགས་ཐོག་ཏུ་འབེབ། །རིག་པའི་གནས་གཅུན་སྒོམ་པ་སེམས་ལ་ཤར། །ཆོས་སྐུ་རང་ངོ་འཕྲོད་པ་དེ་ཡིས་སྟོན། །མི་ཡི་འགྲོ་བ་འདུལ་ཕྱིར་དེ་ལྟར་རོ། །བྱོལ་སོང་གུ་རུ་སེང་གེ་རབ་བརྟན་ལས། །འཕྲོས་པའི་སྤྲུལ་སྐུ་སྲིད་པའི་འབྱུང་གནས་དང་། །དཔྱད་འཚལ་བདེ་བའི་དག་པའི་གཏེར་གྱི་ཤིན་ཏུ་དང་། །བུདྡྷ་དབང་གི་ཕྲིན་ལས་ལ་སོགས་ཀྱི། །འབྱུང་གནས་ཞེས་པས་དུད་འགྲོ་རྨིག་ཟླུམ་དང་། །རྨིག་པ་ཁ་བྲག་གཅན་གཟན་འདབ་ཆགས་རིགས། །དུད་འགྲོའི་སྡེ་རིས་ལྔ་ལ་གཏོགས་ཚད་ལ། །བཅུད་ལེན་སྣ་ཚོགས་སྒོ་ནས་དོན་མཛད་ཅིང་། །བརྡ་ཡི་སྒོ་ནས་ཐར་པའི་ལམ་ཡང་སྟོན། །ཡི་དྭགས་གུ་རུ་རྣམ་པར་སྣང་བྱེད་ལས། །འཕྲོས་པའི་སྤྲུལ་སྐུ་བརྒྱད་ཀྱི་མཛད་ཚུལ་ནི། །དབང་པོ་བདེ་བས་འཕགས་ནོར་བདུན་ལ་སྤྱོད། །ཤནྟ་རཀྵིས་ཅི་འདོད་ཆར་ལྟར་འབེབས། །ཤོར་བ་གཞོན་ནུས་གདུག་སེམས་ཞི་བར་མཛད། །པུ་ནི་དྲ་ཡིས་འདོད་དགུ་ཀུན་ལ་སྟེར། །པདྨ་བཛྲ་ཕྱི་སྒྲིབ་རྣག་ཁྲག་སེལ། །ཊོམ་བྷི་ཧེ་རུས་ཡི་དྭགས་ནང་སྒྲིབ་འཁྲུ། །པདྨ་དཀར་པོས་ཡོན་དང་དཀོོར་འབགས་སྦྱོང་། །པདྨ་བྷུ་ཏིས་སྤྱི་མཐུན་སྒྲིབ་པ་སྦྱོང། །དེ་ཡང་ཡི་དྭགས་ལས་དང་སྡུག་བསྔལ་ནི། །རང་ལོ་ལྔ་ཁྲི་ལྔ་སྟོང་ལ་སོགས་པ། །ཐུབ་པས་ལས་དང་སྡུག་བསྔལ་མ་བྱང་བར། །སྤྲུལ་སྐུ་རྣམས་ཀྱིས་ཡི་དྭགས་དོན་མཛད་དོ། །དམྱལ་བའི་གནས་སུ་གུ་རུ་རྣམ་པར་གནོན། །དེ་ལས་སྤྲུལ་པའི་བདེ་མཆོག་དུས་ཀྱི་སྙིང་། །བདེ་བའི་དངོས་གྲུབ་ནག་པོ་སྤྱོད་པ་དང་། །གཟི་བརྗིད་འོད་འབར་བིཏྱ་པ་ཞེས་དང་། །པདྨ་ཀུན་སྒྱུར་ཁྱེའུ་ཆུང་མཁའ་ལྡིང་དང་། །ས་ར་ཧ་སོགས་སྤྲུལ་པའི་སྐུ་རྣམས་ཀྱིས། །དམྱལ་ཁམས་བཅོ་བརྒྱད་སྡུག་བསྔལ་རྒྱུ་དང་བཙས། །སྦྱོང་ཞིང་རྒྱུ་འབྲས་བདེན་པའི་ཆོས་བསྟན་ནས། །དམྱལ་བའི་འཇིག་རྟེན་འདུལ་བའི་ཆོས་བསྟན་ཏོ། །དེ་ལྟར་འགྲོ་འདུལ་སྤྲུལ་པའི་སྐུ་རྣམས་ཀྱི། །ཆེ་བའི་ཡོན་ཏན་སུས་ཀྱང་རྗོད་ནུས་མིན། །དེ་ཡང་ཆ་མཐུན་སྤྲུལ་པའི་སྐུ་མཆོག་ནི། །རིགས་དྲུག་འགྲོ་བ་སོ་སོའི་གནས་རིས་སུ། །གང་ལ་གང་འདུལ་དེ་ལ་དེར་སྟོན་ཏེ། །མཆོག་དང་དམན་པའི་གཟུགས་སྣང་མཐའ་ཡས་པ། །ཚངས་པས་འདུལ་བར་ཚངས་པའི་གཟུགས་དང་ནི། །དེ་བཞིན་བརྒྱ་བྱིན་ཁྱབ་འཇུག་དབང་ཕྱུག་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་སྲིན་པོ་དང་། །ལྷ་མ་ཡིན་དང་འཁོར་ལོས་སྒྱུར་རྒྱལ་དང་། །རྒྱལ་ཕྲན་བློན་པོ་བྲམ་ཟེ་གྲུབ་པ་དང་། །དྲང་སྲོང་དཀའ་ཐུབ་རིག་སྔགས་འཆང་བ་དང་། །སྐྱེས་པ་བུད་མེད་ཆང་ཚོང་ཚོས་མཁན་མ། །སོགས་སུ་སྣང་བས་འགྲོ་བའི་དོན་མཛད་ཅིང་། །སིང་གེ་གླང་པོ་རྟ་དང་རི་དྭགས་དང་། །སེམས་ཅན་དུད་འགྲོའི་རིགས་གྱུར་ཇི་སྙེད་དང་། །གྲུ་གཟིངས་ཟམ་པ་རི་བོ་ལ་སོགས་པ། །སེམས་མེད་བེམ་པོའི་གཟུགས་སུ་སྣང་བ་དང་། །མདོར་ན་སྔོན་གྱི་སྨོན་ལམ་ལས་བྱུང་བ། །འགྲོ་ལ་ཕན་པའི་དངོས་པོ་སྲིད་ཚད་ཀུན། །འབད་མི་དགོས་པར་འབྱུང་བ་འདི་བཞིན་ཏེ། །མུ་གེའི་བསྐལ་བས་འགྲོ་རྣམས་ཉམས་ཐག་ཚེ། །བདག་ནི་ཟས་དང་སྐོམ་དུ་འགྱུར་བ་དང་། །དབུལ་ཞིང་ཕོངས་པར་གྱུར་པའི་སེམས་ཅན་ལ། །བདག་ནི་མི་ཟད་གཏེར་དུ་གྱུར་ཞེས་པའི། །སྨོན་ལམ་ཇི་བཞིན་འབྱུང་བར་འགྱུར་བས་ནང་། །རྒྱལ་བ་སྲས་བཅས་རྣམ་འཕྲུལ་དཔག་པར་དཀའ། །གཞན་ཡང་མི་ཡི་ཡུལ་ལས་ཁྱད་པར་དུ། །མ་ཧཱ་ཙི་ནའི་རྒྱལ་པོ་སྔ་བ་ནི། །གནམ་གྱི་བུ་ཞེས་རྒྱལ་པོ་སྤོར་རྟ་ཆེ། །དེ་ཡི་རྒྱལ་རབས་བཞི་པའི་མཚན་ལ་ནི། །ཇི་ཆི་མེར་གན་ཞེས་པའི་རྒྱལ་པོ་བྱུང་། །དེ་ལ་དུས་གསུམ་མཁྱེན་པའི་མངོན་ཤེས་སྟོབས། །མངའ་བཞིན་འབྱུང་འགྱུར་ལུང་བསྟན་གནང་བའི་དཔེ། །དེང་སང་བར་དུ་ཡོད་ཅེས་བདེན་ངེས་ལགས། །རྒྱལ་པོ་དེ་ཉིད་སྐུ་ལུས་མ་སྤངས་བཞིན། །ལྷོ་ནུབ་སྲིན་པོའི་ཁ་གནོན་པདྨ་འབྱུང་། །ཡིན་པ་ལོ་རྒྱུས་ཚད་མ་རྣམས་ལས་བཤད། །དེ་ཕྱིར་སློབ་དཔོན་ཆེན་པོའི་རྣམ་ཐར་དང་། །མཛད་པ་མཐའ་ཡས་བསམ་གྱིས་མི་ཁྱབ་སྟེ། །ཡོན་ཏན་ཕྲིན་ལས་ཀྱང་ནི་དེ་བཞིན་ནོ། །གདུལ་བྱ་འདུལ་བྱེད་བསམ་པར་མི་ནུས་ཏེ། །ནམ་མཁས་གར་ཁྱབ་ཆོས་སྐུ་ལོངས་སྐུས་ཁྱབ། །འགྲོ་བས་གར་ཁྱབ་རྒྱལ་བའི་སྤྲུལ་སྐུ་དང་། །ཕྲིན་ལས་ཁྱབ་ཅེས་གསུངས་པ་ཇི་བཞིན་དུ། །བོད་དུ་དར་བའི་རྣམ་ཐར་དཀྱུས་མ་ལས། །ཆོས་ཆེར་ལྷག་པའི་རྣམ་ཐར་ངོ་མཚར་ཅན། །ཡོད་པར་ངེས་ཀྱང་གདོང་དམར་བོད་ཡུལ་གྱི། །བསོད་ནམས་སྟོབས་ཀྱིས་མ་ཆུན་སྟེས་དབང་སོང་། །དེ་ཡན་སྤྲུལ་པ་སྐུ་ཡི་བསྟན་པ་ནི། །བཟུང་ཚུལ་ལོ་རྒྱུས་མདོ་ཙམ་སྨོས་པ་ལགས། །ད་ནི་ནང་རྒྱུད་བསྟན་པ་བཟུང་ཚུལ་གྱི། །ལོངས་སྐུའི་བསྟན་པ་ཇི་ལྟ་བ་བཞིན་ནི། །འོག་མིན་དང་ནི་ངེས་པ་ལྔ་ལྡན་གྱི། །ཞིང་ཁམས་ལྔ་ན་ཡོད་པ་དེ་བཞིན་ལ། །ཞིང་ཁམས་དེ་དག་ཀུན་གྱི་སྟོན་པ་མཆོག །རྡོ་རྗེ་འཆང་དང་རིགས་ལྔ་གངས་ཆེན་མཚོ། །སློབ་དཔོན་ཉིད་ལས་གཞན་ཞིག་ཡོད་མིན་ཏེ། །རྒྱུད་སྡེ་དྲུག་གི་ཆོས་ཀྱི་འཁོར་ལོ་ནི། །རྒྱུན་ཆད་མེད་པར་བསྐོར་བཞིན་མི་ནུབ་པར། །རྟག་པ་རྒྱུན་གྱི་འཁོར་ལོར་གནས་པ་ཡིན། །གསང་རྒྱུད་དག་པ་ཆོས་སྐུའི་བསྟན་པ་ནི། །ཆོས་སྐུའི་ཆོས་སྐུ་ཀུན་ཏུ་བཟང་པོ་དང་། །ཆོས་སྐུའི་ལོངས་སྐུ་རྒྱལ་བ་རིགས་མཆོག་ལྔ། །ཆོས་སྐུའི་སྤྲུལ་སྐུ་རིགས་གསུམ་མགོན་པོ་རྣམས། །སློབ་དཔོན་ཁོ་ནའི་རྣམ་པར་རོལ་པ་ལགས། །ཆོས་སྐུ་སྣང་མཐའ་ལོངས་སྐུ་པད་དཀར་འཆང་། །སྤྲུལ་སྐུ་པདྨ་འབྱུང་གནས་གསུམ་པོ་ཡང་། །གནས་སྐབས་གདུལ་བྱའི་དོན་དུ་གསུམ་སྤྲུལ་མོད། །དོན་ལ་ངོ་བོ་གཅིག་ལས་ཡོད་མ་ཡིན། །འོག་མིན་ཆོས་དབྱིངས་དབུས་མཐའ་མེད་པ་དང་། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་རྣམས་སུ། །རྒྱལ་བ་ཉིད་ལས་མི་གཞན་པ་ཡི་འཁོར། །ཞི་ཁྲོ་དམ་པ་རིགས་བརྒྱ་ལ་སོགས་པར། །རང་རང་སོ་སོའི་ཡེ་ཤེས་རང་གདངས་ལས། ཀུན་ཏུ་བཟང་པོ་སྣང་མཐའ་ལ་སོགས་པ། །ཤར་ནས་རྫོགས་པ་ཆེན་པོ་ཀློང་དགུ་དང་། །བམ་པོ་ཉི་ཁྲི་ཆིག་སྟོང་ལེའུ་དང་། །འབུམ་ཕྲག་ལྔ་སོགས་ཆོས་སྒོ་མཐའ་ཡས་པ། །རྣམས་དང་དགོངས་འདུས་རྩ་བའི་རྒྱུད་དྲུག་སོགས། །བྱ་རྩོལ་ལས་འདས་ཐེག་པའི་རྩེ་མོའི་རྩེ། །མུ་མཐའ་བྲལ་བ་སྟོན་པའི་ཞལ་སྔ་ནས། །མ་གསུངས་འཁོར་གྱི་རྟོག་དཔྱོད་བློ་ངོར་སྣང་། །ཞེས་གསུངས་ཇི་བཞིན་གཙོ་འཁོར་ཐ་དད་པ། །མ་ཡིན་ཟླ་གཟུགས་ཆུ་ནང་གསལ་བ་འམ། །མེ་ལོང་དོགས་སུ་གཟུགས་བརྙན་ཤར་བ་བཞིན། །དགོངས་པ་རོ་གཅིག་ཉིད་དུ་བཞུགས་པ་འོ། །ཆོས་སྐུའི་བསྟན་པ་དངོས་ནི་དེ་ཡིན་ལ། །ཆ་མཐུན་པ་ནི་སྨིན་ཅིང་གྲོལ་བའི་ལམ། །ཆ་ལག་དང་བཅས་གདུལ་བྱར་བསྟན་པ་དང་། །སེམས་ཉིད་ཆོས་སྐུར་ངོ་སྤྲོད་གདམས་པ་དང་། །གཞན་ཡང་ངོ་སྤྲོད་ཉི་ཤུ་རྩ་གཅིག་རྣམས། །བརྡ་དོན་རྟགས་དང་བཅས་པ་སྟོན་པ་སྟེ། །དེ་ཚུལ་རྒྱས་པ་དཔག་པར་སུ་ཡིས་ནུས། །དེ་ལས་གཞན་ཡང་ཕར་ཕྱིན་ཐེག་པ་རུ། །གསུངས་པའི་ཤེས་རབ་ཕ་རོལ་ཕྱིན་པ་ཞེས། །ཡོངས་སུ་གྲགས་པ་དེ་ཉིད་ཇི་བཞིན་དུ། །འཆད་པར་ནུས་པའི་དགེ་བའི་བཤེས་གཉེན་དག །ཆོས་སྐུའི་བསྟན་འཛིན་ཉིད་དུ་གདོན་མི་ཟ། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་རྣམ་ཐར་དོན། །འགྲོ་དོན་མཛད་པ་མཆོག་ཏུ་གྱུར་བ་ལགས། །དེ་ཕྱིར་སློབ་དཔོན་དུས་གསུམ་མཁྱེན་པ་རྗེ། །སྤྲོས་བྲལ་ཆོས་སྐུའི་ངང་ནས་བཅོམ་ལྡན་འདས། །རྡོ་རྗེ་འཚང་དུ་སྤྲུལ་ནས་བསྐལ་པ་ཡི། །ཐོག་མ་མངོན་པར་དགའ་བ་ཞེས་བྱ་ལ། །སངས་རྒྱས་སུམ་ཁྲི་དྲུག་སྟོང་བྱུང་བ་དང་། །དེ་འོག་བསྐལ་པ་རྒྱན་དང་ཤིན་ཏུ་བཀྲམ། །ཞེས་པར་སངས་རྒྱས་ཀུན་ཏུ་བཟང་པོ་བྱུང་། །དེ་ཡི་ཡོན་བདག་འཁོར་ལོས་སྒྱུར་རྒྱལ་ལ། །རྒྱལ་སྲས་ལྔ་འཁྲུངས་རྡོ་རྗེ་འཆང་ཆེན་ལ། །སྨིན་བྱེད་དབང་བསྐུར་ཞུས་ནས་རིགས་ལྔ་ཡི། །སངས་རྒྱས་ལྔ་རུ་ལུང་བསྟན་ཇི་བཞིན་དུ། །རྒྱལ་བ་རིགས་ལྔར་བྱང་ཆུབ་སངས་རྒྱས་ཐོབ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་ཆེན་དེས། །སངས་རྒྱས་ཀུན་ཏུ་བཟང་པོའི་བསྟན་ཞབས་ལ། །མ་འོངས་དུས་སུ་གསང་སྔགས་འབྱུང་བ་ཡི། །རྒྱུ་དང་རྐྱེན་དང་རྟེན་འབྲེལ་ལ་དགོངས་ནས། །དགེ་སློང་ཐུབ་དཀའ་གཞོན་ནུའི་སྐྱེ་བ་བཟུང་། །དེ་ཕྱིར་མདོ་སྔགས་གཉིས་པོ་སྐྱོང་དགོས་ཕྱིར། །གསང་སྔགས་འཛིན་པའི་ཁྱིམ་པ་ཞིག་ཏུ་སྤྲུལ། །སློབ་མ་མང་ཞིང་དེ་ནས་དན་འཕགས་ཀྱི། །ལྟ་སྤྱོད་འབྲེལ་བས་ལག་ན་རྡོ་རྗེར་གྱུར། །དགེ་སློང་ཐར་པ་ནག་པོའི་ལྟ་སྤྱོད་གཉིས། །ཡ་བྲལ་ལོག་པར་གྱུར་པས་རཱུ་ཏྲར་སྐྱེས། །དེ་ལྟར་གྱུར་ཀྱང་ཕྱིས་སུ་ཐར་པ་ཐོབ། །ཁོ་ལ་བསྟེན་ནས་གསང་སྔགས་འབྱུང་བ་ཡི། །རྟེན་འབྲེལ་འགྲིགས་བཞིན་རྡོ་རྗེའི་ཐེག་པ་བྱུང་། །དེ་ནས་བསྐལ་པ་མང་པོ་འདས་འོག་ཏུ། །སྲིན་ཡུལ་ལང་ཀ་པུ་རི་ཞེས་བྱ་བར། །རཱུ་ཏྲ་བྱུང་བ་གདུལ་བར་བྱ་བའི་ཕྱིར། །སྔོན་གྱི་དགེ་སློང་ཐུབ་དཀའ་གཞོན་ནུ་དེ། །རྡོ་རྗེ་སེམས་དཔའ་ཉིད་དུ་སངས་རྒྱས་ཀྱང་། །བཛྲ་ཧེ་རུ་ཀ་ཡི་སྐུར་བཞེངས་ཤིང་། །དན་འཕགས་ལག་ན་རྡོ་རྗེའི་སྐུར་གྱུར་པ། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ཏེ། །སྤྲུལ་པ་རྟ་ཕག་ཡབ་ཡུམ་ལ་སོགས་པའི། །ཁྲོ་བོའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས། །རཱུ་ཏྲ་བཏུལ་ཅིང་ལས་ཉོན་སྒྲིབ་སྦྱངས་ཏེ། །ཆོས་སྐྱོང་མགོན་པོ་ལེགས་ལྡན་ནག་པོ་རུ། །དབང་བསྐུར་ལུང་བསྟན་བསྟན་སྲུང་ཆེན་པོར་བསྐོས། །རཱུ་ཏྲའི་མ་དག་སྒྱུ་མའི་ལུས་པོ་དེ། །དུམ་བུར་གཏུབས་ནས་ཚལ་པ་བརྒྱད་བྱས་པར། །གསང་སྔགས་འབྱུང་བའི་གནས་ཆེན་བརྒྱད་དུ་བྱུང་། །ཟག་པ་རྒྱ་མཚོར་དོར་བས་ཙནྡ་སྐྱེས། །བདུད་རྩིའི་རྩ་བ་བརྒྱད་ཀྱང་དེ་ལས་བྱུང་། །དེ་སོགས་གསང་སྔགས་འབྱུང་བའི་གཞི་རུ་གྲུབ། །དེ་ལས་ཁྱད་པར་ཐུབ་དཀའ་གཞོན་ནུ་སྔོན། །རྣལ་འབྱོར་ནུས་ལྡན་རྡོ་རྗེར་གྱུར་པའི་དུས། །འཁོར་ལོས་སྒྱུར་རྒྱལ་ཡུལ་འཁོར་སྲུང་ཞེས་པའི། །རྒྱལ་སྲས་སྟོང་དང་རྫུས་སྐྱེས་གཉིས་པོ་ལ། །དབང་བསྐུར་བསྐལ་བཟང་སངས་རྒྱས་སྟོང་རྩ་དང་། །སེམས་དཔའ་གཉིས་སུ་ལུང་བསྟན་གཟེངས་བསྟོད་ཅིང་། །རྒྱལ་པོ་སྤྱི་བོ་སྐྱེས་ཀྱི་དུས་དག་ཏུ། །སློབ་དཔོན་པདྨའི་བླ་མ་ཞེས་བྱ་དང་། །དེ་བཞིན་དྲག་པོའི་བླ་མ་གཉིས་སྤྲུལ་ཏེ། །རྒྱལ་པོ་དགྲ་འདུལ་ཡན་ཆད་གདུལ་བྱར་གྱུར། །གསང་སྔགས་ཡོ་ག་གསུམ་པོ་བསྟན་ནས་ནི། །གདུལ་བྱའི་འགྲོ་རྣམས་སྨིན་གྲོལ་ལམ་ལ་བཀོད། །དེ་རྣམས་སངས་རྒྱས་མར་མེ་མཛད་ཀྱི་དུས། །ཡིན་ཞིང་དེ་ནས་བསྐལ་པ་རྫོགས་ལྡན་ལ། །སངས་རྒྱས་རྣམ་པར་གཟིགས་བྱོན་དེའི་འོག་ཏུ། །གསུམ་ལྡན་མན་ལ་སངས་རྒྱས་གསེར་ཐུབ་དང་། །འོད་སྲུང་ལ་སོགས་བྱོན་ཞིང་སྔོན་བྱོན་པའི། །སློབ་དཔོན་གཉིས་ཀྱིས་སྨིན་གྲོལ་ཆོས་གསུངས་དོན། །བདེ་སྐྱོང་རྡོ་རྗེ་ཟག་མེད་འོད་དང་ནི། །ཕུར་བུས་འདུལ་མཛད་ཡོན་ཏན་འོད་ལྡན་དང་། །གསུམ་དུ་སྤྲུལ་ནས་གསང་སྔགས་རྒྱ་མཚོ་ལྟའི། །འགྲོ་དོན་རྒྱ་ཆེན་མཛད་པ་ཡིན་ཞེས་གྲགས། །དེ་ནས་སྤྲུལ་པ་དེ་གསུམ་བསྡུས་ནས་སུ། །གཽ་འུ་ཏ་མ་ཞེས་བྱའི་སྐྱེ་བ་བཞེས། །དེ་དུས་གཡོན་ཅན་པདྨའི་རྩ་ལག་གིས། །བཟང་མོ་བསད་ཅིང་རལ་གྲི་ཁྲག་ཅན་དེ། མདུན་དུ་བོར་བས་ལེགས་ཉེས་མ་འབྱེད་བཞིན། །གཽ་འུ་ཏ་མ་གསལ་ཤིང་རྩེར་བསྐྱོན་ཚེ། །མཁན་པོ་དྲང་སྲོང་མདོག་ནག་གིས་གཟིགས་པའི། །ཅི་ཉེས་དྲིས་པས་མ་ཉེས་བདེན་པའི་ཚིག །དམོད་པ་བོར་བས་མཁན་པོ་གསེར་མདོག་གྱུར། །བར་སྣང་ལྷས་ཀྱང་པདྨའི་རྩ་ལག་ལ། །ཐོག་ཕབས་ཤི་བར་གྱུར་པའི་འོག་རོལ་ཏུ། །མཁན་པོས་གཽ་འུ་ཏ་མར་རྫི་ཆར་ཕབས། །འདོད་ཅིང་ཆགས་ཡུལ་སྒོམས་ཤིག་བྱས་པ་ལ། །དེ་ལྟར་བྱས་པས་ཁུ་ཁྲག་ཐིགས་པ་དེ། །ས་ལ་ལྷུང་བ་དྲོད་གཤེར་གྱིས་སྨིན་པ། །བུ་རུ་གྱུར་པ་གཽ་འུ་ཏ་མའི་རིགས། །དེ་ཉིད་སངས་རྒྱས་སྟོན་པ་ཀུན་ཏུ་འཆང་། །ཞེས་པའི་སྐུར་བཞེངས་དགའ་ལྡན་ལ་གཤེགས་ནས། །ཆོས་བསྟན་རྡོ་རྗེ་འཆང་གི་ས་ལ་བཞག །ཁྱད་པར་ལྷ་བུ་དམ་པ་ཏོག་དཀར་པོར། །དབང་གི་ཆུ་བོ་བཞི་དང་དེ་ལས་ཀྱང་། ལྟ་བ་སྤྱི་འབྱམས་ལ་སོགས་ཕྱི་དབང་བཅུ། །བསྐུར་ཞིང་བྱེ་བྲག་ཚེ་ལ་དབང་བའི་ཕྱིར། །ཚེ་དབང་བསྐུར་ཞི་དེ་བཞིན་སེམས་ཤེས་ཕྱིར། །སེམས་ལ་དབང་བསྐུར་ཡོ་བྱད་དབང་བའི་ཕྱིར། །རཏྣ་ནམ་མཁའ་མཛོད་ཀྱི་དབང་ཡང་བསྐུར། །བག་ཆགས་དང་བཅས་ལས་ངན་རྒྱུན་གཅོད་ཕྱིར། །གཡོ་མེད་ཏིང་ངེ་འཛིན་གྱི་དབང་ཡང་བསྐུར། །བསམ་གཏན་བརྙེས་ཕྱིར་སྐྱེ་བའི་དབང་བསྐུར་ཞིང་། །ལྷུན་གྲུབ་འཇུག་པ་ཐོབ་ཕྱིར་རྫུ་འཕྲུལ་དབང་། ཟད་པར་སྐྱེ་མཆེད་ཐོབ་ཕྱིར་མོས་པའི་དབང་། །བསམ་དོན་འགྲུབ་ཕྱིར་སྨོན་ལམ་དབང་ཡང་བསྐུར། །སྒོ་གསུམ་ལས་ལ་རང་དབང་ཐོབ་ཕྱིར་དང་། །ཡེ་ཤེས་དབང་དང་ཆོས་དབྱིངས་རྣམ་དག་ཕྱིར། །ཆོས་དབང་དང་ནི་རྣམ་པ་བཅུ་བསྐུར་རོ། །ཁྱད་པར་དབང་ནི་ཉི་ཤུ་རྩ་ལྔ་བསྐུར། །ལྷ་བུ་དམ་པ་ཏོག་དཀར་དེ་ཉིད་ཀྱིས། །རང་གི་དབུ་རྒྱན་བྱམས་པའི་དབུར་གསོལ་ནས། །སྐབས་གསུམ་ལྷ་ཡི་སྟོན་པར་དབང་བསྐུར་ནས། །དམ་པ་ཏོག་དཀར་ལྷ་མོ་སྒྱུ་འཕྲུལ་མའི། །ལྷུམས་སུ་ཞུགས་ནས་མི་ཡི་སྟོན་པ་མཛད། །དེ་ནས་སྟོན་པ་ཀུན་ཏུ་འཆང་ཞེས་པས། །མི་ཡུལ་ཡོ་ག་གསུམ་གྱིས་འདུལ་བ་ལ། །གཟིགས་ནས་ཨུ་རྒྱན་ཡུལ་གྱི་རྒྱལ་པོ་མཆོག། གཙུག་ཕུད་རིས་དཔྱོད་བཟང་ཞེས་བྱའི་སྲས་གྱུར་ཡང་། །རྒྱལ་སྲིད་མ་ཐོབ་ཐང་མཚམས་འཛིན་བཅུག་པའི། །མིང་ཡང་ཤནྟ་རཀྵ་ཏ་ཞེས་བཏགས། དེ་ཡིས་རྒྱལ་པོའི་སྲིད་ལ་གནོད་བྱས་པས། །དུར་ཁྲོོད་ཆེན་སོ་ས་གླིང་དུ་སྤྱུགས། །དེ་རུ་འོད་མའི་མདའ་དང་གཞུ་ཐོགས་ནས། །ཕོ་བྱུང་བསད་ཅིང་ཟོས་ཏེ་མོ་བྱུང་ལ། །སྦྱོར་བ་བྱས་ནས་དབང་བསྡུས་བྲན་དུ་བཀོལ། །འཁོར་དུ་མཁའ་འགྲོའི་དམག་ཚོགས་དཔག་མེད་འདུས། །དེ་རུ་ཏིང་འཛིན་སྐྱོང་བཞིན་ལོ་བརྒྱ་དང་། །བཅུ་དགུའི་བར་བཞུགས་ཞེས་པའི་ལོ་རྒྱུས་འདི། ཕུར་པ་བཀའ་མའི་གཞུང་སོགས་འགའ་ཞིག་ཏུ། །སློབ་དཔོན་མངལ་སྐྱེས་ཡིན་ཞེས་འདོད་བཞིན་ནོ། །དེ་འོག་གུ་རུ་རྣམ་ཤེས་རྩད་གཅོད་དུ། །སྤྲུལ་ནས་སྤྲིན་ལྡན་ཞེས་པའི་རྒྱལ་ཁམས་ཡང་། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོས་བཏུལ། །དེ་དང་ཆབས་ཅིག་སྡེ་སྣོད་གསུམ་འཛིན་པའི། །དགེ་སློང་རེ་དང་སྨིན་གྲོལ་ལམ་སྟོན་པའི། །སྔགས་པ་རེར་སྤྲུལ་སངས་རྒྱས་ཞིང་གཞན་དུ། །འགྲོ་དོན་མཛད་ཅེས་གྲགས་ཀྱང་བརྗོད་པར་དཀའ། །ཁྱད་པར་ཤཱཀྱ་ཐུབ་པའི་བསྟན་པ་འདིར། །རིག་གསུམ་མགོན་པོའི་གདུལ་ཞིང་ཡིན་པའི་ཕྱིར། །རྒྱ་གར་ཕྱག་ན་རྡོ་རྗེའི་གདུལ་ཞིང་དང་། །རྒྱ་ནག་འཇམ་པའི་དབྱངས་ཀྱི་འདུལ་བའི་ཞིང་། །བོད་ཡུལ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན། །ཞིང་ཁམས་དེ་གསུམ་འདུལ་བའི་དུས་མཁྱེན་ནས། །གདུལ་བྱའི་སྣང་ངོར་ཇི་ལྟར་འཁྲུངས་ཚུལ་ནི། །རྫུས་སྐྱེས་མངལ་སྐྱེས་འདི་ཡིན་ཕྱོགས་གཅིག་ཏུ། །ཁ་ཚོན་ཆོད་མིན་གདུལ་བྱའི་སྣང་ངོ་རུ། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །འདིར་ནི་རྫུས་ཏེ་སྐྱེས་པའི་ལོ་རྒྱུས་ཀྱང་། །འདུལ་བྱེད་མངལ་སྐྱེས་སྟོན་པ་ལ་ལ་ཡིས། །མི་མིན་དྲེགས་པའི་སྡེ་ཚོགས་འདུལ་དཀའི་ཕྱིར། །བླ་མེད་དོན་རྫོགས་འདུས་པའི་རྒྱུད་གཞུང་དུ། །ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །འཇིག་རྟེན་ཀུན་ལས་རྒྱལ་བ་མཆོག །ཨུ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །པདྨ་འབྱུང་གནས་ཞེས་བྱ་བ། །པདྨ་ལས་ནི་འབྱུང་བར་འགྱུར། །གསང་སྔགས་སྟོན་པར་ངས་ལུང་བསྟན། །ཞེས་པའི་རྒྱུ་མཚན་གསུམ་གྱིས་རྫུས་སྐྱེས་སུ། །འདོད་ཀྱང་གཞན་གྱིས་རྒོལ་ག་ལ་འཇུག །དེ་ཡང་ཨུ་རྒྱན་ཡུལ་གྱི་རྒྱལ་པོ་མཆོག །ཨིནྟྲ་བྷུ་ཏི་གསུམ་བྱུང་བར་བ་ལ། །སྲས་མ་བྱུང་བས་སྲས་འབྱུང་ཕྱིར་དུ་ནི། །ལོངས་སྤྱོད་ཐམས་ཅད་ཕངས་མེད་སྦྱིན་པར་བཏང་། །རང་བྱུང་གཟི་ཡི་མཆོད་རྟེན་ཞེས་གྲགས་པར། །མཆོད་པ་ཆེན་པོ་དཔག་མེད་འབུལ་བ་དང་། །ཆོས་ཀྱི་སྤྲིན་ཞེས་བྱ་བའི་མདོ་སྡེ་ཡང་། །དད་མོས་ཆེན་པོས་བཀླགས་པས་རྟེན་འབྲེལ་ཆོས། །རྫུས་སྐྱེས་བུ་ཞིག་རྙེད་པའི་ལྟས་ཤར་ཡང་། །ད་དུང་ཡར་མཆོད་མར་ལ་སྦྱིན་གཏོང་ཕྱིར། །རྒྱལ་པོ་ཉིད་ཀྱིས་དེ་ལྟར་དམ་བཅས་ནས། །དཀོར་མཛོད་ཀུན་ན་ཡོད་པའི་ནོར་རྣམས་ཀུན། །ཡར་མཆོད་མར་ལ་སྦྱིན་པ་བཏང་བའི་མཐར། །དཀོར་མཛོད་སྟོང་ཞིང་ནོར་རྣམས་ཟད་ཉེའི་ཚེ། །སྦྱིན་འཕྲོ་ཆད་ཀྱང་སློང་མོ་པ་ཡི་འཕྲོ། །མ་ཆད་ད་དུང་སློང་དུ་འོང་བ་ལ། །བློན་པོས་སྦྱིན་རྒྱུ་མེད་དོ་སྨྲས་པ་དང་། །སློང་མོ་པ་རྣམས་ཡི་ཆད་སེམས་ཕམ་ནས། །ངེད་ཅག་རྣམས་ལ་སྟེར་རྒྱུའི་སྐལ་མེད་ན། །སྔོན་ཆད་སྦྱིན་པ་བཏང་བ་དོན་མེད་ཅེས། །ཞུས་བཞིན་ཐམས་ཅད་མི་དགའི་ཚུལ་བསྟན་པས། །རྒྱལ་པོའི་ཐུགས་ལ་ཕྱི་ཡི་རྒྱ་མཚོ་ཡི། །གླིང་ན་བུ་མོ་མཛེས་ལྡན་མར་གྲགས་པའི། །ལག་ན་ཡིད་བཞིན་ནོར་བུ་དབང་གི་རྒྱལ། །དེ་ཉིད་ཕྱོགས་མེད་སྦྱིན་པ་གཏོང་བ་ཡི། །བྱང་ཆུབ་སེམས་དཔའ་ཞིག་གིས་གཞན་དོན་དུ། །བསླང་ན་སྟེར་བར་འདུག་ཅེས་གཏམ་ཐོས་བཞིན། །གཏན་པ་མེད་པའི་སྦྱིན་གཏོང་ཐུགས་བསྐྱེད་ནས། །སྔོན་ཆད་རྒྱ་མཚོར་ལན་མང་ཕྱིན་པ་ཡི། །དེད་དཔོན་གཅིག་ཡོད་དེ་ལ་གྲོགས་བཅོལ་ཏེ། །རྒྱ་མཚོར་འགྲོ་བའི་ས་མཁན་དགོས་ཚུལ་རྣམས། །བཀའ་བཀོད་བགྱིས་བཞིན་རྒྱ་མཚོར་བགྲོད་པའི་ཚས། །གཟིངས་སོགས་ཡོ་བྱད་ཐམས་ཅད་ཚང་བྱས་ནས། །རྒྱ་མཚོར་འཇུག་པའི་ལམ་དུ་ཞུགས་པའི་ཚེ། །རྒྱལ་པོར་བློན་པོ་རྣམས་ཀྱིས་མི་བཞུད་པར། །གསོལ་བ་བཏབ་ཀྱང་མ་གནང་གཟིངས་ནང་དུ། །ཞུགས་བཞིན་ཕྱོགས་བཞིའི་དར་པོ་ཆེ་བཞི་དེ། །གཟིངས་མགྱོགས་ཐབས་སུ་ཕྱར་ཏེ་མཐུན་པའི་རླུང་། །བྱུང་ཚེ་འགྲོ་ཞིང་མི་མཐུན་རླུང་བྱུང་ཚེ། །ཞ་ཉེའི་གཏིང་རྡོས་གཟིངས་སྡོད་ཐབས་ཀྱང་བྱེད། །དེ་ནས་བྱོན་པའི་དུས་ལ་བབ་ཙ་ན། །རྒྱལ་པོ་འཁོར་བཅས་དཔག་ཆེན་མདའ་བཞིན་དུ། །རྒྱ་མཚོའི་ཁ་ནས་གཞན་དོན་སེམས་བསྐྱེད་ཀྱིས། །བཞུད་པས་ཉེ་ཞོས་མ་རེག་རིན་པོ་ཆེའི། །གླིང་དུ་སླེབས་ཚེ་འཁོར་རྣམས་དེར་བཞག་ནས། །རྒྱལ་པོ་དང་ནི་དེད་དཔོན་རྗེ་འབངས་ཟུང་། །གྲུ་ཆུང་ཞིག་ཏུ་ཞུགས་ཏེ་ཕྱིན་པའི་ཚེ། །རིམ་བཞིན་རི་ནི་དཀར་པོ་སྔོན་པོ་དང་། །སེར་པོ་གསུམ་ནི་མཐོང་བར་གྱུར་པའི་ཚེ། །རྒྱལ་པོས་དེ་དག་ཅི་ཡིན་དྲིས་པ་ལ། །དེད་དཔོན་དེ་གསུམ་དངུལ་དང་བཻཌཱུ་ཪྱ། །གསེར་གྱི་རི་ཡིན་ཞེས་པ་རྒྱལ་པོར་གསོལ། །གསེར་གྱི་རི་དེའི་རྩ་རུ་ཕྱིན་ཙ་ན། །ས་གཞི་ཐམས་ཅད་གསེར་གྱི་བྱེ་མར་སྣང་། །རི་དེའི་མདུན་ན་རི་ཆེན་སྣ་ཚོགས་ལས། །གྲུབ་པའི་ངོ་མཚར་མཆོག་ལྡན་མཁར་གཅིག་འདུག །དེད་དཔོན་ཞལ་ནས་རྒྱལ་པོར་འདི་སྐད་ཞུས། །ང་རང་འདིར་འདུག་རྒྱལ་པོ་ཆེན་པོ་ཁྱེད། །ཕ་གིར་མཁར་གྱི་སྒོ་རུ་བཞུད་དགོས་ཀྱང་། །མཁར་དེའི་ཕྱི་སྐོར་རིམ་བདུན་མཚོས་བསྐོར་བའི། །ནང་ན་དུག་སྦྲུལ་ལ་སོགས་སྲོག་ཆགས་རིགས། །མང་དུ་ཡོད་ཀྱང་བྱང་ཆུབ་སེམས་བསྒོམ་བཞིན། །བྱོན་དང་ཉེར་འཚེས་རེག་པར་མི་འགྱུར་ལ། །མཁར་དེ་གྲུ་བཞི་སྒོ་བཞི་དང་ལྡན་པའི། །སྒོ་བཞིར་ཀླུ་ཡི་བུ་མོས་བསྲུང་བ་ཡོད། །དེ་ལ་གསོལ་བ་ཐོབ་ལ་ལྕགས་རིའི་སྒོ། །ཕྱེས་ལ་ནང་དུ་ཕྱིན་པས་ཕོ་བྲང་གི །སྒོ་ཡི་དྲུང་ན་རྡོ་རྗེའི་གཏུན་བུ་ཞིག །ཡོད་པས་དེ་ཡིས་སྒོ་དེ་རྡུངས་དང་ནི། །ཀླུ་ཡི་བུ་མོ་བརྒྱ་ཡིས་རིན་ཆེན་ཚོགས། །འབུལ་དུ་འོངས་ཀྱང་གཏམ་ལན་མ་སྨྲ་ལ། །ད་དུང་རྡོ་རྗེའི་གཏུན་བུས་སྒོ་རྡུངས་དང་། །ཀླུ་ཡི་བུ་མོ་མཛེས་ལྡན་མ་ཞེས་པ། །སྔོན་མོ་རིན་ཆེན་རྒྱན་གྱིས་སྤྲས་པ་ཞིག །འོངས་ཚེ་དེ་ལྟའི་ལོ་རྒྱུས་སྙན་གསོལ་ལ། །མཆོད་སྦྱིན་དོན་དུ་ནོར་བུ་ཞུས་ཤིག་དང་། །ཀླུ་མོས་ཡིད་བཞིན་ནོར་མཆོག་དབང་གི་རྒྱལ། །ཁ་དོག་སྔོན་པོ་འོད་ཟེར་ལྔ་ལྡན་ཞིག །འབུལ་དུ་འོང་པ་དེ་ཉིད་མྱུར་ལོངས་ལ། །ན་བཟའི་ལྕིབས་དང་བཅས་ཏེ་ཁྱེར་ལ་ཤོག །དེ་ལོན་བས་ན་བསམ་དགུ་འགྲུབ་པ་ཡིན། །དེ་སྐད་དེད་དཔོན་གྱིས་ནི་རྒྱལ་པོ་ལ། །ཇི་ལྟར་བསྒོས་བཞིན་བྱས་ཏེ་ཡིད་བཞིན་གྱི། །ནོར་བུའི་མཆོག་དེ་ཐོབ་མ་ཐག་ཉིད་དུ། །ཕྱིར་ལྡོག་བསམ་པའི་སྐད་ཅིག་དེ་ཉིད་ལ། །ནོར་བུའི་སྟོབས་ཀྱིས་དཀའ་ཚེགས་མེད་པ་རུ། །དེད་དཔོན་མདུན་སར་སླེབས་ཏེ་དྲིན་ཆེ་སྨྲས། །དེ་ནས་རྗེ་འབངས་གཉིས་པོ་ཕྱིར་ལྡོག་སྟེ། །འཁོར་རྣམས་ཡོད་པའི་ས་རུ་ཕྱིན་གྱུར་ཚེ། །དེད་དཔོན་རིན་ཆེན་བརྟགས་ལ་མཁས་པ་དེས། །བཟང་ངན་འབྲིང་སོགས་ཕྱེས་ནས་འཁོར་རྣམས་ལ། །གཏད་ཅིང་ཧ་ཅང་ནོར་ལ་སྲེད་ཆེས་ནས། །མང་ན་གཟིངས་ཆུར་བྱིང་བའི་རྒྱུ་བྱེད་པས། །ཆོག་ཤེས་གྱིས་ལ་རང་ཡུལ་ལྡོག་ཐབས་མཛོད། །ཅེས་སྨྲས་གཙོ་འཁོར་ཐམས་ཅད་གྲུར་ཞུགས་ཏེ། །རང་གི་ཕྱོགས་སུ་སྔར་བཞིན་རིམ་བགྲོད་པས། །རྒྱ་མཚོ་ཆེན་པོ་དེ་ཡི་གླིང་ཞིག་ཏུ། །པད་སྡོང་མེ་ཏོག་འདབ་མ་སྟོང་ལྡན་གྱི། །གེ་སར་དབུས་སུ་ཕྱོགས་བཅུ་དུས་གསུམ་གྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མངའ་བདག་མཆོག །ཨུ་རྒྱན་ཆེན་པོ་པདྨ་འབྱུང་གནས་ནི། །ཁྱེའུ་ལོ་བརྒྱད་ལོན་པའི་ན་ཚོད་ཙམ། །ལང་ཚོ་རབ་རྒྱས་མཚན་དཔེའི་གཟི་འོད་འབར། །རྡོ་རྗེ་དང་ནི་པདྨའི་ཕྱག་མཚན་ཅན། །ངོ་མཚར་མཆོག་ལྡན་དེ་དང་མཇལ་མ་ཐག །རྒྱལ་པོས་དད་གུས་མོས་པ་ཆེར་ཐོབ་བཞིན། །འདི་སྐད་ཅེས་པའི་དྲི་བའི་ཞུ་ཚིག་ཕུལ། །ཁྱེའུ་ཁྱོད་ཀྱི་ཕ་དང་མ་ནི་གང་། །རིགས་དང་ཡུལ་ནི་ཅི་འདྲ་བ་ཞིག་ཡིན། །ཟས་སུ་ཅི་གསོལ་འདི་རུ་ཅི་ཞིག་བྱེད། །དེ་རྣམས་དྲིས་པའི་ལན་དུ་ཁྱེའུ་ཡིས། །བདག་གི་ཕ་ནི་རང་རིག་ཡེ་ཤེས་ཡིན། །མ་ནི་ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡིན། །རིགས་ནི་དབྱིངས་རིག་དབྱེར་མེད་ཟུང་འཇུག་ཡིན། །ཡུལ་ནི་ཆོས་དབྱིངས་སྐྱེད་མེད་ཞིང་ཁམས་ཡིན། །ཟས་སུ་གཉིས་སྣང་རྟོག་པ་ཟ་བ་ཡིན། །འདི་རུ་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་། །ཁྱེ་འུས་ཞལ་ནས་དེ་སྐད་གསུངས་པ་དང་། །རྒྱལ་པོ་ཆེན་པོ་ངོ་མཚར་རབ་སྐྱེས་ཏེ། །འདི་ནི་སྤྲུལ་པའི་སྐུ་ཞིག་ཡིན་སྙམ་བཞིན། །བདག་གི་བུ་སྐལ་དང་ནི་མཆོད་གནས་རྟེན། །བྱེད་དོ་ཞེས་གསོལ་ཕྱག་གཉིས་དར་ལྕིབས་དང་། །བཅས་ཏེ་ཁྱེའུ་པད་སྡོང་དང་བཅས་པ། །བླངས་ཏེ་རྒྱལ་པོ་རང་གི་ཕོ་བྲང་དུ། །ཕྱོགས་པར་གྱུར་ཚེ་ཐམས་ཅད་དགའ་སྤྲོ་སྐྱེས། །རྒྱལ་པོ་ཕོ་བྲང་ནང་དུ་ཆགས་ཕབ་ཚེ། །ཡིད་བཞིན་ནོར་བུའི་མཆོག་དེ་ཕྱག་བསྣམས་ཏེ། །ང་ཡིས་རྙེད་པའི་ཡིད་བཞིན་ནོར་བུ་འདི། །དགོས་འདོད་རེ་སྐོང་དབང་པོ་ཡིན་ངེས་ན། །ཁྱེ་འུ་འདི་ཉིད་བཞུགས་པའི་རིན་ཆེན་ཁྲིར། །རྒྱན་བཀོད་འཕན་གདུགས་ལ་སོགས་ཡོངས་ཚང་བ། །ངོ་མཚར་ཕུལ་བྱུང་མཆོག་དང་ལྡན་གྱུར་ཅིག །ཅེས་བརྗོད་འཕྲལ་དུ་དེ་རྣམས་ཕུན་ཚོགས་གྱུར། །དེ་ལ་ཁྱེའུ་ཆུང་བཞུགས་སུ་གསོལ་བཅུག་ནས། །མཚན་ཡང་མཚོ་སྐྱེས་རྡོ་རྗེ་ཞེས་སུ་བཏགས། །རྒྱལ་བུ་ཉིད་ཀྱིས་དགེ་བཅུའི་ཁྲིམས་བཅས་པས། །སླར་ཡང་པདྨ་རྒྱལ་པོ་ཞེས་སུ་གྲགས། །རྒྱལ་པོས་སྔོན་བཞིན་ནོར་བུ་ཕྱག་གཉིས་ཀྱིས། །བཟུང་ནས་སྨོན་ལམ་འདི་བཞིན་བཏབ་པ་ལ། །བདག་གིས་རྙེད་པའི་ཡིད་བཞིན་ནོར་བུ་འདི། །ཡིད་བཞིན་དབང་མཆོག་ཡང་དག་ཡིན་ངེས་ན། །བང་མཛོད་སྟོང་པ་ཐམ་ཅད་ཡོངས་གང་ཤོག །བརྗོད་མ་ཐག་ཏུ་སྔོན་གྱི་བང་མཛོད་རྣམས། །ནོར་རྫས་ལོངས་སྤྱོད་མཁོ་དགུས་གང་བར་གྱུར། །དེ་ནས་རྒྱལ་པོས་རྔ་བོ་ཆེ་བརྡུངས་ནས། །ཕྱོགས་མཚམས་ཀུན་ཏུ་རབ་ཏུ་སྙན་པའི་སྒྲ། རྒྱལ་པོ་ཨིནྟྲ་བྷུ་ཏིས་ཡིད་བཞིན་གྱི། །ནོར་བུ་ལོན་པས་དགོས་འདོད་ཆར་བཞིན་དུ། །འབེབས་པར་ངེས་པས་གང་ལ་གང་དགོས་པའི། །ནོར་དང་ལོངས་སྤྱོད་ལོངས་ཤིག་ཅེས་བསྒྲགས་བཞིན། །ནོར་བུར་ཁྲུས་དང་བྱི་དོར་ལེགས་བྱས་ཏེ། །རྒྱལ་མཚན་རྩེ་མོར་བཙུགས་ཏེ་དྲི་བཟང་པོས། །ལེགས་པར་བདུག་ཅིང་མཆོད་པ་རྒྱ་ཆེན་པོ། །བཤམས་ནས་རྒྱལ་པོ་ཆེན་པོ་ཉིད་ཀྱིས་ཀྱང་། །ཁྲུས་བྱས་གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཕྱོགས་བཞིའི་ལྷ་ལ་ཕྱག་ནི་མང་བཙལ་བཞིན། །གཞན་ཕན་སེམས་བསྐྱེད་གསོལ་བ་འདི་བཞིན་བཏབ། །ང་ཡིས་རྙེད་པའི་ནོར་བུ་རིན་ཆེན་འདི། །ཡིད་བཞིན་ནོར་བུ་ཡང་དག་ཡིན་ངེས་ན། །སེམས་ཅན་ཀུན་ལ་དགོས་འདོད་ཆར་ཆེན་ཕོབས། །བརྗོད་མ་ཐག་ཏུ་ཕྱོགས་བཞིའི་བསེར་བུ་ཡིས། །ས་གཞི་གཙང་བར་བྱེད་པའི་སྟེང་ཉིད་དུ། །དང་པོ་ཁ་ཟས་རོ་བརྒྱའི་ཆར་བ་དང་། །དེ་ནས་གོས་དང་ནོར་རྫས་ཆར་བབས་ཏེ། །ལྟོགས་གྲང་དབུལ་བའི་སྡུག་བསྔལ་བསལ་བྱས་ནས། །རྒྱལ་པོའི་མངའ་འོག་ཀུན་ལ་འདི་སྐད་སྨྲས། །ད་ནི་ཁྱེད་རྣམས་མི་དགེའི་སྡིག་སྤོངས་ལ། །དགེ་བ་བཅུ་དང་ཁྱད་པར་ཐེག་ཆེན་གྱི། །ཆོས་ལ་སྤྱོད་པར་གྱིས་ཞེས་བཀའ་བསྒོས་པས། །ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཕྱིར་མི་ལྡོག་པའི་སངས་རྒྱས་ས་ཐོབ་གྱུར། །དེ་ནས་རྒྱལ་སྲས་སྤྲུལ་པའི་སྐུ་དེ་ཡིས། །རྒྱལ་སྲིད་བཟུང་ན་འགྲོ་དོན་མི་འོང་པའི། །དོན་ལ་དགོངས་ཏེ་རྒྱལ་བློན་འཁོར་དང་བཅས། །ཞེན་པ་བཟློག་ཕྱིར་བརྟུལ་ཞུགས་སྤྱོད་པ་བརྩམས། །སྐབས་དེར་ཨུ་རྒྱན་ཡུལ་ཆེན་དགུ་དང་ནི། །གྲོང་ཁྱེར་ཆེན་པོ་བྱེ་བ་བཅོ་བརྒྱད་ཀྱི། །རྒྱལ་པོ་སྲས་དང་བློན་པོ་བཅས་ཀུན་གྱི། ལྟད་མོ་པ་རྣམས་ཉི་མ་དུ་ཤར་ལ། །ཡོངས་ཚོགས་སྟོབས་རྩལ་ཆེ་བའི་གྱད་རྣམས་དང་། །སྟོབས་རྩལ་འགྲན་པས་སུས་ཀྱང་མ་ཐུབ་ཅིང་། །ཁྱད་པར་དུ་ཡང་མདའ་རྩལ་འགྲན་པས་ན། །ཆེ་བ་ཁབ་མིག་ཙམ་དུ་ཚུད་ནུས་ཤིང་། །ཆུང་བ་རྒྱང་གྲགས་ཙམ་དུ་བསེ་སྒོ་དང་། །ལྕགས་སྒོ་བདུན་སྦྲགས་ཐོགས་མེད་ཐལ་འབྱིན་ཞིང་། །གནམ་མདའ་ལྟོང་མདེལ་བཅུ་གསུམ་སྦྲེལ་བར་མཛད། །དེ་ཚེ་རྒྱལ་བུ་གྱད་མཆོག་བྱ་བར་གྲགས། གཞན་ཡང་ཕ་བོང་གཡག་ཙམ་རྒྱང་གྲགས་སུ། །འཕངས་དང་དེ་བཞིན་ལྕགས་ཀྱི་ཕ་བོང་དགུ། །འུར་རྡོར་བཅུག་ནས་སྲིན་བྲག་བྱ་མཁར་ལ། །བརྡེགས་པས་རྩེ་ནས་བསྙིལ་སོགས་འཕྲུལ་མང་བསྟན། །དབུགས་ཐེངས་གཅིག་རིང་ཐོར་ཅོག་དགུ་ལྡན་གྱི། །གྲོང་ཁྱེར་ལན་གསུམ་སྐོར་བའི་སྟོབས་ལྡན་ཞིང་། །མདའ་བོ་ཆེ་དང་བང་རྩལ་མཉམ་པ་དང་། །ཉ་མོ་ཆུ་རྒྱུག་དག་དང་འགྲན་ལས་རྒྱལ། །བྱ་ཁྲ་ཞགས་པས་བཟུང་དང་སེང་སྟག་དོམ། །ཞོན་ནས་བརྒྱུགས་པ་ལ་སོགས་འཕྲུལ་བསྟན་ཚེ། །རྒྱལ་བུ་མི་ཐུབ་སེང་གེ་ཞེས་བྱར་གྲགས། །དེ་ཡང་རབ་ཏུ་བྱུང་ནས་བསྟན་འགྲོའི་དོན། །མཛད་པར་དགོངས་ཀྱང་རྒྱལ་པོས་མ་གནང་ཞིང་། །སྔ་མར་རྒྱ་མཚོའི་དབུས་ནས་ཕོ་བྲང་དུ། །སྤྱན་དྲངས་སྐབས་སུ་ལམ་ཁའི་མཚམས་ཤིག་ན། །ཁྱིམ་པ་ཕོ་མོ་གཉིས་ཀྱི་བུ་ཆུང་ཞིག །ཟླ་གྲོགས་བྱིས་པ་བསད་པའི་ཉེས་ཆད་ཀྱིས། །རང་གི་ཁྱིམ་དུ་འོང་དུ་མ་བཅུག་པར། །གཟིགས་པས་རྟེན་འབྲེལ་དུས་ལ་བབ་དགོངས་ནས། །ཕོ་བྲང་རྩེ་མོར་གཅེར་བུའི་མངོན་རྟོགས་ཀྱིས། །རུས་པའི་རྒྱན་གསོལ་ཕྱག་གཡས་ཌཱ་རུ་དང་། །ཕྱག་གཡོན་ཏྲི་ཤུལ་རྩེ་གསུམ་ཐོགས་ནས་སུ། །གར་དགུའི་རོལ་རྩེད་སྣ་ཚོགས་བསྒྱུར་བའི་ཚེ། །ལྟ་མོ་ལྟ་བའི་མི་མང་འཚོགས་པ་ལ། །ཉིན་གཅིག་ཁ་ཊྭཱཾ་ཤོར་བའི་བརྫུ་ཐབས་ཀྱིས། །སྡིག་བློན་ཀ་མ་ཏ་ཞེས་བྱ་བའི་བུའི། །མགོ་ལ་ཁ་ཊྭཱཾ་ཕོགས་ནས་ཤི་བའི་ཚེ། །རྒྱལ་ཁྲིམས་ཤིན་ཏུ་གཉན་པས་དབང་བྱས་ཏེ། །བློན་རྣམས་འདུས་ནས་རྒྱལ་པོར་ཞུ་ཕུལ་བ། །ཁྱེའུ་འདི་ནི་རྒྱལ་པོར་མངའ་གསོལ་ཡང་། །ཚུལ་མིན་སྤྱོད་པས་བློན་པོའི་བུ་བསད་པས། །རྒྱལ་བུ་ཡིན་ཡང་གསལ་ཤིང་རྩེ་མོ་རུ། །བསྐྱོན་ནས་ཆད་པ་གཅོད་དགོས་ཞུས་པ་ལ། །རྒྱལ་པོའི་ཞལ་ནས་ལྡེམ་པོའི་ངག་གིས་ནི། །འདི་ཉིད་མི་མ་ཡིན་གྱི་བུ་ཞིག་གམ། །སྤྲུལ་པའི་སྐུ་ཞིག་ཡིན་ནམ་མ་འཚལ་བས། །བསད་པས་ལི་ལེགས་སྤྱུགས་དགོས་གསུངས་པ་ལ། །བློན་རྣམས་བགྲོས་ཏེ་དུར་ཁྲོད་བསིལ་བའི་ཚལ། །འཇིགས་སུ་རུང་བ་དེ་ལ་སྤྱུགས་དགོས་ཟེར། །དེ་ནས་རྒྱལ་པོ་ཤིན་ཏུ་མ་དགྱེས་ཀྱང་། །རྒྱལ་ཁྲིམས་བཙན་པའི་དབང་གིས་ཐབས་མེད་པར། །རྒྱལ་བུ་མདུན་སར་སྤྱན་དྲངས་བཟའ་བཏུང་རིགས། །སྟོབ་བཞིན་རྒྱལ་པོའི་ཞལ་ནས་འདི་སྐད་གསུངས། །རིན་ཆེན་མཚོ་དཀྱིལ་པདྨའི་སྡོང་པོ་ལས། །ཕ་དང་མ་མེད་ཁྱེ་འུ་སྤྲུལ་པའི་སྐུ། །སྲས་ཀྱིས་ཕོངས་ནས་རྒྱལ་སར་དབང་བསྐུར་ཀྱང་། །རྒྱལ་བུའི་སྤྱོད་པས་བློན་པོའི་ཕྲུ་གུ་བཀུམས། །བློན་པོ་རྣམས་ཀྱིས་རྒྱལ་ཁྲིམས་ཆད་པ་ཡིས། །གསོད་པར་སྨྲ་ཡང་སྤྱུགས་པར་གནང་བ་ཡིན། །ད་ནི་གར་བདེའི་གནས་སུ་སོང་གསུངས་བཞིན། །རྒྱལ་པོ་ཉིད་ཀྱང་སྤྱན་ཆབ་ཤར་གྱིས་ཕྱུང་། །དེ་ནས་རྒྱལ་བུས་བཟའ་བཏུང་ཕུད་རྣམས་ཀུན། །ཡབ་ལ་དྲངས་ཏེ་ཞུ་བ་འདི་བཞིན་ཕུལ། །འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཡང་། །ཡབ་དང་ཡུམ་ལ་བསྟེན་ནས་རྒྱལ་ས་བཟུང་། །ལས་ཀྱི་ལན་ཆགས་བློན་པོའི་ཕྲུ་གུ་བཀུམས། །རྒྱལ་ཁྲིམས་གཉན་པས་བདག་ནི་སྤྱུགས་ན་ལེགས། །སེམས་ལ་སྐྱེ་ཤི་མེད་པས་ང་མི་འཇིགས། །ཡུལ་ལ་ཞེན་པ་མེད་པས་ཉམ་མི་ང་། །ཡབ་དང་ཡུམ་གཉིས་ཡུན་དུ་ཅི་བདེར་བཞུགས། །ལས་ཀྱིས་འབྲེལ་བས་ཕྱི་ནས་མཇལ་ཏེ་མཆི། །ཞེས་གསུངས་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ཞིང་། །སྤྱན་ཆབ་བཏོན་ནས་གཤེགས་པར་བརྩམས་པ་ལ། །ཡབ་ཡུམ་གཉིས་ཀ་མ་དགྱེས་གཟིམ་ཚུལ་བསྟན། །དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་བུ་དེ། །ཁྲིད་ནས་ཨུ་རྒྱན་ཡུལ་གྱི་ཤར་ཕྱོགས་ན། །དུར་ཁྲོོད་བསིལ་བའི་ཚལ་ཞེས་འཇིགས་སུ་རུང་། །བཟོད་པར་དཀའ་བའི་གནས་དེར་སོང་ཞིག་བསྒོས། །དེ་ནུབ་ལྔ་ལྡན་ཡུལ་གྱི་བྲག་ཕུག་མིང་། །བཀའ་སྐྱོང་ཞེས་པར་སླེབས་བཞིན་ཞག་ས་བྱས། །དེ་རུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དལ། །ཞལ་ཕྱེས་ཞག་བདུན་བསྒྲུབས་པས་འགྲུབ་གྱུར་ནས། །ཞི་བའི་ལྷ་ཚོགས་མངོན་སུམ་ཞལ་གཟིགས་སོ། །དེ་ནས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །བརྟུལ་ཞུགས་སྤྱོད་པར་གཤེགས་ནས་དེར་བཞུགས་སྐབས། །ཡུལ་དེའི་མི་རྣམས་ཤི་ཚད་ཐམས་ཅད་ཀྱི། །རོ་རྣམས་དེར་སྐྱེལ་རོ་གོས་རས་ཡུག་དང་། །རོ་ཟས་འབྲས་ཆན་ཁལ་རེ་སྔས་བཅུག་འཇོག །རྒྱལ་བུས་རོ་ཟས་ཟོས་ཤིང་རོ་གོས་གྱོན། །ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་གྱུར་སྐབས། །ཅི་ཞིག་ལྟར་ཏེ་ཡུལ་དེར་མུ་གེ་ཞིག །བྱུང་བས་རོ་མང་བསྐྱལ་ཡང་རོ་གོས་དང་། །རོ་ཟས་འབྲས་ཆན་མེད་པར་གྱུར་པའི་ཚེ། །གོས་སུ་མི་ལྤགས་དང་ནི་ཁ་ཟས་ཀྱང་། །མི་ཤ་འཚོ་བར་བསྟེན་ནས་དུར་ཁྲོད་ཀྱི། །མཁའ་འགྲོ་མ་ཚོགས་དབང་བསྡུས་བྲན་དུ་བཀོལ། །བརྟུལ་ཞུགས་སྤྱོད་པ་མཛད་ཅིང་བཞུགས་པའི་ཚེ། །ཨུ་རྒྱན་ཡུལ་གྱི་གའུ་ཤོད་ཅེས་ན། །སྡིག་སྤྱོད་རྒྱལ་པོ་བརྒྱ་བྱིན་རཱ་ཙ་ཡིས། །མངའ་འོག་པ་ཀུན་ལོག་པའི་ལམ་བཙུད་ནས། །ཕྱི་མ་ངན་སོང་གསུམ་དུ་འགྲོ་བའི་སྐྱོན། །གཟིགས་ནས་དེ་རྣམས་མངོན་སྤྱོད་དྲག་པོ་ཡིས། །འདུལ་བར་དགོངས་ཏེ་དྲག་ཤུལ་སྤྱོད་པ་ཡིས། །དབུ་སྐྲ་གྱེན་བརྫེས་སྦྲུལ་གྱིས་བཅིངས་ནས་སུ། །མི་ལྤགས་གཡང་གཞི་སྐུ་ཡི་སྟོད་ལ་མནབས། །སྟག་གི་ལྤགས་པའི་ཤམ་ཐབས་སྨད་ལ་དཀྲིས། །ཕྱག་ཏུ་ལྕགས་ཀྱི་མདའ་ལྔ་གཞུ་གཅིག་ཐོགས། །སྡིག་སྤྱོད་རྒྱལ་པོའི་ཡུལ་དེར་བྱོན་ནས་ཀྱང་། །ཕོ་བྱུང་ཐམས་ཅད་བསད་ཅིང་ཤ་ཁྲག་ཟོས། །མོ་བྱུང་སྦྱོར་བ་བྱས་ནས་དབང་བསྡུས་ཤིང་། །ཏ་ན་ག་ནའི་སྦྱོར་སྒྲོལ་ཆོ་ག་མཛད། །ཤིནྟ་རཀྵི་ཏ་ཞེས་ཀུན་ལ་གྲགས། །དེ་ནས་སྡིག་སྤྱོད་རྒྱལ་པོ་དེ་ཉིད་ཀྱིས། །ཡུལ་གྱི་མི་རྣམས་བསྡུས་ནས་དུར་ཁྲོད་དུ། །ཕྱིན་ནས་སྲིན་པོ་གསོད་པར་གྲོས་བྱས་ནས། །རྒྱལ་པོ་ཉིད་ཀྱི་ཡུལ་དེར་མདའ་རྩལ་ལ། །ཤིན་ཏུ་གོམས་པའི་མི་གཅིག་ཡོད་པ་དེ། །དུར་ཁྲོད་མདའ་རུ་འཕྲང་སྲུང་པ་ལ་བཞག །གཞན་ཡང་ཡུལ་དེའི་མི་རྣམས་ཐམས་ཅད་ཀྱིས། གོ་བགོས་མཚོན་ཐོགས་དུར་ཁྲོད་ལུང་པ་ཡི། །ཕུ་ནས་མར་ལ་ལིང་བཏང་གཡུལ་བཤམས་པས། །སྲིན་པོས་ལྕགས་མདས་འཕྲང་སྲུང་བསྒྲལ་ནས་ཀྱང་། །དམག་ཆེན་དཔུང་གིས་ཁོ་རང་མ་ཐུབ་པར། །ཤོར་བས་ཤོར་བ་གཞོན་ནུ་ཞེས་སུ་གྲགས། །དེ་སྐབས་ཤཱཀྱ་སྲིད་སྒྲུབ་ཅེས་བྱ་ལ། །རྩིས་ཀྱི་གཙུག་ལག་བསླབས་ཏེ་མཁས་པར་བྱས། །དེ་ནས་ཟ་ཧོར་ཡུལ་གྱི་དུར་ཁྲོད་ནི། །དགའ་བའི་ཚལ་ཞེས་བྱ་བར་སྔོན་བཞིན་དུ། །བརྟུལ་ཞུགས་སྤྱོད་པས་རོ་ལ་ལོངས་སྤྱོད་ཅིང་། །མཁའ་འགྲོ་བདུད་འདུལ་མ་ཞེས་བྱ་བ་ཡིས། །སྨིན་ཅིང་གྲོལ་བར་དབང་བསྐུར་བྱིན་གྱིས་བརླབས། །དེ་ནས་ཨུ་རྒྱན་ཡུལ་གྱི་ལྷོ་ཡི་ཕྱོགས། །དུར་ཁྲོད་སོ་ས་གླིང་ཞེས་བྱ་བ་རུ། བྱོན་ནས་སྔར་བཞིན་བརྟུལ་ཞུགས་སྤྱོད་པ་མཛད། །མཁའ་འགྲོ་ཆེན་མོ་ཞི་བ་འཚོ་ཞེས་པ། །དབང་བསྐུར་བྱིན་གྱིས་བརླབས་ནས་སྨིན་པར་བྱས། །དེ་ནས་སྔ་མར་འཁྲུངས་ཡུལ་རྒྱ་མཚོ་ཡི། །གླིང་དུ་བྱོན་ནས་གསང་སྔགས་བླ་མེད་ཆོས། །མཁའ་འགྲོ་མ་ཡི་བརྡ་སྐད་གྱིས་བསྒྲུབས་པ། །རྒྱ་མཚོའི་གླིང་གི་མཁའ་འགྲོ་མ་བཞི་དང་། །རྒྱ་མཚོའི་ཀླུ་དང་བར་སྣང་གཟའ་སྐར་རྣམས། །བྲན་དུ་ཁས་བླངས་བཀའ་དང་དམ་ལ་བཏགས། །ཨུ་རྒྱན་ཡུལ་གྱི་དུར་ཁྲོད་རྩུབ་འགྱུར་ཚལ། །ཞེས་པར་བརྟུལ་ཞུགས་སྤྱོད་པ་མཛད་པའི་ཚེ། །རྡོ་རྗེ་ཕག་མོའི་ཞལ་མཐོང་དབང་བསྐུར་ཞིང་། །རིགས་བཞིའི་མཁའ་འགྲོ་རྣམས་དང་གནས་གསུམ་གྱི། །དཔའ་བོ་མཁའ་འགྲོ་རྣམས་ལས་དངོས་གྲུབ་ཐོབ། །མཁའ་འགྲོའི་ཚོགས་ཀྱིས་ཆོས་བཤད་བྱིན་བརླབས་ནས། །ནུས་པ་མཆོག་དང་ལྡན་པའི་རྣལ་འབྱོར་དུ། །གྱུར་བཞིན་མཁའ་འགྲོ་མ་ཡི་ཚོགས་རྣམས་ཀྱིས། །གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས། །དེ་ནས་རྒྱ་གར་རྡོ་རྗེ་གདན་མཆོག་ཏུ། །བྱོན་ནས་ལན་རེ་དགེ་སློང་བརྒྱ་སྟོང་དུ། །སྤྲུལ་ཏེ་གནས་དེའི་རྟེན་ལ་མཆོད་འབུལ་བྱེད། །རེས་འགའ་རྣལ་འབྱོར་བརྒྱ་དང་སྟོང་སྤྲུལ་ནས། །སྤྱོད་པ་ངེས་མེད་སྣ་ཚོགས་ངོམ་གྱུར་ཚེ། །མི་རྣམས་ཀུན་གྱིས་དེ་ལ་འདི་སྐད་ཅེས། །ཁྱོད་ཀྱི་སློབ་དཔོན་སུ་ཡིན་ཞེས་དྲིས་པར། །ང་ལ་ཕ་མ་དང་ནི་སློབ་དཔོན་དང་། །རིགས་རུས་ཆོ་འབྲང་སོགས་ཀྱང་ཡོད་མིན་ཏེ། །ང་ནི་རང་བྱུང་སངས་རྒྱས་ཡིན་བྱས་པས། །ཐམས་ཅད་སོམ་ཉིར་གྱུར་ཏེ་འདི་སྐད་གླེང་། །སློབ་དཔོན་མེད་པ་འདི་འདྲ་བདུད་ཡིན་ནམ། །ཞེས་སྨྲས་ཐོས་པས་གང་གི་ཐུགས་དགོངས་ལ། །ང་ནི་རང་བྱུང་སྤྲུལ་པའི་སྐུ་ཡིན་ཡང་། །ཕྱི་རབས་པ་རྣམས་སློབ་དཔོན་བསྟེན་དགོས་པར། །དགོངས་ཏེ་སྨན་དང་རྩིས་དང་ཡིག་རིགས་དང་། །བཟོ་དང་ཚད་མ་ལ་སོགས་བསླབས་ཤིང་སྦྱངས། །གནས་བརྟན་ཉི་མ་གུང་པ་ཞེས་བྱ་དང་། །ལྷན་ཅིག་ཆུ་བོ་གང་གའི་གླིང་གི་དཔྱད་འཚལ་དོར། །འཕགས་པ་ཀུན་དགའ་བོ་དེ་མཇལ་ནས་སུ། །སྡེ་སྣོད་གསུམ་གྱི་ཆོས་རྣམས་མ་ལུས་གསན། །སླར་ཡང་དགེ་སློང་ཤཱཀྱ་མཻ་ཏྲི་དང་། །ཤཱཀྱ་བཤེས་གཉེན་གཉིས་པོ་དང་འཕྲད་ནས། །གསུམ་པོ་སློབ་དཔོན་པྲ་ཆེན་ཧསྟི་ལ། །ཆོས་ཞུར་འགྲོ་བར་སྙམས་ཀྱང་དེ་གཉིས་ནི། །སྔོན་གྱི་སྲིན་པོ་མི་ཟན་ཡིན་པ་ལ། །འཇིགས་ཤིང་སྐྲགས་ནས་བག་ཕེབས་མ་གྱུར་ཚེ། །སྲིན་པོས་ད་ནི་མི་དགེའི་ལས་སྤངས་བས། །རྗེས་སུ་འཛིན་པར་མཛོད་ཅིག་ཞུས་པ་དང་། །འོན་སྔོན་ལ་ལག་ཆ་ཕུལ་དང་ཟེར། །ལྕགས་ཀྱི་མདའ་གཞུ་ཕུལ་ཀྱང་དེ་གཉིས་ཀྱིས། །ངེད་རང་གཉིས་ཀྱིས་ཁྱེད་རང་འདུལ་བ་ཡི། །དུས་ལ་བབ་པ་མིན་པས་དེ་ལས་གཞན། །བྲག་དམར་བྱ་ཁྱུང་ཚལ་ཞེས་བྱ་བ་ན། །སློབ་དཔོན་པྲ་བྷ་ཧ་སྟི་བཞུགས་ཡོད་པས། །དེ་རུ་འདོང་ཞེས་བསླབ་བཞིན་ཕྱིན་པ་ལ། །རབ་ཏུ་བྱུང་ནས་ཤཱཀྱ་སེང་གེར་བཏགས། །ཁྱད་པར་ཡོ་གའི་ཆོས་རྣམས་ཞུས་ནས་སུ། །སྒྲུབ་པ་མཛད་པས་ཡོ་གའི་ལྷ་ཡི་ཚོགས། །སུམ་ཅུ་རྩ་བདུན་ཞལ་མཐོང་དངོས་གྲུབ་ཐོབ། །དེ་ནས་བྷེ་ཏའི་དུར་ཁྲོད་སྐུ་ལ་རྫོགས། །ཞེས་པར་ལོ་ལྔར་བཞུགས་ནས་མཁའ་འགྲོ་མར། །ཆོས་གསུངས་མཚན་ཡང་ཉི་མ་འོད་ཟེར་གྲགས། །སྲས་མོ་གཽ་མ་དཱེ་བ་ཞེས་བྱ་བར། །ནགས་ཚལ་དྲྭ་བ་ཅན་གྱི་གནས་མཆོག་ཏུ། །ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་ཞུས། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ། །ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ལ༈ །རྫོགས་པ་ཆེན་པོའི་རྒྱུད་རྣམས་མ་ལུས་ཐོབ། །སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་། །མཇལ་ནས་གདམས་པ་ཞུ་དགོས་ཞུས་པ་ལ། །ང་ཡིས་ཁྱོད་འདུལ་དུས་པ་མ་བབ་པས། །རྫོགས་ཆེན་དོན་རྟོགས་དགེ་སློང་ཀུན་དགའ་མོར། །དབང་ཞུས་གསུངས་པའི་མོད་ལ་དེར་ཕྱིན་པས། །གསང་བ་ཡེ་ཤེས་མཁའ་འགྲོ་དགེ་སློང་མར། །སྤྲུལ་པ་དེ་ལ་དད་མོས་བྱས་ཙམ་ན། །སློབ་དཔོན་ཧཱུཾ་དུ་བསྒྱུར་ནས་ཞལ་དུ་བརྔུབས། །གསང་བའི་པདྨོར་བཏོན་ནས་ཕྱིར་ཕྱུང་ཚེ། །ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བྱས། །སྣང་མཐའི་སྒོ་ནས་ཚེ་ཡི་རིག་འཛིན་དང་། །ཕྱག་ན་པདྨའི་སྒོ་ནས་ཕྱག་ཆེན་གྱི། རིག་འཛིན་བརྙེས་ཤིང་གསང་བ་རྟ་མགྲིན་གྱི། །སྒོ་ནས་དྲེགས་ཚོགས་འདུལ་བའི་སྲོག་དབང་ཐོབ། །འཇམ་དཔལ་བཤེས་གཉེན་ཀླུ་སྒྲུབ་ཧཱུཾ་ཀ་ར། །བི་མ་མི་ཏྲ་དྷ་ན་སཾ་ཀྲྀ་ཏ། །རོམྦུ་གུ་ཧྱ་ཤྲི་སེང་ཧ་དང་། །བུདྡྷ་གུབྟ་རྣམས་ལ་གསང་སྔགས་ཀྱི། །ཕྱི་ནང་གསང་བའི་ཆོས་རྣམས་རྫོགས་པར་ཞུས། །བསྐྱེད་པ་མ་ཧཱ་ཡོ་གའི་ཆོས་རྣམས་ཀུན། །སླར་ཡང་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལས། །གསན་ནས་ཐུགས་སུ་ཆུད་པར་གྱུར་བ་ལ། །མཁས་པ་བློ་ལྡན་མཆོག་སྲེད་ཅེས་སུ་གྲགས། །བྱ་རྒོད་ཕུང་པོའི་རི་ལ་བཞུགས་ནས་སུ། །འབྱུང་ལྔའི་བཅུད་ལེན་མཛད་པས་དངོས་གྲུབ་ཐོབ། །མཚན་ཡང་པདྨ་སམ་བྷ་ཞེས་བྱར་གྲགས། །གཞན་ཡང་སློབ་དཔོན་མ་ཧཱ་གུ་རུ་ཉིད། །སྤྱོད་པར་གཤེགས་ཚེ་ཕྱི་རོལ་མུ་སྟེགས་པའི། །མཐུ་ནུས་ཐོབ་པའི་སྟོན་པ་བཞི་བྱུང་བར། །རེ་རེའི་འཁོར་ཡང་ལྔ་བརྒྱ་དང་བཅས་ཏེ། །རྡོ་རྗེ་གདན་གྱི་ཤར་ལྷོ་ནུབ་བྱང་དུ། །རྩོད་པར་དུས་བཏབ་མུ་སྟེགས་པ་རྣམས་ཀྱིས། །ངེད་ཅག་རྒྱལ་ན་ཁྱེད་རང་ནང་པ་རྣམས། །ངེད་ཀྱི་བསྟན་ལ་ཅིས་ཀྱང་འཇུག་དགོས་ཤིང་། །ཁྱེད་རང་རྒྱལ་ན་ངེད་ཀྱང་དེ་བཞིན་བྱེད། །ཅེས་སྨྲས་དེ་ཚེ་རྡོ་རྗེ་གདན་གྱི་སྒོ། །སྲུང་མཛད་མཁས་པ་མི་བཞི་ལ་སོགས་པའི། །པནྚི་ཏ་རྣམས་རྩོད་པས་ཐུབ་འགྱུར་ཡང་། །ནུས་པས་མི་ཐུབ་སྙམས་ནས་སྨྲ་མ་ནུས། །དེ་ནས་རྡོ་རྗེ་གདན་གྱི་པཎྜི་ཏ། །ཐམས་ཅད་ཅི་དགོས་མདུན་གྲོས་བཤམས་པའི་ཚེ། །ཕྱག་ཤིང་བསྣམས་པའི་བུད་མེད་སྔོན་མོ་གཅིག །དྲུང་དུ་བྱུང་ནས་མོ་ཡི་མཆིད་ན་རེ། །ཁྱེད་རྣམས་ཀུན་གྱིས་ཕྱི་རོལ་མུ་སྟེགས་པའི། །རྒོལ་བ་བཟློག་པར་མི་ནུས་ང་རང་གི །མིང་པོས་བཟློག་པར་ནུས་ཞེས་སྨྲས་པ་དང་། །ཁྱེད་ཀྱི་མིང་པོ་སུ་ཡིན་གང་ན་ཡོད། །དྲིས་པའི་ལན་དུ་བུད་མེད་དེ་ན་རེ། །ངེད་ཀྱི་མིང་པོ་པདྨ་བཛྲ་ཡིན། །ཛ་ལནྡྷ་ར་ཞེས་བྱའི་དུར་ཁྲོད་ན། །སྤྱོད་པ་མཛད་ཀྱིན་བཞུགས་ཡོད་སྨྲས་པ་དང་། །འོན་གདན་འདྲེན་ཐབས་ནི་ཇི་ལྟར་དགོས། །དྲིས་པས་མོ་ཡིས་འདི་སྐད་ཅེས་ཟེར་རོ། །ཁྱེད་རྣམས་བྱང་ཆུབ་ཆེན་པོའི་བཞུགས་ཁང་དུ། །འདུས་ལ་མཆོད་པ་རྒྱ་ཆེན་བཤམས་ནས་སུ། །གསོལ་བ་ཐོབ་དང་ངེས་ཀྱང་སྤྱན་འདྲེན་བྱེད། །ཟེར་ནས་གར་སོང་ཆ་མེད་ཐལ་བ་ཡི། །དུས་དེར་པཎྜི་ཏ་རྣམས་ཐམས་ཅད་ཀུན། །གཙུག་ལག་ཁང་ཆེན་ཉིད་དུ་འདུས་ནས་སུ། །མོ་ཡིས་ཇི་ལྟར་བསླབ་བཞིན་མཆོད་པའི་ཚོགས། །རྒྱ་ཆེན་བཤམས་ནས་གསོལ་བ་འདི་བཞིན་བཏབ། །དུས་གསུམ་སངས་རྒྱས་བྱོན་གནས་རྡོ་རྗེ་གདན་དྲུང་འདིར། །མུ་སྟེགས་བདུད་ཀྱི་དམག་ཚོགས་རྒོལ་བ་བྱུང་། །གཡུལ་ངོ་བཟློག་པར་ནུས་པའི་སྐྱབས་མ་མཆིས། །སྐྱེས་མཆོག་མི་ཡི་སེང་གེ་ཁྱོད་ཀྱིས་སྐྱོབས། །ཞེས་པའི་གསོལ་བཏབ་མོད་ལ་ཐོ་རངས་ཁར། །སྐྱ་རེངས་དང་པོ་ཤར་དང་དུས་མཉམ་དུ། །མཁའ་ལྡིང་ལྗོན་ཤིང་རྩེ་ལ་བབས་པ་བཞིན། །རྫུ་འཕྲུལ་སྟོབས་ཀྱིས་རྡོ་རྗེ་གདན་བྱོན་ནས། །བདུད་ལས་རྣམ་པར་རྒྱལ་བའི་ཏིང་འཛིན་ལ། །མཉམ་པར་བཞག་ཅིང་གཎྜི་བརྡུངས་པ་ལ། །ཕྱོགས་བཞིའི་མུ་སྟེགས་པ་ཡི་སྒྲ་མཁན་རྣམས། །རང་རང་སོ་སོའི་གོ་ཚུལ་འདི་བཞིན་སྨྲས། །ད་ལམ་སྔར་དང་མི་འདྲའི་མི་སྙན་སྒྲ། །ཤར་ཕྱོགས་པ་རྣམས་བྱམས་པ་ཚད་མེད་ཀྱི། །བྱང་ཆུབ་སེམས་ཀྱིས་རྔ་ཆེན་འདི་བརྡུང་པས། །མུ་སྟེགས་ཝ་དང་འདྲ་བའི་ཀླད་པ་འགེམས། །ལྷོ་ཕྱོགས་པ་རྣམས་སྙིང་རྗེ་ཚད་མེད་ཀྱི། །བྱང་ཆུབ་སེམས་ཀྱིས༴ །ལོག་འདྲེན་བདུད་ཀྱི་དམག་ཚོགས་དབང་དུ་བསྡུས། །ནུབ་ཕྱོགས་པ་རྣམས་དགའ་བ་ཚད་མེད་ཀྱི། །བྱང་ཆུབ་སེམས་ཀྱིས༴ མ་རུངས་རྒོལ་བའི་ཚོགས་རྣམས་ཚར་བཅད་དོ། །བྱང་ཕྱོགས་པ་རྣམས་བཏང་སྙོམས་ཚད་མེད་ཀྱི། བྱང་ཆུབ་སེམས་ཀྱིས༴ ནག་པོའི་ཚོགས་རྣམས་མ་ལུས་རྡུལ་དུ་བརླགས །ཞེས་པའི་སྒྲ་ལས་མུ་སྟེགས་ཕམ་པར་གོ །དེ་ལྟ་ན་ཡང་ཉི་མ་ཤར་བ་དང་། ཕྱི་ནང་གཉིས་ཀ་རྩོད་པར་ཞུགས་པའི་ཚེ། །སློབ་དཔོན་སྐུ་དངོས་རྡོ་རྗེ་གདན་གྱི་ནི། །ཕོ་བྲང་དབུས་སུ་བདུད་ལས་རྣམ་རྒྱལ་གྱི། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་བཞིན་དུ། །ཕྱོགས་བཞིར་སྐུ་ཡི་བཀོད་པ་རྣམ་བཞི་མཛད། །འཁོར་ཡང་པཎ་ཆེན་ལྔ་བརྒྱ་ལྔ་བརྒྱ་རེ། །སྤྲུལ་ནས་རྩོད་པ་བྱས་པས་ནང་པའི་སྡེ། །རྒྱལ་ཞིང་མུ་སྟེགས་སྟོན་པ་རྣམ་པ་བཞི། །རྫུ་ཕྲུལ་ཐོབ་ཕྱིར་འཁོར་ཡང་འགའ་ཞིག་བཅས། །ནམ་མཁར་འཕུར་བས་སློབ་དཔོན་ཆེན་པོ་ཡིས། །མཁའ་ལ་སྡིགས་མཛུབ་གཏད་ཅིང་བར་སྣང་ཁམས། །མེ་ཡི་འཁོར་ལོར་བསྒོམས་པས་མུ་སྟེགས་ཀྱི། །སྟོན་པ་བཞི་པོ་རང་རང་གནས་སུ་བྲོས། །འཁོར་རྣམས་ནང་པའི་བསྟན་ལ་ཚུད་པར་གྱུར། །དེ་ནས་མུ་སྟེགས་སྟོན་པ་རྣམ་བཞི་པོས། །སྒྲ་དང་རྫུ་ཕྲུལ་སོགས་ལ་ཁྱོད་རྒྱལ་ཡང་། །ཞག་བདུན་ཚུན་དུ་སུ་འཆི་བལྟ་ཡི་ཟེར། །མཐུ་རྩལ་འགྲན་ཕྱིར་མུ་སྟེགས་པ་རྣམས་ཀུན། །ངན་སྔགས་སྒྲུབ་ལ་ཉེ་བར་ཞུགས་པའི་ཚེ། །སློབ་དཔོན་པདྨས་མཁའ་འགྲོ་མ་ཚོགས་ལ། །ཚོགས་འཁོར་ཕུལ་ནས་གསོལ་བ་བཏབ་པ་ལ། །ཐོ་རངས་དུས་སུ་མཁའ་འགྲོ་བདུད་འདུལ་མས། །བསེ་སྒྲོམ་ལྕགས་ཀྱི་ཐ་རམ་བཏབ་པ་ཞིག། །གཏད་ནས་བདུད་དང་མུ་སྟེགས་ཐུལ་ཅིག་ཅེས། །ལུང་བསྟན་ཇི་བཞིན་བསེ་སྒྲོམ་ཁ་ཕྱེས་པའི། །ནང་དུ་སྲོག་སེར་ཐོག་བཅས་སྒྲུབ་པའི་ཐབས། །མཁའ་འགྲོའི་ངན་སྔགས་དགྲ་ཕུང་ཕྱུང་ནས་སུ། །མུ་སྟེགས་གྲོང་དུ་གནམ་ལྕགས་ཐོག་ཕབས་པས། །གྲོང་ཁྱེར་ཐམས་ཅད་རྡུལ་དུ་བརླགས་བྱས་ནས། །སངས་རྒྱས་བསྟན་ལ་བཀའ་དྲིན་ཆེ་བར་གྱུར། །རྡོ་རྗེ་གདན་གྱི་པཎྜི་ཏ་རྣམས་ཀྱིས། །སློབ་དཔོན་གཙུག་གི་ནོར་བུར་བཀུར་ནས་སུ། །མཚན་ཡང་སེང་གེ་སྒྲ་སྒྲོགས་ཞེས་སུ་གྲགས། །སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལས། །རྫོགས་པ་ཆེན་པོའི་རྒྱུད་རྣམས་གསན་ཚུལ་དང་། །ཤྲི་སེང་ཧར་རྫོགས་ཆེན་སེམས་ཕྱོགས་ཞུས། །དེ་ནས་ཞིང་ཁམས་བཀོད་པ་ལྷུན་གྲུབ་ཏུ། །བྱོན་ནས་བཅོམ་ལྡན་ཀུན་ཏུ་འཆང་ཆེན་ལ། །སྤྱི་ཏི་ཡོ་གའི་རྒྱུད་སྡེ་བྱེ་བ་ཕྲག །བཅུ་དང་སྟོང་ཕྲག་བདུན་ཅུ་རྩ་གཅིག་ཞུས། །དེ་ནས་རིགས་ངན་བཤན་པའི་གྲོང་ཁྱེར་དེ། །དུས་ལ་བབ་པར་མཁྱེན་ཏེ་རིགས་ངན་བུ། །ཀ་ཏི་ཞེས་པར་སྤྲུལ་ནས་སྲོག་གཅོད་ཀྱི། །ལས་ཀྱིས་འབྲེལ་བས་མཐོ་རིས་ཐོབ་པར་བྱས། །དུར་ཁྲོད་ཕུང་ཤུལ་ནག་པོ་ཞེས་བྱ་བར། །བྱོན་ནས་ཕྱི་ནང་གསང་བའི་ལྷ་སྲིན་རྣམས། །དམ་ལ་བཏགས་ནས་བསྟན་པའི་སྲུང་མར་བསྐོས། །འགྲོ་ལ་གནོད་པ་མི་བྱེད་ཐ་ཚིག་བོར། །སླར་ཡང་བསིལ་བ་ཚལ་དུ་བྱོན་ནས་ཀྱང་། །བདུད་དང་བགེགས་རིགས་ཐམས་ཅད་དམ་ལ་བཏགས། །སྒྲུབ་གནས་རྒྱ་གར་དང་ནི་ཨུ་རྒྱན་གྱི། །འགྲོ་རྣམས་ཆོས་ལ་བཙུད་དགོས་དགོངས་པ་ཤར། །དེ་ཡང་གསང་སྔགས་སྒྲུབ་པར་བྱེད་པ་ལ། །རིག་མ་མཚན་དང་ལྡན་པ་གཅིག་དགོས་པས། །ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་ཞེས་པའི། །བུ་མོ་མེ་ཏོག་མནྡ་ར་བ་དེ། །དབང་དུ་བསྡུས་ནས་སྒྲུབ་རྟེན་ཕྱག་རྒྱ་མོར། །ཁྲིད་ནས་བྲག་ཕུག་མ་ར་ཏི་ཀ་ཞེས། །རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས། །དེ་རུ་བྱོན་ནས་འཆི་མེད་མགོན་པོ་ཡི། །དཀྱིལ་འཁོར་ཞལ་ཕྱེས་འཆི་མེད་ལྷ་བསྒྲུབས་པས། །ཟླ་བ་གསུམ་མཐར་མགོན་པོ་ཚེ་དཔག་མེད། །ཞལ་གཟིགས་སྐྱེ་འཆི་མེད་པའི་ཚེ་བཅུད་ཀྱིས། །གཏམས་པའི་བུམ་པ་གུ་རུ་ཡབ་ཡུམ་གྱི །སྤྱི་བོར་བཞག་ནས་ཞལ་དུ་བླུགས་པ་ཡིས། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་རུ་གྱུར། །ཡབ་ཡུམ་རྟ་མགྲིན་དང་ནི་ཕག་མོ་ཡི། །སྐུར་གྱུར་ཚེ་ཡི་རིག་འཛིན་བརྙེས་པར་གྱུར། །དེ་ནས་ཟ་ཧོར་རྒྱལ་པོའི་ཡུལ་ཁམས་གྱི། །འགྲོ་རྣམས་ཆོས་ལ་འཛུད་པར་བྱ་བའི་ཕྱིར། །ཡབ་ཡུམ་གཉིས་པོ་ཟ་ཧོར་རྒྱལ་ཁམས་སུ། །བསོད་སྙོམས་མཛད་པའི་སྒྱུ་མའི་འཕྲུལ་བསྟན་ཚེ། །ཡུལ་མི་རྣམས་ཀྱིས་ཕྲག་དོག་ཀུན་སློང་གིས། །མཐའ་ཡི་བནྡེ་འཁྱམས་པོ་འདི་ཉིད་ཀྱིས། །སྔོན་ཆད་ངེད་ཀྱི་མི་རྣམས་བསད་བྱས་མཐར། །རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར། །ཁྲིད་ནས་རྒྱལ་པོའི་རིགས་ལས་ཉམས་པར་བྱས། །ད་དུང་འདི་འདྲའི་སྤྱོད་ངན་བྱེད་ངེས་ན། །སྡིག་པ་སྤྱི་ཁུར་བྱས་ནས་མེར་བསྲེགས་ཕྱིར། །ཙནྡན་ཁུར་རེ་ཏིལ་མར་བྲེ་རེ་བསྡུས། །གྲོང་ཁྱེར་དབུས་སུ་མེ་ལ་བསྲེགས་པ་ལ། །ཞག་དགུའི་བར་དུད་པ་མ་ཆད་པས། ཐེ་ཚོམ་སྐྱེས་ཏེ་བལྟ་རུ་ཕྱིན་ཙ་ན། །མེ་ལྕེ་ཕྱིར་འབར་ཏིལ་མར་རྒྱ་མཚོར་གྱུར། །མཚོ་དབུས་གེ་སར་པདྨའི་སྡོང་པོའི་རྩེར། །ཡབ་ཡུམ་གཉིས་པོ་གྲང་གྲང་བསིལ་བསིལ་ལྟར། །ཅི་ཡང་མ་ཉེས་ཟིལ་པ་ཁྲོམ་མེ་བར། །བཞུགས་པས་རྒྱལ་བློན་འཁོར་བཅས་དད་མོས་དང་། །ངོ་མཚར་སྐྱེས་ཏེ་བསྟོད་བསྔགས་འདི་ལྟར་བརྗོད། །ཧཱུཾ་སྐུ་ནི་མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ། །གསུང་ནི་མི་འགྱུར་ཚངས་པ་ལྟ་བུའི་གསུངས། །ཐུགས་ནི་མི་འགྱུར་ནམ་མཁའ་ལྟ་བུའི་ཐུགས། །སྐུ་གསུང་ཐུགས་ནི་འཆི་མེད་རྡོ་རྗེའི་སྐུ། །མཚོ་སྐྱེས་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་ཅག་མ་རིག་ནོངས་པ་བཟོད་པར་གསོལ། །བདག་ཅག་ཡུལ་ཁམས་བདེ་ལ་འགོད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་གྲོང་ཁྱེར་གྱི། །མེ་ཞི་ལྟ་ན་སྡུག་པའི་དཔལ་ལྡན་གྱུར། །མཚན་ཡང་པདྨ་འབྱུང་གནས་ཞེས་པ་འམ། །པདྨ་སམ་བྷ་ཝ་ཞེས་ཡོངས་ལ་གྲགས། །ཟ་ཧོར་རྒྱལ་ཁམས་ཆོས་ལ་བཙུད་ནས་སླར། །ཐམས་ཅད་ཕྱིར་མི་ལྡོག་པའི་ས་ཐོབ་གྱུར། །དེ་ནས་ཨུ་རྒྱན་རྒྱལ་ཁམས་འདུལ་ཕྱིར་དུ། །ཡབ་ཡུམ་ཨུ་རྒྱན་ཡུལ་དུ་བསོད་སྙོམས་ལ། །བྱོན་པའི་ཚུལ་གྱིས་སྒྱུ་འཕྲུལ་གར་བསྒྱུར་བར། །ཡུལ་མི་རྣམས་ཀྱིས་ངོ་ཤེས་མ་དགའ་སྟེ། །མི་འདིས་སྔོན་ཡང་བློན་པོའི་བུ་བསད་ཅིང་། །རྒྱལ་པོའི་ཁྲིམས་ལ་གནོད་པ་ཆེར་བྱས་ཤིང་། །ད་དུང་དེ་འདྲའི་ལས་ངན་བྱེད་ངེས་པས། །ཆད་པ་གཅོད་དགོས་ཟེར་ནས་སྔོན་དུས་ཀྱི། །བྱིས་པ་བསད་པའི་བློན་པོ་ལ་སོགས་ཀྱིས། །ཙན་དན་ཁུར་རེ་ཏིལ་མར་བྲེ་རེ་རེ། །བསྡུས་ནས་བསྲེགས་པའི་ཞག་པོ་ཉེར་གཅིག་བར། །དུད་པ་ཆད་པར་མ་གྱུར་དེར་ཚོམ་ནས། །སྔོན་གྱི་ཡབ་རྗེ་ཨིནྟྲ་བྷུ་ཏི་ཡིས། །སྤྲུལ་པའི་སྐུ་ཞིག་ཡིན་ན་མི་ཚིག་གམ། །སྙམས་ནས་རྒྱལ་བློན་འཁོར་བཅས་བལྟར་ཕྱིན་པས། །ཏིལ་མར་ཆུར་གྱུར་དེ་ཉིད་མཚོར་འཁྱིལ་བའི། །དབུས་ན་སོལ་ཕུང་ཆེན་པོའི་དབྱིངས་རུམ་ན། །པད་སྡོང་ངོ་མཚར་ཕུལ་དུ་གྱུར་པའི་རྩེར། །ཡབ་ཡུམ་གཉིས་པོ་གྲང་གྲང་བསིལ་བསིལ་ལྟར། །ཟིལ་པ་ཁྲོམ་མེར་གཟི་འོད་འབར་བཞིན་བཞུགས། །འགྲོ་རྣམས་མ་ལུས་ཐུགས་རྗེས་བསྒྲལ་བའི་ཕྱིར། །ཐོད་པའི་ཕྲེང་བས་བརྒྱན་ནས་བཞུགས་པ་ལ། །རྒྱལ་པོ་འཁོར་བཅས་ངོ་མཚར་སྐྱེས་ནས་སུ། །ཕྱག་དང་བསྐོར་བ་བྱས་ནས་བསྟོད་བསྔགས་ཀྱི། །གླུ་དབྱངས་སྙན་པའི་རོལ་མོ་འདི་བཞིན་ཕུལ། །དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེ་བའི་སྐུ། །སྐྱེ་ཤི་གཉིས་སྤངས་པདྨའི་ནང་ནས་འཁྲུངས། །འཁོར་བ་ཐུགས་རྗེས་བསྒྲལ་ཕྱིར་ཐོད་ཕྲེང་གསོལ། །མཚོ་སྐྱེས་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ཅིང་ཞབས་ཟུང་སྤྱི་བོ་རུ། །བླངས་ཏེ་བླ་ཡི་མཆོད་གནས་དགོས་ཞུས་པས། །སློབ་དཔོན་ཆེན་པོའི་ཞལ་ནས་འདི་སྐད་གསུངས། །ཁམས་གསུམ་འཁོར་བར་སྐྱེས་ཀྱང་སྡུག་བསྔལ་བཙོན་དོང་ཡིན། །ཆོས་སྐྱོང་རྒྱལ་པོར་སྐྱེས་ཀྱང་འདུ་འཛི་གཡེང་བའི་གནས། །རང་སེམས་སྐྱེ་མེད་ཆོས་སྐུར་མ་ཤེས་ན། །འཁོར་བའི་སྐྱེ་གནས་མི་ཆོད་རྒྱུན་པར་འཁོར། །རྒྱལ་པོ་ཆེན་པོ་སྟོང་ཉིད་གསལ་སྟོང་ལྟོས། །ཕྱི་མ་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །དེ་སྐད་གསུངས་པའི་མོད་ལ་རྒྱལ་པོ་ཡིས། །རང་སེམས་ཆོས་སྐུར་རྟོགས་ནས་གྲོལ་བ་ཐོབ། །དེ་ཚེ་རྒྱལ་པོས་བསྟོད་པ་འདི་ལྟར་བྱས། །ཧཱུཾ་དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེ་བའི་སྐུ། །རྟོགས་པ་བླ་མེད་མཆོག་ཏུ་གྱུར་པ་ཡི། །དེ་བཞིན་གཤེགས་པའི་མན་ངག་གསང་ཆེན་རྣམས། །ཀློང་ནས་གྲོལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ཐོད་པའི་ཕྲེང་བས་བརྒྱན་པ་ལ། །པདྨ་ཐོད་ཕྲེང་རྩལ་ཞེས་མཚན་གསོལ་ཞིང་། །རྒྱལ་སྲས་ཡིན་ཕྱིར་པདྨ་རྒྱལ་པོ་ཞེས། །སྐུ་གཅིག་མཚན་གྱི་རྣམ་གྲངས་མང་པོར་གྲགས། །རྒྱལ་པོའི་བླ་མཆོད་ལོ་གྲངས་བཅུ་གསུམ་དུ། །མཛད་ཅིང་ཨུ་རྒྱན་རྒྱལ་ཁམས་ཐམས་ཅད་ཀུན། ཆོས་ལ་བཙུད་ཅིང་རྒྱལ་པོ་ཡབ་ཡུམ་གཙོས། །ཚོམ་བུ་ལྔ་བརྒྱ་དང་བཅས་འོད་ལུས་གྲུབ། །རྒྱ་བལ་སོ་མཚམས་ཡང་ལེ་ཤོད་ཅེས་པར། །བལ་མོ་ཤཱཀྱ་དཱེ་བ་ཞེས་བྱ་བས། །སྒྲུབ་སྡེ་མོ་བྱས་ཡང་དག་སྒོ་ནས་ནི། །མཆོག་གི་རིག་འཛིན་ཕྱག་ཆེན་སྒྲུབ་པའི་ཚེ། །ཀླུ་ནི་གྱོང་པོ་གནོད་སྦྱིན་རྒོད་མ་ཁ། །བྱི་དུར་གློག་མ་སྤྲིན་གསུམ་བར་ཆོད་བྱས། །ལོ་གསུམ་ཆར་མ་བབས་པས་ཐན་ཆེན་གྱིས། །ནད་མུག་ཞི་ཕྱིར་རྒྱ་གར་ཡུལ་གྱི་ནི། །བླ་མ་རྣམས་ལ་བར་ཆོད་འདུལ་ནུས་པའི། །ཆོས་གནང་དགོས་ཞེས་བྱ་བའི་ཞུ་ཕུལ་ཚེ། །ཕུར་པ་བི་ཏོ་ཏ་མ་མི་ཁུར་གཉིས། །བསྐུར་བའི་མོད་ལ་ཆར་བབས་བར་ཆོད་ཞི། །ནད་མུག་རྒྱུན་ཆད་མཆོག་གི་རིག་འཛིན་ཐོབ། །ཡང་དག་དངོས་གྲུབ་ཆེ་ཡང་ཚོངས་པ་དང་། །འདྲ་ཞིང་བར་ཆོད་མང་བར་སྐྱེལ་མ་ལྟའི། །ཕུར་པ་དགོས་པར་གཟིགས་ནས་ཡང་ཕུར་གཉིས། །སྦྲེལ་མར་སྒྲུབ་པའི་མན་ངག་ཟབ་མོ་མཛད། །ཕུར་སྲུང་དམ་ཅན་མ་མོ་བཅུ་གཉིས་སོགས། །རྒྱ་བལ་ལྷ་འདྲེའི་ཚོགས་རྣམས་དམ་ལ་བཏགས། །དེ་ནས་རྒྱ་གར་ཡུལ་དུ་བྱོན་ནས་སུ། །ཏི་ར་རུ་ཏི་ལ་སོགས་ཐ་རུའི་ཡུལ། །ཀཱ་མ་རུ་ལ་སོགས་པའི་ཡུལ་རྣམས་སུ། །གསེར་འགྱུར་དང་ནི་བཅུད་ལེན་ལ་སོགས་པས། །སེམས་ཅན་མང་པོའི་ཚེ་བསྲིངས་ལོངས་སྤྱོད་སྤེལ། །ཆུ་མེད་གྲོག་པོར་ཆུ་བཏོན་བརྒལ་དཀའ་བའི། །ཆུ་ཆེན་འགའ་ཞིག་ས་ཡི་གཏིང་དུ་བཙུད། །ཐ་རུའི་ཡུལ་དང་ཙམ་པ་ཀ་ཞེས་པའི། །ཡུལ་ཕྱོགས་དག་ན་སློབ་དཔོན་འདིས་བཏོན་པའི། །ཆུ་གཏེར་ཁྲོན་པ་མང་དུ་ཡོད་པ་དང་། །བརྒལ་དཀའི་ཆུ་ཆེན་ས་འོག་བཅུག་པའང་མང་། །ཙམ་པ་ཀ་ཞེས་བྱ་བའི་ཡུལ་དག་ཏུ། །བྷ་རམ་ཞེས་པའི་ཆུ་ཆེན་བརྒལ་དཀའ་བ། །བོད་ཀྱི་གཙང་པོ་རྒྱས་པའི་ཚད་ཙམ་ཞིག །ཉིན་ལམ་ཙམ་དུ་ས་ཡི་སྦུབས་སུ་སྦས། །དེ་དང་མཚུངས་པ་གཅིག་ཀྱང་ཡོད་ཅེས་གྲགས། །རྒྱ་གར་ལྷོ་ཕྱོགས་ཏྲི་ལིང་གར་ཉེའི་སར། །ཤྲྀ་བཱསྠ་ར་ཞེས་པའི་གནས་ཤིག་ཏུ། །དབང་ཕྱུག་ཆེན་པོའི་ལིང་ག་ཁྲུ་གང་བ། །རྡོ་ལས་རང་བྱུང་ཚུལ་གྱིས་བྱོན་པ་ལ། །ཉིན་རེར་སྲོག་ཆགས་བརྒྱ་སྟོང་མང་པོ་ཞིག །བསད་ནས་དམར་མཆོད་ཆེན་པོ་བྱེད་འགྱུར་ཞིང་། །མུ་སྟེགས་པ་དག་གནས་དེར་དམོད་བཅོལ་ན། །ནང་པའི་སྡེ་ལ་ནད་ཡམས་ལ་སོགས་པའི། །མ་རུངས་མི་ཤིས་མང་དག་འབྱུང་བ་ཡོད། །ཡུལ་དེར་ཨོ་ཏན་པུ་རིའི་གཙུག་ལག་ཁང་། །མཆོད་པའི་རྫས་ཀྱང་ཕལ་ཆེར་ཡུལ་དེ་ནས། །བྱུང་བར་རང་བྱུང་ལིང་ག་དེ་ཉིད་ཀྱིས། །གནོད་པར་གྱུར་བྱུང་བཱ་ག་ལ་ཞེས་པར། །མཚོ་ཞིག་གསར་དུ་བྱུང་བར་མུ་སྟེགས་ལ། །ཕན་གྲོགས་བྱེད་པའི་ཀླུ་ཞིག་གནས་བཅས་པར། །མུ་སྟེགས་བྱེད་རྣམས་དེ་ལ་མཆོད་གྱུར་ན། །རིན་ཆེན་མང་པོ་གཏེར་ཆེན་རྡོལ་འདྲ་འོང་། །དེ་ལ་བརྟེན་ནས་ཤར་ཕྱོགས་མུ་སྟེགས་ཀྱི། །སྡེ་མང་འཕེལ་ནས་ནང་པར་གནོད་པ་ཡིན། །མ་ག་དྷ་རུ་ཤེལ་གྱི་ཕ་བོང་ཞིག །ཡོད་པར་འབྱུང་པོ་མང་པོས་གནས་བཅས་ཤིང་། །སྒྲུབ་མི་དགོས་པར་མིག་མཐོང་མངོན་ཤེས་སོགས། །དངོས་སུ་སྟོན་པ་གཅིག་བྱུང་དེ་འདུལ་ཕྱིར། །ཏྲི་མ་ལར་བྱོན་ལིང་ག་དང་ཉེ་བའི། །ཤིང་སྡོང་ལ་ནི་ཕུར་པ་བཏབ་པ་ལ། །ནགས་མེས་ཚིག་ཅིང་ལིང་ག་ཕྱེད་མར་གྱུར། །དེ་ཕྱིན་ནང་པའི་སྡེ་ལ་གནོད་མ་ནུས། །ཨོ་ཏན་པུ་རིའི་མཆོད་པ་སྔར་བཞིན་ལོན། །དལ་གྱི་གཟུངས་མར་བསྟེན་པའི་རྣལ་འབྱོར་མ། །གཅིག་ལ་ཕུར་པ་གཏད་དེ་ཀླུ་གནས་པའི། །མཚོ་ལ་ཕུར་པ་འདེབས་སུ་བཅུག་པ་ལ། །ཀླུ་རྣམས་ཤི་སྟེ་མཚོ་ཡང་ཞག་བདུན་ནས། །བསྐམས་རྗེས་མུ་སྟེགས་པ་ཡི་སྡེ་རྣམས་ཞིག །ཕུར་པ་གཞན་ཞིག་སྒྲུབ་གཡོག་རྣལ་འབྱོར་ལ། །བསྐུར་ནས་མ་ག་དྷ་རུ་ཡོད་པ་ཡི། །ཤེལ་གྱི་ཕ་བོང་ལ་ནི་འདེབས་བཅུག་པས། །ཕྱེད་མར་སོང་ནས་ནང་པར་ཕན་ཐོགས་བྱུང་། །ཀཉྩ་ཞེས་པའི་ཡུལ་ན་ནང་པའི་ཆོས། །དར་བར་དུ་རུཥྐ་ཡི་རྒྱལ་པོ་ཡིས། །དམག་དྲངས་བྱུང་སྟེ་ནི་ལ་ཞེས་པ་ཡི། །ཆུ་ཀླུང་དེ་ལ་གྲུ་བཏང་གྲབས་བྱེད་པར། །སློབ་དཔོན་ཆེན་པོས་སྡིགས་མཛུབ་མཛད་པ་ཡིས། །གྲུ་ཡང་ལྔ་བརྒྱ་ལྷག་ཙམ་ཆུར་བྱིང་སྟེ། །མཐའ་ཡི་དམག་གི་དཔའ་བོ་ཀུན་ཤི་ནས། །གཡུལ་ཆེན་བཟློག་སོགས་མཛད་པ་མཐའ་ཡས་ཏེ། །ཅུང་ཟད་ཙམ་ལས་སྨྲ་བར་ག་ལ་ནུས། །སྐབས་གཞན་དག་ལ་སངས་རྒྱས་མྱ་ངན་ལས། །འདས་པའི་འོག་ཏུ་བྱོན་པའི་རྒྱལ་པོ་ནི། །མྱ་ངན་མེད་ཅེས་བྱ་བ་སྡིག་གྲོགས་དང་། །འབྲེལ་པ་བཟློག་ཕྱིར་བྱོན་པའི་དགེ་ཚུལ་དང་། །དགེ་སློང་དབང་པོའི་སྡེ་ཞེས་བྱ་བ་ཡང་། །སློབ་དཔོན་ཉིད་ཀྱི་སྤྲུལ་པ་ཡིན་པའི་དོན། །སྤྱོད་ཡུལ་རྣམ་པར་འཕྲུལ་པའི་མདོ་ལས་ཀྱང་། །སྟོན་པའི་ཞལ་ནས་ང་ཉིད་མྱ་ངན་ལས། །འདས་པའི་འོག་ཏུ་རྒྱལ་པོ་མ་སྐྱེས་དགྲའི། །སྐལ་བའི་རིང་བསྲེལ་དང་ནི་མདོ་འདི་ཉིད། །ལྷན་ཅིག་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་སུ། །རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་དེ། །འབྱུང་བར་འགྱུར་བས་དེ་དོན་སྦ་བར་བྱ། །དེ་ཚེ་དགེ་སློང་དབང་པོའི་སྡེ་ཞེས་པས། །ཕྱུང་སྟེ་མདོ་སྡེ་འདི་ཡིས་རྒྱལ་པོ་དེ། །འདུལ་ཞིང་རྒྱལ་པོ་དེ་ཡིས་སངས་རྒྱས་ཀྱི། །རིང་བསྲེལ་ཅན་གྱི་མཆོད་རྟེན་བརྒྱད་ཁྲི་དང་། །བཞི་སྟོང་བྱེད་པར་འགྱུར་ཞིང་དགེ་སློང་དེས། །མདོ་སྡེ་འདི་ཡང་བྱང་གི་ཕྱོགས་ཉིད་དུ། །འཇོག་པར་འགྱུར་མོད་སུས་ཀྱང་ཤེས་པར་དཀའ། །གསུངས་བཞིན་དགེ་སློང་དེ་ཡིས་མདོ་སྡེ་དེ། བྷོ་ཊར་གཏེར་དུ་སྦེད་པར་ལུང་བསྟན་ཏོ། །གཞན་ཡང་བདེ་མཆོག་དུས་སྙིང་ཞེས་བྱ་བར། །སྤྲུལ་ནས་རྒྱ་གར་རྡོ་རྗེ་གདན་དྲུང་དུ། །མུ་སྟེགས་རྒྱལ་པོ་ཀླུ་ཡི་ཁྱབ་འཇུག་ཅེས། །ནང་བསྟན་ལ་སྡང་རྒྱལ་པོ་གཙོ་འཁོར་དང་། །མུ་སྟེགས་སྟོན་པ་དང་བཅས་མེར་བསྲེགས་ནས། །ནང་པའི་བསྟན་པར་བྱ་བ་ཆོས་ཆེར་མཛད། །མུ་སྟེགས་རྒྱལ་པོ་ནོར་བུ་འོད་ལྡན་དེ། །གནས་སྤར་དེ་ཡི་རོ་ལ་གྲོང་འཇུག་གི། །ཚུལ་གྱིས་ཞུགས་ནས་རྒྱལ་པོ་སྔོན་མ་ཡི། །ཚུལ་བཟུང་བྷཾ་ག་ལ་ཡི་རྒྱལ་ཁམས་བཏུལ། །གྲུབ་པའི་དབང་ཕྱུག་ཊོམྦྷི་ཧེ་རུ་ཀ། །ཨོ་རྒྱན་རྒྱལ་ཁམས་གདུལ་བར་བྱ་བའི་ཕྱིར། །སློབ་དཔོན་ཉིད་ཀྱི་རྣམ་འཕྲུལ་ཡིན་པར་བཤད། །གཞན་ཡང་གསེར་གླིང་དང་ནི་ཟངས་གླིང་གི། །མུ་སྟེགས་པ་རྣམས་རིམ་གྱིས་བཏུལ་ནས་སུ། རྒྱལ་བློན་འབངས་བཅས་ནང་པའི་བྲན་དུ་བཀོལ། །རྒྱ་གར་ཡུལ་བྱོན་འབྱུང་བ་ལྔ་དང་ནི། །དགེ་སྦྱོང་བྲམ་ཟེ་གདོལ་བ་ཁྱིམ་བདག་དང་། །རྒྱལ་བློན་བུད་མེད་གྲུབ་ཐོབ་ལ་སོགས་པ། །སྣང་ཞིང་སྲིད་ཚད་ཡོངས་སུ་སྤྲུལ་ནས་སུ། །འགྲོ་དོན་མཛད་པ་བསམ་གྱིས་ཁྱབ་པ་མིན། །དེ་ནས་རྒྱལ་པོ་ཉི་མ་སེང་གེ་ཡིས། །སློབ་དཔོན་རྡོ་རྗེ་གདན་དུ་སྤྱན་དྲངས་ནས། །ཡུལ་དེའི་མི་རྣམས་ཐམས་ཅད་སྨིན་བྱས་ཏེ། །སུམ་སྟོང་དྲུག་བརྒྱའི་བར་དུ་རྒྱ་གར་དུ། །བཞུགས་ནས་ནང་པའི་བསྟན་པ་དར་རྒྱས་བྱས། །དེ་ནས་བོད་དུ་ཇི་ལྟར་བྱོན་ཚུལ་ནི། །འཇམ་དཔལ་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས། །སྔོན་སྨོན་དབང་གིས་སློབ་དཔོན་པདྨ་ཡང་། །བོད་དུ་སྤྱན་དྲངས་ས་གཞི་བཏུལ་ཚུལ་ཡང་། །མཁྱེན་རབ་བདག་པོ་འཕགས་པ་འཇམ་དཔལ་དབྱངས། །རྒྱ་ནག་འདུལ་ཕྱིར་རི་བོ་རྩེ་ལྔ་རུ། །བཞུགས་ཀྱང་ཐུགས་རྗེས་བོད་ཁམས་སྐྱོང་ཕྱིར་དུ། །སྤྲུལ་པས་བོད་ཁམས་འདུལ་བའི་དུས་མཁྱེན་ནས། །བོད་རྣམས་རྒྱལ་པོ་ཚད་མར་འཛིན་པའི་ཕྱིར། །ཐོ་རི་སྙན་ཤལ་རྒྱལ་པོ་མར་བཟུང་ནས། །རིམ་བཞིན་རྒྱལ་རབས་བཞི་འདས་འོག་རོལ་ཏུ། །ཐུགས་རྗེ་ཆེན་པོའི་སྤྲུལ་པའི་རྒྱལ་པོ་ནི། །སྲོང་བཙན་སྒམ་པོ་ཞེས་བྱ་བྱོན་པའི་དུས། །ར་ས་འཕྲུལ་སྣང་དང་ནི་ར་མོ་ཆེ། །གཙོར་གྱུར་མཐའ་འདུལ་དང་ནི་ཡང་འདུལ་གྱི། །གཙུག་ལག་ཁང་ནི་བརྒྱ་དང་བརྒྱད་བཞེངས་ཤིང་། །དམ་པ་ཆོས་ཀྱི་སྲོལ་བཏོད་ཙམ་ཞིག་ལས། །དར་ཞིང་རྒྱས་པར་མ་གྱུར་དེ་སྐབས་སུ། རྒྱལ་ཀུན་ཡབ་གཅིག་འཕགས་པ་འཇམ་དཔལ་གྱིས། །བོད་ཁམས་མུན་པའི་གླིང་དུ་དམ་ཆོས་ཀྱི། །ཉི་མ་འཆར་བར་བྱེད་པར་དགོངས་ནས་སུ། །རྒྱ་ནག་རི་བོ་རྩེ་ལྔའི་གནས་མཆོག་ནས། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས་པ་ལ། །བོད་ཀྱི་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང་། །བཙུན་མོ་གྱིམ་ཤིང་བཟའ་གཉིས་གདུལ་བྱ་རུ། །གཟིགས་ནས་ལྷུམས་སུ་ཞུགས་ཚུལ་འདི་ལྟ་སྟེ། །རྒྱལ་པོ་ཡབ་ཡུམ་ཕོ་བྲང་བྲག་དམར་གྱི། །དབུས་སུ་རིན་པོ་ཆེ་ཡི་ཁྲི་སྟེང་ན། །གཟིམ་ཚེ་བཙུན་མོ་རྒྱ་ཟའི་རྨི་ལམ་དུ། །འཇམ་དཔལ་ཐུགས་ལས་འོད་ཟེར་སྣ་ལྔའི་རྩེར། །གསེར་མདོག་ཁྱེའུ་ཆུང་མཚན་དང་ལྡན་པ་ཞིག །ཤེས་རབ་བཙུན་མོའི་མངལ་དུ་ཞུགས་པ་རྨིས། །དེ་ལྟའི་རྨི་ལམ་རྒྱལ་པོར་གསོལ་པ་ལ། །རྒྱལ་པོའི་ཞལ་ནས་ནམ་མཁའི་ལྷ་བྲན་ཞིག རང་ཅག་གཉིས་ཀྱི་བུ་རུ་འོང་ཡིན་སྲིད། །རྨི་ལྟས་བཟང་ཞེས་རྒྱལ་པོ་ཤིན་ཏུ་དགྱེས། །དེ་ནས་བཙུན་མོའི་ལུས་ལ་སྙེལ་མེད་བཞིན། །ཤེས་པ་གསལ་ཞིང་ཉོན་མོངས་མི་སྐྱེ་བའི། །ངང་ནས་ཟླ་དགུ་ངོ་བཅུ་འདས་རྗེས་སུ། །ཡུམ་ལ་ན་ཚ་ཅུང་ཟད་མེད་བཞིན་དུ། །ཕོ་བྲང་བྲག་དམར་དབུས་སུ་སྐུ་བལྟམས་པར། །དུང་སོ་འཁོར་མར་ཡོད་ཅིང་དབུ་སྐྲ་ཡང་། །མཐོན་མཐིང་གཙུག་སྐྲ་གཡས་སུ་འཁྱིལ་བ་སོགས། །རབ་མཛེས་ངོ་མཚར་ལྷ་ཡི་བུ་འདྲ་བྱུང་། དེ་ཡང་རྟ་ལོ་སྐར་མ་རྒྱལ་གྱི་ཉིན། །ནམ་ལངས་ཉི་མ་ཤར་བའི་དུས་ཚོད་དུ། །འཁྲུངས་པས་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང་། །མཚན་ཡང་ཁྲི་སྲོང་ལྡེའུ་བཙན་ཞེས་སུ་བཏགས། །དེ་ཉིད་བགྲང་བྱ་བཅུ་གསུམ་ལོན་པའི་ཚེ། །ཡབ་རྗེ་ཁྲི་ལྡེ་གཙུག་བརྟན་དགུང་དུ་གཤེགས། །དེ་ནས་རྒྱལ་བུ་རྒྱལ་སར་བཏོན་ནས་སུ། །བཙུན་མོ་ཚེ་སྤོང་བཟའ་དང་འབྲོ་བཟའ་དང་། །ཕོ་གྱོང་བཟའ་གསུམ་ཁབ་ཏུ་བཞེས་ནས་ཀྱང་། །ལོ་བདུན་བར་དུ་རྒྱལ་སྲིད་སྐྱོང་བར་མཛད། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད། །བགྲང་བྱ་ཉི་ཤུ་ཐམ་པ་གླང་གི་ལོར། །སྔོན་སྨོན་དུས་བབ་དམ་ཆོས་སྒྲུབ་པ་ཡི། །ཐུགས་དགོངས་སད་དེ་གདུང་རྒྱུད་སྔོན་མ་ཚོའི། །རྣམ་ཐར་མཇལ་བས་སྲོང་བཙན་སྒོམ་པོ་ཡིས། །བོད་ཁམས་མུན་པའི་སྨག་རུམ་འདྲ་བ་ལ། །གཙུག་ལག་ཁང་བཞེངས་དམ་ཆོས་མང་བསྒྱུར་ནས། །བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་འདུག། །ངས་ཀྱང་དམ་ཆོས་དར་ཞིང་རྒྱས་པ་ཞིག །ཅིས་ཀྱང་བྱ་དགོས་སྙམས་པའི་ཐུགས་དགོངས་སྐྱེས། དེ་ཡང་མཆོག་གསུམ་རྟེན་དང་བརྟེན་པར་བཅས། །འགྲོ་རྣམས་མོས་ཤིང་དད་པའི་ཚོགས་གསོག་ཞིང་། །རང་གི་གཡར་དམ་གཙུག་ལག་ཁང་པ་ཞིག །ཅིས་ཀྱང་བཞེངས་དགོས་ཐུགས་ལ་ཤར་བའི་ཚེ། །དེ་ཡང་ཅི་འདྲ་བ་ཞིག་དགོས་ན་སྙམས། །ཐུགས་དགོངས་གཞིག་ཚེ་རི་རབ་གླིང་བཞི་དང་། །ལྕགས་རི་དང་བཅས་བཞེངས་དགོས་དགོངས་པར་ཤར། །རྒྱལ་པོས་བགྲང་བྱ་ཉེར་གཅིག་སྟག་གི་ལོར། གཙུག་ལག་ཁང་གི་རྨིང་བཏིང་བཞེད་ནས་སུ། །རྒྱ་གར་ཡུལ་ན་ཁྱད་འཕགས་སློབ་དཔོན་མཆོག །བོ་དྷི་ས་ཏྭ་ཞེས་བྱ་མཁྱེན་སྟོབས་དང་། །ཡོན་ཏན་ཤིན་ཏུ་ཆེ་བ་ཞིག་བཞུགས་པའི། །སྙན་གྲགས་ཐོས་པའི་མོད་ལ་གང་དེ་ཉིད། །གདན་འདྲེན་ཕྱིར་དུ་གཉགས་ཆེན་ལོ་ཙཱ་བ། །ཡེ་ཤེས་གཞོན་ནུ་ཞེས་པར་ས་སྙིང་ཕྱེ། །བྲེ་གང་སློབ་དཔོན་སྤྱན་འདྲེན་ཞུ་རྟེན་དུ། །བསྐུར་ཞིང་གཡོག་པོ་གཉིས་བཅས་མངགས་ནས་སུ། །བཤུལ་ལམ་རིམ་བགྲོད་ཤྲཱི་ན་ལེན་ཏྲའི། །གཙུག་ལག་ཁང་དུ་བྱང་ཆུབ་སེམས་དཔའ་དང་། །མཇལ་ཚེ་གསེར་ཕྱེ་ཕུལ་ཚེ་མཆིད་འདི་གསོལ། །བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །གཙུག་ལག་ཁང་ཞིག་བཞེངས་པར་དགོངས་ནས་སུ། །ས་གཞི་འདུལ་ཕྱིར་སློབ་དཔོན་འབྱོན་དགོས་ཞེས། །བདག་ནི་སྤྱན་འདྲེན་ཕོ་ཉར་མངགས་པ་ལགས། །ཞུས་ཤིང་འབྱོན་པར་གསོལ་བ་བཏབ་པའི་ཚེ། །སློབ་དཔོན་ཞལ་ནས་བོད་ཀྱི་རྒྱལ་པོ་དང་། །ཚེ་རབས་སྔོན་ནས་ལས་འབྲེལ་ཞིག་ཡོད་པས། །ཅིས་ཀྱང་འགྲོ་དགོས་གསུངས་ནས་བོད་ཡུལ་དུ། །བྱོན་ནས་སློབ་དཔོན་ཕོ་བྲང་བྲག་དམར་དུ། །གདན་དྲངས་རྒྱལ་པོས་ཞུ་བ་འདི་བཞིན་ཕུལ། །སློབ་དཔོན་ཆེན་པོ་བདག་ལ་གསན་མཛོད་དང་། །བདག་གིས་མཆོག་གསུམ་རྟེན་དང་བརྟེན་པར་བཅས། །འགྲོ་བ་མི་རྣམས་ཚོགས་བསགས་རྟེན་མཆོག་ཞིང་། །གཙུག་ལག་ཁང་གཅིག་བཞེངས་པར་འདོད་པས་ན། །སློབ་དཔོན་ཉིད་ཀྱིས་ས་གཞི་བྱིན་བརླབ་འཚལ། །ཞེས་ཞུས་ལན་དུ་སློབ་དཔོན་འདི་སྐད་གསུངས། །བོད་ཀྱི་ལྷ་འདྲེ་མི་མིན་གདུག་རྩུབ་ཅན། །བདག་གི་བྱང་ཆུབ་སེམས་ཀྱིས་འདུལ་དགོས་པས། །ཐུལ་མིན་ཅིར་འགྱུར་ཤེས་པར་དཀའ་མོད་ཀྱང་། །རྒྱལ་པོ་ཉིད་ཀྱིས་གཙུག་ལག་རྨིང་བཏིང་འཚལ། །གསུངས་ནས་སློབ་དཔོན་བོ་དྷི་ས་ཏྭ་ཡིས། །ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེ། །ཞལ་ཕྱེས་ས་གཞི་བྱིན་གྱིས་བརླབས་པར་མཛད། །རྒྱལ་པོ་ཉིད་ཀྱིས་སྐུ་ལ་དར་དཀར་གྱི། །ན་བཟའ་གསོལ་ཞིང་ཕྱག་ཏུ་གསེར་གྱི་འཇོར། །ཐོགས་ནས་རྨང་བྲུའི་ཆེད་དུ་ས་དེ་ག །གྲུ་གང་ཙམ་ཞིག་བརྐོས་པའི་འོག་ནས་ནི། །འབྲས་དཀར་ཁལ་གཅིག་བདུད་རྩིས་ཞག་ཀྱང་། །ཀ་ར་ཇི་བཞིན་ཞིམ་ཞིང་རོ་དངར་བ། །མང་དུ་བྱུང་བ་རྒྱལ་པོ་ཆེན་པོ་ཡིས། །ཞལ་དུ་གསོལ་ཞིང་དབུ་ལ་བྱུགས་ནས་སུ། །ང་ཡི་བསམ་པ་འགྲུབ་པར་འོང་བ་དང་། བོད་དུ་དམ་ཆོས་དར་བར་འོང་གསུངས་བཞིན། །དེ་ཚེ་སློབ་དཔོན་ཕོ་བྲང་དཔྱད་འཚལ་ཀྱི། །སྟེང་ཁར་དར་དཀར་གྱི་ནི་གུར་ཕུབས་པའི། །ནང་དུ་བཞུགས་ནས་བོད་ལ་ཕན་པའི་ཕྱིར། །དགེ་བ་བཅུ་དང་རྟེན་འབྲེལ་བཅུ་གཉིས་དང་། །ཁམས་ཆོས་བཅོ་བརྒྱད་ལས་བརྩམས་ཆོས་བཤད་ཅིང་། །གཙུག་ལག་ཁང་གི་རྨང་བཏིང་བརྩིགས་པ་ལ། །བོད་ཀྱི་ལྷ་སྲིན་ཀུན་ཁྲོས་འཁྲན་རྡུར་གྱིས། །ཉིན་མོར་བརྩིགས་པ་མཚན་མོར་བཤིགས་པ་དང་། །ལྷ་སའི་དམར་པོ་རི་ལ་ཐོག་ཕབས་ཤིང་། །འཕང་ཐང་ཕོ་བྲང་ཆུས་བཤིག་སད་སེར་དང་། །མི་ནད་ཕྱུགས་ནད་ལ་སོགས་ མི་རུང་ལྟ། །བྱུང་བར་བོད་འབངས next hit་ཀུན་གྱིས་ཆོས་བྱས་པའི། །སྐྱོན་གྱིས་ཡིན་ཞེས་ཆོས་བྱར་མ་འདོད་པར། །རྒྱལ་པོས་དང་ནི་སྦ་བློན་གསལ་སྣང་སོགས། །ཆོས་ལ་དད་རྣམས་བགྲོས་ནས་སློབ་དཔོན་ལ། །གསེར་ཕྱེ་བྲེ་གང་འབུལ་ཐེངས་གསུམ་བྱས་མཐར། །རྒྱལ་པོ་སློབ་དཔོན་ཉིད་ལ་འདི་སྐད་ཞུས། །བདག་གི་བསམ་པ་འགྲུབ་འགྲུབ་མི་འདྲ་ན། །འདི་ལ་ཐབས་ཅང་བདོག་གམ་ཞུས་པ་ལ། །སློབ་དཔོན་ཞལ་ནས་རྒྱལ་པོར་འདི་སྐད་གསུངས། །བདག་ནི་མཚན་ཉིད་རྒྱུ་ཡི་ཐེག་པ་ལ། །བསླབས་ཤིང་བྱང་ཆུབ་སེམས་གཉིས་འབྱོངས་མོད་ཀྱང་། །བོད་ཀྱི་ལྷ་འདྲེ་གདུག་རྩུབ་ཅན་འདི་རྣམས། །ཐུལ་བར་མི་འདྲ་ན་ཡང་ཐབས་ཡོད་དེ། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ན། །ཨུ་རྒྱན་རྒྱལ་པོའི་སྲས་གྱུར་གྲུབ་ཐོབ་མཆོག །སྤྲུལ་སྐུ་པདྨ་འབྱུང་གནས་ཞེས་བྱ་བ། །བདུད་བཅོམ་སྡེ་བརྒྱད་བྲན་དུ་ཁོལ་བ་ཞིག། །བཞུགས་པ་དེ་ཉིད་སྤྱན་འདྲེན་བྱས་གྱུར་ན། །རྒྱལ་པོའི་དགོངས་པ་འགྲུབ་ཅིང་མི་མིན་ཚོགས། །ཐུལ་ཞིང་དམ་ཆོས་དར་བར་འགྱུར་རོ་ཞེས། །གསུངས་པར་བོད་རྣམས་ཐེ་ཚོམ་བསལ་ཕྱིར་དུ། །རྒྱལ་པོ་ཉིད་ཀྱི་རྨི་ལྟས་ཡིན་བརྫུས་ནས། །ཕྱི་ནང་འབངས་འཁོར་རྣམས་ལ་འདི་སྐད་སྨྲས། །བདག་ལ་མདང་སུམ་རྨི་ལམ་འདི་ལྟར་བྱུང་། །རྒྱ་ནལ་མཚམས་ཀྱི་ཡང་ལེ་ཤོད་ཅེས་པའི། །བྲག་ཕུག་དེ་ན་སྔགས་ཀྱི་བརྟུལ་ཞུགས་ཅན། །ཨུ་རྒྱན་སློབ་དཔོན་པདྨ་སམ་བྷ་ཝ། །ཞེས་བྱ་བཞུགས་པས་དེ་ཉིད་སྤྱན་དྲངས་ན། །ང་ཡི་བསམ་པ་འགྲུབ་ངེས་རྨི་ལམ་དུ། །ལུང་བསྟན་བྱུང་བཞིན་ཁྱེད་རྣམས་སྤྱན་འདྲེན་དུ། །འགྲོ་དགོས་ཕྱིར་ན་བང་ཆེན་འགྲོ་གྲབས་གྱིས། །གསུངས་ཀྱང་ཁས་ལེན་ནུས་པ་མ་བྱུང་ཡང་། །ལང་གྲོ་སྣ་ར་དང་ནི་གསལ་སྣང་ལ། །བཀའ་བསྒོས་སློབ་དཔོན་བོ་དྷི་ས་ཏྭ་ཉིད། །རེ་ཞིག་བལ་ཡུལ་སྐྱེལ་བཅུག་གསེར་ཕྱེ་ཡང་། །ཁྱོར་གང་བལ་པོའི་རྒྱལ་པོར་སྟེར་རྒྱུར་བསྣམས། །ལྷག་མ་རྒྱལ་པོར་གཏད་ནས་སློབ་དཔོན་ཉིད། །བསྐྲད་པའི་ཚུལ་གྱིས་བལ་པོར་ཐེག་རྗེས་སུ། །གྲུ་གུ་ཨེ་བག་ཤ་ཞེས་བྱ་བ་ཡང་། །རྒྱ་ནག་ཡུལ་དུ་སློབ་དཔོན་ཚུལ་དུ་བཏང་། །ཞང་བློན་འབངས་དང་བཅས་པ་ཐབས་མཁས་ཀྱིས། །བྲིད་ནས་ཆོས་ལ་འཇུག་ཐབས་ལ་དགོངས་ནས། །བརྔན་པ་བྱིན་ནས་དགའ་བར་བྱས་པ་ཡིས། །ལོ་དེའི་རྗེས་མར་གྲུ་གུ་ཨེ་བག་ཉིད། །སླར་ལྡོག་སྐབས་སུ་ཙི་ནའི་རྒྱལ་པོ་ཡིས། །གསུང་རབ་གླེགས་བམ་མང་པོ་གོས་དར་སོགས། །སྐྱེས་སུ་བསྐུར་བ་བཙན་པོ་ཉིད་ལ་ཕུལ། །དེ་ནས་སློབ་དཔོན་པདྨ་སྤྱན་འདྲེན་པར། །སྣ་ནམ་རྡོ་རྗེ་བདུད་འདུལ་མཆིམས་པ་ཡང་། །ཤཱཀྱ་པྲ་བྷ་ཤུད་པུ་དཔལ་སོང་དང་། །སེང་གོང་ལྷ་ལུང་གཟིགས་དང་ཅོག་རོ་བ། །དཔལ་གཟིགས་མགོན་དང་སྣ་ནམ་ནམ་མཁའ་སྡེ། །སློབ་དཔོན་སྟག་སྣ་གདོང་གཟིག་དང་བཅས་བདུན། །གསེར་ཕྱེ་བྲེ་གང་སྐྱེས་སུ་བསྐུར་ཏེ་བརྫངས། །དེ་ཚེ་སློབ་དཔོན་ཆེན་པོ་རྒྱ་གར་གྱི། །དྷ་ཧུ་ལ་ཡི་གཙུག་ལག་ཁང་བཞུགས་ཚེ། །བང་ཆེན་པ་རྣམས་ངལ་དུབ་ཐང་ཆད་པ། །སྲུང་མ་རྣམས་ཀྱིས་ཇི་བཞིན་གཟིགས་ནས་སུ། །སློབ་དཔོན་ཆེན་པོར་ཞུ་བ་འདི་བཞིན་ཕུལ། །བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །ཐུགས་དམ་གཙུག་ལག་ཁང་ཞིག་བཞེངས་འདོད་ཀྱང་། །ལྷ་འདྲེས་བཀག་པས་དེ་རྣམས་གདུལ་ཕྱིར་དུ། །སློབ་དཔོན་ཆེན་པོ་སྤྱན་འདྲེན་བང་མི་བདུན། །འོངས་ཀྱིན་ཡོད་ཀྱང་ཐང་ཆད་ཉོན་མོངས་པས། །སློབ་དཔོན་ཅིས་ཀྱང་འབྱོན་དགོས་གསོལ་བཏབ་པས། །དེ་བཞིན་མཁྱེན་ནས་སློབ་དཔོན་རྫུ་འཕྲུལ་གྱིས། །ནམ་མཁར་ལམ་བྱས་མང་ཡུལ་གུང་ཐང་དུ། །ཕེབས་ནས་ཟླ་གསུམ་འདས་པའི་འོག་ཉིད་དུ། །བང་ཆེན་པ་སླེབས་སློབ་དཔོན་དང་མཇལ་ཚེ། །སློབ་དཔོན་ཆེན་པོས་མ་མཁྱེན་ཚུལ་གྱིས་ནི། །ཁྱེད་རྣམས་སུ་ཡིན་གར་འགྲོ་གསུངས་པ་ལ། །བང་ཆེན་རྣམས་ཀྱིས་ཞུ་བ་འདི་བཞིན་ཕུལ། །བོད་ཀྱི་རྒྱལ་པོས་སློབ་དཔོན་པདྨ་འབྱུང་། །སྤྱན་འདྲེན་ཕོ་ཉར་ངེད་ཅག་མངགས་པས་ན། །སློབ་དཔོན་པདྨ་ཁྱེད་རང་ལགས་སམ་ཞུས། །དེའི་ལན་སློབ་དཔོན་ཆེན་པོས་འདི་སྐད་གསུངས། །འོ་ན་ཟླ་བ་གསུམ་གྱི་གོང་ཉིད་ནས། །སྲུང་མ་རྣམས་ཀྱིས་ཁྱེད་རང་བང་ཆེན་བདུན། །ཆད་ཅིང་ངལ་དུབ་ཡོད་པར་ཕན་ཕྱིར་དུ། །བསྐུལ་མ་བྱུང་བཞིན་ང་རང་འདིར་ཕེབས་ནས། །ད་བར་ཁྱེད་ཅག་བསྒུགས་ནས་བསྡད་གྱུར་ཀྱང་། །ཁྱེད་རྣམས་རེ་འགོར་གདན་འདྲེན་སྐུ་ཡོན་དུ། །ཅི་ཡོད་ད་ལྟ་ཕུལ་ཅིག་བཀའ་བསྩལ་པས། །བང་མི་རྣམས་ཀྱིས་ཕྱག་བྱས་གསེར་ཕྱེ་ཡང་། །བྲེ་གང་བསྐུར་བ་དེ་ཉིད་ཕུལ་ན་ཡང་། །ད་དུང་ཕུལ་ཅིག་གསུངས་པས་བང་མི་རྣམས། །ལུས་ཀྱི་གོས་རྣམས་ཕུལ་ཡང་སྔོན་བཞིན་དུ། །གསུངས་པར་བང་མི་བོད་ཀྱི་རྒྱལ་པོ་ཡིས། །དེ་མིན་ཅི་ཡང་འབུལ་རྒྱུ་མ་བསྐུར་ཞིང་། །ངེད་རང་རྣམས་ལའང་དེ་ལས་གཞན་མེད་ན། །ལུས་ངག་ཡིད་གསུམ་བྲན་དུ་འབུལ་ཞེས་གསོལ། །ཕྱག་བསྐོར་བྱས་ནས་ཞབས་ཟུང་སྤྱི་བོ་རུ། །བླངས་ཚེ་སློབ་དཔོན་ཞལ་ནས་ཁྱེད་རང་ཚོའི། །དད་པ་འགྱུར་ལྡོག་ཡོད་མེད་བལྟས་པ་ཡིན། །ང་ཡི་སྣང་བ་ཐམས་ཅད་གསེར་ཡིན་ཞེས། །ཕྱག་གཡས་མང་ཡུལ་གུང་ཐང་ཕྱོགས་ཉིད་དུ། །བརྐྱངས་ནས་གཡས་ཀྱི་རི་རྣམས་གཡོན་དུ་སྤོས། །ཕྱག་གཡོན་ནུབ་ཀྱི་ཕྱོགས་སུ་བརྐྱངས་ནས་སུ། །ས་རྡོ་ཐམས་ཅད་གཟི་མཆོང་བྱུ་རུ་དང་། །གསེར་གཡུ་སོགས་སུ་བསྒྱུར་ནས་བང་ཆེན་ཚོར། །བྱིན་ཅིང་ནམ་མཁར་ལྟ་སྟངས་གཅིག་མཛད་པས། །ཉི་ཟླ་སར་ཕབས་དེ་བཞིན་ཕྱག་གཉིས་ཀས། །སྡིགས་མཛུབ་མཛད་པས་ཆུ་བོ་གྱེན་དུ་བཟློག །ང་ལ་རྫུ་འཕྲུལ་ནུས་པ་འདི་ལྟ་བུ། །ཡོད་པས་ཁྱེད་རྣམས་ཡིད་ཆེས་མཛོད་ཅིག་གསུངས། །གསེར་གྱིས་ང་ལ་དགོས་པ་མེད་མོད་ཀྱང་། །བོད་རྗེ་བསོད་ནམས་ཐོབ་པར་བྱ་ཕྱིར་དང་། །དགོངས་པ་རྫོགས་ཆེད་རེ་ཞིག་བླང་དགོས་གསུངས། །མང་ཡུལ་དང་ནི་བལ་ཡུལ་ཕྱོགས་ཉིད་དུ། །གཏོར་ནས་དུས་ཕྱི་གསེར་གྱི་འབྱུང་ཁུངས་ཀྱང་། །ས་ཕྱོགས་དེ་གཉིས་བཟང་བ་དེའི་དོན་ལགས། །བང་ཆེན་རྣམས་ལ་བྱིན་པའི་གསེར་གཡུ་རྣམས། །ཅི་ཡིན་སྙམས་ནས་ཁ་ཕྱེས་བལྟས་པ་ན། །བདེན་པར་སྣང་བས་སོ་སོར་ཡིད་ཆེས་སོ། །དེ་ནས་བོད་དུ་འབྱོན་པར་ཞལ་བཞེས་བཞིན། །བང་ཆེན་པ་རྣམས་ཕྱིར་སློག་དེ་རྗེས་སུ། །བལ་ཡུལ་ཨེ་ཡི་ལྷ་ཁང་ཨ་སུ་ར། །ཡང་ལེ་ཤོད་ལ་སོགས་པའི་གནས་རྣམས་སུ། །གཏེར་ཁ་བརྒྱ་དང་རྩ་བརྒྱད་རྒྱས་བཏབ་ཅིང་། །ཤིང་ཀུན་ལ་སོགས་རི་བྲག་མང་པོ་རུ། །གཏེར་ཁ་སྟོང་དང་རྩ་བརྒྱད་རྒྱས་བཏབ་སྦས། །དེ་ནས་སྣ་ནམ་མཆིམས་དང་ཤུད་པུ་གསུམ། །ཡང་བསྐྱར་གྱིས་ནི་སློབ་དཔོན་སྤྱན་འདྲེན་དུ། །མངགས་ཤིང་དེ་དང་མཉམ་དུ་སྦ་གསལ་སྣང་། །བོ་དྷི་ས་ཏྭ་སྤྱན་འདྲེན་ཕྱིར་དུ་བཏང་། །སློབ་དཔོན་ཆེན་པོས་བལ་པོའི་ལྷ་བཟོ་བ། །ས་བརྟགས་ཕྱྭ་མཁན་བཅས་པ་སྟ་གོན་དུ། །མཛད་འཕྲལ་སློབ་དཔོན་ཆེན་པོ་འཁོར་དང་བཅས། །བོད་དུ་བྱོན་གྲབས་བྱས་པ་ཙམ་གྱིས་ཀྱང་། །བལ་བོད་ལྷ་འདྲེ་ཐམས་ཅད་འདི་ལྟར་བགྲོས། །ཨ་ཙཪྱཱ་འདི་བོད་ལ་ཤོར་གྱུར་ན། །རང་ཅག་ལྷ་སྲིན་སྡེ་ཚོགས་ཕམ་པར་ངེས། །འདི་ལ་བར་ཆོད་ཆེན་པོ་གཏོང་དགོས་བགྲོས། །དེ་འཕྲལ་ཤིང་ཀུན་ས་བདག་ནག་པོ་ཡང་། །སྦྲུལ་ལྟོ་ཅན་ཞེས་བྱ་བས་ཆོ་འཕྲུལ་གྱིས། །ཉི་མ་ཕྱེད་ཙམ་མུན་ནག་འཐིབས་བཅུག་པར། །སློབ་དཔོན་ཆེན་པོས་བསྙེན་ཕུར་མཁར་འཕངས་པས། །ས་ཕྱོགས་དེར་ཡོད་ཕ་བོང་བདུན་དང་ནི། །རི་དེའི་རྩེ་མོར་གཤིན་རྗེ་ནག་པོ་ཡི། །རྡོ་སྐུ་ཞིག་ཡོད་དེ་རྣམས་བསྙེན་ཕུར་གྱིས། །བཅག་ཅིང་བཏུལ་ནས་ལྡང་མི་ནུས་པར་བྱས། །སླར་ཡང་ཨ་སུ་ར་ཡི་བྲག་ཕུག་ཏུ། །ཕུར་སྲུང་མ་མོ་བཅུ་གཉིས་དམ་ལ་བཏགས། །དེ་འཕྲལ་བྷོ་ཊའི་ནག་ཕྱོགས་མ་རུངས་པས། །བལ་པོའི་ནག་ཕྱོགས་པ་རྣམས་རྒྱུད་བསྐུལ་ནས། །ཁ་བ་ཆེར་ཕབས་གནམ་ལྕགས་ཐོག་འཕངས་ཤིང་། །ཕན་ཚུན་རི་གཉིས་ཁ་བརྡབ་དེའི་བར་དུ། །སློབ་དཔོན་འཁོར་བཅས་བཅར་བར་རློམ་མོད་ཀྱང་། །ཕྱག་མཚན་རྡོ་རྗེ་འཕངས་པས་རི་ཕུག་པར། །སློབ་དཔོན་འཁོར་བཅས་དེ་ནས་བྱོན་པ་ལ། །མིང་ཡང་རྡོ་རྗེ་ཕུག་ལམ་ཞེས་སུ་གྲགས། དེ་ནས་རྟིང་ཝིར་ཕེབས་ཚེ་མཚོ་བདག་མོས། །ཐོག་སེར་ཕབས་པར་ལྷ་སྔགས་ཏིང་འཛིན་གྱིས། །ཐོག་ཕབས་ཆུར་བསྒྱུར་དབང་བསྡུས་ཟིལ་གྱིས་མནན། །མོ་རང་ཀོ་བོའི་བྲག་ལ་གནས་པའི་ཚེ། །དུག་སྦྲུལ་ཆེན་པོར་སྤྲུལ་ནས་སེམས་ཅན་ལ། །གནོད་འཚེ་བྱེད་པ་དེ་བཏུལ་དམ་ལ་བཏགས། །དེ་ནས་མུན་ལར་མང་ཡུལ་གནས་བཅས་པའི། །སྲིན་མོ་སྤུན་བདུན་ཡོད་པས་དེར་སླེབས་པའི། །སེམས་ཅན་གང་ཡང་སྨྱོར་འཇུག་འཕྲུལ་འགྱེད་པར། །སློབ་དཔོན་འཁོར་བཅས་དེར་ཕེབས་མོད་ལ་ནི། །སྲིན་མོ་བདུན་གྱིས་མུན་ནག་གཏིབས་པ་ལ། །ཞག་བདུན་སྒྲུབ་པ་མཛད་པས་དེ་ཕྱིན་ནས། །སུ་ལའང་གནོད་པའི་ནུས་པ་མེད་པར་བྱས། །དེ་ནས་ཚོང་འདུས་གོང་གི་གནོད་སྦྱིན་མོས། །མི་དག་ཡི་མུག་བཏང་འཕྲལ་སྣ་ནས་ཁྲག །བྱུང་སྟེ་གསོད་པ་ཡི་མུག་འཕྲང་ཞེས་པ། །སྦྲུལ་རྒྱུག་འདྲ་བའི་རྡོ་བ་ཞིག་ཡོད་པ། །དེར་བྱོན་མོད་ལ་སློབ་དཔོན་འཁོར་བཅས་པར། །ཡི་མུག་བཏང་འཕྲལ་ཕུར་པ་བཏབ་ཙ་ན། རྡོ་དེ་དུམ་བུ་གསུམ་དུ་སོང་བ་ལ། །མོ་རང་ལ་ཡང་ཆོ་འཕྲུལ་གསུམ་ཡོད་པ། །སྦྲུལ་དུ་སྤྲུལ་པ་དེ་ཡི་གཉེན་པོ་རུ། །རིགས་གསུམ་མགོན་པོའི་ལྷ་ཁང་བཞེངས་པ་ལ། །ད་དུང་རུས་སྦལ་གཟུགས་སུ་སྤྲུལ་ནས་སུ། །བྲོས་པའི་སྟེང་དུ་རྩ་བརྒྱད་འབུམ་པ་བཞེངས། །ར་ལ་སྤྲུལ་ནས་ཕ་བོང་ལ་ཐིམ་པར། །སེང་ལྡེང་ཕུར་པ་བཏབ་འཕྲལ་ར་སྐད་ཐོན། །ཕུར་པ་བཏོན་པའི་ཤུལ་ནས་ཁྲག་ཀྱང་བྱུང་། །དེ་ཉིད་ཕྱིན་ཆད་མི་ལྡང་ཆེད་དུ་ནི། །རྡོ་ཡི་མཆོད་རྟེན་གཅིག་བཞེངས་དེས་མནན་ནས། །སྲོག་སྙིང་ཕྲོགས་ཏེ་བཀའ་དང་དམ་ལ་བཏགས། །དེ་རྣམས་མཚན་མོའི་ཐོ་རངས་ཞོགས་ཕྱེད་ནས། །ཚ་གུང་ཚུན་ལ་རྫུ་འཕྲུལ་གཅིག་མཛད་དོ། །སློབ་དཔོན་ཆེན་པོ་དྷི་ས་ཏྭ་ཡང་། །སྔོན་ལ་བྱོན་ནས་བོད་དུ་སླེབས་རྗེས་སུ། །སློབ་དཔོན་ཆེན་པདྨའི་ཞབས་དང་ནི། །ས་བརྟགས་མཁན་པོ་བལ་པོའི་ལྷ་བཟོ་བཅས། །བཞུགས་ནས་མང་ཡུལ་བྱམས་སྤྲིན་ལྷ་ཁང་ལ། །རབ་གནས་མཛད་ཅིང་ཆོས་ནོར་གཏེར་མང་སྦས། །དེ་ནས་ཨོ་ས་སྤོར་ཞེས་ལུང་པ་རུ། །སྒྲུབ་པ་མཛད་པས་ཀླུ་བདུད་རྡོ་རྗེ་མཆེད། །སྤུན་བདུན་དང་ནི་ལྷ་མོ་རབ་བརྟན་མ། །དམ་ལ་བཏགས་ཤིང་ལྷ་ཁང་སྲུང་མར་བསྐོས། །དེ་ནས་རག་མའི་སྨྱོ་ཐང་ཞེས་པ་རུ། །མང་གོང་ཞེས་པའི་བཙན་དང་གནོད་སྦྱིན་གྱིས། །བར་ཆོད་བྱས་པར་སློབ་དཔོན་ཆེན་པོ་ཡིས། །ཁྲོ་བཅུ་བསྐུལ་བས་ཁོ་རང་གཉིས་སྨྱོར་བཅུག །དེ་གཉིས་ཁ་གནོན་སྨྱོ་ཐང་གཤམ་དུ་ནི། །རྩ་བརྒྱད་འབུམ་པ་བཞེངས་ཤིང་མཚམས་ཞེས་པའི། །ཐད་དུ་ཕེབས་ཚེ་རྡོ་བ་གྲུ་བཞི་ལ། །ཞབས་རྗེས་བཞག་ནས་སྨོན་ལམ་འདི་བཞིན་བཏབ། །ལན་ཅིག་དུས་ཀྱི་ཐ་མ་ལ། །ང་ཡི་ཁྲོ་བོའི་ལྷ་ཚོགས་འདི། །སངས་རྒྱས་བསྟན་པ་སྟོང་དུས་སུ། །མཚོན་ཆར་བཅས་ནས་འགྲོ་གྱུར་ཅིག །ཅེས་པའི་སྨོན་ལམ་བཏབ་བཞིན་ད་ལྟ་ཡང་། །མཚམས་ཀྱི་ཞབས་རྗེས་ཞེས་གྲགས་མ་ཉམས་ཡོད། །དེ་ལ་མོས་པ་བྱེད་པའི་འགྲོ་བ་ཀུན། །གློ་བུར་རྐྱེན་དང་བར་ཆོད་ཀྱིས་མི་ཚུགས། །དེ་ནས་ཡར་བྱོན་གུང་ཐང་རྒྱུན་མདའ་རུ། །གུང་ཐང་བཙན་དང་སྐུ་ལྷ་དཔལ་ཟུང་གིས། །རླུང་དང་ཤྭ་འུད་བཏང་བས་དེ་བཟློག་ཕྱིར། །ཆོས་གོས་གཡབ་པས་ཤྭ་འུད་ཡར་ལ་ལོག །དེ་ཡི་ཁ་གནོན་མཆོད་རྟེན་ནག་པོ་བཞེངས། །དྲག་ལས་ཀྱིས་གཟིར་བཀའ་དང་དམ་ལ་བཏགས། །དེ་ནས་ལིང་པ་རོང་དུ་བྱོན་ཙ་ན། །དེར་གནས་ཀླུ་བདུད་ཀྱིས་ནི་བྲག་བསྙིལ་ནས། །བར་དུ་སློབ་དཔོན་བཅར་བར་རློམ་གྱུར་ཀྱང་། །ཏིང་ངེ་འཛིན་གྱི་མེ་དཔུང་རབ་སྦར་བས། །ཁོ་ཡི་གནས་རྟེན་བསྲེགས་པས་མ་བཟོད་ཅིང་། བཀའ་དང་དམ་ལ་བཏགས་ནས་སྲོག་སྙིང་བླངས། །དེ་ནས་མཐོང་བ་དུག་ཅན་ཞེས་པའི་ཆུ། མཐོང་དང་དྲི་ཚོར་ཙམ་གྱིས་འཆི་བ་ལ། །དེ་ཡི་སྟེང་དུ་སྨན་ཆུ་བཏོན་ནས་སུ། །དུག་ཆུ་སྨན་ཆུར་བསྒྱུར་བ་ད་ལྟ་ཡང་། །ཚེ་ཆུ་ཕུག་ཏུ་གྲགས་པ་དངོས་སུ་ཡོད། །ལིང་པའི་བྲག་དམར་ཞེས་པ་དེ་ཡི་ཚེ། ། མེ་ཡིས་བསྲེགས་པས་དེ་ལྟར་བྱུང་ཞེས་གྲགས། །གུང་ཐང་གནས་སུ་ཟླ་བ་གསུམ་བཞུགས་ནས། །རི་ཀླུང་ཀུན་ཏུ་གཏེར་ཁ་མང་དུ་སྦས། །དེ་ནས་གདན་འདྲེན་མི་གསུམ་སླེབས་ནས་སུ། །སློབ་དཔོན་སྤྱན་དྲངས་བོད་དུ་འབྱོན་ལམ་དུ། །ལྷ་འདྲེ་མི་གསུམ་འདུལ་བཞིན་བྱོན་པའི་ཚེ། །ཞང་ཞུང་དགྲ་ལྷ་མུན་ཛརྨ་ཞེས་པས། །རི་གཉིས་བར་དུ་སློབ་དཔོན་འཁོར་དང་བཅས། །བཅར་བར་བྱས་ཀྱང་བར་སྣང་ལམ་དུ་ནི། །བྱོན་པར་གྱུར་ཚེ་མོ་སྐྱེངས་སྲོག་སྙིང་ཕུལ། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མ། །ཞེས་པའི་གསང་མཚན་བཏགས་ནས་གནམ་ཐང་དུ། །བྱོན་ཚེ་གནམ་སྨན་དཀར་མོས་ཐོག་ཕབས་ཚེ། །གུ་རུས་ཕྱག་གཡོན་མཐིལ་དུ་ཆུ་བླུགས་ཏེ། །བཟེད་པས་སོར་སྒྲ་དང་བཅས་ཐོག་ཕབས་པ། །སྲན་རྡོག་ཙམ་པ་བདུན་དུ་གྱུར་པ་ལ། །ཐོག་མདའ་བདུན་དུ་བྱས་ཏེ་ཕྱག་མཛུབ་ལ། །དཀྲིས་ཏེ་མོ་ཡི་གནས་རྟེན་གངས་རི་དེར། །འཕངས་པས་གངས་ཞུ་མོ་བྲེད་དཔལ་མཚོ་རུ། །བྲོས་ཚེ་གུ་རུས་དཔལ་མཚོ་མེ་དཔུང་དུ། །བསྒོམས་པས་མཚོ་ཁོལ་མོ་རང་ཤ་རུས་དང་། །ཕྲལ་བཞིན་མཚོ་ཁར་ཐོན་པར་ཕྱག་མཚན་གྱི། །རྡོ་རྗེ་འཕངས་པས་འདྲེན་བྱེད་ཡ་གཅིག་བཅར། །སྲོག་སྙིང་ཕྲོགས་ཏེ་གངས་དཀར་ཤ་མེད་མ། །མིང་བཏགས་དམ་ལ་བཞག་ནས་རུ་ལག་སོགས། །རིམ་བགྲོད་ལྷ་སྲིན་དམ་ལ་བཏགས་བཞིན་དུ། །གཙང་གཞུང་ནས་བྱོན་སྤྲུལ་པ་ཟུང་བསྒྱུར་ནས། །འོ་ཡུག་དང་ནི་བྱང་གནས་ལྷ་འདྲེ་བཏུལ། །འོ་ཡུག་གྲེ་མོ་སྣ་ཞེས་བྱ་བ་རུ། །བོད་ཡུལ་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱིས། །ཐོག་མདའ་བཅུ་གཉིས་ཕབས་ཤིང་རི་བར་དུ། །སློབ་དཔོན་འཁོར་བཅས་བཅར་ལྟར་བྱས་པ་ལ། །སྡིགས་མཛུབ་མཛད་པས་ཐོག་མདའ་བཅུ་གཉིས་པོ། །སོལ་དུམ་རེ་རེར་བསྒྱུར་ལ་སྐྲགས་ནས་སུ། །རང་རང་གནས་པའི་རི་རྩེར་བྲོས་གྱུར་ཀྱང་། །སློབ་དཔོན་ཆེན་པོས་དེད་པས་རི་བསྙིལ་བར། །བརྟན་མའི་གནས་ཀུན་ཡེ་ཤེས་མེ་དཔུང་དང་། །གནམ་ལྕགས་ཐོག་གིས་བསྡིགས་པས་དཔའ་ཞུམ་ཞིང་། །བརྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་དང་། །གཡའ་མ་བཅུ་གཉིས་བཅས་པས་སྲོག་སྙིང་ཕུལ། །བཀའ་བསྒོས་དམ་ལ་བཞག་སྟེ་གསང་མཚན་བཏགས། །གཏེར་གྱི་གཉེར་གཏད་བོད་ཁམས་སྐྱོང་དགོས་བསྒོས། །དེའི་ནང་སྲིན་མོ་ཆོས་ལ་གནག་པ་ཞིག །ཡོད་པ་བསྒྲལ་ནས་ཁ་གནོན་མཆོད་རྟེན་བཞེངས། །དེ་ནས་འུ་ཡུག་བྱེ་རྫོང་ཁར་ཕེབས་ཚེ། །སྐྱེས་བུ་ཆེན་པོ་བཛྲ་ས་དྷུ་རྩལ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསུ་བ་དང་། །བསྙེན་བཀུར་བྱས་པར་གོས་སྔོན་ལྷ་ཁང་དུ། །རྡོ་རྗེ་ལེགས་པའི་སྐུ་བཞེངས་རབ་གནས་མཛད། །དེ་ནས་ལྕེ་ཕུ་ཤམ་པོ་ལུང་ཞེས་པར། །བྱོན་ཚེ་ཟོ་དོར་ཡར་ལྷ་ཤམ་པོ་ཉིད། །གཡག་དཀར་རི་ལོག་ཙམ་དུ་སྤྲུལ་ནས་སུ། །ཁ་རླངས་སྣ་རླངས་སྤྲིན་ཕུང་ཙམ་གཏིབས་བཞིན། །ང་རོ་འབྲུག་བཞིན་བསྒྲགས་ནས་གནམ་ལྕགས་དང་། །སྐྱིན་ཐང་དྲག་ཏུ་ཕབས་པར་གྱུར་པ་ལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །ལྕགས་ཀྱུའི་ཕྱག་རྒྱས་ཁོ་ཡི་སྣ་ནས་བཟུང་། །ཞགས་པས་མགུལ་བཅིངས་ལྕགས་སྒྲོག་ཕྱག་རྒྱ་ཡིས། །ཡན་ལག་བཞི་བསྡམས་དྲིལ་བུའི་ཕྱག་རྒྱ་ཡིས། །ཁོ་ཡི་གཟུགས་དེར་བཙོགས་ཤིང་བརྡུངས་པ་ཡིས། །ཁྱེའུ་དར་དཀར་གྱོན་པ་ཞིག་གྱུར་ཏེ། །སྲོག་གི་སྙིང་པོ་ཕུལ་ཏེ་དམ་ལ་བཏགས། །དེ་ཡང་གནམ་ཞེས་བྱ་བའི་སར་ཕེབས་ཚེ། །ཆུ་རླངས་དུ་བ་བཞིན་འཐིབས་ལ་གཟིགས་ནས། །འདི་ན་ཉི་ཚེ་བ་ཡི་དམྱལ་བའི་ཚོགས། །མང་པོ་འདུག་པ་སྙིང་རེ་རྗེ་གསུངས་ནས། །ཆུ་ཚན་དྲག་ཏུ་ཁོལ་བའི་ནང་ཤེད་ན། །སྲོག་ཆགས་མང་པོས་སྡུག་བསྔལ་མྱོང་བ་ལ། །དགོངས་པ་མཛད་པས་ཆུ་དེའི་ཚ་བའི་དབལ། །ཅུང་ཟད་ཞི་ནས་དེར་གནས་སྲོག་ཆགས་རིགས། །གནས་སྤར་མཐོ་རིས་གོ་སར་དབུགས་དབྱུང་མཛད། །དེ་ནས་ཐང་ལྷའི་གམ་དུ་བྱོན་ཙ་ན། །ཁོ་རང་གནོད་སྦྱིན་ཆེན་པོ་གཅིག་སྤྲུལ་ནས། །སློབ་དཔོན་འཁོར་བཅས་ཟ་ཚུལ་རློམ་པ་ལ། །གུ་རུས་སྡིགས་མཛུབ་ཕྱག་རྒྱས་བསྡིགས་པ་ལ། །མགོ་བོ་གྲུ་གུའི་ཡུལ་དུ་ཡོད་པ་ལ། །མཇུག་མ་ཁམས་ཀྱི་དབྱར་མོ་ཐང་སླེབས་པའི། །སྦྲུལ་དཀར་གཅིག་གིས་འབྱོན་ལམ་བཀག་པ་ལ། །གུ་རུས་ཕྱག་གི་མཁར་བས་སྦྲུལ་གཟུགས་དེ། །ཙེན་གྱིས་བླངས་ནས་བོར་འཕྲལ་ངན་པ་འདི། །འདུལ་དགོས་གསུངས་ནས་ཟངས་སྣོད་ཐབ་བཙུགས་ཏེ། །ཆུས་བཀང་མེ་བཏང་ལུག་ཐོང་ཤི་བའི་ཤ། །ནང་དུ་བཙོས་ནས་གནོད་སྦྱིན་ཆེན་པོ་ཁྱོད། །དམར་ཐབ་འཚལ་ལོ་ཞེས་བརྗོད་ཟངས་དེ་ལ། །རྡོག་ཐོས་བརྒྱབ་སྟེ་མེ་ནང་བླུགས་འཕྲལ་དུ། །ཐབ་རླངས་འཕྱུར་བས་ཁོ་རང་ཐུགས་ཁྲོས་ནས། །གངས་ལྷ་ཐུགས་ཆོམ་སྤྲིན་ནག་འཁྲིགས་པ་དང་། །འབྲུག་གྲགས་གློག་འཁྱུག་ཐོག་སེར་བཟོད་དཀའ་བ། །བྱུང་ཚེ་སློབ་དཔོན་ཆེན་པོས་སྦ་དཀར་གྱི། །ཕྱག་མཁར་ཉིད་ལ་སྐུ་ལུས་བརྟེན་བྱས་ཏེ། །གངས་ལ་སྡང་མིག་མཛད་པས་གངས་ཞུ་ནས། །ཁྲ་བོར་སོང་བས་ཐང་ལྷ་ཡར་ཞུར་ཞེས། །གྲགས་ཤིང་བྱིས་པ་གཡུ་ཡི་ཟུར་ཕུད་ཅན། །ཞིག་ཏུ་བསྒྱུར་ནས་བསྙེན་བཀུར་རྒྱ་ཆེན་པོ། །བྱས་མཐར་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས། །དེ་ཚེ་ཐང་ལྷས་ཐོག་ཕབས་གནམ་མཚོ་རུ། །ལྷུང་པས་ཉ་སྦལ་ལྕོང་མོ་ལ་སོགས་པ། །ཆུ་ཡི་སྲོག་ཆགས་མང་པོ་ཤི་བ་ལ། །སྙིང་རྗེ་ཆེན་པོས་མཚོ་ཡི་འགྲམ་དེ་རུ། །དཀྱིལ་འཁོར་བཞེངས་ཏེ་སྲོག་ཆགས་དེ་རྣམས་ཀྱི། །སྒྲིབ་པ་སྦྱངས་ཏེ་དགའ་ལྡན་གནས་སུ་སྤར། །སྐབས་དེར་སྙིང་དྲུང་ཞེས་བྱར་བྱོན་པའི་ཚེ། །སློབ་དཔོན་ཞལ་ནས་ས་འདིར་ཆོས་བྱེད་ལ། །སྡང་བའི་ཀླུ་ཞིག་འདུག་པས་དེ་འདུལ་དགོས། །གསུངས་པའི་མོད་ལ་ཀླུ་དེ་རྒྱ་མཚོ་རུ། །བྲོས་ཚེ་ཡུལ་དེའི་ཕུག་པ་ཞིག་ཏུ་ནི། །དཀྱིལ་འཁོར་བཞེངས་ཤིང་ཞག་གསུམ་དགོངས་པ་ལ། །བཞུགས་ཚེ་ཀླུ་དེ་ཁུགས་ནས་དམ་འོག་ཏུ། །བཅུག་ནས་བསྟན་པ་སྲུང་བའི་ཆད་ཐོ་བྱས། །དེ་ཚེ་བྱང་རྒྱུད་ལྷ་འདྲེ་ཕལ་མོ་ཆེ། །དབང་བསྡུས་བྲན་དུ་བཀོལ་ནས་དམ་ལ་བཏགས། །དེ་ནས་བྱང་ཐང་འཕན་ལ་ཞེས་བྱ་བར། །བྱོན་ཚེ་བྱང་གི་ཏིང་ལོ་སྨན་དང་ནི། །སྟག་སྨན་ཟོར་གདོང་དང་ནི་བྱང་ཕུག་མ། །ལ་སོགས་བྱང་གནས་ཟོ་དོར་ཐམས་ཅད་ཀྱིས། །རླུང་དང་ལྷགས་པ་མ་ལུས་ཀུན་བསྡུས་ནས། །སློབ་དཔོན་འཁོར་དང་བཅས་ལ་བརྒྱབ་པའི་ཚེ། །འཁོར་རྣམས་སྦྲེབས་ཤིང་སློབ་དཔོན་ཅུང་ཟད་ཅིག །བསིལ་ཚུལ་མཛད་འཕྲལ་ཏིང་འཛིན་ལ་བཞུགས་བཞིན། །ཕྱག་གཉིས་སྡིགས་མཛུབ་མཛད་པའི་རྩེ་མོ་ནས། །མེ་དཔུང་ཆེན་པོ་འཕྲོས་པས་དེ་རྣམས་ཀྱི། །གནས་རྟེན་དང་བཅས་འབར་ཞིང་བསྲེགས་པ་ཡིས། །སྲོག་སྙིང་ཕུལ་ཏེ་བཀའ་དང་དམ་ལ་བཏགས། །དེ་ནས་སློབ་དཔོན་ཆེན་པོ་རྫུ་འཕྲུལ་གྱིས། །ཁམས་ཀྱི་གླ་བ་རྐང་གཅིག་ཅེས་བྱ་བར། །བྱོན་ནས་ཐེའུ་བྲང་ཐམས་ཅད་དམ་ལ་བཏགས། །གཞན་ཡང་མདོ་སྨད་ཝ་སེང་བྲག་ཅེས་པར། །བྱོན་ཚེ་མ་སངས་གཡའ་སྤང་སྐྱེས་གཅིག་གིས། །མགོ་བོ་སློབ་དཔོན་པང་དུ་བཞག་ནས་སུ། །ལག་པ་གཉིས་ཀས་གངས་དཀར་ཏི་སེ་ལ། །འཇུས་ཤིང་དབྱར་མོ་ཐང་དུ་རྐང་གཉིས་བརྐྱངས། །ལྷ་འདྲེའི་དམག་ཚོགས་བྱེ་བ་སྟོང་ཕྲག་གིས། །སློབ་དཔོན་ལ་ནི་མཚོན་ཆར་ཕབས་བྱུང་བས། །སློབ་དཔོན་སྐད་ཅིག་ཉིད་ལ་འཇིག་རྟེན་ཁམས། །ཁེངས་པའི་ཁྲོ་བོ་ཆེན་པོའི་སྐུར་བཞེངས་པར། །སྐྲགས་ནས་ལྷ་འདྲེ་ཡོངས་ཀྱིས་སྲོག་སྙིང་ཕུལ། །དེ་ནས་ཡར་བྱོན་འཕན་ཡུལ་ཉེ་བའི་སར། །རྟ་རོ་དམར་པོ་ཁ་ཕྱེ་ལྟ་བུ་ཡིས། །ཡུལ་ངན་གསུངས་ནས་དེ་རུ་མ་བྱོན་ཀྱང་། །ལྷ་འདྲེ་ཐམས་ཅད་བཀུག་ནས་དམ་ལ་བཏགས། །སྟོད་ཡུལ་གཡས་རོལ་ཕེབས་ཚེ་རི་ཉིལ་བར། །སྡིགས་མཛུབ་མཛད་པས་བཟློག་ཅིང་བཙུན་མོ་ཡི། །འཕྲང་ཞེས་འབོད་པ་བྲག་རི་མུ་སྟེགས་པ། །ཁྲོས་པ་འདྲ་བ་འདིའི་ལྟག་མ་བཅད་ན། །འབྱུང་འགྱུར་ཆ་ལ་བོད་ཀྱི་ཡུལ་འདི་ཉིད། །མུ་སྟེགས་ཀྱིས་འགེང་གསུངས་ནས་དེའི་གོང་བཅད། །གཞོང་པ་ཞེས་པའི་སར་བྱོན་དེ་ག་ན། །ཚོང་པ་འགའ་ཞིག་འདུག་པས་དེ་དག་ལ། །ཚ་དྲོ་ཐོབ་དང་གསུངས་པས་དེ་རྣམས་ཀྱིས། །ཆུ་མ་མཆིས་པས་ཇི་ལྟར་བྱ་ན་ཟེར། །གསེག་ཤིང་བྱེ་མར་ལན་བདུན་བཏབ་ཙ་ན། །ཆུ་མིག་བདུན་བྱུང་གཞོང་པ་ལྷ་ཆུ་ཞེས། །གྲགས་ཤིང་མཁར་ནག་ཀླུ་བཙན་འདི་ཉིད་ནི། །འདུལ་བྱེད་ཐབས་ཤིག་བྱ་གསུངས་དེར་གནས་པའི། །བྲག་ལ་ཕྱག་གི་མཛུབ་མོས་རྡོར་སེམས་སྐུ། །འདམ་ལ་བྲིས་པ་ཇི་བཞིན་བཞེངས་ནས་སུ། །ཆུ་བོ་རི་དང་ཇོ་མོ་ཁ་རག་ཏུ། །མ་མོ་བསེན་མོ་ཐམས་ཅད་དམ་ལ་བཏགས། །སིལ་མ་ལ་ཁ་ཞེས་བྱར་སྨན་མོའི་རིགས། །རོང་ལྡོང་ཞེས་པར་མ་ཡམས་ཐམས་ཅད་དང་། །རོང་གི་ནག་པོར་སྲིན་པོའི་ཚོགས་རྣམས་དང་། །དེ་བཞིན་དབུ་རུ་མ་དྲོས་ལུང་པ་རུ། །མ་དྲོས་གཟི་ཅན་ལ་སོགས་ཀླུ་རྣམས་དང་། །གཡུ་འཛིན་ཕུག་པར་ཕོ་རྒྱུད་ཐམས་ཅད་དང་། །དུང་ཏོག་བྲག་དམར་ཞེས་པར་དྲི་ཟའི་ཚོགས། །གེམ་པ་ཆུ་མིག་དགེ་བསྙེན་གཙོ་དང་འཁོར། །བྱེ་མ་རབ་ཁར་ལྷ་སྲིན་འདུས་པའི་དཔུང་། །གངས་དཀར་ཏི་སེར་རྒྱུ་སྐར་ཉེར་བརྒྱད་སོགས། །རིམ་བཞིན་མི་མ་ཡིན་རྣམས་དམ་བཏགས་བཞིན། །གླང་ཆེན་སྦས་ཡུལ་ཞེས་པར་གཏེར་སྦས་ནས། །བྱང་གི་རྟ་རྒོད་གངས་ཞེས་བྱ་བ་རུ། །བྱོན་ཏེ་གཟའ་ཆེན་བརྒྱད་པོ་དམ་འོག་ཏུ། །བཅུག་ཅིང་བུ་ལེ་གངས་སུ་ཆགས་ཕེབ་ཚེ། །ལྷ་འདྲེ་ཡོངས་འདུས་ཚོགས་འཁོར་བསྐོར་འཕྲལ་དུ། །དབང་བསྡུས་བྲན་དུ་བཀོལ་ཏེ་དམ་འོག་ཏུ། །བཅུག་ཅིང་གློ་བོ་ཞེས་པར་བྱོན་ནས་སུ། །ལྡན་མ་སྤུན་གསུམ་དམ་ལ་བཏགས་ནས་ཀྱང་། །དེ་ནས་རིམ་བཞིན་ཕོ་མ་གང་ཅོ་དང་། །གང་བ་བཟང་པོ་ལ་ཡག་ཞེས་པ་ཡི། །སྐུ་ལྷ་མཁའ་རི་རྣམས་ཀྱིས་སྤྱན་དྲངས་བཞིན། །བཀའ་བསྒོས་དམ་ལ་བཏགས་ཤིང་དམ་ཚིག་ཕོག །ཨེ་དང་བྱར་དང་གཉལ་གྱི་ཡུལ་རྣམས་ཀྱི། །གནས་བདག་ལྷ་འདྲེ་མ་ལུས་དབང་བསྡུས་ཤིང་། །བཀའ་དང་དམ་ལ་བཏགས་ནས་དམ་ཚིག་ཕོག །དྭགས་པོར་བྱོན་ནས་དྭགས་ལྷ་སྒམ་པོ་ཡི། །རྒྱབ་ཀྱི་རི་རྫོང་གནས་སུ་བྱོན་ནས་ཀྱང་། །རྫོང་མཚོ་སྤུན་གསུམ་བཀའ་དང་དམ་ལ་བཏགས། །དེ་གར་གཏེར་སྦས་རོང་ལམ་ནས་བརྒྱུད་དེ། །ཉིན་ལུང་བྱ་རྒོད་རྫོང་རི་ཞེས་པ་རུ། །དེར་གནས་ལྷ་སྲིན་མ་ལུས་བཏུལ་བའི་ཚེ། །སྲིན་མོ་མ་རུངས་འཇིགས་པ་གཅིག་གིས་ནི། །ཕ་བོང་གཡག་རོ་ཙམ་ཞིག་བསྒྲིལ་བྱུང་བར། །སློབ་དཔོན་ཆེན་པོས་སྡིགས་མཛུབ་གཅིག་མཛད་པས། །རྦབ་དེ་གྱེན་ལ་ལྡོག་སྟེ་ནམ་མཁའ་རུ། །བཏེགས་པ་ས་ལ་མ་ལྷུང་ད་ལྟ་ཡོད། །དེ་ནས་སློབ་དཔོན་ཆེན་པོས་སྲིན་མོ་དེ། །གནས་པའི་བྲག་ཕུག་ནང་དུ་བྱོན་པའི་མོད། །སྲིན་མོ་ནུབ་ཀྱི་རི་ལ་བྲོས་ཤོར་བར། །སློབ་དཔོན་དགོངས་པ་གཏད་པས་མོ་ཡི་ལུས། །བྲག་རིར་འབྱར་ནས་འགུལ་མ་ནུས་པའི་གཟུགས། །མངོན་སུམ་ཡོད་ཅེས་ཡོངས་ལ་གྲགས་པ་ཡིན། །དེ་ཡང་སྲིན་མོ་ཕྱིར་ལྡོག་མ་ནུས་པས། །མོ་རང་སྲིན་ཕྲུག་ཤུལ་དུ་ལུས་པ་ཡང་། །རྒྱུན་དུ་ངུ་བའི་སྒྲ་ཡང་ཡོད་ཅེས་གྲགས། །དེ་ནས་རྒྱལ་པོའི་བསྐྱར་ཤོག་བཞི་པ་ཡང་། །འབྱོར་བཞིན་སྟོད་ལུང་གྲགས་པ་ཚལ་ཞེས་པར། །མཆོད་ཡོན་འཛོམ་རྒྱུའི་དུས་བཏབ་བང་ཆེན་པ། །བསློགས་ནས་ཁ་ལ་བྲག་རི་ཞེས་པའི་སར། །དགུན་ཐོག་གཅིག་བཞུགས་བཙན་རྣམས་མ་ལུས་དང་། །དེ་ནས་ཟིལ་བུར་ཟླ་བ་གཅིག་བཞུགས་ནས། །བདུད་དང་གཟའ་དང་དམ་སྲི་རྣམས་ཀྱང་བཏུལ། །དེ་ནས་ཡོ་ལ་རི་སྐུང་ཞེས་པ་རུ། །བཞུགས་ནས་བྱང་ཐང་རྒྱལ་པོ་སོ་ཤ་གཉིས། །དམ་ལ་བཏགས་ཤིང་ཆོས་འཁོར་ལྷ་ས་རུ། །ཕེབས་ཚེ་ལྷ་བཟང་ཀླུ་དཔལ་ལ་སོགས་པའི། །རྟ་པ་ལྔ་བརྒྱ་བསུ་བར་འོངས་ནས་སུ། །འབྱོན་ལམ་རིམ་བགྲོད་ཟུང་མཁར་ལུང་པའི་མདོར། །བྱོན་ཚེ་བལ་པོའི་ལྷ་བཟོ་པ་རྣམས་ཀྱིས། །མྱུར་དུ་ཚར་བར་བྱིན་གྱིས་བརླབས་ནས་སུ། །ངོ་མཚར་རྡོ་ཡི་མཆོད་རྟེན་ལྔ་བཞེངས་པར། །གཏེར་སྦས་རབ་གནས་མཛད་ཅིང་རྒྱལ་པོ་ཡིས། །བྲག་དམར་འོམ་བུ་ཚལ་དུ་མཇལ་འཕྲད་ཀྱི། །སྟ་གོན་བྱས་བཞིན་དེ་གར་ཕེབས་པའི་ཚེ། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཐུགས་དགོངས་ལ། །ང་ནི་ས་བདག་རྒྱལ་པོ་ཡིན་པའི་ཕྱིར། །སློབ་དཔོན་ཆེན་པོས་ང་ལ་ཕྱག་འཚལ་སྙམ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །ང་ནི་རྣལ་འབྱོར་ཡོངས་ཀྱི་དབང་ཕྱུག་རྗེ། །བདུད་བཅོམ་སྡེ་བརྒྱད་བྲན་དུ་བཀོལ་ནུས་ཤིང་། །རྒྱལ་པོས་གདན་དྲངས་འདི་རུ་བྱོན་པ་ལ། །སྔོན་དུ་རྒྱལ་པོས་ང་ལ་ཕྱག་འཚལ་དགོངས། །མཆོད་ཡོན་གཉིས་ཀ་ཕྱག་ལ་མ་འཆམ་པར། །ཅུང་ཟད་ལུས་ཚེ་སློབ་དཔོན་ཆེན་པོ་ཡིས། །གཞན་སྣང་ཟིལ་གྱིས་གནོན་པའི་མགུར་འདི་གསུངས་ན་མོ་གུ་རུ། །ཁྱོད་བོད་ཀྱི་མངའ་བདག་ཚུར་གསོན་དང་། །ངས་ཁམས་གསུམ་སེམས་ཅན་འཆི་བར་རྟོགས། །ཡོ་ག་ཚེ་ཡི་རིག་འཛིན་གྲུབ། །ང་འཆི་མེད་པདྨ་འབྱུང་གནས་ཡིན། །རྡོ་རྗེ་ཚེ་སྒྲུབ་ཀྱི་གདམས་ངག་བདོག །སྣང་བ་སེམས་ཀྱི་དཀྱིལ་འཁོར་དུ། །ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ། །ང་རྒྱལ་པོ་པདྨ་འབྱུང་གནས་ཡིན། །ཁམས་གསུམ་དབང་སྡུད་ཀྱི་གདམས་ངག་བདོག །སྣང་བ་འཁོར་འདས་ཀྱི་དཔེ་ཆ་ལ། །དྲང་དོན་ངེས་དོན་གྱི་བཤད་པ་བྱེད། །ང་དགེ་བཤེས་པདྨ་འབྱུང་གནས་ཡིན། །འཁོར་འདས་ཤན་འབྱེད་ཀྱི་གདམས་ངག་བདོག །སེམས་ཉིད་ཀྱི་ཤོག་གུ་རྣལ་མ་ལ། །དོན་ཚིག་དང་བྲལ་བའི་ཡི་གེ་བྲི། །ང་ཡིག་མཁན་པདྨ་འབྱུང་གནས་ཡིན། །ཆོས་ཡི་གེ་མེད་པའི་གདམས་ངག་བདོག །འདི་ལྟར་སྣང་བའི་གྱང་ལོགས་ལ། །གཉིས་སུ་མེད་པའི་རི་མོ་བྲི། །ང་ལྷ་བཟོ་པདྨ་འབྱུང་གནས་ཡིན། །སྣང་སྟོང་དབྱེར་མེད་ཀྱི་གདམས་ངག་བདོག །མི་དུག་ལྔའི་ནད་ཀྱིས་ཟིན་པ་ཀུན། །ཟག་མེད་སྨན་གྱིས་གསོ་བར་བྱ། །ང་སྨན་པ་པདྨ་འབྱུང་གནས་ཡིན། བདུད་རྩི་འཆི་སོས་ཀྱི་གདམས་ངག་བདོག །མི་དད་པ་ཆེ་བའི་འདུན་མ་བྱེད། །ཚེ་འདི་ཕྱི་གཉིས་ཀྱི་བདེ་སྐྱིད་སྒྲུབ། །ང་གཙོ་བོ་པདྨ་འབྱུང་གནས་ཡིན། །འཁོར་བ་རྩད་གཅོད་ཀྱི་གདམས་ངག་བདོག །ཤེས་རབ་སྙིང་རྗེའི་མཚོན་ཐོགས་ནས། །རྣམ་རྟོག་ལོག་ལྟའི་དགྲ་བོ་བཏུལ། །ང་དཔའ་བོ་པདྨ་འབྱུང་གནས་ཡིན། །འཁོར་བ་གཡུལ་བཟློག་གི་གདམས་ངག་བདོག །དུག་ལྔའི་དགྲ་བོ་ལངས་པ་དེ། །ཡེ་ཤེས་ལྔ་ཡི་ཁུང་དུ་བྲུབ། །ང་མཐུ་མཁན་པདྨ་འབྱུང་གནས་ཡིན། །དུག་ལྔ་རྩད་གཅོད་ཀྱི་གདམ་ངག་བདོག །ཁྱོད་གདོང་དམར་སྲིན་པོ་བོད་ཀྱི་རྗེ། འཇིག་རྟེན་དྲེགས་པའི་ཁེངས་སེམས་ཅན། །ང་རྒྱལ་འཁོར་བར་སྐྱེ་བའི་རྒྱུ། །ཉོན་མོངས་དུག་ལྔའི་རྒྱན་གྱིས་བརྒྱན། །བོད་ཀྱི་མངའ་བདག་མ་ལགས་སམ། །ཁྱོད་མངའ་ཐང་ཆེ་བས་གློ་བ་དགའ། །ངས་བོད་ཀྱི་རྗེ་ལ་ཕྱག་མི་འཚལ། །བཙལ་ཡང་ཕྱག་སྣ་མི་ཐེག་ཅེས་གསུངས་ནས། །ཕ་བོང་ཞིག་ལ་ཕྱག་འཚལ་ཚུལ་མཛད་པས། །ཕ་བོང་ཞིག་ཅིང་རྒྱལ་པོའི་ན་བཟའ་ཡང་། །ཕུད་ནས་ཡོད་པར་ཕྱག་འཚལ་ཚུལ་མཛད་པས། །ན་བཟའ་ཀུན་ཚིག་རྒྱལ་པོ་སྐྱེངས་གྱུར་ནས། རྗེ་འབངས་འཁོར་བཅས་སྐྲགས་ནས་སློབ་དཔོན་ལ། ཕྱག་འཚལ་ཞབས་ཀྱང་སྤྱི་བོར་བླངས་ནས་སུ། །ཕོ་བྲང་བྲག་དམར་མགྲིན་བཟང་ཞེས་བྱ་ན། །ཙི་ནའི་ལྷ་ཁང་གྷོ་འུ་དེ་ཤན་ལ། །དཔེ་བླངས་ལྷ་ཁང་གྲུབ་མ་ཐག་ཉིད་དུ། །སློབ་དཔོན་ཆེན་པོ་དེ་གར་གདན་དྲངས་ནས། །རབ་གནས་མངའ་གསོལ་མཛད་པའི་སྐབས་དེ་རུ། །རྒྱལ་བློན་འཁོར་བཅས་མ་བྱོན་གོང་རོལ་དུ། །སློབ་དཔོན་ཆེན་པོའི་ཞབས་འདེགས་བསྐོས་མི་ཚོས། །མཐོང་སར་མི་ལ་ཇི་ལྟར་བྱ་བ་བཞིན། །ལྷ་ཁང་ནང་གི་འདྲ་འབག་སྐུ་རྣམས་ཀུན། །རབ་གནས་སྟོན་མོ་བྱེད་པར་སྤྱན་དྲངས་པར། །བོད་རྣམས་ཡིད་མ་ཆེས་ཏེ་མཚན་མོའི་དུས། །སྒྲོན་མེ་ཁྱེར་ཏེ་བལྟས་པས་ལྷ་ཁང་ན། །སྐུ་གཟུགས་གཅིག་ཀྱང་མེད་པས་ཡིད་ཆེས་ཐོབ། །ནངས་པར་བལྟས་ཚེ་ལྷ་རྣམས་སྔར་བཞིན་དུ། །བཞུགས་ནས་འདུག་པར་སློབ་དཔོན་ཆེན་པོ་ཡིས། །མཆོད་པ་མཛད་པའི་ལྷ་བཤོས་ཕུལ་བ་ཡང་། །བཞེས་ཚུལ་མཛད་ཅིང་གསུང་མོལ་མཛད་རེས་སོགས། །དངོས་སུ་མཐོང་ཞིང་དེ་ཡི་ཉིན་མོར་ཡང་། །སྤོས་དང་མར་མེ་རང་འབར་རོལ་མོ་སྤྱི། །ཅོང་དང་བཅས་ཏེ་རང་སྒྲ་སྒྲོགས་པ་བྱུང་། །དར་འཕན་ལྔ་བཏགས་དེ་ཡང་ལྔ་བརྒྱར་འཕེལ། །རྒུན་འབྲུམ་སྙིམ་པ་གང་ཙམ་ཡོལ་གོ་རུ། །བླུགས་པ་དེར་ཚོགས་མི་རྣམས་ཐམས་ཅད་ཀྱིས། །ཟོས་ཀྱང་ཉུང་དུ་སོང་བར་མ་གྱུར་པར། །ཐམས་ཅད་ངོ་མཚར་བླ་ན་མེད་པ་སྐྱེས། །དེ་ཡི་ནངས་པར་གཟིམ་མལ་བྱེད་སོ་བ། །ལྷ་ལུང་མཚོ་བཞེར་ལེགས་ཞེས་བྱ་བ་ཉིད། །པྲ་རྟེན་བྱས་ཏེ་ལྷ་མོ་འོད་ཟེར་ཅན། །ཕབས་ནས་དུས་གསུམ་ལེགས་ཉེས་དྲིས་པ་ལ། །བོད་ཀྱི་ལྷ་ཀླུ་མི་གསུམ་པ་རྣམས་ཀྱི། །མིང་ནས་སྨོས་ཤིང་ཁྱད་པར་འཕང་ཐང་ལ། །ཆུ་ལོག་འདྲེན་མཁན་ཡར་ལྷ་ཤམ་པོ་དང་། །དམར་པོ་རི་ལ་ཐོག་འབེབས་གཉན་ཐང་ལྷ། །མི་ནད་ཕྱུགས་ནད་གཏོང་མཁན་བོད་སྐྱོང་གི །བརྟན་མ་བཅུ་གཉིས་དང་ནི་དེ་བཞིན་དུ། །སད་སེར་གཏོང་མཁན་གཉན་ཆེན་སྡེ་དགུ་ཡིན། །ཞེས་སོགས་རྒྱུ་རྐྱེན་ལེགས་ཉེས་གཏན་ཕབས་ནས། །དེ་རྗེས་ཆོ་རིགས་བཟང་པོའི་བྱིས་པ་འགར། །རྒྱལ་ཆེན་རིགས་བཞིའི་པྲ་ཕབས་གནོད་སྦྱིན་མོའི། །ཞལ་བསྟན་ལྷ་ཀླུ་གདུག་པ་ཅན་རྣམས་ཀྱིས། །མིང་དང་གནས་དང་སྤྱོད་ཚུལ་ཇི་ལྟར་སྨྲས། །དེ་ནས་བོད་ཀྱི་རྒྱལ་པོ་previous hit འབངས་འཁོར་རྣམས། །ཡིད་ཆེས་ཕྱིར་དུ་ལྷ་འདྲེ་མ་རུངས་པ། །རགས་རིམ་ཙམ་ཞིག་མི next hit་ལ་ཕབས་ནས་སུ། །བསྡིགས་ཤིང་གཟིར་བཞིན་ཆོས་བཤད་དམ་ལ་བཏགས། །རང་རང་སོ་སོའི་སྲོག་སྙིང་ཆོ་ག་བཅས། །སློབ་དཔོན་ཉིད་ལ་ཕུལ་ནས་དམ་ཚིག་ཕོག །དེས་ཀྱང་མ་ཐུལ་པ་རྣམས་འདུལ་ཆེད་དུ། །སྦྱིན་སྲེག་ལན་གཉིས་མཛད་ནས་བྲན་དུ་བཀོལ། །བོད་ཁམས་སྲིན་མོ་གན་རྐྱལ་འདྲ་བ་ལ། །མེ་བཙའ་གདབ་པར་དགོས་རྣམས་མེས་པོ་མཆོག །སྲོང་བཙན་སྒམ་པོས་མཛད་ཟིན་ལགས་པས་ན། །ད་དུང་ཡང་ནི་འདི་འདྲ་བྱ་དགོས་ཞེས། །སྲིན་མོའི་མགོ་ལ་དེའུ་ནག་པོ་དགོས། །རྐང་ལག་བཞི་ལ་མཆོད་རྟེན་བརྒྱ་རྩ་བརྒྱད། །དགོས་ཞེས་གསུངས་བཞིན་སློབ་དཔོན་ཆེན་པོ་ཡིས། །སྤྲུལ་པ་བཀྱེས་ནས་གང་དམིགས་ས་གནད་དུ། །མཆོད་རྟེན་དགུ་བཅུ་རྩ་དགུ་བཞེངས་གྲུབ་པར། །ཟངས་ཀྱི་གའུ་དེ་མཉམ་ནང་དུ་ནི། །བྲམ་ཟེ་སྐྱེ་བ་བདུན་པའི་ཤ་རིལ་གྱིས། །གཏམས་ཏེ་མཆོད་རྟེན་སོ་སོའི་ནང་དུ་སྦས། །དེ་ནས་དབུ་རུ་མ་དྲོའི་མདོར་བྱོན་ནས། །འཁོར་བ་དོང་སྤྲུག་ཆོ་ག་མཛད་པ་དང་། །ཡང་ཅིག་མ་དྲོས་ལུང་པའི་རྐེད་པ་རུ། །ཞི་ཁྲོ་ངན་སོང་སྦྱོང་བའི་ཆོ་ག་དང་། །མ་དྲོས་ཕུ་རུ་ཞི་ཁྲོ་བསྐང་བཤགས་བཅས། །མཛད་ནས་རྗེ་འབངས་འཁོར་བཅས་སྒྲིབ་པ་སྦྱངས། །ཀླུ་གཏེར་སྦས་ཤིང་ཀླུ་རྟེན་བཙུགས་པ་དང་། །སྲོག་ཆུ་བླངས་སོགས་སླན་ཆད་ཀླུ་ཡི་ཡིད། །རྟེན་འབྲེལ་དབང་གིས་དམ་ལ་མ་ཐོགས་པར། དགོངས་ནས་གློ་བོ་དགེ་དཀར་གཙུག་ལག་ཁང་། །བཞེངས་པ་དེ་ཡི་གཉེན་པོ་ཡིན་ཞེས་གྲགས། །དེ་ནས་བསམ་ཡས་ས་གཞི་དེ་ཉིད་ཀྱི། །སྦོས་པ་བཞི་ལ་གཏེར་ཁ་བཞི་དང་ནི། །འགྲམ་པ་བཞི་ལ་མེ་བཙའ་བཞི་བརྒྱབ་ནས། །རུས་སྦལ་མགོལ་རྟ་མགྲིན་བཞེངས་སུ་བཅུག །དེ་ནས་ས་གཞི་བྱིན་གྱིས་བརླབ་པའི་ཕྱིར། །སློབ་དཔོན་ཧས་པོ་རི་ཡི་རྩེེ་མོ་རུ། །བྱོན་ནས་གཟི་ཡི་ཡོལ་གོར་མཐེབ་སྐྱུ་ཞིག །ཆུ་ཡིས་བྲན་པ་བྱིན་བརླབས་མཛད་ནས་སུ། །ལྷ་འདྲེ་ཐམས་ཅད་མགུ་བར་བྱས་ནས་ནི། །དྲེགས་པ་ཟིལ་གྱིས་གནོན་པའི་མགུར་བཞེངས་ཤིང་། །ཁྲི་སྲོང་ལྡེའུ་བཙན་བསམ་པ་སྒྲུབས། །ལྷ་ཁང་རྩིགས་ཤིག་ལྷ་འདྲེ་རྣམས། །གུམ་གུམ་ཆུམ་ཆུམ་ལས་ལ་འདུས། །ཞེས་པའི་དབང་སྡུད་ཟིལ་གནན་གསུངས་འཕྲལ་དུ། །ལྷ་འདྲེ་ཡོངས་ཀྱིས་དེ་ལྟར་ཁས་ལེན་བྱས། །རྨ་ཆེན་སྤོམ་ར་འོང་དུ་མ་འདོད་པར། །ལྕགས་ཀྱུའི་ཕྱག་རྒྱས་བཀུག་སྟེ་དྲུང་ལྷགས་ནས། །བདག་ཀྱང་ཡལ་གམ་ཆེ་བ་གཅིག་ལགས་ཏེ། །བན་ཆུང་ཁྱོད་ཀྱི་བཀའ་ནན་ཆེ་བའི་ཕྱིར། །མི་འོང་དབང་མེད་ཕྱིར་དུ་འདིར་མཆིས་ན། །ཅི་བགྱི་བཀའ་སྩོལ་དེ་བཞིན་སྒྲུབ་ཁས་བླངས། །དེ་ལ་སློབ་དཔོན་ཆེན་པོས་འདི་སྐད་གསུངས། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །མངའ་བདག་བཙན་པོའི་དགོངས་པ་སྒྲུབས། །གསུངས་པའི་ལན་དུ་ཁོ་ཡི་འདི་སྐད་ཞུས། །བཀའ་བཞིན་སྒྲུབ་མོད་འོན་ཀྱང་ང་རང་ནི། །ཟན་བྲུལ་ཆབ་ཀྱིས་བྲན་པའི་གཏོར་མ་འདི། །མི་འཚལ་སྐམ་ཆས་གཅིག་ལ་དགའ་ཞུས་པས། །སློབ་དཔོན་ཆེན་པོས་དངུལ་ཕོར་ཞིག་ནང་དུ། །རིན་ཆེན་བརྡར་བའི་ཕྱེ་མ་བྱིན་བརླབས་ནས། །བྱིན་པས་ཁོ་རང་དགའ་སྟེ་དམ་འོག་བཅུག །དེ་ནས་སློབ་དཔོན་ཆེན་པོ་པདྨ་ཡིས། །བོད་ཀྱི་རྗེ་འབངས་ཡོངས་ལ་འདི་སྐད་གསུངས། །ད་ནི་ཁྱེད་རྣམས་ལྷ་ཆོས་སྒྲུབ་པ་དང་། །གཙུག་ལག་ཁང་ཡང་ཤོལ་འགྱང་མེད་པར་རྩིགས། །དེ་སྔོན་ལྷ་ཀླུ་མི་སྲུན་པ་རྣམས་ཀུན། །ལན་གཉིས་དམ་འོག་བཅུག་ཀྱང་ད་དུང་ཡང་། །ལན་གཅིག་ཅིས་ཀྱང་དམ་འོག་བཅུག་དགོས་ཞེས། །གསུངས་ནས་ཟུལ་བུ་རྐྱང་བུ་ཚལ་ཞེས་པར། །ཕེབས་པར་དེར་གནས་ཀླུ་རྣམས་བཏུལ་བའི་ཚེ། །མ་དྲོས་གཟི་ཅན་འདི་སྐད་ཅེས་པ་ཟློ། །ས་ཡི་སྟེང་ན་ཁྲི་སྲོང་ལྡེའུ་བཙན་ཉིད། །ཆེ་མོད་ས་འོག་ཏུ་ནི་ང་དབང་ཆེ། །ངེད་རང་གཉིས་པོ་མཐུན་གྲོགས་བྱས་གྱུར་ན། །རྒྱལ་པོའི་ལྷ་ཁང་བཞེངས་པའི་ཆ་རྐྱེན་དུ། །ངེད་ཀྱི་རིན་ཆེན་དང་པོ་དྲེ་འུའི་ཁལ། བཅུ་བཞི་འབུལ་ཞེས་ཁས་བླངས་དམ་བཅས་ནས། །གསེར་ལེན་པ་ལ་གསེར་ཁུང་གླང་པོའི་སྣར། །ཤོག་ཅེས་ཟློ་བཞིན་སོང་བའི་དུས་དེ་རུ། །སྔོན་གྱི་ཆད་མདོ་ཇི་བཞིན་གསེར་ཕུལ་ཚེ། །བཞེས་ནས་རྒྱལ་པོའི་ཐུགས་དགོངས་གྲུབ་པར་བྱས། །ཡང་ཅིག་ཡར་ལྷ་ཤམ་པོ་འདུལ་དགོངས་པའི། །དགོངས་པ་ཤར་ནས་ཡུལ་དེར་བྱོན་ཙ་ན། །ཤམ་པོས་སློབ་དཔོན་སྟེང་དུ་ཆུ་ཕབས་པར། །གུ་རུས་ཕྱག་མཚན་རྡོ་རྗེ་གདེངས་ཙམ་གྱིས། །ཆུ་དེ་གྱེན་ལ་ལོག་ནས་ལྷ་ཡི་རྫིང་། །བམ་རྫིང་ཞེས་བྱར་མིང་དུ་ཆགས་པ་བྱུང་། །མཚོ་དེར་ཕྱག་མཚན་རྡོ་རྗེ་འཕངས་པའི་མོད། །མཚོ་ཁོལ་ཤམ་པོའི་གངས་ཀྱི་སུམ་ཆ་ཙམ། །ཞུ་རྗེས་ཁོ་རང་གངས་རྩེར་སྡོད་བཞིན་དུ། །གུ་རུས་ང་ལ་འདི་ཙམ་ཐོ་འཚམས་ཀྱིས། །ཟློ་བར་སློབ་དཔོན་ཞལ་ནས་ང་རང་ལ། །དེ་ཙམ་ཐོ་མཚམས་དགོས་པའི་རྒྱུ་མཚན་གང་། །ད་ནི་ང་ཡི་དམ་འོག་མི་འདུ་ན། །ཁྱོད་ཀྱི་གནས་རྟེན་དང་བཅས་སྲེག་གོ་ཞེས། །བསྡིགས་པས་སློབ་དཔོན་ཞབས་ལ་ཕྱག་འཚལ་ནས། །བདག་ནི་ནག་པོའི་རིགས་ཀྱི་ལྷ་ཡིན་པས། །ཆོས་བགྱི་བར་ནི་རྔོ་ཐོགས་མ་ལགས་ཀྱང་། །ཕྱིན་ཆད་གནོད་འཚེ་མི་བྱེད་དམ་བཅའ་བླངས། །དེ་ནས་བསམ་ཡས་གནས་སུ་ཕེབས་ནས་ཀྱང་། །ཕྱག་ཏུ་རྡོར་དྲིལ་བཟུང་ནས་ནམ་མཁའ་ལ། །འཕུར་ནས་གར་དགུའི་རོལ་རྩེད་དང་བཅས་ཏེ། །ཧཱུཾ་ཧཱུཾ་སྒྲ་ཡིས་ས་གཞི་བྱིན་བརླབས་ནས། །རྒྱལ་པོའི་སྲིད་དང་བོད་ཁམས་སྤྱིར་ཕན་ཕྱིར། །སྦྱིན་སྲེག་ཆེན་པོ་གཅིག་བྱ་གསུངས་ནས་མཛད། །དེ་སྐབས་དགའ་སྟོན་ཆེན་པོ་གཅིག་བཤམས་ཚེ། །དུས་དེར་བཙན་པོའི་དབུ་སྐྲ་འཁྲུ་སྐབས་ལ། །བབ་ཡོད་ཕྱིར་ན་སློབ་དཔོན་ཞི་བ་འཚོས། །རི་བར་ཆེན་པོའི་བྱང་གི་ངོས་ཤིག་ན། ཆུ་མིག་རྟག་ཏུ་སྣང་བ་ཞེས་བྱ་བ། །ཡོད་པ་དེ་ནས་ཆབ་བླངས་རྒྱལ་པོ་ཡི། །དབུ་སྐྲ་བཀྲུས་ན་སྐུ་ཚེ་རིང་བ་དང་། །རིགས་རྒྱུད་འཕེལ་ཞིང་ཆབ་སྲིད་རྒྱས་སོགས་ཀྱི། །ཕན་ཡོན་མང་པོ་ཡོད་ཕྱིར་ཆབ་དེ་ཉིད། །བླང་བར་སུ་ཡིས་རྔོ་ཐོགས་དྲིས་པས་ན། །སུས་ཀྱང་ཁས་ལེན་མ་ནུས་དེ་ཡི་ཚེ། །སློབ་དཔོན་ཆེན་པོས་ནུས་སམ་ཞེས་མོལ་བས། །ཨུ་རྒྱན་ཆེན་པོས་གསེར་གྱི་བུམ་པ་ཞིག །དར་གྱི་ཁ་བཅད་ནམ་མཁར་འཕངས་པ་ཡིས། །ཇེ་མཐོ་ཇེ་མཐོར་སོང་ནས་མི་སྣང་བར། །ཅི་ཞིག་ལྟར་ཏེ་གསེར་གྱི་བུམ་པ་དེ། །སློབ་དཔོན་མདུན་དུ་ཀྲོང་གིས་བྱུང་ཙ་ན། །བུམ་པའི་ཆུ་དེས་བཙན་པོའི་དབུ་ཁྲུས་ཞེས། །གསུངས་ནས་བློན་པོ་རྣམས་ལ་གཏད་པའི་ཚེ། །བུམ་པ་ཁ་ཕྱེས་ནང་དུ་བལྟས་པ་ན། །ཆུ་མདོག་སྐྱ་ལ་ཉོག་པས་བུམ་པའི་ནང་། །བཀང་བར་མཐོང་ནས་ཐེ་ཚོམ་ཆེར་ཟོས་ཏེ། །འདི་ནི་མོན་གྱི་སྨྱོ་ཆུ་ཡིན་ངེས་པས། །ཕོས་ཤིག་ཟེར་ནས་ཕོས་པས་དོན་མེད་གྱུར། །གཞན་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །གྲུ་གུའི་རྒྱལ་པོའི་ནང་མཛོད་མཆོག་གི་རྫས། །བཙུན་མོ་གྱིམ་ཤང་ཀོང་ཇོའི་ཨ་དཪྴ། །བལྟས་པ་ཙམ་གྱིས་མངོན་ཤེས་འཆར་ནུས་པ། །དེ་དང་རྒྱ་གར་ཝཱ་ར་ན་སི་ཡི། །མཆོད་རྟེན་ནང་ནས་དེ་བཞིན་གཤེགས་པ་ཡི། །རིང་བསྲེལ་ཡོད་པ་རྫུ་འཕྲུལ་མཐུས་བླངས་ཏེ། །རྒྱལ་པོར་གཏད་པ་ལ་སོགས་མང་དུ་ཡོད། །དེ་ནས་རྒྱལ་པོ་ཆེན་པོ་འབངས་འཁོར་ཡང་། །ལས་དང་སྐལ་བར་ལྡན་པའི་རིགས་རྣམས་ལ། །གསང་སྔགས་དབང་གི་རིམ་པ་འདི་བཞིན་བསྐུར། །བར་ཆོད་བཟློག་ཕྱིར་རྡོ་རྗེ་ཕུར་པ་དང་། །སྒྲིབ་པ་སྦྱོང་ཕྱིར་རྡོ་རྗེ་དབྱིངས་ཀྱི་དབང་། །དངོས་གྲུབ་བསྒྲུབ་ཕྱིར་ཡང་དག་གསུམ་གྱི་དབང་། །བསྐུར་ནས་ལས་དང་སྐལ་བ་ལྡན་པར་བྱས། །རྨ་གཉགས་གཉིས་ཀྱིས་ལོ་ཙཱ་བྱས་ནས་སུ། །གསང་སྙིང་དང་ནི་ཐབས་ཀྱི་ཞགས་པའི་རྒྱུད། །མ་མོ་དང་ནི་གཤིན་རྗེའི་རྒྱུད་དང་ནི། །པདྨ་དབང་ཆེན་དང་ནི་ཕུར་པའི་རྒྱུད། །བསྐུར་ནས་དར་ཞིང་རྒྱས་པར་བྱས་པ་འོ། །དེ་ཡང་རོང་ཟོམ་མ་ཧཱ་པཎྜི་ཏས། །རིག་འཛིན་གྲོལ་ཐོབ་པདྨ་འབྱུང་གནས་དེ། །རྒྱལ་པོས་སྤྱན་དྲངས་ཆོས་འཁོར་ས་གཞི་བཏུལ། །བོད་ཀྱི་ལྷ་འདྲེ་རྣམས་ཀྱང་དམ་ལ་བཏགས། །རྒྱལ་བློན་འབངས་རྣམས་གཞན་གྱིས་འདུལ་དཀའ་བས། །བསྟན་པ་རིན་ཆེན་ཚུགས་པའི་ཆ་རྐྱེན་དུ། །སྙིང་ཞབས་མ་གཤིན་པདྨ་ཕུར་བུ་བསྒྱུར། །དེ་ཡི་ཡན་ལག་ཕྲིན་ལས་རྣམ་བཞི་ལ། །འཇམ་དཔལ་ཆེ་མཆོག་དབང་ཆེན་ཕུར་བུ་བཞི། །བསྟན་པ་བསྲུང་ཕྱིར་ལས་ཀ་བཞི་བརྒྱ་དང་། །རྩ་བཞི་དག་ཏུ་ཕྱེས་ནས་བཞག་པ་ཡིན། །ཞེས་གསུངས་ཇི་བཞིན་འགལ་སྤོང་རྣམ་དག་ལགས། །བོད་ཀྱི་རྗེ་འབངས་བཙུན་མོ་བཅས་པ་ཀུན། །ཕྲ་མ་སྔ་་བཙན་ལ་དགའ་དེའི་གཉེན་པོར། །འཇམ་དཔལ་སྐུ་དང་པདྨ་གསུང་དང་ནི། །ཐུགས་མཆོག་རྡོ་རྗེ་གཞོན་ནུ་ཡོན་ཏན་ཡང་། །ཆེ་མཆོག་མ་མོ་རྦོད་གཏོང་རྣམ་བཞི་ཡི། །སོ་སོའི་མན་ངག་ལས་སྦྱོར་བཞི་བརྒྱ་དང་། །རྩ་བཞི་མཛད་ཅིང་ཁྱད་པར་དེར་ལྷག་པའི། །ཏནྟྲ་བཅོ་བརྒྱད་སྡེ་ལས་ཁོལ་བྱུང་བའི། །མན་ངག་མང་བསྒྱུར་རྒྱུད་ལ་ལྟོས་པ་ཡི། །ཡི་གེ་མང་མཛད་རྒྱལ་བློན་བཙུན་མོ་དང་། །འབངས་བཅས་ཆོས་ལ་བསྐུལ་བར་བྱ་ཕྱིར་དུ། །གདམས་ངག་དད་བསྐྱེད་སྒྲོན་མ་ཞེས་བྱ་མཛད། །དེ་རྣམས་ཟླ་དྲུག་ཁོངས་སུ་དུ་ཚར་བར་བྱས། །རྗེ་འབངས་རྣམས་ལ་དབང་བསྐུལ་དུས་དེ་རུ། །བཙུན་མོ་ཚེ་སྤོང་བཟའ་ཞེས་དམར་རྒྱན་དང་། །འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་བྱ་བ་སོགས། །བཙུན་མོའི་མཆོག་རྣམས་དཀྱིལ་འཁོར་གཟུངས་མ་རུ། །བྱེད་པར་ཞུས་པས་དེ་རྣམས་ཕལ་མོ་ཆེ། །སྐལ་བར་ལྡན་པའི་ངེས་པ་མི་འདུག་པས། །མཆིམས་བཟའ་ལྷ་མོ་བཙན་དང་མཚོ་རྒྱལ་གཉིས། །དལ་གྱི་གཟུང་མ་མཆོག་ཏུ་ལུང་བསྟན་བཞིན། །སློབ་དཔོན་ཆེན་པོ་དགོངས་པར་བཞུགས་པ་ཡི། །སྐད་ཅིག་དེ་ལ་དེ་གཉིས་དཀྱིལ་འཁོར་གྱི། །མཐར་སླེབས་གཉིས་ཀ་ལྷུན་གྱིས་གྲུབ་པ་ཡི། །དགོངས་པ་སྐྱེས་ཏེ་སྒྲུབ་ལ་ཞུགས་པའོ། །བཀའ་རྩིས་ལོ་རྒྱུས་གསུམ་གྱི་གཞུང་ལས་ནི། །དེ་གཉིས་རྒྱལ་པོའི་བཙུན་མོ་ཡིན་གྱུར་ཀྱང་། །གཞོན་པའི་དུས་ནས་སྒྲུབ་ལ་ཞུགས་པ་ཡིས། །ཕྱག་རྗེས་ལྷ་ཁང་ཡོད་པ་མིན་ཞེས་གྲགས། །དབང་བསྐུར་གྲོལ་ཚེ་རྒྱལ་པོའི་གཟིམ་མལ་མ། །ཅོ་ཅོ་ཞེས་པས་དེ་ལྟའི་ལོ་རྒྱུས་དེ། །ཞང་བློན་རྣམས་ལ་བཤད་ཅིང་ཐེ་ཚོམ་ནས། ནུས་པ་དེ་ཙམ་མེད་སྙམས་དུས་དེ་རུ། །སློབ་དཔོན་ཨཱཪྱ་པཱ་ལོའི་ས་འདུལ་ལ། །བྱོན་ཚེ་དཀྱིལ་འཁོར་བཞེངས་པའི་ཐིག་གདབ་ལ། །ཤིན་ཏུ་མཛེས་པའི་ནེ་གུ་ཟུང་དགོས་པས། །སུ་དང་གང་ཡོད་ངེས་པ་མ་རྙེད་ཚེ། །སློབ་དཔོན་ཆེན་པོའི་ཏིང་འཛིན་མཐུ་ཡིས་ནི། །ཅོག་རོ་བཟའ་ཞེས་བུ་ཆུང་སྨན་དང་ནི། །ལྷ་བུ་སྨན་གཉིས་སྐད་ཅིག་དེར་བྱུང་བར། །གཉིས་ཀར་ཡེ་ཤེས་ལྷ་ཕབས་ཐིག་སྣ་པ། །བྱས་རྗེས་བོད་ཀྱི་མི་རྣམས་ཀུན་འདུས་པའི། །ནང་ན་དེ་གཉིས་ལས་མཚར་གཟུགས་མཛེས་སུ། །མ་བྱུང་གྱུར་ཚེ་ངོ་མཚར་ཆེར་སྐྱེས་སྐད། །ཨཪྱ་པཱ་ལོའི་གླིང་གི་རྟ་མགྲིན་སྐུ། །བློན་པོ་ཁུ་སྟག་སྣ་ལ་དཔེ་དགོས་ཞེས། །གསུངས་པ་ཇི་བཞིན་བྱས་པས་དེ་བཞིན་བྱུང་། །དེ་ཚེ་བློན་པོ་རྣམས་ཀྱིས་འདི་ལྟར་གླེང་། །སྔགས་མཁན་འདིས་ནི་བོད་ཀྱི་མཚར་སྡུག་གི །རིགས་རྣམས་ཀུན་དང་ནོར་རྫས་བཟང་དགུ་རྣམས། །རྒྱ་གར་ཡུལ་དུ་སྐྱེལ་ལམ་དོགས་པ་སྐྱེས། །དེ་དུས་དཔལ་གྱི་བསམ་ཡས་གཙུག་ལག་ཁང་། །ཉིན་པར་གཟུགས་ཅན་མི་ཡིས་བརྩིགས་པ་ལས། །མཚན་མོ་གཟུགས་མེད་ལྷ་འདྲེས་བརྩིགས་པའི་མཐོ། །གཟའ་སྐར་རྣམས་དང་དགེ་བསྙེན་ཉེར་གཅིག་སོགས། །ས་གསུམ་ལྷ་འདྲེ་ཀུན་གྱིས་ལས་རོགས་དང་། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི་རྣམས་ཀྱིས། །གྱང་བཏང་ཕྱོགས་བཞིའི་རྡོ་རིང་བཞི་པོ་ཡང་། །རྒྱལ་པོ་ཆེན་པོ་སྡེ་བཞིས་བཙུགས་པ་ཡིན། །སློབ་དཔོན་ཆེན་པོ་མཆིམས་ཕུའི་བྲག་ཕུག་ཏུ། །ཀླུ་འདུལ་དགོངས་པར་རྩེ་གཅིག་བཞུགས་པའི་སྐབས། །དུས་དེར་བསམ་ཡས་བཞེངས་རྒྱུའི་ཤིང་ཟད་དེ། །དེ་ཚེ་ཀླུ་ཡི་རྒྱལ་པོས་བསླུ་ཐབས་ཀྱིས། །ཤིང་རྣམས་གང་དགོས་ང་ཡིས་འབུལ་ཆོག་པས། །སློབ་དཔོན་དགོངས་པ་ཀློད་པར་ཞུས་ཤིག་ཅེས། །སྐུལ་མ་མཛད་བཞིན་རྒྱལ་པོ་མཆིམས་ཕུ་རུ། །ཕེབས་ཚེ་སློབ་དཔོན་གནས་གྱུར་བྱ་ཁྱུང་གཟུགས། །འཇིགས་སུ་རུང་བ་གཅིག་གིས་སྦྲུལ་གཟུགས་ཤིག །བཟུང་བ་མཐོང་ཚེ་སློབ་དཔོན་ཡིན་སྙམས་ནས། །དགོངས་པ་ཀློད་དང་དངོས་གྲུབ་བདོག་ཅེས་གསོལ། ཁྱུང་དེ་སློབ་དཔོན་སྐུ་རུ་གྱུར་ནས་སུ། །དངོས་གྲུབ་ཅི་ཡོད་གསུངས་ཏེ་རྒྱལ་པོ་ཡིས། སྔོན་བཞིན་ལོ་རྒྱུས་ཞིབ་ཏུ་ཞུས་པ་ལ། །ཤིང་གིས་ཐོགས་པ་མིན་ཀྱང་འབྱུང་འགྱུར་དུས། །ཀླུ་ཡིད་དམ་ལ་མ་ཐོགས་བོད་ཡུལ་འདིར། །གནོད་འཚེ་འོང་ངེས་ཡིན་ཞེས་གསུངས་པ་ལ། །རྒྱལ་པོ་འགྱོད་ཀྱང་བསྐྱར་ནས་ཀླུ་འདུལ་བའི། །ཐབས་མ་ཞུས་པ་ནོར་བ་ཆེན་པོ་བྱུང་། དེ་ནས་སློབ་དཔོན་ཆེན་པོ་བསམ་ཡས་ཀྱི། །བྲག་དམར་མགྲིན་བཟང་གནས་སུ་ཕེབས་པ་ན། །བློན་པོ་ཁྱུང་པོ་སྟག་རྩེའི་བསམས་པ་ལ། །བྲག་དམར་མགྲིན་བཟང་ཕོ་བྲང་མེར་བསྲེགས་ན། །སྔགས་མཁན་འདི་ཡང་གསོད་པར་ལོས་ཏེ་ཐུབ། །སྙམས་བཞིན་སློབ་དཔོན་དྲུང་དུ་ཁོ་ཕྱིན་ཚེ། །སློབ་དཔོན་ཞལ་ནས་ཁོ་ཡི་བསམ་ཚུལ་རྣམས། །མངོན་སུམ་ཇི་བཞིན་གསུངས་ཚེ་ཁོ་སྐྱེངས་ནས། །ཕྱི་རུ་ཐོན་པར་དེར་འཚོགས་མི་རྣམས་ལ། །མཐའ་ཡི་མོན་བུ་འདིས་ནི་ལྐོག་གྱུར་རྣམས། །ཅི་ཡང་ཤེས་པར་འདུག་ཅེས་ངན་སྐུར་བཏབ། །གཞན་ཡང་སྦས་པ་གདོང་གཟིག་ཞེས་བྱ་བ། །ཆོས་ལ་ཤིན་ཏུ་གནག་པ་ཞིག་ཡོད་པ། །འདི་ཉིད་མྱུར་དུ་འདུལ་བར་མ་བྱས་ན། །ཡུན་རིང་མ་ཡིན་དབང་ཆེན་དུ་གྱུར་ནས། །དམ་ཆོས་དར་དུ་མི་འཇུག་ཅི་ཙུག་བྱ། །གསུངས་ནས་དར་ཅིག་སློབ་དཔོན་དགོངས་པ་ལ། །བཞུགས་པས་ཁོ་རང་ལུས་ལ་ཁྲག་ཟག་ནས། །མྱུར་དུ་ཤི་བ་ལ་སོགས་སྔ་ཕྱི་རུ། །མི་དང་མི་མིན་བཏུལ་བའི་མཐུ་ནུས་ལ། །སྐྲགས་ཤིང་རང་གི་བསམ་སྤྱོད་མ་བཟོ་བར། །སློབ་དཔོན་བཞུགས་པར་དོགས་པ་ཆེར་སྐྱེས་ཏེ། །ཨོ་རྒྱན་རྒྱ་གར་ཡུལ་དུ་འབྱོན་ཐབས་ཀྱི། །བསམ་སྤྱོད་ཁོ་ནར་བརྩོན་བཞིན་ཡོད་སྐབས་སུ། །སློབ་དཔོན་ཆེན་པོས་རྒྱལ་པོར་འདི་སྐད་གསུངས། །བཙན་པོ་ཁྱོད་ཀྱི་ཡུལ་འདི་བཟང་པོ་རུ། །བསྒྱུར་ཐབས་མཆིས་པས་དེ་བཞིན་འཚལ་ལམ་གསུངས། །རྒྱལ་པོས་ཉིད་ཀྱིས་གང་དང་ཅི་འཚམས་ཞུས། །སློབ་དཔོན་ཞལ་ནས་ངམ་ཤོད་བྱེ་མ་ཚལ། །ནེའུ་གསིང་དུ་བསྒྱུར་ནས་བཟང་པོ་བྱེད། །གྲ་དོལ་དང་ནི་སྟག་ལ་ཤར་ནུབ་དང་། །ཡུལ་པོ་ཆེ་ཚུན་རྣམས་སུ་ཆུ་མེད་པར། །ཆུ་འདོན་གྲམ་པ་དང་ནི་བྱེ་གསེག་རྣམས། །སྤང་ལྗོངས་དག་ཏུ་བསྒྱུར་ནས་ཞིང་ས་རུ། །བྱས་ནས་ལོ་ཐོག་བསྐྱེད་ཅིང་བོད་རྣམས་ཀྱི། །འཚོ་བ་ཕུན་སུམ་ཚོགས་པའི་ཐབས་བྱེད་དོ། །དེ་བཞིན་རྒྱལ་ཆེན་རྣམ་ཐོས་སྲས་པོ་ལས། །ནོར་བླངས་སྟོབས་ཀྱིས་འཛམ་བུའི་གླིང་མཆོག་གི། །དཀོར་ནོར་ཡོད་དོ་ཅོག་གི་འབྱུང་གནས་ཆེ། །བོད་ཡུལ་དབུས་འདིར་འོང་པའི་ཐབས་ཀྱང་བྱེད། །གཙང་པོ་ས་ཡི་རུམ་དུ་སྦ་བར་བྱ། །རྒྱ་གར་ཡུལ་དུ་འདི་ལས་ཆེ་བའི་ཆབ། །ས་ཡི་འོག་ཏུ་སྦས་པས་འདི་ཡང་སླ། །རྒྱ་ཧོར་ལ་སོགས་མཐའ་ཡི་རྒྱལ་པོ་རྣམས། །དབང་དུ་བསྡུས་ནས་བཀའ་ལ་ཉན་པར་བྱེད། །དེ་སོགས་བཀའ་མཆིད་རྒྱ་ཆེར་གསུངས་པ་ལ། །དེ་ལྟར་འོང་ངམ་མི་འོང་དོགས་སེལ་ཕྱིར། །མཛད་པར་ཞུས་པས་དཀྱིལ་འཁོར་བཞེངས་ནས་སུ། །སྔ་དྲོ་ཞིག་ལ་དགོངས་པར་བཞུགས་པ་ལ། །བྲག་དམར་ཞེས་པའི་སྐམ་ས་ཞིག་ཏུ་ནི། །ཆུ་མིག་རྡོལ་བར་ཆུ་རྫིང་ཞེས་སུ་བཏགས། །ད་དུང་མཛད་དགོས་ཞུས་པས་བྲག་དམར་གྱི། །མཚོ་མོ་མགུལ་ཞེས་སྔོན་ཆད་བྱེ་མའི་ཐང་། །ཡིན་པར་དགོངས་ནས་བྱིན་གྱིས་བརླབས་པ་ལ། །སྤང་ལྗོངས་ནེའུ་གསིང་སྔོན་པོས་མཛེས་པར་བྱས། །དེ་ཡི་ཕྱི་དྲོ་གླ་བའི་གདོང་བྲག་ཏུ། །ནགས་ཚལ་ཆེན་པོ་སྐད་ཅིག་ཉིད་ལ་བྱུང་། །མིང་དུ་ཀླུ་ཡི་ཚལ་ཞེས་བྱ་བ་རུ། །བཏགས་པའི་སང་ཉིན་དགོངས་པ་མཛད་པའི་ཚེ། །ཟུང་མཁར་ལུང་པར་ཕུ་ཆུ་མེད་པ་ལ། །ཕུ་ཆུ་ཆེར་བྱུང་ཞིང་ས་གང་དགའ་ཨཾ། །དགོངས་ཚེ་སྟག་ལ་ཤར་གྱི་ཡུལ་རྐེད་དུ། །ཆུ་བྱུང་མོད་ལ་མཛེ་ཕོ་ཞིག་གིས་ནི། །ཆུ་དེ་བརྒལ་བར་མཛེ་ཕོ་རབ་ཏུ་གྲགས། །དེ་ཡི་ཡུལ་གྱི་ཕུ་ནས་གཙང་གི་ཆུ། །སྦུབས་སུ་དྲངས་པ་བྲག་གི་འོག་ཞིག་གི །དངོས་སུ་ཐོན་སོགས་སློབ་དཔོན་ཆེན་པོ་ཡི། །དགོངས་པ་བར་དུ་གཅོད་པར་མ་བྱས་ན། །ཆུ་རྒྱུན་འབད་མེད་འབྱུང་བར་ངེས་གྱུར་ཀྱང་། །བློན་པོ་ངན་པས་བར་ཆོད་བྱས་སྐྱོན་གྱིས། །ཆུ་རྒྱུན་འགག་ཀྱང་བྲག་འོག་ཆུ་དེའི་མདོག །གཙང་པོའི་མདོག་འདྲ་འོང་པ་ཕྱོགས་དེར་གྲགས། །དེ་ཕྱིན་ཡུལ་དེ་ཆུ་སྦུབས་གཞུང་དུ་བཏགས། །ཡུལ་པོ་ཆེ་རུ་ཆུ་རྒྱུན་འབད་མེད་བྱུང་། །དེ་བཞིན་སློབ་དཔོན་གསུང་རྣམས་འཕྱུག་མེད་ཀྱང་། །བློན་རྣམས་མདུན་ས་ཆུང་ངུར་གྲོས་བྱས་ཏེ། །ཞིང་ནི་ཡར་ལུང་སོགས་ཀྱི་ཆོག་གྱུར་ཀྱང་། །སྔགས་མཁན་འདིས་ནི་བོད་ཡུལ་ལུང་པ་འདི། །བཟང་པོ་བྱས་ནས་རྒྱ་གར་རྒྱལ་འབངས་ལ། །གཏོད་དུ་འདོད་པ་ཡིན་པས་ད་ནས་ནི། །བྱ་བ་འདིའི་འཕྲོ་ཆོད་ལ་མོན་བུ་འདི། རང་གི་ཡུལ་དུ་བརྫངས་ན་འཐད་ཅེས་པར། །བློན་པོ་དབང་ཆེན་རྣམས་ཀྱིས་གྲོས་འཚམས་ནས། །ཆོས་རྒྱལ་རྗེ་ལ་ཞུ་བ་འདི་བཞིན་ཕུལ། །མོན་བུ་འདི་ནི་བོད་ཡུལ་འདིར་ཆེ་ཞིང་། །རྒྱལ་པོ་ཆོས་ལ་བློ་གཏད་ཆེ་ཐལ་བས། །ཆབ་སྲིད་རྒྱ་གར་པ་ཡིས་ཕྲོགས་ངེས་ན། །སློབ་དཔོན་སྔགས་མཁན་ཉིད་ལ་མཁོ་དགུའི་ནོར། །ཕུལ་ནས་རྒྱ་གར་ཡུལ་དུ་བཞུད་འཇུག་ཅེས། །ཡང་ཡང་ཞུ་བ་ཕུལ་ཞིང་སློབ་དཔོན་ལའང་། །བློན་པོ་རྣམས་ཀྱིས་དེ་ལྟར་ཞུས་པ་ལ། །བཙན་པོ་ཐུགས་མ་བདེ་བཞིན་སློབ་དཔོན་ལ། གསེར་ཕྱེ་བྲེ་གང་ཕུལ་ནས་ཕྱག་འཚལ་ཞིང་། །བསྐོར་བ་བྱས་ནས་རྒྱུ་མཚན་དྲང་ཞུས་པས། །སློབ་དཔོན་ཞལ་ནས་རྒྱལ་པོར་འདི་སྐད་གསུངས། །ང་རང་གསེར་འཚོལ་ཕྱིར་དུ་བོད་ཡུལ་འདིར། །འོང་བ་མ་ཡིན་མཐའ་འཁོབ་ཡུལ་འདི་ཡི། །འདྲེ་སྲིན་གདུག་པ་ཅན་རྣམས་བཏུལ་ནས་སུ། །དམ་ཆོས་དར་བར་བྱས་ཤིང་བོད་ཀྱི་ཡུལ། །བདེ་བར་བཀོད་ཕྱིར་འོང་བ་མ་གཏོགས་པའི། །གསེར་འདོད་ན་ནི་འདི་བཞིན་བྱེད་ཆོག་མོད། །གསུངས་ནས་ཉེ་སྐོར་དེར་ཡོད་བྱེ་མ་དང་། །རྡོ་ལ་རེག་ཚད་གསེར་དུ་བསྒྱུར་བྱས་ཤིང་། །བཙན་པོར་བསོད་ནམས་ཐོབ་ཕྱིར་ཁྱོར་གང་ཙམ། །བླངས་ནས་རྒྱ་གར་རྡོ་རྗེ་གདན་མཆོག་ལ། །མཆོད་པ་འབུལ་བའི་ཆ་རྐྱེན་བྱ་འོ་གསུངས། །གསེར་གྱི་ལྷག་མ་བཙན་པོར་ཕྱིར་གཏད་ནས། །བཟང་སེམས་བྱུར་གྱི་སྣ་འདྲེན་ཡིན། །སྙིང་རྗེ་རྒས་པ་ཞེ་སྡང་རྒྱུ། །རྗེ་ཡི་ཁ་ལོ་བློན་གྱིས་བསྒྱུར། བོད་ཀྱི་འདྲེ་བློན་གདུག་པ་ཆེ། སེམས་ཅན་ལས་ངན་སྤྱོད་པ་ལ། །རྒྱལ་བ་རྣམས་ཀྱིས་འདུལ་ཐབས་རྡུགས། །ཞེས་གསུངས་བློན་པོ་རྣམས་ཀྱིས་འདོད་ཁར་བཏང་། །རྒྱལ་པོར་ཆོས་དང་གདམས་པ་མང་གནང་ཞིང་། ཁྱད་པར་རྗེ་འབངས་ཉི་ཤུ་རྩ་གཅིག་ལ། །རྫོགས་ཆེན་མན་ངག་ལྟ་བའི་ཕྲེང་བ་གསུངས། །རྒྱལ་རྒྱུད་མངའ་ཐང་དར་ཞིང་འཕེལ་ཆེད་དུ། སྦྱིན་སྲེག་དང་ནི་ལྷ་ཀླུ་དམ་འདོགས་ལས། །གསུམ་པ་དགོས་རྒྱུ་དེ་ཡང་མ་གྲུབ་ཤོལ། །འོན་ཀྱང་མ་འོངས་འབྱུང་འགྱུར་དུས་མཁྱེན་བཞིན། །སློབ་མ་རྣམས་ལ་གདམས་ངག་མང་པོ་དང་། །ཆོས་དང་ནོར་དང་དྲག་སྔགས་སྨན་རྩིས་བཅས། །གཏེར་ཁ་ཆེན་པོ་བརྒྱ་དང་རྩ་བརྒྱད་སོགས། །སྦས་མཐར་སྨོན་ལམ་གཏད་རྒྱ་འདི་བཞིན་བྱས། བདག་དང་གཏན་པ་མེད་པའི་སྦྱིན་བདག་རྣམས། ཚེ་རབས་འདི་དང་ཚེ་རབས་གཞན་ཡང་རུང་། འོག་མིན་ཞེས་བྱའི་གནས་མཆོག་དམ་པ་རུ། རྣལ་འབྱོར་ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཅེས་སོགས་སྨོན་ལམ་མཛད་ཅིང་དད་ལྡན་ཚོར། །ཞལ་གྱི་གདམས་པ་མང་དུ་གསུངས་ནས་ཀྱང་། །དུས་དེ་ཉིད་ལ་ཡར་ལ་གཤེགས་ཚུལ་གྱིས། །རུ་ལག་ནས་བརྒྱུད་འབྱོན་ལམ་རིམ་བཞིན་དུ། །བགྲོད་ཚེ་ཆིབས་ཁྲིད་ཏི་གུ་སྣང་གོང་དང་། །ཉང་བཟང་ཞེས་པའི་དད་ལྡན་བློན་ཟུང་གིས། མང་ཡུལ་གུང་ཐང་བར་དུ་བསྐྱལ་བརྫུས་ཚེ། འདྲེ་བློན་གདུག་པ་ཅན་རྣམས་མཆིད་ན་རེ། །སྔགས་མཁན་ནུས་ལྡན་དེ་ཉིད་མ་བསད་ན། རང་ཅག་རྣམས་ལ་མཐུ་བྱད་འོང་ངེས་ཞེས། གཤེད་མ་ཤིན་ཏུ་དཔའ་བ་བཅོ་བརྒྱད་ལ། །རྟ་དང་མཚོན་ཆ་གཏད་ནས་སྦས་ཚུལ་གྱིས། བཏང་བར་སློབ་དཔོན་མང་ཡུལ་ལར་བྱོན་ཚེ། །སྐྱེལ་མ་གཉིས་པོར་ནངས་པར་འོ་ཅག་ལ། །དགྲ་འོང་གསུང་བཞིན་ནངས་པར་དོང་བབ་ཀྱི། འཕྲང་ལ་བྱོན་ཚེ་གཤེད་མ་བཅོ་བརྒྱད་པོས། མཚོན་ཆ་ལག་ན་གསོར་ཏེ་སློབ་དཔོན་ལ། བརྡེག་ཏུ་བྱུང་བར་སློབ་དཔོན་ཆེན་པོ་ཡིས། སྡིགས་མཛུབ་མཛད་པས་དེ་རྣམས་ཐམས་ཅད་ཀྱི། །ལུས་པོ་འཇིམ་གཟུགས་ཇི་བཞིན་རེངས་པར་གྱུར། །ངག་ཀྱང་སྨྲ་བརྗོད་མ་ཤེས་དེ་གར་ལུས། སློབ་དཔོན་སྐྱེལ་མ་དང་བཅས་ཡར་གཤེགས་པས། །ལ་ཁ་ཞིག་ནས་སྐྱེལ་མ་ཕྱིར་ལྡོག་སྐབས། སློབ་དཔོན་ཆེན་པོའི་ཞལ་ནས་འདི་སྐད་གསུངས། བོད་ཀྱི་འདྲེ་སྲིན་ལྷ་ཀླུ་བདུད་བཙན་རྣམས། །ཅིས་ཀྱང་ལན་གསུམ་འདུལ་དགོས་ངེས་ན་ཡང་། ལན་གཉིས་མ་གཏོགས་གཅིག་ཤོས་ལུས་པ་ལགས། དེ་མ་ལུས་ན་རྒྱལ་པོ་སྐུ་ཚེ་ཡང་། རིང་ཞིང་རིགས་རྒྱུད་དང་ནི་མངའ་ཐང་སོགས། དར་ཞིང་རྒྱས་ལ་ཆོས་ཀྱང་དར་ནུས་ན། དེ་མ་གྲུབ་པར་ལུས་པ་ཡིད་ལ་བཅགས། ད་དུང་ཆོས་འཁོར་གཅིག་ནི་འབྱོན་འོང་ཀྱང་། དེ་རིང་འཁྲུག་པ་ཆེན་པོ་གཅིག་ཀྱང་འོང་། ཆོས་ལ་འཕེལ་འགྲིབ་ཅུང་ཟད་ཙམ་ཡང་འབྱུང་། ཀླུ་དེ་ཉིད་ཀྱང་རྒྱལ་པོར་ཞེ་གནག་འདུག །རྒྱལ་རྒྱུད་ཀྱང་ནི་སིལ་བུར་འགྲོ་གསུངས་ཤིང་། ཡུངས་དཀར་སྤར་གང་བསྐུར་ཏེ་ཁར་སང་གི། གནོད་འཚེ་རྩོམ་མཁན་རྣམས་ལ་འདི་འཐོར་ཞེས། གསུངས་འཕྲལ་ལྷོ་ནུབ་མཚམས་སུ་སྲིན་པོའི་སྡེ། འདུག་དུ་འགྲོ་གསུངས་ཆིབས་ཀྱི་སྟེང་ཉིད་ནས། །ཆོས་གོས་མནབས་བཞིན་གསེག་ཤིང་ཐོགས་ནས་སུ། །ནམ་མཁའི་དབྱིངས་སུ་འཕུར་ནས་བཞུད་ཚུལ་མཛད། །སྐྱེལ་མ་གཉིས་པོ་ཕྱིར་ལོག་གཤེད་མ་ཚོད། །ཡུངས་དཀར་གཏོར་བས་འགྲོ་ཞིང་སྨྲ་ཤེས་བྱུང་། །སྐྱེལ་མ་རྒྱལ་པོའི་དྲུང་དུ་ཕྱིན་ནས་ཀྱང་། །སློབ་དཔོན་གསུངས་རྣམས་ཇི་ལྟར་ཞུས་པ་ལ། །རྒྱལ་པོའི་ཐུགས་ལ་ཤིན་ཏུ་བཅགས་པར་གྱུར། །དེ་རྣམས་རྒྱུ་མཚན་ཇི་ལྟར་ཡིན་ཞེ་ན། །བོད་ཀྱི་བདུད་བློན་ནག་པོ་རྣམས་ཀྱི་ངོར། །རེ་ཞིག་གཤེགས་པའི་རྫུ་འཕྲུལ་བསྟན་མོད་ཀྱང་། །གཏན་དུ་གཤེགས་པ་མ་ལགས་མཆོད་ཡོན་ཟུང་། །ལྐོག་ཏུ་བགྲོས་ནས་བཙན་པོ་མ་གཤེགས་བར། །སློབ་དཔོན་བཞུགས་པའི་ཆད་མདོ་ཡོད་པ་བཞིན། གཞོ་སྟོད་ཏེ་སྒྲོར་མཁའ་འགྲོའི་ཚོགས་ཁང་དུ། སློབ་དཔོན་སྐུ་དངོས་བྱོན་ནས་མཁའ་འགྲོ་ཡི། གཙོ་མོ་ཡེ་ཤེས་མཚོ་རྒྱལ་ཉིད་ལ་ནི། །རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གདམས་པ་རྣམས། གསུངས་ནས་བླུན་སྒོམ་ཡིད་བྱེད་དང་བྲལ་བཞིན། །རྒྱལ་བའི་དགོངས་པ་མངོན་སུམ་རང་ཐོག་ཏུ། གཏན་ལ་ཕབས་པ་ནས སྨིན་ཅིང་གྲོལ་བར་བྱས། །དེ་ཡང་བསམ་ཡས་ས་འདུལ་མེ་སྟག་ལོར། །བྱས་ཞེས་གྲགས་པ་མ་ནོར་ཚད་མ་ཡིན། །དེ་དག་གསང་སྔགས་བབ་བདུན་བྱུང་བ་ལས། །ཐོག་མ་སློབ་དཔོན་ཆེན་པོའི་དུས་ཡིན་ནོ། སྐབས་དེར་རྒྱལ་པོས་བསམ་ཡས་བརྩིགས་པ་ཡང་། དབུ་རྩེ་རིམ་གསུམ་རི་རབ་ཚུལ་དང་ནི། ཡག་ཤ་ལྟག་འོག་ཉི་མ་ཟླ་བའི་ཚུལ། །ཕྱོགས་བཞི་མཚམས་བརྒྱད་ལྷ་ཁང་ཐམས་ཅད་ཀུན། གླིང་བཞི་དང་ནི་གླིང་ཕྲན་ཚུལ་དུ་བཞེངས། ཟུར་བཞིར་མཆོད་རྟེན་ཆེན་པོ་བཞི་དང་ནི། ཕྱོགས་བཞིར་མགོན་ཁང་བཞི་དང་དེའི་སྒོ་བཞིར། །རྡོ་རིང་བཞིའི་རྩེར་ཟངས་ཀྱི་ཁྱི་བཞི་ཉེར། །མཐའ་ལ་ལྕགས་རི་མུ་ཁྱུད་ཚུལ་བསྐོར་ནས། སྟེང་ཁར་རྩ་བརྒྱད་མཆོད་རྟེན་འཁོར་མོར་བཞེངས། གཞན་ཡང་བཙུན་མོ་གླིང་གསུམ་བྱ་བ་ནི། ཚེ་སྤོང་བཟའ་ཞེས་བཙུན་མོ་དམར་རྒྱན་མས། ཁམས་གསུམ་ཟངས་ཁང་གླིང་ཞེས་བྱ་བ་དང་། བཙུན་མོ་འབྲོ་བཟའ་བྱང་ཆུབ་སྨན་གྱིས་ནི། དགེ་རྒྱས་བྱེ་མ་གླིང་ཞེས་བྱ་བ་བཞེངས། ཕོ་གྱོང་བཟའ་ཞེས་རྒྱལ་མོ་བཙུན་གྱིས་ནི། བུ་ཚབ་གསེར་ཁང་གླིང་ཞེས་བྱ་བ་བཞེངས། དེ་ལྟར་བསམ་ཡས་ལོ་གྲངས་ཅིས་འགྲུབ་ན། ཐང་ཡིག་ལྟར་ན་བགྲང་བྱ་ལྔ་དང་ནི། །ལོ་རྒྱུས་གཞན་ན་དེ་དང་མི་མཚུངས་ཙམ། །ཡོད་ཀྱང་གདུལ་བྱ་སོ་སོའི་སྣང་ངོ་རུ། །ཤར་ཚུལ་ཡིན་པས་ཁ་ཚོན་གཅོད་རྒྱུ་མེད། །དེ་ལྟར་སྐུ་གསུམ་རྒྱལ་བའི་ཞིང་ཆེན་པོ། །མཁན་སློབ་ཆོས་གསུམ་སྔོན་སྨོན་སྟོབས་རྩལ་གྱིས། །བོད་ཡུལ་རུ་བཞིའི་དབུས་སུ་མངོན་སུམ་དུ། །སྤྱན་དྲངས་འདི་འདྲ་ངོ་མཚར་ཁྱད་པར་འཕགས། འདིར་བཞུགས་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་གི། །རྣམ་གྲངས་བརྗོད་ན་དཔག་མེད་མཐའ་ཡས་ཀྱང་། །མདོ་ཙམ་ཐང་ཡིག་ནང་ནས་གསལ་ལྟར་ལགས། །དོན་ལ་རྟེན་དང་བརྟེན་བཅས་ལྷ་ཡི་ཚོགས། །འདྲ་འབག་དང་ནི་རིས་སུ་བྲིས་པ་དང་། །ལུགས་སུ་བླུགས་རྣམས་སྤྲུལ་པའི་སྐུ་ཡིན་ཀྱང་། །དེར་བཞུགས་ཡེ་ཤེས་པ་རྣམས་ལོངས་སྐུ་ལ། ཆོས་དབྱིངས་དྲི་མེད་ཆོས་སྐུའི་སྟོན་འཁོར་སོགས། །མདོར་ན་སངས་རྒྱས་ཆོས་དང་དགེ་འདུན་དང་། རྒྱལ་བ་རྒྱ་མཚོ་བྱང་སེམས་ཉན་རང་བཅས། །རྩ་གསུམ་དམ་ཅན་ཆོས་སྐྱོང་ལ་སོགས་པའི། །འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་དང་། །ཕོ་ཉ་སྤྲུལ་འཁོར་བཅས་པའི་བཞུགས་གནས་མཆོག །འདི་འདྲ་འཇིག་རྟེན་ཁམས་འདིར་འགྲན་ཟླ་བྲལ། དེ་ལྟར་གྲུབ་འཕྲལ་སློབ་དཔོན་ཞི་བ་འཚོས། །རབ་གནས་མཛད་ཅིང་པཎ་གྲུབ་གཞན་གྱིས་ཀྱང་། རབ་གནས་མཛད་པར་གྲགས་པ་དོན་ལ་གནས། །དེ་དུས་སློབ་དཔོན་ཆེན་པོ་པདྨ་འབྱུང་། །བོད་ཀྱི་སྒྲུབ་གནས་འགའ་རུ་བཞུགས་ཞེས་པའི། །གཏམ་དེ་མི་རྣམས་ཕལ་མོ་ཆེས་གླེང་པ། །རྒྱལ་པོས་མི་མཁྱེན་ཚུལ་གྱིས་ཚིག་དེ་ག །བདེན་མིན་མི་འབྱེད་རྫུ་བས་གདན་དྲངས་པས། །དད་མེད་བློན་པོ་རྣམས་ཀྱི་བསམ་པ་ལ། །འབྱོན་རྒྱུ་མི་འོང་སྙམས་པའི་སྐབས་དེ་རུ། །སློབ་དཔོན་ཆེན་པོ་སྐད་ཅིག་དེར་བྱོན་ནས། །ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི། །རྟེན་དང་བརྟེན་བཅས་ནམ་མཁར་མངོན་སྤྲུལ་ཏེ། །རབ་ཏུ་གནས་པའི་ཆོ་ག་མཛད་པ་ལ། །མེ་ཏོག་འཐོར་ཚེ་ཕོ་བྲང་ནང་གི་ལྷ། །ཀུན་ཀྱང་ཕྱིར་བྱུང་ཁྱད་པར་དབུ་རྩེའི་ལྷས། །ཕྱག་མཚན་བསྒྱུར་ཞིང་བྱོན་པས་རྒྱལ་པོ་ཡིས། །ལྷ་རྣམས་ནང་དུ་མི་ཚུད་དོགས་པ་ལ། །ལྷ་རྣམས་དབུ་རྩེར་ལན་གསུམ་བསྐོར་བྱས་ཏེ། །སླར་ཡང་ནང་དུ་བྱོན་ནས་སྔར་བཞིན་འཁོད། །དེ་ནས་རིམ་བཞིན་སྤྱི་དང་བྱེ་བྲག་གི། །ལྷ་ཁང་སོ་སོར་མེ་ཏོག་འཐོར་བའི་ཚེ། །སྒོ་སྲུང་ཁྲོ་བོར་མེ་དཔུང་འབར་བའི་གཟུགས། ཀུན་གྱིས་མཐོང་ཞིང་མངའ་བདག་བཙན་པོ་ཡིས། །བསམ་ཡས་མེས་ཚིག་སྙམས་ནས་སྐྲག་པ་སྐྱེས། །བཙུན་མོ་གསུམ་གྱིས་བཞེངས་པའི་ལྷ་ཁང་ལ། །རབ་གནས་མཛད་ཚེ་ལྷ་ཁང་རྣམ་པ་གསུམ། འོད་ཀྱིས་ཁེངས་ཤིང་མཆོད་པའི་ཡོ་བྱད་ཚོགས། །མང་དུ་འཕེལ་ཞིང་སྔོན་མ་མྱོང་བ་ཡི། །དྲི་བཟང་འཐུལ་ཞིང་པད་སྡོང་སྐྱེས་པ་ཡང་། །ཀུན་གྱིས་མཐོང་བཞིན་ཡ་མཚན་མཆོག་ཏུ་གྱུར། །ཨཪྱ་པཱ་ལོར་མེ་ཏོག་འཐོར་བའི་ཚེ། །རྟ་མགྲིན་གཙུག་ནས་རྟ་སྐད་ལན་གསུམ་འཚེར། །འཁོར་སར་སྨྱུག་མའི་ཕུང་པོ་མོད་ལ་སྐྱེས། །བྱམས་པ་གླིང་དུ་མེ་ཏོག་འཐོར་བའི་ཚེ། །སྤྲིན་གྱི་གསེབ་ནས་ལྷ་མང་བྱོན་ནས་ཀྱང་། །ལྷ་ཁང་དེ་ལ་མཆོད་ཚོགས་སྟོབ་པར་བྱེད། །དེ་ལྟར་འཇམ་དཔལ་གླིང་སོགས་རིམ་བཞིན་དུ། །རབ་གནས་མཛད་ཚེ་འཇམ་དཔལ་གླིང་དུ་ནི། །མེ་ཏོག་ཆར་བབས་བདུད་འདུལ་སྔགས་པ་གླིང་། །རབ་གནས་མཛད་ཚེ་ནམ་མཁའི་དབྱིངས་རུམ་ནས། །སངས་རྒྱས་མང་བྱོན་ནང་གི་ལྷར་ཐིམ་ཞིང་། །ཁྲུས་ཁང་གླིང་དུ་དེར་བཞུགས་ལྷ་རྣམས་ཀྱིས། །ཆོས་གསུངས་མཛད་པ་དེར་འདུས་ཀུན་གྱིས་མཐོང་། །བསམ་གཏན་གླིང་དུ་ཉི་ཟླ་དུས་གཅིག་ཤར། སྒྲ་བསྒྱུར་གླིང་དུ་རོལ་མོ་རང་འཁྲོལ་བྱུང་། །བེ་ཧར་གླིང་དུ་ལྷ་རྣམས་ཕྱིར་ཐོན་ནས། །མེ་ཏོག་བླངས་ཏེ་སླར་ཡང་ནང་དུ་འཁོད། །མཆོད་རྟེན་བཞི་ལ་འཕན་གདུགས་མེ་ཏོག་གི། །ཕྲེང་བ་ལ་སོགས་རྒྱན་རྣམས་རང་བྱུང་གྱུར། མགོན་ཁང་བཞི་པོའི་སྐུ་གཟུགས་ཕྱིར་ཐོན་ནས། །ཁྲོམ་རྣམས་འུར་མཐར་ལྷ་སྐུ་ནང་དུ་བྱོན། །རྡོ་རིང་བཞི་པོའི་རྩེར་གནས་ཁྱི་བཞི་ཡང་། །ཕྱོགས་བཞིར་ཟུག་ཅིང་འཕྱོ་ལ་རེངས་ཚུལ་སྟོན། ཕྱི་རིམ་ལྕགས་རིར་མེ་ཏོག་འཐོར་བའི་ཚེ། ཨ་རུ་རློན་པའི་ཆར་པ་ལན་གསུམ་དུ། བབས་པ་ལ་སོགས་རྟགས་མཚན་དེ་རྣམས་ཀུན། །མཁན་སློབ་གཉིས་དང་གྲུབ་ཆེན་གཞན་རྣམས་ཀྱིས། །རབ་གནས་མཛད་ཚེ་དེ་རྣམས་བྱུང་ཞེས་པའི། །ལོ་རྒྱུས་སྦ་བཞེད་ལ་སོགས་གཞན་ནའང་ཡོད། དེ་ནས་སློབ་དཔོན་མཧཱ་གུ་རུ་ཡིས། །ལྷ་ས་ཁྲ་འབྲུག་ལ་སོགས་བོད་དབུས་ཀྱི། ལྷ་ཁང་ཀུན་ཏུ་སྤྲུལ་པ་རེ་བྱོན་ནས། །རབ་གནས་ཀྱང་ནི་བསྐྱར་དུ་མཛད་ཅེས་གྲགས། བསམ་ཡས་དབུ་རྩེ་རིམ་གསུམ་གཞལ་ཡས་སུ། ལོ་པཎ་བརྒྱ་རྩ་རྗེ་འབངས་གྲོགས་གསུམ་ལ། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བའི་ཚེ། །བཙུན་མོ་ཚེ་སྤོང་བཟའ་དང་བདུད་བློན་རྣམས། །གུ་རུས་ཆོས་འཁོར་བསྐོར་བས་སྙིང་ན་ནས། །མདུན་བགྲོས་བྱས་མཐར་རྒྱལ་པོ་ཆེན་པོ་ཉིད། །ཁྲོ་ཆུ་གདོང་ཞེས་བྱ་བར་སྤྱན་དྲངས་ཏེ། །བཙུན་མོ་དམར་རྒྱན་མ་དང་ཞང་བློན་ཡང་། །རྒྱ་ཚ་ལྷས་སྣང་ཏ་ར་ཀླུ་གོང་དང་། །ཁྲི་འབྲིང་ལྷ་ལོད་སོགས་ཀྱིས་འདི་སྐད་ཞུས། །རྗེ་ལགས་བདག་ཅག་ཡི་ཆད་མཆི་མ་དཀུ། །རྒྱལ་པོའི་ཐུགས་ལ་ནོར་བ་འདི་འདྲ་བ། །བྱུང་ཞེས་དོགས་འཛེམ་མེད་པར་ཞུ་བ་ཕུལ། །ཡབ་ཀྱི་དཀོར་ནོར་གང་ཡོད་འཇིམ་པ་ལ། བྱུགས་པའི་སྐྱོན་གྱིས་ནོར་རྣམས་ཟད་གྱུར་ན། །རྒྱལ་པོ་དམངས་སུ་འབེབས་ལ་མི་འགྱོད་དམ། །ལྷོ་བལ་ཕྱོགས་ཀྱི་མཐའ་མིར་ཐུགས་གཏད་པས། མཐའ་མི་ངན་པས་རྒྱལ་པོའི་སྐུ་ཚེ་བསྟུང་། །རབ་བྱུང་ཡིན་ཟེར་བྲན་གཡོག་གཙུག་ཏུ་འཁུར། །རྟེན་འབྲེལ་འཕྱུགས་པས་རྒྱལ་སྲིད་འཇིག་ཉན་ཆེ། །ཆོས་ཁྲིམས་འཛུགས་ཟེར་མཐའ་མིའི་སྤྱོད་ངན་རིགས། །བསླབས་པས་བོད་རྣམས་བདེ་སྐྱིད་སྤྱོད་དབང་མེད། །བདག་ཅག་བློན་པོ་རྣམས་ལ་རྩིས་མེད་པས། མདུན་བགྲོས་བྱས་པ་གསན་པར་མི་བྱེད་ན། །ཕྱི་ནས་གནོད་སྦྱོར་དགྲ་ཚོགས་བྱུང་གྱུར་ཚེ། ངེད་ཅག་མི་དགོས་ཆོས་ཀྱིས་ཐུལ་དང་བལྟ། །ནང་གི་སོ་ཚི་བྱ་བ་བཙུན་པས་མཛོད། ངེད་ཅག་བློན་པོ་རྣམས་ཀྱང་རང་རང་གི། ཡུལ་དུ་ལོག་ནས་འགྲོ་ལས་ཐབས་གཞན་མེད། སྒོ་ཁྱི་རི་ལ་ཤོར་ན་སྤྱང་ཀི་ཡིན། །རྒྱལ་བློན་འཛོམས་པ་དཔའ་བརྗིད་ཆེ་དགོངས་ན། མཐའ་ཡི་བནྡེ་འདི་རྣམས་ཀུན་ལ་ནི། །ཆད་པ་གཅོད་དགོས་ཟེར་ནས་ཁྱད་པར་དུ། །བཙུན་མོའི་མཆིད་ནས་ཡབ་རྗེ་རྒྱལ་པོ་ལགས། རྗེ་ཡིས་ཐུགས་དགོངས་མཐའ་མིས་བསྒྱུར་ཞིང་བསླད། །བློན་པོ་རྣམས་ཀྱང་ཡི་ཆད་བྱེད་པ་བདེན། །མཐའ་མི་ངན་སྔགས་བདག་པོ་འདི་ཉིད་ཀྱིས། རང་རེ་ཡབ་ཡུམ་བར་དུ་དབྱེན་བཅུག་ནས། རྒྱལ་པོའི་སྐུ་སྲོག་བསྟུང་བར་ཐག་ཆོད་ཅིང་། །སྔོན་དུས་མཁར་ཆེན་བཟའ་དང་མཆིམས་བཟའ་གཉིས། །ཕྲོག་ནས་ཆོས་སྒྲུབ་རྫུ་བག་བྱས་པ་དང་། །ད་དུང་རྒྱལ་སྲིད་འཕྲོག་པར་ངེས་མཆི་ན། །བློན་པོ་མེད་ན་རྒྱལ་སྲིད་ཇི་ལྟར་གཟུང་། །མཐའ་མི་འཁྱམ་པོ་འདི་གང་མཐར་སྤྱུག་འཚལ། །རང་རེ་ཐམས་ཅད་གྲོས་འདུས་གཅིག་ཏུ་མཛད། །ཞུས་ས་རྒྱལ་པོ་ཐུགས་མུག་མང་བཤུམ་ནས། ཞག་གསུམ་སོང་རྗེས་གསུང་ལན་བྱ་ཡི་གསུངས། དེ་ཡང་རྒྱལ་པོ་ཉིད་ཀྱི་ཐུགས་དགོངས་ལ། །བློན་པོ་མེད་ན་མཐའ་ཡི་དགྲ་མི་ཐུབ། །ཁོང་རྣམས་དེ་སྐད་ཞུ་བ་བདེན་མོད་ཀྱང་། །དེ་མིན་གང་ཞུས་ཆོས་ལ་སྡང་བའི་གཏམ། །ཁོ་ནར་འདུག་པས་རྒྱལ་པོའི་ཐུགས་སྐྱོ་ནས། དེང་སྐབས་དུས་གསུམ་ཀུན་མཁྱེན་པད་མ་འབྱུང་། མངོན་སུམ་བཞུགས་ཡོད་གང་ལ་ཐབས་ཞུས་ན། །བཙུན་མོ་དང་ནི་སྡིག་བློན་ཚོགས་རྣམས་ཀྱིས། །བར་ཆོད་བགྱི་མི་ནུས་སམ་དགོངས་ནས་སུ། །སློབ་དཔོན་དྲུང་དུ་བྱོན་ནས་དེ་ཚུལ་གྱི། །ལོ་རྒྱུས་ཞིབ་ཏུ་གསོལ་བའི་ལན་དུ་ནི། །རྒྱལ་པོ་ཆེན་པོ་རང་རིག་ཡེ་ཤེས་དང་། །མ་རིག་འཁྲུལ་པའི་མདངས་ལས་དག་མིན་གཟུགས། སྔོན་བྱོན་སངས་རྒྱས་རེ་རེའི་སྐུ་དྲུང་དུ། །འགལ་སྦྱོར་བདུད་ཀྱང་རེ་རེ་བྱུང་བ་བཞིན། །ཆོས་རྒྱལ་ཁྱེད་ཀྱང་རྒྱལ་བསྟན་འཛིན་མཛད་རྗེ། །ཡིན་ཕྱིར་བདུད་སྤྲུལ་བློན་པོ་བྱུང་བ་ཡིན། དཔེར་ན་རང་རིག་ཡེ་ཤེས་རང་གསལ་དེ། །ནམ་མཁའ་སྟོང་པའི་དབྱིངས་བཞིན་སྤྲོས་དང་བྲལ། །མ་རིག་པ་ནི་སྤྲིན་དང་ན་བུན་ལྟར། དོན་དམ་ཀུན་རྫོབ་གཉིས་ཀྱི་ཁྱད་པར་ཡོད། །བདུད་ཀྱིས་སངས་རྒྱས་ཡོན་ཏན་སྒྲིབ་ནུས་མིན། དེ་ཡང་རྒྱལ་པོ་ཐུགས་དགོངས་བཟང་པོའི་གཞི། །མི་འགྱུར་རྟག་ཅིང་བརྟན་པ་རྟེན་འབྲེལ་བཟང་། བཙུན་མོ་དང་ནི་བློན་པོའི་ཚོགས་རྣམས་ལ། །ད་སྟེ་ཞག་གསུམ་སོང་སྐབས་ང་རང་གིས། །ཕོ་བྲང་ནང་དུ་སྤྱན་འདྲེན་བྱས་ནས་སུ། །བསྙེན་བཀུར་ཆེན་པོ་བྱེད་པའི་རྫུ་བག་གི །སྐབས་སུ་ལོ་པཎ་འདི་རྣམས་མ་ལུས་ཀུན། །གསོད་པར་འདོད་ན་ལྷག་མེད་གལ་ཆེ་འོ། །གལ་ཏེ་གསོད་པར་མ་ནུས་ལྷག་ལུས་ན། འདི་རྣམས་མཐུ་ཡིས་རང་ཅག་རྣམས་ཀྱི་ཚེ། བསྟུང་ངེས་ཡིན་ཕྱིར་ཁྱེད་རྣམས་རེམ་དང་ནི། ངས་ཀྱང་ཕྱིན་ཆད་ཁྱེད་རྣམས་གང་ཟློ་བཞིན། བྱེད་པའི་མནའ་བསྐྱལ་དམ་བདར་འཕྱུགས་མེད་མཛོད། བློན་རྣམས་བར་ཆོད་བདག་གིས་བཏུལ་ངེས་གསུངས། །རྒྱལ་པོས་བཙུན་མོ་དང་ནི་བློན་པོ་ལ། །དེ་སྐད་གསུངས་པས་ཁོང་རྣམས་དགའ་གྱུར་ནས། །རྒྱལ་པོས་གསུངས་བཞིན་སྒྲུབ་པར་ཁས་བླངས་མཐར། །རྒྱལ་པོས་ཞག་གསུམ་དུས་བཏབ་སྐབས་དེ་རུ། བུ་ཚབ་གསེར་ཁང་གླིང་དུ་ལ་ོཔཎ་རྣམས། །སྔོན་བཤད་ཇི་བཞིན་སྤྱན་དྲངས་བསྙེན་བཀུར་ཚེ། །བཙུན་མོ་བློན་པོ་བཅས་པས་ཉི་ཤར་སྐབས། གཤེད་མ་བཀྱེ་བའི་ལས་ལ་ཞུགས་པ་ན། །ལོ་པཎ་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུར། །གྱུར་ཚེ་གཤེད་མ་གསོད་སེམས་དང་བྲལ་གྱུར། །ཡང་ཅིག་ཉིན་གུང་གཤེད་མ་བཀྱེ་བའི་ཚེ། །ལོ་པཎ་ཐམས་ཅད་ནོར་བུ་འབར་བ་རེར། གྱུར་པར་གཤེད་མས་ཅི་བྱ་གཏོལ་མེད་པར། །ལྟད་མོར་གཡེངས་ནས་ཁྱིམ་དུ་ལོག་སྟེ་སོང་། །སླར་ཡང་དགུང་མོར་བབ་ཚེ་སྔར་བཞིན་དུ། །གཤེད་མ་བཀྱེས་པས་ལོ་པཎ་ཐམས་ཅད་ཀུན། འཁོར་ལོས་སྒྱུར་བའི་རྒྱལ་པོ་རེར་གྱུར་ནས། །སོ་སོར་བཙུན་མོ་བློན་འཁོར་བསམ་འདས་པར། །སྤྲུལ་ཚེ་གསོད་པའི་ཐབས་བྲལ་ལུས་གྱུར་ཀྱང་། ནམ་གྱི་སྲོད་ལ་བབ་ཚེ་སྔར་བཞིན་དུ། གཤེད་མའི་ཚོགས་ཀྱིས་བསྐོར་བ་དང་བཅས་ཏེ། །ཤིན་ཏུ་རྔམ་ཞིང་འཇིགས་པའི་ངར་བསྐྱེད་ནས། རྒྱོབ་སོད་ཅེས་པའི་སྒྲ་བསྒྲགས་བརྒྱུགས་བྱུང་བར། །སློབ་དཔོན་ཆེན་པོ་བཞེངས་ཏེ་ཧཱུཾ་ཧཱུཾ་ཞེས། །གསུང་སྒྲ་དྲག་པོ་བསྒྲགས་མ་ཐག་ཉིད་དུ། །སློབ་དཔོན་གནས་གྱུར་ཁྲོ་བོ་མཐིང་ནག་སྐུར། །གྱུར་ནས་ནམ་མཁའ་བར་སྣང་ས་གཞིའི་ཁམས། ཁྲོ་བོ་ཁྲོ་མོའི་དམག་གིས་ཡོངས་གང་ཞིང་། །སྡིག་བློན་གཤེད་མའི་དཔུང་བཅས་ལྷག་མེད་དུ། །གསོད་པའི་སྣང་བས་སྐྲགས་ནས་ཕྱིར་བྲོས་པས། ལྕགས་རིའི་རྒྱབ་ཏུ་སླེབས་པའི་སྐབས་ཉིད་དུ། ཐམས་ཅད་འགྱེལ་ཏེ་རེངས་ནས་བརྟན་པ་བྲལ། །དེ་ཚེ་དེ་དག་ཀུན་གྱི་ཆུང་མའི་ཚོགས། །སྡུག་བསྔལ་གྱིས་གདུང་སྨྲེ་སྔགས་འདོན་བཞིན་དུ། །ནམ་ལངས་མ་བྱུང་བར་དུ་ངུ་འབོད་དང་། །ཀླག་ཅོར་ཀུ་ཅོའི་སྒྲ་ཡིས་རྒྱུན་བཟུང་མཐར། །རྒྱལ་པོས་གཟིགས་ནས་བདུད་བློན་གཤེད་མའི་ཚོགས། །རྒྱང་གྲགས་རེ་འདས་ས་ན་ཁ་ནང་ནས། ཁྲག་མང་བསྐྱུགས་ཏེ་འགྱེལ་ནས་འདུག་པ་ལ། རྒྱལ་པོ་དགྱེས་ཏེ་གུ་རུའི་སྤྱན་སྔ་རུ། །ཕྱིན་ནས་ཕྱག་འཚལ་གུས་འདུད་བྱེད་པ་ལ། སློབ་དཔོན་ཕྱག་གིས་ས་སྤར་གང་བླངས་ནས། །བློན་པོ་དང་ནི་གཤེད་མའི་ཚོགས་རྣམས་ལ། འཐོར་ཅིག་གསུངས་ནས་རྒྱལ་པོར་གཏད་པ་ལ། །རྒྱལ་པོས་དེ་ལྟར་བྱས་པས་བློན་པོ་ཀུན། །ལངས་ཏེ་གྱོལ་གྱོལ་བྱུང་ཞིང་དཔའ་ཞུམ་ནས། །ཕྱིན་ཆད་བཙུན་མོ་བློན་པོར་བཅས་པ་ཡིས། །རྒྱལ་བའི་བསྟན་པར་རྒོལ་བར་མ་ནུས་སོ། །ཚུལ་དེས་རྒྱལ་པོ་རབ་ཏུ་དད་གྱུར་ནས། །གུ་རུའི་ཡོན་ཏན་གང་ཡོད་ཐམས་ཅད་ཀུན། །བདག་ལ་ཅིས་ཀྱང་བསྟན་དགོས་གསོལ་བཏབ་ཚེ། །སློབ་དཔོན་ཞལ་ནས་རྒྱལ་པོར་འདི་སྐད་གསུངས། །སངས་རྒྱས་ཡོན་ཏན་སེམས་ཅན་སུ་ཡིས་ཀྱང་། །དཔག་པར་དཀའ་ཡང་ཅུང་ཟད་མཐོང་ཆེད་དུ། །ཕྱག་མཚན་རྡོ་རྗེ་འདི་ཉིད་དབུ་སྔས་སུ། །འཇོག་པར་མཛོད་ལ་དད་མོས་རྩེ་གཅིག་གིས། གཟིམས་ཤིག་གསུངས་པས་དེ་བཞིན་བྱས་པ་ལ། །རྒྱལ་པོའི་རྨི་ལམ་བྱུང་ཚུལ་འདི་ལྟ་སྟེ། སྟོང་གསུམ་གྱི་ནི་སྟོང་ཆེན་འཇིག་རྟེན་ཁམས། །མེ་ལོང་དངས་པར་གཟུགས་བརྙན་ཤར་བ་བཞིན། །མ་སྒྲིབ་ཀུན་ཀྱང་བཀྲ་བཞིན་ས་ལེར་མཐོང་། །སྣང་སྲིད་ཐམས་ཅད་འཇའ་དང་འོད་དུ་གསལ། །རྒྱལ་བ་སྲས་བཅས་ནམ་མཁའི་སྤྲིན་ཚོགས་བཞིན། བགྲང་ལས་འདས་པ་མངོན་སུམ་ཇི་བཞིན་གཟིགས། དེ་དག་རེ་རེའི་དྲུང་དུ་སློབ་དཔོན་རེ། བཞུགས་པར་རྒྱལ་བ་སྲས་དང་བཅས་རྣམས་ཀྱི། །ཐུགས་ནས་འོད་ཟེར་སྣ་ལྔ་འཕྲོས་པ་ཡང་། སློབ་དཔོན་ཉིད་ཀྱི་ཐུགས་ཀར་ཐིམ་པའི་མོད། སླར་ཡང་སློབ་དཔོན་ཐུགས་ལས་འོད་དང་ཟེར། །མང་འཕྲོས་སེམས་ཅན་མང་པོའི་དོན་བྱས་ཤིང་། །བར་སྣང་ཁམས་ཀུན་མེ་ཏོག་གིས་གང་བའི། །ཞིང་ཁམས་མང་པོར་མཁའ་འགྲོའི་མ་ཚོགས་རྣམས། །དཔག་མེད་བཞུགས་པའི་མདུན་ན་སློབ་དཔོན་རེ། །སྔར་བཞིན་བཞུགས་ནས་སེམས་ཅན་འགྲོ་དོན་མཛད། །ལྷུན་གྲུབ་རྔ་ཡབ་གླིང་དང་སློབ་དཔོན་གྱི། བཞུགས་གནས་ཟངས་མདོག་དཔལ་རིའི་བཀོད་པ་ཡང་། །གསལ་བར་གཟིགས་བཞིན་རི་དེའི་རྩེ་མོ་ནས། །བལྟས་པས་མི་ཡུལ་མན་ཆད་དམྱལ་གནས་ཡན། །མེ་ལོང་ལ་ནི་གཟུགས་བརྙན་ཤར་ལྟར་གཟིགས། །ངན་སོང་གསུམ་གྱི་སེམས་ཅན་རེ་རེ་ཡི། དྲུང་དུ་སློབ་དཔོན་རེ་རེ་བཞུགས་ནས་སུ། །སོ་སོའི་དོན་མཛད་བདེ་ཆེན་ས་ལ་བཀོད། ཟངས་མདོག་དཔལ་གྱི་རི་བོའི་གཞལ་ཡས་ན། སློབ་དཔོན་པདྨ་བོད་དུ་བྱོན་པ་ལྟའི། སྐུ་མདོག་ཕྱག་མཚན་རབ་རྫོགས་གཟི་བརྗིད་འོད། །འབར་བཞིན་ཞལ་རས་བོད་དུ་ཕྱོགས་པ་ལ། །རིག་འཛིན་དཔའ་བོ་དཔའ་མོའི་ཚོགས་རྣམས་ཀྱིས། མཐའ་ནས་བསྐོར་བའི་སྐུ་ལས་འོད་འཕྲོས་པས། །རྒྱལ་བ་སྲས་བཅས་བགྲང་ལས་འདས་པ་ཡིས། །རིགས་དྲུག་སོ་སོའི་གནས་སུ་དེ་རྣམས་ཀྱི། །འགྲོ་དོན་མཛད་པ་མངོན་སུམ་ཇི་བཞིན་གཟིགས། །མངའ་བདག་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་ཀྱང་། །བོད་previous hit འབངས་སུམ་བརྒྱ་ཙམ་ཞིག་དྲངས་པ་དང་། །མཁའ་འགྲོ་ཆེན་མོ་ཡེ་ཤེས་མཚོ་རྒྱལ་གྱིས། །དངོས་སུ་མི next hit་ཡི་འགྲོ་བ་ལྔ་བརྒྱ་དང་། །རྗེས་སུ་འབུམ་ཕྲག་གསུམ་ཙམ་འདྲེན་པ་རྟགས། །ནམ་མཁའི་སྙིང་པོས་འབུམ་ཟུང་སུམ་སྟོང་གྲངས། རྡོ་རྗེ་བདུད་འཇོམས་ཛྙཱ་ན་ཀུ་མ་རཱ། །ལ་སོགས་ལོ་ཙ་པ་རྣམས་ཀུན་གྱིས་ཀྱང་། །གདུལ་བྱ་ཁྲི་ཕྲག་རེ་རེ་འདྲེན་པ་རྟོགས། །སླར་ཡང་གསོལ་བ་བཏབ་ནས་གཟིམས་པ་ལ། །རྒྱལ་པོས་དངོས་སུ་མུ་ཁྲི་བཙན་པོ་སོགས། །འབུམ་ཕྲག་བརྒྱ་དང་བྱེ་བ་ཕྲག་གསུམ་བཅས། །འདྲེན་པ་མངོན་སུམ་ཇི་བཞིན་གཟིགས་པ་ཡང་། །སློབ་དཔོན་ཆེན་པོའི་བ་སྤུ་གཅིག་ཙམ་གྱི། །ཡོན་ཏན་ཚང་བར་མཐོང་ཞིང་དཔག་དཀའ་མོད། འོན་ཀྱང་རྒྱ་མཚོའི་ཆུ་ཐིགས་སྐྲའི་རྩེ་མོར། བླངས་པ་ཇི་བཞིན་ཅུང་ཟད་མནལ་ལམ་དུ། །བྱུང་བར་རྒྱལ་པོ་རབ་ཏུ་དགྱེས་ནས་སུ། །སློབ་དཔོན་ཆེན་པོ་སངས་རྒྱས་ཐམས་ཅད་ལས། །ཁྱད་པར་འཕགས་པའི་མོས་པ་ཆེས་ཆེར་ཐོབ། །དེ་ནས་རྒྱལ་པོས་དགེ་བཅུའི་ཁྲིིམས་བཅས་ཏེ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྕི་ཞིང་འཇིགས །ཆོས་ཁྲིམས་དར་གྱི་མདུད་པ་འཇམ་ཞིང་དམ། །དེ་གཉིས་སྒོ་ནས་བོད་ཀྱི་མི་རྣམས་ཀུན། དགེ་སྒྲུབ་སྡིག་སྤོང་ལས་ལ་འཇུག་པའི་ཐབས། །བྱས་པས་བདེ་སྐྱིད་ལྷ་ཡི་ཡུལ་ལྟ་བུར། ལུགས་ཟུང་དཔལ་ཡོན་ཕུན་སུམ་ཚོགས་པ་བྱུང་། དེ་ནས་སློབ་དཔོན་པད་འབྱུང་ཞི་འཚོ་གཉིས། །སླར་ཡང་རྒྱ་གར་ཡུལ་དུ་འབྱོན་དགོངས་ནས། བྷོ་ཊར་སྐྱེས་པའི་ཆོས་རྒྱལ་ཆེན་པོ་དང་། ཟ་ཧོར་ཡུལ་འཁྲུངས་བོ་དྷི་ས་ཏྭ་དང་། ཨུ་རྒྱན་ཡུལ་ནས་འོང་པའི་པད་འབྱུང་གསུམ། སྐྱེ་སྲིད་སྔོན་མ་མ་ག་དྷའི་ཡུལ་དུ། མོན་ཕྲུག་སྤུན་གསུམ་དག་ཏུ་སྐྱེས་པའི་ཚེ། བྱ་རུང་ཁ་ཤོར་མཆོད་རྟེན་བཞེངས་གྲུབ་མཐར། སྤུན་ཟླ་གསུམ་པོ་འདི་ལྟར་སྐྱེ་བ་བླངས། བོ་དྷི་ས་ཏྭ་བྲམ་ཟེའི་བུ་དང་ནི། ཁྲི་སྲོང་ལྡེའུ་བཙན་དྲང་སྲོང་རིགས་སུ་སྐྱེས། སློབ་དཔོན་བདག་ནི་ཕྲ་མའི་སྲིན་བུར་སྐྱེས། སྔ་མའི་མཆོད་རྟེན་དྲུང་དུ་དེ་གསུམ་པོ། ཚོགས་ནས་མཆོད་པ་རྒྱ་ཆེན་ཕུལ་ནས་སུ། རིམ་བཞིན་གསུམ་པོས་སྨོན་ལམ་འདི་བཞིན་བཏབ། དྲང་སྲོང་བུ་ཡིས་སྐྱེ་བ་འདིའི་འོག་ཏུ། གངས་ཅན་བོད་ཀྱི་འཁྱགས་རོམ་ཆགས་པའི་སར། རྒྱལ་བསྟན་སྐྱོང་བའི་རྒྱལ་པོར་སྐྱེ་བར་ཤོག ཅེས་བརྗོད་མཐུ་ཡིས་ཆོས་སྐྱོང་རྒྱལ་པོར་སྐྱེས། བྲམ་ཟེ་བུ་ཡིས་སྐྱེ་སྲིད་ཕྱི་མའི་དུས། རིག་པའི་གནས་ལྔ་ལ་སོགས་ཤེས་བྱའི་ཆོས། ཀུན་ཤེས་བསྟན་ལ་བྱ་བ་བྱེད་པར་ཤོག །དེ་སྐད་སྨོན་མཐུས་བོ་དྷི་ས་ཏྭ་སྐྱེས། ཕྲ་མེན་བུ་ཡིས་སྨོན་ལམ་འདི་བཞིན་བཏབ། །བདག་ནི་གསང་བ་སྔགས་ཀྱི་མཐུ་གྲུབ་ནས། །རྒྱལ་བའི་བསྟན་པ་སྲུང་བའི་ནུས་ལྡན་ཤོག །དེ་སྐད་སྨོན་ལམ་བཏབ་པའི་རྟེན་འབྲེལ་མཐུས། རྒྱལ་པོའི་ཐུགས་དམ་བསམ་ཡས་འགྲུབ་པ་ཡིན། །དེ་སྐད་སློབ་དཔོན་ཆེན་པོས་གསུངས་པའི་མཐར། ད་དུང་རྒྱལ་པོ་ཡུད་ཙམ་གསན་མཛོད་དང་། ངེད་རང་མཁན་སློབ་གཉིས་པོ་རང་ཡུལ་དུ། འགྲོ་བའི་དུས་ལ་བབ་ན་མངའ་བདག་རྗེ། མི་དགྱེས་མེད་པར་དགོངས་པ་བཀྲོལ་བར་འཚལ། ཞེས་གསུངས་མོད་ལ་ཆོས་རྒྱལ་ཆེན་པོ་ཡིས། སློབ་དཔོན་གཉིས་ལ་གསེར་ཕྱེ་བྲེ་རེ་རེ། གཞན་ཡང་འཇིག་རྟེན་ཁམས་ཀྱི་སྤྱན་གཟིགས་དང་། བདའ་དགུའི་བཟའ་བཏུང་ཕུལ་ནས་ཕྱག་བསྐོར་སོགས། རབ་ཏུ་དང་བའི་སེམས་ཀྱིས་ཞུ་གསོལ་དང་། ཆབས་ཅིག་སྤྱན་ཆབ་ཕྱུང་བཞིན་འདི་སྐད་ཞུས། ཨེ་མ་ཧོ། སྐྱེ་བ་སྔོན་ནས་སྨོན་ལམ་མཐུན་འབྲས་ཀྱིས། རྒྱ་གར་ཡུལ་དུ་སོ་སོར་སྐྱེས་མེད་ཀྱང་། །བོད་ཀྱི་ཡུལ་འདིར་ལྷན་ཅིག་གདན་འཛོམས་པ། སྔོན་གྱི་སྨོན་ལམ་བཏབ་པའི་སྟོབས་ལས་བྱུང་། ཁོ་བོ་ཁྲི་སྲོང་ལྡེའུ་བཙན་ཞེས་བྱ་བ། གདོང་དམར་སྲིན་པོ་བོད་ཀྱི་ཡུལ་དུ་སྐྱེས། །འོན་ཀྱང་བསོད་ནམས་མི་ཆུང་བོད་ཀྱི་རྗེ། རྟ་ཡི་ལོ་ལ་ཕོ་བྲང་བྲག་དམར་དུ། རྒྱ་བཟའ་ཨང་ཆུང་ལུས་ལ་སྐྱེས་ནས་སུ། བཅུ་གསུམ་ལོན་ཚེ་ཡབ་དང་བྲལ་གྱུར་ཀྱང་། །ཉི་ཤུ་ཐམ་པའི་ལོ་ལ་དགེ་སེམས་སྐྱེས། ཉེར་གཅིག་ལོ་ལ་བསམ་ཡས་རྨང་བཏིང་ཚེ། །བོ་དྷི་ས་ཏྭས་ས་འདུལ་མཛད་ལགས་ཀྱང་། །བོད་ཀྱི་ལྷ་འདྲེས་འགྲུབ་ཏུ་མ་སྟེར་བར། མཁན་ཆེན་གང་གི་ལུང་བསྟན་ལ་བསྟེན་ནས། སློབ་དཔོན་པདྨ་བོད་དུ་སྤྱན་དྲངས་ནས། །བར་ཆད་མེད་པར་བསམ་ཡས་ལྷུན་གྱིས་གྲུབ། །དེ་ལྟར་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། །ད་དུང་སློབ་དཔོན་ཆེན་པོ་རྣམ་པ་གཉིས། །བདག་ཉིད་མ་འདས་བར་དུ་བཞུགས་པར་འཚལ། །ཞེས་སོགས་སྙིང་ནས་གསོལ་བ་བཏབ་པའི་མཐར། །མཁན་སློབ་རྣམ་གཉིས་བཀའ་གྲོས་མཛད་ནས་སུ། །སློབ་དཔོན་པདྨའི་ཞལ་ནས་འདི་སྐད་གསུངས། རང་རེ་མཆོད་ཡོན་གསུམ་པོ་སྔོན་དུས་ནས། །འབྲེལ་པ་ཡོད་པས་མངའ་བདག་རྒྱལ་པོ་ཡིས། །ཅི་གསུང་བགྱི་འམ་མཁན་པོར་བཀའ་གྲོས་པས། །མཁན་པོའི་ཞལ་ནས་དེ་ཚུལ་ལེགས་ཞེས་པ། །ཡང་ཅིག་སློབ་དཔོན་གྱིས་ནི་རྒྱལ་པོ་ལ། །རང་ཅག་མཆོད་ཡོན་གསུམ་པོ་སྔོན་སྨོན་མཐུས། །བོད་འདིར་ཚོགས་པས་ཆོས་རྒྱལ་དགྱེས་མོད་ཀྱང་། །སླར་ཡང་རྒྱ་གར་ཡུལ་དུ་ཐེག་གྱུར་ན། །རྒྱལ་པོ་མ་དགྱེས་གྱུར་ན་མི་རུང་བས། །ད་ནི་ཅིས་ཀྱང་རྒྱལ་པོའི་གསུང་མི་གཅོག། །གསུངས་པས་རྒྱལ་པོ་ཤིན་ཏུ་དགྱེས་གྱུར་ནས། །མཁན་སློབ་གཉིས་ལ་ཆོས་གསུང་གསོལ་འདེབས་ཚིག འོག་ནས་འབྱུང་བ་ཇི་བཞིན་ཕུལ་གྱུར་ཅིང་། གསེར་གྱི་ཁྲི་ལ་སློབ་དཔོན་པདྨ་དང་། དངུལ་ཁྲིར་བོ་དྷི་ས་ཏྭ་བཞུགས་གསོལ་ནས། གུང་གྲལ་ཉིད་ལ་རྒྱལ་པོ་ཆེན་པོ་དང་། གཡོན་གྱི་གྲལ་ལ་ཅོག་རོ་ལོ་ཙཱ་དང་། ཀ་བ་དཔལ་བརྩེགས་གཉིས་པོ་གབ་རྩེའི་ཁྲིར། །བཞུགས་ནས་མཁན་སློབ་གཉིས་ལ་སུ་ཝརྞའི། །མཎྜལ་ཁྲུ་གང་ཡོད་པར་གཡུའི་ཚོམ་བུ། །རི་རབ་གླིང་བཞིའི་བཀོད་པ་རེ་རེ་ཕུལ། །ལོ་ཙཱ་གཉིས་ལའང་རཏྣའི་མཎྜལ་རེ། ཕུལ་ནས་ཆོས་གསུང་ཞུ་བ་འདི་བཞིན་ནོ། ཨེ་མ་ཧོ། རྒྱ་གར་འཕགས་པའི་ཡུལ་དུ་སྐུ་འཁྲུངས་ཤིང་། མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་རུ། གྱུར་ནས་མདོ་སྔགས་ཆོས་ལ་མངའ་བརྙེས་པ། །སློབ་དཔོན་ཐུགས་རྗེའི་བདག་ཉིད་རྣམ་གཉིས་ཀྱིས། །མདོ་སྔགས་མཚན་ཉིད་ཆོས་རྣམས་མ་ལུས་ཀུན། །ཡོངས་སུ་རྫོགས་པ་བོད་འདིར་བསྒྱུར་དུ་གསོལ། བོད་ཡུལ་མུན་ནག་འཐིབས་ལྟའི་ཡུལ་འདི་རུ། དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཉོན་མོངས་བརྒྱད་ཁྲིའི་མེ་ཡིས་གདུང་བ་ལ། དམ་པའི་ཆོས་ཀྱི་ཆར་ཆེན་དབབ་ཏུ་གསོལ། ཞེས་སོགས་ཆོས་གསུང་དགོས་པའི་གསོལ་བཏབ་ཚེ། །སློབ་དཔོན་ཆེན་པོའི་ཞལ་ནས་བཀའ་འདི་བསྩལ། །གསོན་དང་མངའ་བདག་རྒྱལ་པོ་ཆེན་པོ་ལགས། །བོད་ཀྱི་མི་རྣམས་དད་པ་ཆུང་བ་དང་། ཁྱད་པར་སྡིག་བློན་རྣམས་ནི་ཆོས་ལ་གནག །ལྷ་འདྲེ་ཡོངས་ཀྱི་བར་ཆོད་བྱེད་འགྱུར་ཡང་། །དེ་དག་ཞི་ཞིང་བཟློག་པའི་རྟེན་འབྲེལ་བྱེད། །རྒྱལ་པོ་ཉིད་ཀྱང་ཆོས་སྒྲུབ་བཀའ་ཁྲིམས་སྦྱོར། །ཞེས་གསུངས་པ་བཞིན་རྒྱལ་པོ་ཆེན་པོ་ཡིས། །ལུག་ལོ་ནས་བཟུང་སྤྲེལ་གྱི་ལོ་མཇུག་ཡན། །ཆོས་ཁྲིམས་དར་གྱི་མདུད་པ་ལྟར་བསྡམས་ནས། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །ཅོག་རོ་ཀླུ་ཡི་རྒྱལ་མཚན་དཔོན་སློབ་གྱིས། །གསང་སྔགས་ནང་གི་རྒྱུད་སྡེ་བཅོ་བརྒྱད་པོ། །བསྒྱུར་བའི་གྲངས་དང་རིམ་པ་འདི་ལྟ་སྟེ། །དང་པོ་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། །དེ་ནས་རིམ་བཞིན་ཞི་བ་ལྷ་རྒྱུད་དང་། །སྐུ་རྒྱུད་བསྐལ་པ་མེ་ལྟར་འབར་བའི་རྒྱུད། །གསུང་རྒྱུད་དབང་ཆེན་འདུས་པའི་རྒྱུད་དང་ནི། །ཐུགས་རྒྱུད་ཁྲོ་བོ་པུཎྜ་རི་ཀའི་རྒྱུད། །ཡོན་ཏན་ལྷ་མོ་གོ་ལ་མ་ཡི་རྒྱུད། ཕྲིན་ལས་རིག་འཛིན་གྲུབ་པའི་རྒྱུད་དང་ནི། །རིག་སྔགས་སྤྱི་ཡི་སྒྲུབ་ལུགས་ཞེས་པའི་རྒྱུད། །དཔལ་ཆེན་ཁྲག་འཐུང་འདུལ་པའི་རྒྱུད་དང་ནི། །འཇམ་དཔལ་སྐུ་ལ་ཟླ་གསང་ནག་པོའི་རྒྱུད། །པདྨ་གསུང་ལ་རྟ་མཆོག་རོལ་པའི་རྒྱུད། །ཡང་དག་ཐུགས་ལ་ཁྲག་འཐུང་གལ་ཆེའི་རྒྱུ། །འཇིག་རྟེན་ལས་ནི་འདས་པའི་མདོ་ཞེས་པའི། །བདུད་རྩི་ཡོན་ཏན་རོལ་པ་ཆེ་ཆུང་རྒྱུད། ལུང་ལ་བམ་པོ་བརྒྱད་པ་ཞེས་བྱ་དང་། ཕུར་པ་ཕྲིན་ལས་རྒྱུད་རྣམས་ཡོངས་ཀྱི་གཞུང་། །བི་ཏོ་ཏ་མ་འབུམ་སྡེ་ཞེས་པ་དང་། །མ་མོ་རྦོད་གཏོང་རྒྱུད་དང་འབུམ་ཏིག་ལུང་། །སྒྲུབ་པ་སྡེ་དྲུག་རྒྱུད་ལུང་ཞེས་བྱ་དང་། །ཕྲིན་ལས་ཁ་སྐོང་རྒྱན་གདགས་གཏོང་བའི་རྒྱུད། ཤེས་པ་སྟོང་གིས་བརྒྱན་པའི་རྒྱུད་དང་ནི། །ཀརྨཱ་སཱ་ར་ཇི་ལྟར་བརྟེན་པའི་ཕྱིར། །ཀརྨཱ་མཱ་ལེ་ཕྲིན་ལས་རྒྱུད་ཅེས་དང་། །ཚོགས་གཉིས་རྫོགས་ཕྱིར་ཚོགས་རྒྱུད་ཆེ་ཆུང་ཟུང་། །མཆོད་པ་མི་ཟད་གཏེར་དུ་བྱིན་རློབ་ཕྱིར། །ནམ་མཁའ་མཛོད་ཅེས་བྱིན་གྱིས་བརླབ་པའི་རྒྱུད། །སྒྲོལ་བ་གནས་དག་སྟོབས་ཀྱི་ཡོངས་སྒྲོལ་རྒྱུད། །སྦྱོར་བ་གནས་དག་ཐིག་ལེ་བདེ་ཀློང་རྒྱུད། གླང་ཆེན་རབ་འབོག་རྒྱུད་དང་སྦྱིན་སྲེག་རྒྱུད། །ཟ་བྱེད་རོལ་པའི་རྒྱུད་དང་གཏོར་ལུང་རྒྱུད། དཔལ་འབར་ཁྲོ་མོའི་རྒྱུད་དང་ཞིང་བཅུའི་དགྲ། །བསྒྲལ་བའི་རྒྱུད་རྣམས་མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་གའི་རྒྱུད་རྣམས་ལ་ཡང་ནི། །མདོ་བཞི་སྡོམ་དང་ལྔ་སྟེ་དེ་རྣམས་ནི། །ཀུན་འདུས་རིན་པོ་ཆེ་ཡི་མདོ་དང་ནི། །ཡེ་ཤེས་རྔམས་པ་གློག་གི་འཁོར་ལོའི་མདོ། དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་དང་ནི། །སེམས་ལུང་ཆེན་པོ་སངས་རྒྱས་དགོངས་འདུས་མདོ། །དེ་དག་ཐམས་ཅད་བཀའ་ཡི་སྡོམས་སུ་བཞག། གསང་བ་སྡེ་དྲུག་རྒྱུད་རྣམས་འདི་བཞིན་ཏེ། །སྐུ་རྒྱུད་སངས་རྒྱས་མཉམ་པར་སྦྱོར་བ་དང་། །གསུམ་རྒྱུད་ཟླ་གསང་ཐིག་ལེ་ཐུགས་རྒྱུད་དང་། །གསང་བ་འདུས་པ་ཡོན་ཏན་རྒྱུད་ལ་ནི། །རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་དང་། །ཕྲིན་ལས་རྒྱུད་ལ་ཀརྨཱ་མཱ་ལེ་ཡི། །མཇུག་སྡུད་དོན་བསྡུས་རྡོ་རྗེ་གདན་གྱི་རྒྱུད། །སྒྱུ་འཕྲུལ་བརྒྱད་པ་སེམས་དང་ཡེ་ཤེས་གཉིས། །རང་ལུགས་ཇི་བཞིན་བསྟན་པ་གསང་སྙིང་རྒྱུད། །ཕྲིན་ལས་ཚང་བར་བསྟན་པ་སྒྱུ་འཕྲུལ་རྒྱུད། །བཞི་བཅུ་པ་དང་དབང་གི་མངོན་གྱུར་པ། །སྒྱུ་འཕྲུལ་བླ་མའི་རྒྱུད་དང་དམ་ཚིག་དང་། ལྷན་པའི་མན་ངག་སྒྱུ་འཕྲུལ་ལེའུ་ལག དོན་རྣམས་བསྡུས་ནས་སྟོན་པ་མངོན་འགྱུར་ཞེས། །ལྷ་མོ་སྒྱུ་འཕྲུལ་རྒྱུད་དང་མ་ཚང་བ། །ཁ་སྐོང་སྒྱུ་འཕྲུལ་བརྒྱད་ཅུ་ཞེས་བྱ་དང་། །དོན་དམ་ཡེ་ཤེས་དག་ཏུ་བཤད་པ་ལ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་འོ། །དེ་རྣམས་གསང་སྔགས་ནང་གི་རྒྱུད་སྡེ་ཡིན། །སློབ་དཔོན་དང་ནི་ཅོག་རོ་ལོ་ཙས་བསྒྱུར། །རྒྱ་དཔེ་ཤྲཱི་ན་ལནྟྲ་ཞེས་པའི། །གཙུག་ལག་ཁང་ན་བཞུགས་པ་སློབ་དཔོན་གྱིས། །རྫུ་འཕྲུལ་མཐུ་ཡིས་མ་ལུས་སྤྱན་དྲངས་ནས། །ད་ལྟ་བསམ་ཡས་དཀོར་མཛོད་གླིང་དུ་བཞུགས། སློབ་དཔོན་ཞི་བ་འཚོ་དང་ལོ་ཙ་བ། སྐ་བ་དཔལ་བརྩེགས་སློབ་དཔོན་རྣམ་གཉིས་ཀྱིས། གསང་སྔགས་ཕྱི་རྒྱུད་རྣམས་ཀྱང་འདི་བཞིན་བསྒྱུར། །དེ་ཡང་བྱ་བ་དང་ནི་སྤྱོད་པའི་རྒྱུད། །གཉིས་ལས་རིག་སྔགས་ཀུན་གྱི་ཁོག་ཕུབ་པ། ཀྲྀ་ཡ་དཔུང་བཟང་རྒྱུད་དང་རིགས་སྔགས་ཀྱི། །དབང་བསྐུར་ལག་ན་རྡོ་རྗེ་དབང་གི་རྒྱུད། དེ་ནས་རིམ་བཞིན་རིག་པ་མཆོག་གི་རྒྱུད། །སུ་ཏི་ཀ་རི་ལེགས་པར་གྲུབ་པའི་རྒྱུད། ཕྲིན་ལས་ཁམས་གསུམ་རྣམ་རྒྱལ་རྒྱུད་དང་ནི། །བསམ་གཏན་ཕྱི་མའི་རྒྱུད་དང་རྣམ་དྲུག་གོ །བྱ་བ་བྱེ་བྲག་རྒྱུད་རྣམས་རིམ་བཞིན་དུ། །རིགས་གསུམ་མགོན་པོའི་སྤྱན་རས་གཟིགས་སྐོར་ལ། པདྨ་ཅོད་པན་རྩ་བའི་རྒྱུད་དང་ནི། པདྨ་བརྩེགས་པ་དང་ནི་ཆོ་ག་ཡང་། ཟབ་མོ་ཞེས་པ་གཉིས་ནི་སྔགས་རྒྱུད་དང་། ཡིད་བཞིན་ནོར་བུ་འཁོར་ལོས་སྒྱུར་བ་དང་། ཨ་མོ་ཀ་པ་ཤ་ཞེས་དོན་ཞགས་རྒྱུད། །ཟ་མ་ཏོག་ཅེས་ཆེ་ཆུང་བཀོད་རྣམས་སོ། འཇམ་དཔལ་སྐོར་ལ་རིམ་བཞིན་འདི་ལྟ་སྟེ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མེད་རྒྱུད། །འཇམ་དཔལ་ཤེས་རབ་རྣོན་པོའི་རྒྱུད་དང་ནི། །དྲྭ་བ་གཅོད་དང་འཇམ་དཔལ་མཚན་བརྗོད་རྒྱུད། །བསྟོད་པ་གླུ་དབྱངས་རྒྱུད་དང་བཅས་པའོ། །ཕྱག་རྡོར་རྒྱུད་ལ་མངོན་པར་དབང་བསྐུར་དང་། །རྡོ་རྗེ་ས་འོག་དང་ནི་ས་བླའི་རྒྱུད། །འབྱུང་པོ་འདུལ་བྱེད་དང་ནི་བེ་ཅོན་རྒྱུད། །རྡོ་རྗེ་བདེ་ཁྲོས་དང་ནི་རྣོན་པོའི་རྒྱུད། །རྡོ་རྗེ་གསང་བ་བསྟན་པའི་རྒྱུད་དང་ནི། །རྡོ་རྗེ་མེ་རིའི་རྒྱུད་དང་བཅས་པའོ། །གཞན་ཡང་གཟུངས་ཆེན་གྲྭ་ལྔའི་ཆོས་སྐོར་ལ། གཟུངས་ནི་སུམ་བརྒྱ་དྲུག་ཅུ་ལ་སོགས་སོ། ཨུ་པ་ཡ་ཡི་རྒྱུད་བཞི་འདི་བཞིན་ཏེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་རྒྱུད། །མེ་དཔུང་འབར་བ་ཉོན་མོངས་སྲེག་རྒྱུད་དང་། །ལག་ན་རྡོ་རྗེའི་མངོན་པར་དབང་བསྐུར་རྒྱུད། །རྣམ་པར་མི་རྟོག་དགོངས་པའི་རྒྱུད་རྣམས་སོ། །ཡོ་གའི་གཞུང་ཆེན་བམ་པོ་སུམ་བརྒྱ་པོ། །ཡོད་ཀྱང་བོད་དུ་བསྒྱུར་བར་མ་གྱུར་ཏོ། །ཡོ་གའི་རྒྱུད་སྡེ་ཆེན་པོ་བཞི་དག་ནི། །མཱུ་ལ་ཏནྟྲ་རྩ་བའི་རྒྱུད་དང་ནི། །ཏ་ཐ་སང་གྲ་ཧ་ཞེས་བྱ་བ་དང་། །སྟ་ཤ་ཀ་ར་རྡོ་རྗེ་རྩེ་མོའི་རྒྱུད། །ཤྲཱི་པད་རག་དཔལ་མཆོག་དང་པོའི་རྒྱུད། སརྦ་མུན་ཛྫ་ཞེས་རྟོག་བསྡུས་རྒྱུད། །དེ་དག་གསང་སྔགས་སྤྱི་ཡི་རྒྱུད་རྣམས་སོ། །རྒྱ་དཔེ་རྣམས་ནི་དཀོར་མཛོད་གླིང་དུ་བཞུགས། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །སློབ་དཔོན་པདྨ་དང་ནི་ཞི་འཚོ་ཡིས། །ཞལ་སྔ་ནས་ཀྱི་ལུང་འདྲེན་གང་གནང་རྣམས། །བོད་དུ་དར་བར་བྱ་དགོས་དགོངས་པ་ཤར། །དེ་ཡང་གནུབས་བན་ནམ་མཁའི་སྙིང་པོ་དང་། །གྲུ་གུ་ཨེ་བག་ཤ་དང་རླངས་དཔལ་སེང་། རུ་གྱོང་བིཏྱཱ་རཱ་ཛ་འབྲེའི་བན་དེ། རྒྱལ་བའི་བློ་གྲོས་དང་ནི་ལྔ་པོ་ལ། གསེར་ཕྱེ་བྲེ་རེ་བསྐུར་ནས་རྒྱ་གར་དུ། བརྫངས་ཤིང་གསང་བ་སྔགས་ཀྱི་ཆོས་ཚོལ་ཕྱིར། དཀའ་བ་དང་དུ་བླངས་ནས་བྱོན་གྱུར་མཐར། །ཤར་ཕྱོགས་ཀ་མ་རུ་པ་ཞེས་བྱ་བར། །བརྟོལ་ཚེ་མཛེས་མ་ཞིག་དང་འཕྲད་པ་ལ། །དེ་ལ་འདི་སྐད་ཅེས་པའི་དྲི་བ་བྱས། །ད་ལྟ་ཡུལ་འདིར་ཐེག་ཆེན་གསང་སྔགས་ལ། །གྲུབ་པ་ཐོབ་པ་ཇི་སྐད་བྱ་བ་ཡོད། །དྲིས་པའི་ལན་དུ་མོ་ཡི་མཆིད་ན་རེ། གསེར་བྲག་བྱ་ཁྱུང་ཚལ་ཞེས་བྱ་བ་ན། སློབ་དཔོན་ཆེན་པོ་ཧཱུཾ་ཆེན་ཀཱ་ར་ཞེས། །བཞུགས་ཡོད་ཟེར་བཞིན་ལོ་ཙ་མི་ལྔ་པོ། གསེར་བྲག་བྱ་ཁྱུང་ཚལ་དུ་བྱོན་ནས་སུ། །ཉེ་གནས་སོ་ཀྱ་དེ་བཞེས་བྱ་ལ། །གསེར་ཚོ་ཕུལ་ནས་ཞུ་བ་འདི་བཞིན་བྱས། ངེད་རྣམས་བོད་ཀྱི་རྒྱལ་པོས་སློབ་དཔོན་འདིར། །ཆོས་ཞུར་བཏང་བ་ཡིན་ཚུལ་ཞུ་དགོས་ཞེས། ཞུས་པས་ཉེ་གནས་ན་རེ་སློབ་དཔོན་ཉིད། །དཀོར་ཁང་རིམ་དགུའི་ནང་ན་བཞུགས་ཡོད་པས། །ང་ཡིས་ཁྲིད་མི་ནུས་པས་ཁྱོད་རང་རྣམས། འཚངས་ཏེ་ཕྱིན་ན་མཇལ་ཁ་འོང་སྟེ་མཆི། ཞེས་ཟེར་ཇི་བཞིན་རིམ་དགུའི་སྒོ་ཕྱེས་ཤིང་། །ནང་དུ་ཕྱིན་ཚེ་ཕྱག་འཚལ་གསེར་ཕུལ་ནས། སློབ་དཔོན་ཆེན་པོ་དར་ཅིག་གསན་མཛོད་དང་། །ངེད་ཅག་འདིར་འོང་དགོས་ཆེད་འདི་འདྲ་བདོག། བོད་ཀྱི་རྒྱལ་པོ་ཚེ་གཅིག་ལུས་གཅིག་ལ། །འཚང་རྒྱ་ཐུབ་ནུས་གསང་བ་སྔགས་ཀྱི་ཆོས། །ཚོལ་ཕྱིར་ངེད་ཅག་བཏང་བ་ཡིན་པའི་ཕྱིར། །སློབ་དཔོན་ཆེན་པོའི་ཐུགས་རྗེས་བཟུང་དགོས་ཞེས། །ཞུས་པའི་ལན་དུ་སློབ་དཔོན་ཞལ་ན་རེ། །བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་རིགས། ཆོས་ལ་དོན་གཉེར་བྱེད་པ་ངོ་མཚར་ཆེ། ཁྱེད་ཅག་རྣམས་ཀྱང་དཀའ་བ་དང་བླངས་ནས། འདི་གར་འོང་བཞིན་ང་དང་འཕྲད་པ་ཡང་། །སྔོན་གྱི་སྨོན་ལམ་འབྲེལ་པ་ཡོད་ངེས་པ། ཡིན་ཕྱིར་སྔོན་ལ་དབང་བསྐུར་བྱ་དགོས་ཞེས། །གསུངས་ནས་དབང་བསྐུར་ཟབ་མོའི་སྟ་གོན་མཛད། །དེ་ཡང་གསང་སྔགས་ཟབ་མོའི་དབང་བསྐུར་བ། །ཤིན་ཏུ་གལ་ཆེན་ཡིན་པས་དོན་ཆེ་སྟེ། །དབང་མ་བསྐུར་ན་གསང་སྔགས་འཆད་མཉན་དང་། །སྒྲུབ་ཏུ་རུང་བ་མིན་ཞེས་བཀའ་སྩལ་ནས། །ཟླ་གམ་དྲུག་ཅུ་རྩ་བརྒྱད་དཀྱིལ་འཁོར་ཞལ། །ཕྱེས་ནས་དབང་རྣམས་རིམ་པར་བསྐུར་བ་ལ། །ཁྲག་འཐུང་དྲུག་ཅུ་རྩ་བརྒྱད་དངོས་ཞལ་མཇལ། །དེ་ནས་ཟླ་གམ་ལྔ་བཅུ་རྩ་བརྒྱད་དང་། །ཟླ་གམ་དགུ་པ་དང་ནི་གཅིག་པ་དང་། །ཟླ་གམ་གསུམ་པ་བང་རིམ་གསུམ་པ་སྟེ། །དེ་ལྟར་དཀྱིལ་འཁོར་གསུམ་གྱི་ཞལ་ཕྱེས་ལྟར། །ལྷ་རྣམས་ཀུན་གྱི་ཞལ་མཐོང་དངོས་གྲུབ་ཐོབ། །སྨན་སྒྲུབ་དཀྱིལ་འཁོར་གསུམ་ལས་ཁྱད་པར་དུ། །པདྨ་འདབ་བརྒྱད་ཁྲོལ་བུའི་སྒྲུབ་པ་དང་། །འཁོར་ལོ་རྩིབས་བརྒྱད་ཕྱེ་མའི་སྒྲུབ་པ་དང་། །ཟླ་གམ་དགུ་པ་དམ་རྫས་རློན་སྦྱོར་གྱི། །སྒྲུབ་པ་དང་ནི་དཀྱིལ་འཁོར་གསུམ་པོ་དེར། །བདུད་རྩི་སྨན་གྱི་དབང་བསྐུར་ལྷའི་ཞལ་མཐོང་། །བཀྲ་ཤིས་ཡང་དག་རྫས་ལ་ཚེ་སྒྲུབ་དང་། །མཁའ་དབྱིངས་ཡུམ་གྱི་བྷ་གར་ཚེ་སྒྲུབ་པ། །གསང་བ་ཡང་དག་དབྱིངས་ལ་ཚེ་སྒྲུབ་པ། །དེ་གསུམ་ལ་བརྟེན་འཆི་མེད་ཚེ་དབང་བསྐུར། །ཡེ་ནས་དག་པ་ཆོས་ཉིད་བྱང་སེམས་ཀྱི། །སྒྲུབ་པ་དང་ནི་མཁའ་དབྱིངས་རྣམ་དག་གི། །སྦྱོར་བ་བྱང་ཆུབ་སེམས་ཀྱི་སྒྲུབ་པ་དང་། །སྙིང་རྗེ་དག་པ་བྱང་ཆུབ་སེམས་ཀྱི་ནི། །སྒྲོལ་བའི་སྒྲུབ་པ་དཀྱིལ་འཁོར་དེ་གསུམ་དུ། །གསང་སྔགས་སྤྱོད་པར་དབང་བསྐུར་ལག་ལེན་ཡང་། །བཤད་ནས་ཡང་དག་སྐོར་རྣམས་རྒྱུད་བྱང་དུ། །མཛད་ཅིང་དེ་རྣམས་ལོགས་ཤིག་དག་ཏུ་ནི། །སྒྲུབ་ལ་རྟགས་ཐོན་གྱིས་ལ་བོད་ཡུལ་དུ། །སོང་ཞིག་གསུངས་བཞིན་བོད་ཀྱི་བནྡེ་ལྔས། །མདུན་གྲོས་བྱས་ཚེ་རླངས་ཆེན་དཔལ་སེང་གིས། །སློབ་དཔོན་གྱིས་ནི་བོད་དུ་ཆོས་འཕེལ་བར། །དོགས་པ་ཡིན་ཕྱིར་ཅིའི་ཕྱིར་རྒྱ་གར་བ། །ཆོས་ལ་ཕྲག་པ་དོག་པས་འོ་ཅག་རྣམས། །སྲོག་ལ་འབབ་པའི་ཉེན་ཡོད་ཟེར་བ་དང་། །དེའི་ལན་ནམ་མཁའི་སྙིང་པོས་འདི་སྐད་ཟློ། །མ་ཡི་བུ་ལ་དུག་མི་བླུད་པ་ལྟར། །སློབ་དཔོན་གྱིས་ནི་ལོག་པ་མི་སློབ་སྟེ། །བཀའ་བཅག་གྱུར་ན་དམྱལ་བའི་གནས་སུ་འགྲོ། །ང་ནི་མི་འགྲོ་ཁྱེད་རྣམས་འགྲོ་ན་སོང་། །བྱས་པས་མི་བཞི་འགྲོ་རྒྱུ་བྱས་པ་ལ། །སློབ་དཔོན་ཆེན་པོས་སེང་ལྡེང་ཕུར་པ་ཞིག །བྱིན་གྱིས་བརླབས་ནས་རླངས་ཆེན་དཔལ་སེང་ལ། །གཏད་ཅིང་འགྲོ་ཚེ་ལག་ཏུ་བཟུང་བ་དང་། ཉལ་ཚེ་སྔས་སུ་ཐོབ་ཅིག་བཀའ་བསྩལ་ཅིང་། །བར་ཆོད་འོང་ངོ་ཡོད་པས་གཟབ་དགོས་སོགས། །གསུངས་ནས་མི་བཞི་བོད་དུ་ལོག་པ་ཡིས། །བལ་ཡུལ་མཚོ་འགྲམ་ཞིག་ཏུ་ཉལ་བའི་ཚེ། །དཔལ་གྱི་སེང་གེས་ཕུར་པ་སྔས་བཏབ་ཀྱང་། །གྲུ་གུ་ཨེ་བག་ཤ་ཡིས་ཁོ་རང་གི། །སྔས་སུ་བཏབ་པའི་སྐྱོན་དང་དཔལ་སེང་གིས། །སློབ་དཔོན་བཀའ་ལ་སོམ་ཉི་བྱས་སོགས་ཀྱི། །མཚོ་དེར་ཀླུ་བདུད་འདམ་འཛིན་ཞེས་བྱ་བ། །ཡོད་པས་དེ་ཉིད་སྦྲུལ་ནག་གཅིག་སྤྲུལ་ཏེ། །དཔལ་གྱི་སེང་གེའི་རྩེའུ་ཆུང་བཞིབས་ནས་བཀུམ། །དགེ་སློང་གསུམ་པོ་བོད་རྗེའི་སྤྱན་སྔ་རུ། །ཕྱིན་ཏེ་ཆོས་ཕུལ་ལོ་རྒྱུས་ཞིབ་ཞུས་པས། །རྒྱལ་པོ་ཐུགས་མ་ཆེས་བཞིན་འདི་སྐད་གསུངས། བློན་པོ་གདུག་པ་ཅན་རྣམས་དམ་ཆོས་ལ། །ཕྲག་དོག་བྱས་པས་འགལ་བ་སྤོང་ཕྱིར་དུ། །མི་ལྔ་བཏང་བའི་མི་གཉིས་མེད་གྱུར་ཀྱང་། །ཁྱེད་རྣམས་སོ་སོར་སྤྱུག་དགོས་ཟེར་ནས་སུ། །རྒྱལ་བའི་བློ་གྲོས་ཐོ་ཡོལ་ནག་པོར་སྤྱུགས། །གྲུ་གུ་ཨེ་བག་ཞང་ཞུང་ཡུལ་དུ་སྤྱུགས། །རུ་གྱོང་བིཏྱ་མདོ་ཁམས་སྨད་དུ་སྤྱུགས། །ནམ་མཁའི་སྙིང་པོ་བོད་དུ་མ་བྱོན་པར། །སློབ་དཔོན་ཆེན་པོ་དཔལ་ཆེན་ཐུགས་སྒྲུབ་ལ། །ཡང་དག་སྒྲུབ་པ་རྩ་རྒྱུད་ལྟ་བུ་དང་། །འགྲེལ་ཆེན་སྒྲོལ་མ་ལྟ་བུ་བྱས་ནས་བཤད། །ཡང་དག་ལུང་གི་ཁོག་པ་ལྟ་བུ་ལ། །སྙིང་དང་འདྲ་བའི་ཡང་དག་མེ་གཅིག་མ། །གནང་ནས་གསེར་བྲག་བྱ་ཁྱུང་ཚལ་ཞེས་པར། །བསྒྲུབས་པས་དཔལ་ཆེན་ཡབ་ཡུམ་ཞལ་མཐོང་ཞིང་། །མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ། །དེ་ནས་སློབ་དཔོན་ཆེན་པོ་ཧཱུཾ་ཀཱ་རས། །གནུབས་ཀྱི་བེནྡ་ནམ་མཁའི་སྙིང་པོ་ལ། །ད་ནི་བོད་དུ་སོང་ཞིག་བཀའ་བསྩལ་པས། །རྫུ་འཕྲུལ་མཐུ་ཡིས་བོད་དུ་བྱོན་ནས་སུ། །རྗེ་ཡི་སྤྱན་སྔར་ཕྱིན་ཏེ་འདི་སྐད་ཞུས། །ཆོས་རྒྱལ་ཆེན་པོས་བཞེད་པའི་ཡང་དག་ཆོས། །སྒྲུབ་པ་ཞལ་ཕྱེ་བ་ལ་འདི་ལྟར་མཆིས། །རྒྱུ་ཡི་དུས་སུ་སེམས་ཅན་ཡིན་གྱུར་ཀྱང་། །འབྲས་བུ་སངས་རྒྱས་ཡིན་པར་ཐེ་ཚོམ་མེད། །ཡང་དག་སྒྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་གསུངས་དངུལ་གྱི་གྲི་གུས་རང་གི་བྲང་། །གཤགས་ཤིང་ཁ་ཕྱེས་གྱུར་པའི་ནང་ཤེད་ན། །ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང་། །ཁོག་པ་སྨད་ཆར་ཁྲག་འཐུང་ལྔ་བཅུ་བརྒྱད། །ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་ཞལ་བསྟན་པས། །རྒྱལ་པོ་ཚིག་དོན་ལྷ་དང་སློབ་དཔོན་ལ། །སོ་སོར་ངེས་ཤེས་སྐྱེས་ནས་ཕྱག་འཚལ་བཞིན། །རྒྱལ་པོས་བླ་ཡི་མཆོད་གནས་མཆོག་ཉིད་དུ། །བཟུང་སྟེ་དཔལ་ཆེན་ཡང་དག་ཆོས་གསན་པར། །སྡིག་བློན་རྣམས་ཀྱིས་ཕྲག་དོག་བྱས་ནས་སུ། །རྒྱལ་པོས་previous hit འབངས་ལ་སློབ་དཔོན་བྱར་མི next hit་རུང་། །ཅིའི་ཕྱིར་ཞེ་ན་རྒྱལ་ཁྲིམས་ཉམས་པ་དང་། །ལུགས་དང་མི་མཐུན་ཟེར་ནས་ཐབས་མེད་ལྟའི། །ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུ་རུ། །སྤྱུགས་པས་ནུབ་ཕྱོགས་ལྕགས་ཕུར་བྲག་ཅེས་པར། །སྒྲུབ་པ་མཛད་པས་གྲུབ་རྟགས་མར་མེ་ཡང་། །རང་འབར་དང་ནི་སྐུ་རྒྱབ་བྲག་ངོས་ལ། གཏད་པའི་རྗེས་དང་ཕུར་བུ་གདབ་པ་དང་། ཉི་ཟེར་ཞོན་ནས་འགྲོ་བགྲོད་བྱེད་སོགས་བྱུང་། དེ་ནས་རེ་ཞིག་འདས་པའི་དུས་སྐབས་སུ། །ཆོས་རྒྱལ་ཆེན་པོ་བསྙུངས་པར་གྱུར་པ་ལ། །སྐུ་རིམ་རྐྱེན་བཟློག་ཅི་ཙམ་བྱས་གྱུར་ཀྱང་། །ཕན་པར་མ་གྱུར་ཅི་བྱ་གཏོལ་མེད་དུ། །གྱུར་ཅིང་གཏོ་མོ་རྩིས་དཔྱད་བྱས་པ་ལ། །དགེ་སློང་ནམ་མཁའི་སྙིང་པོ་སྤྱན་དྲངས་ན། །ངེས་པར་ཕན་སྲིད་གཞན་གྱིས་ཕན་མི་འགྱུར། །ཟེར་བར་ནམ་མཁའི་སྙིང་པོ་སྤྱེན་འདྲེན་དུ། །བང་ཆེན་མི་གཉིས་བཏང་བས་ཚུལ་དེ་སྐད། །ཞུས་པར་ནམ་མཁའི་སྙིང་པོའི་ཞལ་ནས་ནི། །ཁྱེད་རང་གཉིས་པོ་སྔོན་དུ་སོང་ཞིག་དང་། །ངས་ནི་ཁྱེད་ཟུང་རྗེས་སླེབ་བྱེད་ཅིས་གསུངས། །བང་མི་གཉིས་པོ་སྔོན་དུ་བཏང་བའི་ཚེ། །སློབ་དཔོན་རྫུ་འཕྲུལ་མཐུ་ཡིས་སྔོན་བྱོན་པར། རྒྱལ་པོའི་སྐུ་ཡི་རིམ་གྲོའི་ཆ་རྐྱེན་དུ། །རྫས་དང་ཡོ་བྱད་ཅི་དང་གང་དགོས་ཞེས། །ཞུས་པའི་ལན་དུ་སློབ་དཔོན་ཞལ་ན་རེ། །ཅི་ཡང་མི་འཚལ་མངའ་བདག་རྒྱལ་པོ་ལ། །བཟའ་བཅའ་བཏུང་བ་སྣ་ཚོགས་དྲོངས་དང་གསུངས། །དེ་བཞིན་བྱས་པས་ནམ་མཁའི་སྙིང་པོ་ཡིས། །བཟའ་བཏུང་ཚོགས་ཀྱི་འཁོར་ལོར་བྱིན་བརླབས་ནས། །སུམ་ཆ་ཙམ་ཞིག་གསོལ་བའི་སྐབས་དེ་རུ། །འབངས་བློན་ནང་པ་ཞིག་གིས་སྙུན་དྲིས་པས། །གར་འོང་མ་འཚལ་བུད་མེད་དཀར་མོ་ཞིག །བྱུང་ནས་ཐལ་ལྕག་གཅིག་བརྒྱབ་སྙམས་བྱུང་བས། །ཅུང་ཟད་ཙམ་ཞིག་བདེ་བའི་སྣང་བ་ཤར། །རྒྱལ་པོས་སློབ་དཔོན་སྤྱུགས་པའི་ཉེས་པ་ཡི། །སྐུ་ཡི་དམ་ཚིག་ཉམས་ཆགས་བསྐངས་བར་གྱུར། དེ་ནས་བཞེས་པ་སུམ་ཆ་གཉིས་གསོལ་ཚེ། །སྔོན་བཞིན་སྙུན་དྲི་མཛད་པ་རྒྱལ་པོ་ཡིས། །གོང་ལྟར་བུད་མེད་དམར་མོ་གཅིག་བྱུང་ནས། །ཐལ་ལྕག་བརྒྱབ་པའི་སྣང་བ་སྔོན་བཞིན་བྱུང་། །ད་ཅི་བས་ནི་ཅུང་ཟད་བདེ་གསུངས་ཤིང་། །རྒྱལ་པོའི་གསུང་གི་དམ་ཚིག་ཉམས་པ་བསྐངས། དེ་ནས་བཞེས་པ་ཚང་མ་གསོལ་ཟིན་ཚེ། །ཡང་ཅིག་སྙུན་དྲི་གསོལ་པ་རྒྱལ་པོ་ཡིས། །བུད་མེད་ནག་མོ་ཞིག་བྱུང་སྔོན་བཞིན་དུ། །ཐལ་ལྕག་བརྒྱབ་བམ་སྙམ་པའི་མོད་ལ་ནི། །ད་ནི་མི་བདེ་བ་ནི་ཅུང་ཟད་ཀྱང་། མེད་དོ་སྙམས་ཞེས་རྒྱལ་པོས་བཀའ་བསྩལ་ཅིང་། །ཐུགས་ཀྱི་དམ་ཚིག་ཉམས་པའི་ཉེས་པ་བསྐངས། །ཚུལ་དེར་བློན་རྣམས་ཡིད་གཉིས་ཐེ་ཚོམ་ནས། །འདི་འདྲ་རྒྱལ་པོ་དང་ནི་ནམ་སྙིང་གཉིས། །འཕྲད་འདོད་དབང་གིས་བརྫུ་ཐབས་ཡིན་པའི་ཕྱིར། །ཆད་པ་གཅོད་དགོས་བསམ་པའི་གཡོ་ཐབས་ཀྱིས། །ཉི་མ་བརྒལ་ལ་ཁད་དུ་སླེབས་གྱུར་ཡང་། །བློན་རྣམས་རྒྱལ་པོའི་དབུ་བསིལ་དགོས་པས་ན། །ཉི་མ་མ་བརྒལ་སྔོན་དུ་མ་ཐོན་ན། །ཆད་པ་གཅོད་ཅེས་ཟེར་བས་སློབ་དཔོན་གྱིས། །སེང་ལྡེང་ཕུར་པ་བྱིན་གྱིས་བརླབས་ནས་སུ། །ཉི་གྲིབ་མཚམས་སུ་བཏབ་ནས་ཉི་མ་ཡང་། །རྟོད་ལ་མནན་ཏེ་རྒྱལ་པོའི་དབུ་བཀྲུས་ནས། །ཕྱུགས་རྣམས་ནང་དུ་ཆུག་ཅེས་གསུངས་འཕྲལ་དུ། །ཕུར་པ་བཏོན་པས་ཉི་མ་ནུབ་པ་ལ། །བློན་རྣམས་བྲེད་དེ་ཐམས་ཅད་ཁ་འཚམས་ནས། །རྫུ་འཕྲུལ་ཅན་གྱི་བནྡེ་འདི་ཡིས་ནི། །རང་ཅག་རྣམས་ལ་མཐུ་བྱེད་ངེས་འགྱུར་ན། །འདི་ཉིད་བསད་པའི་ཐབས་དགོས་གྲོས་བཤམས་ཤིང་། །མཆོད་ཡོན་གཉིས་པོ་ཕོ་བྲང་ཕྱི་རོལ་དུ། །འབྱོན་སྐབས་ཅིས་ཀྱང་གསོད་པའི་གྲོས་བྱས་ཚེ། །དེ་བཞིན་ཕོ་བྲང་ཕྱི་རུ་བྱོན་འཕྲལ་དུ། །གཤེད་མས་སློབ་དཔོན་གསོད་འདོད་བསྒུགས་ཡོད་པར། །སློབ་དཔོན་ཞལ་ནས་ཧཱུཾ་ཧཱུཾ་ཞེས་གསུངས་པར། །ནམ་མཁའི་དབྱིངས་ནས་གནམ་ལྕགས་ཐོག་ཕབས་ཤིང་། །དེ་ཉིད་ཕྱག་གི་སྡིགས་མཛུབ་རྩེར་བསྐོར་ཚེ། །བློན་རྣམས་ལ་ལ་བརྒྱལ་ཞིང་ལ་ལ་རེངས། །རྗེ་ཡང་ཅུང་ཟད་སྐྲགས་པར་གྱུར་པ་ལ། །སློབ་དཔོན་རྗེ་ལགས་སྙེང་བར་མ་གྱུར་ཏམ། །གསོལ་པས་རྒྱལ་པོའི་ཞལ་ནས་འདི་སྐད་ཅེས། །འཇིགས་དང་འཇིགས་ཏེ་གནམ་ལྕགས་ཐོག་སྒྲ་ལས། །བནྡེའི་ཧཱུཾ་སྒྲ་དེ་རིང་འཇིགས་བྱུང་ན། །བདུད་བློན་ཚོགས་རྣམས་དེ་ཡིས་ཚིམ་མམ་གསུངས། །དེ་འཕྲལ་དགེ་སློང་ནམ་མཁའི་སྙིང་པོ་དེ། །ནམ་མཁར་འཕུར་ནས་ལྷོ་བྲག་མཁར་ཆུར་བཞུད། །དེ་ནས་མངའ་བདག་རྒྱལ་པོའི་རྨི་ལམ་དུ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་མདུན་གྱི་མཁར་བྱོན་ནས། །རྒྱལ་པོ་ཉིད་ལ་འདི་སྐད་གསུངས། རྒྱལ་པོ་ཆེན་པོ་རྒྱ་གར་འཕགས་ཡུལ་ན། །རྒྱུ་ལ་མ་ལྟོས་འབྲས་བུ་རྡོ་རྗེའི་ཐེག །རྟོགས་གྲོལ་དུས་མཉམ་རྫོགས་པ་ཆེན་པོ་ཞེས། །རིམ་དགུའི་ཐེག་པའི་རྩེ་མོར་སོན་པ་ཞིག །ཡོད་པས་ལོ་ཙཱ་མཆོག་གྱུར་གཉིས་རྫོངས་ལ། །ཆོས་དེ་སྤྱན་འདྲེན་ཐུབ་པར་གྱིས་གསུངས་བཞིན། རྒྱལ་པོ་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ། །སློབ་དཔོན་པདྨའི་སྤྱན་སྔར་བྱོན་ནས་སུ། །དེ་སྐད་ཞུས་ཚེ་སློབ་དཔོན་ཆེན་པོ་ཡིས། །དེ་ནི་ཤིན་ཏུ་འཐད་པས་ངོ་མཚར་གཏམ། །ཡིན་ཕྱིར་ཤེས་རབ་ཆེ་བའི་འབངས་བཙུན་གཉིས། །བོ་དྷི་ས་ཏྭོར་རབ་ཏུ་བྱུང་ནས་སུ། །ལོ་ཙཱ་སློབ་དང་ངས་ཀྱང་རྫུ་འཕྲུལ་གྱི། །གདམས་པ་བསྟན་ནས་བར་ཆོད་མི་འབྱུང་བར། །བྱས་ནས་བཏང་ན་རྒྱལ་པོའི་བསམ་དོན་འགྲུབ། །གསུངས་པས་རྒྱལ་པོས་བ་གོར་ཧེ་འདོད་བུ། བཱཻ་རོ་ཙཱ་ན་དང་ནི་གཙང་པ་ཡང་། །ཐང་ལྷ་ཞེས་པའི་བུའི་མིང་ལེགས་གྲུབ་གཉིས། །བོད་ན་ཤེས་རབ་ཆེ་ཞེས་གྲགས་པས་ན། །དེ་གཉིས་སྤྱན་དྲངས་བོ་དྷི་ས་ཏྭ་ལས། །རབ་བྱུང་ཞུས་ནས་ལོ་ཙ་བསླབས་པ་དང་། །སློབ་དཔོན་པདྨས་རྫུ་འཕྲུལ་གདམས་པ་ཡང་། །བསྟན་ཏེ་རྒྱལ་པོས་གསེར་ཕྱེ་བྲེ་གང་དང་། །གསེར་གྱི་པ་ཊ་ཞིག་བསྐུར་རྒྱ་གར་དུ། །བརྫངས་ནས་རྫོགས་པ་ཆེན་པོ་ཚོལ་ཕྱིར་དུ། །བཏང་བར་གཅན་འཕྲང་པ་ཡི་སར་སླེབས་ཚེ། །གཅན་འཕྲང་པ་ཡིས་གསེར་རྣམས་འཕྲོག་རློམ་ཡང་། །བཱཻ་རོས་གསེར་ཕྱེ་བྲེ་གང་ཕྱེར་བསྒྱུར་ཞིང་། །བག་ཕྱེ་བྲེ་གང་གསེར་དུ་བསྒྱུར་ནས་སུ། །བྱིན་པས་གཅན་འཕྲང་པ་དགའ་འཕྲང་བརྒལ་ནས། །རྒྱ་གར་ཡུལ་དུ་ཕྱིན་ཚེ་མི་རྣམས་ལ། །རྫོགས་པ་ཆེན་པོར་སུ་མཁས་དྲིས་པ་ན། །སློབ་དཔོན་ཤྲཱི་སེང་ཧ་མཁས་ཟེར་བཞིན། །དེ་ཡི་དྲུང་དུ་ཕྱིན་ཏེ་གསེར་ཕྱེ་དང་། །གསེར་གྱི་པ་ཊ་ཕུལ་ནས་འདི་བཞིན་ཞུས། །སློབ་དཔོན་ཆེན་པོ་ཅུང་ཟད་གསན་མཛོད་དང་། །རྒྱ་གར་ཡུལ་ན་རྫོགས་པ་ཆེན་པོ་ཞེས། ཚེ་ལུས་གཅིག་གི་འཚང་རྒྱ་ནུས་པའི་ཆོས། །གདན་དྲོངས་ཞེས་པ་བོད་རྗེ་རྒྱལ་པོ་ལ། །ལུང་བསྟན་བྱུང་བཞིན་བདག་ཅག་གཉིས་པོ་ནི། །ཚོལ་དུ་བཏང་བ་ཐུགས་རྗེས་གཟུང་དགོས་ཞེས། །ཞུས་པས་སློབ་དཔོན་ཆེན་པོའི་ཞལ་ན་རེ། །བོད་ཀྱི་རྒྱལ་པོ་དང་བའི་ཐུགས་ལྡན་ཞིང་། །ཁྱེད་རང་གཉིས་པོ་བརྩོན་འགྲུས་མཆོག་ལྡན་པས། །རྫོགས་པ་ཆེན་པོའི་ཆོས་འདི་བོད་ཡུལ་དུ། །དར་བར་འགྱུར་བའི་ཕྱིར་ན་ངས་བཤད་མོད། །འོན་ཀྱང་རྒྱ་གར་རྒྱལ་པོ་ཆོས་དེ་ལ། །ཕྲག་དོག་ཆེ་བས་ཐབས་མཁས་དགོས་གསུངས་ནས། །བསྐོར་ཁང་དགུ་རིམ་ནང་དུ་ཁྲིད་ནས་སུ། །རྒྱལ་ཐབས་སྤྱི་བླུགས་ཞེས་པའི་དབང་བསྐུར་དུས། །སྒྱེད་པུ་གསུམ་ཁར་ཆུས་བཀང་ཟངས་བཙུགས་ཏེ། །དེ་སྟེང་སློབ་དཔོན་ཤྲཱི་སིང་ཧ་ཉིད། །སྐུ་ལ་རས་ཀྱི་དྲཱ་བ་མིག་མང་རིས། །མནབས་བཞིན་ཟངས་དུང་ནང་ནས་ཆོས་གསུངས་པ། །ཤེར་ཕྱིན་འབུམ་ལ་བྱམས་ཞུས་རྟག་ཞུས་དང་། །མཚན་འབུམ་བསྡོམས་པས་བམ་པོ་དགུ་མ་གཏོགས། །ཀུན་བསྒྱུར་གླེགས་བམ་བཅུ་གཉིས་ཡོད་པ་ལ། །རྒྱལ་པོའི་བླ་འབུམ་དང་ནི་ལང་གཤེགས་དང་། །ཕལ་ཆེན་མྱ་ངན་འདས་མདོ་དང་བཅས་བསྒྱུར། །རྫོགས་པ་ཆེན་པོའི་རྒྱུད་ཆེན་ཉེར་ལྔ་ཡང་། དེ་ལ་དང་པོ་སེམས་དོན་རྩ་བ་དང་། །ཡན་ལག་མ་གབ་རྒྱས་པར་བཤད་པ་ལ། །མ་ཧཱ་ག་ག་རྒྱས་པའི་རྒྱུད་དང་ནི། །སེམས་དོན་རྟོགས་པར་དཀའ་བ་ཉམས་བླང་ཕྱིར། །མ་ཧཱ་ག་ག་རྒྱས་པ་སྤྱི་ཏིའི་རྒྱུད། །སེམས་དོན་རྣམ་པར་གྲོལ་བ་བསྟན་པའི་ཕྱིར། །ནམ་མཁའ་ཆེ་སྒྲོལ་རྒྱུད་ཅེས་བྱ་བ་བཤད། །སེམས་དོན་མི་འགྱུར་བསྟན་པ་ལ་སོགས་པ། །རིམ་བཞིན་དགོས་པ་དང་ནི་དགོས་ཆེད་ཕྱིར། །ཡང་ཏིག་རྒྱལ་པོའི་རྒྱུད་དང་བྱང་ཆུབ་སེམས། །ཐིག་ལེའི་རྒྱུད་དང་ཡེ་ཤེས་ཐིག་ལེའི་རྒྱུད། །མན་ངག་ཕྲེང་རྒྱུད་གསང་བ་རྒྱ་མཚོའི་རྒྱུད། །པྲཛྙཱ་ཡེ་ཤེས་རྣམ་དག་དབྱིངས་ཀྱི་རྒྱུད། །སེམས་ཀྱི་རྒྱུད་དང་ཉག་གཅིག་དགོངས་པའི་རྒྱུད། །བསམ་གཏན་གཅིག་པ་བརྒྱུད་པའི་མདོ་རྒྱུད་བཤད། །བཀྲ་ཤིས་སྒྲོན་མ་ནམ་མཁའ་ཆེ་དབང་རྒྱུད། །ཡེ་ཤེས་སྒྲོན་མེ་ནམ་མཁའ་ཆེ་བ་ཡི། །ཡི་གེ་མེད་པ་རྩེ་མོའི་རྒྱུད་ཅེས་དང་། །རིན་ཆེན་འབར་བ་དང་ནི་སྒྲོན་མེའི་རྒྱུད། །རིན་ཆེན་ཕྲེང་བ་ཁམས་གསུམ་སྒྲོན་མེའི་རྒྱུད། །ངེས་པ་སྙིང་པོ་རྡོ་རྗེ་རབ་གསང་རྒྱུད། །ཡེ་ཤེས་སངས་རྒྱས་རྒྱུད་སོགས་ཉེར་ལྔ་བཤད། །བྱང་ཆུབ་སེམས་ལ་ཐམས་ཅད་འབྱུང་ཕྱིར་སོགས་། །དགོས་པ་དགོས་ཆེད་སྔོན་མ་ཇི་བཞིན་གྱིས། །རིག་པ་ཁུ་བྱུག་རིག་པ་རྩལ་ཆེན་ལུང་། །ལྟ་བ་ཁྱུང་ཆེན་རྡོ་ལ་གསེར་འགྱུར་ལུང་། །མི་ནུབ་རྒྱལ་མཚན་ནམ་མཁའ་ཆེ་བའི་ལུང་། །ཡེ་ཤེས་རྨད་བྱུང་རྗེ་བཙུན་དམ་པའི་ལུང་། །སྐྱེ་མེད་ཏིག་ཀ་སྲོག་གི་ལུང་ཡང་བཤད། །ཡིད་བཞིན་ནོར་བུ་ཀུན་འདུས་རིག་པའི་ལུང་། །ནམ་མཁའ་ཆེ་བ་རྒྱལ་པོའི་ལུང་དང་ནི། །རྩེ་མོ་བྱུང་རྒྱལ་བདེ་བ་རབ་འབྱམས་རྒྱུད། །བདེ་བ་ཕྲ་བཀོད་སྣ་ཚོགས་གཏེར་ཆེན་ལུང་། །བཀའ་ལུང་སྤྱི་བཅིངས་ལ་སོགས་བཅོ་བརྒྱད་བཤད། །དེ་ནས་སློབ་དཔོན་ཤྲཱི་སེང་ཧ་ཡི། །ཞལ་ནས་ཆོས་རྣམས་རྫོགས་པར་བཤད་མོད་ཀྱང་། །རྒྱ་གར་ཆོས་ལ་ཕྲག་དོག་ཆེ་བས་ན། །ལམ་དུ་སྲོག་གི་བར་ཆད་འབྱུང་ཉེ་བས། །རྐང་མགྱོགས་སྒྲུབས་ཤིག་གསུངས་ནས་དེའི་གདམས་པ། །གནང་ནས་བཱཻ་རོ་ཙཱ་ནར་མིང་བཏགས་སོ། །ལེགས་གྲུབ་ཀྱིས་ནི་རྐང་མགྱོགས་མ་བསྒྲུབས་པར། །རྗེ་ལ་ངོ་སོ་འདོན་ཕྱིར་སྔོན་ཕྱིན་པས། །གཅན་འཕྲང་པས་བཀུམ་དེ་གར་ལུས་པར་གྱུར། །བཱཻ་རོ་ཙ་ནས་རྫོགས་ཆེན་ཆོས་རྣམས་ཀུན། །ཨ་རུ་ར་ཡི་ཁུ་བས་ཏ་ལ་ཡི། །ལོ་མར་བྲིས་ནས་བོད་དུ་ཆས་པ་ཡིས། །མཚན་མོར་རྡོ་རྗེ་གདན་གྱི་སྒོ་ལྕགས་རྣམས། །འཁྲོལ་ཞིང་རང་སྒྲ་གྲགས་པས་དཀོར་སྲུང་ཚོགས། །སྒོ་བ་སྦྲན་ནས་བོད་ཀྱི་བེནྡ་ཡིས། །ཆོས་ཁྱེར་ར་མདར་རྒྱུགས་ཤིག་ཟེར་བྱུང་བར། །སྒོ་སྲུང་རྣམས་ཀྱིས་སྒོ་བཅད་བསྲུངས་གྱུར་ཀྱང་། །ནངས་པར་བཱཻ་རོ་ཙ་ན་བྱུང་འཕྲལ་དུ། །མདང་སུམ་ཀུན་གྱི་རྨི་ལམ་ངན་པའི་ཕྱིར། །བོད་ཀྱི་བནྡེ་འདི་ཡིས་ཅི་ཁྱེར་ཨང། །ཟེར་ཞིང་གཅེར་བུར་ཕུད་ནས་བལྟས་པ་ལ། །ཏ་ལའི་ལོ་མའི་པོ་ཏི་གཉིས་པོ་ལས། །ཅི་ཡང་མི་འདུག་ཏ་ལའི་ལོ་མ་ཡང་། །སྟོང་པ་མ་གཏོགས་ཡི་གེ་བྲིས་མི་འདུག །ད་ནི་ཁོ་རང་ཐོངས་ཤིག་ཟེར་བཞིན་དུ། །བཏང་ནས་བཱཻ་རོས་གཅན་འཕྲང་མཁན་པོ་ཡི། །དཔོན་པོ་ཀཱུ་མ་ར་དང་གྲོགས་བྱས་ཏེ། །གསེར་ཕྱེ་བྱིན་ནས་མནའ་ཐོ་བྱས་འཕྲལ་དུ། །གཅན་འཕྲང་པ་ཡིས་འཇིགས་སར་བསྐྱལ་ནས་ལོག །དེ་ནས་རྒྱ་གར་ཡུལ་གྱི་པཎྜི་ཏ། །ཀུན་གྱི་རྨི་ལྟས་ངན་ཞིང་ཁྱད་པར་དུ། །རྒྱ་གར་ཡུལ་གྱི་ཉི་མའི་དཀྱིལ་འཁོར་ཡང་། །བོད་ཀྱི་བནྡེ་གཅིག་གིས་ཁུར་ཕྱིན་ནས། བོད་ཀྱི་ཡུལ་དུ་ནུབ་ནས་སོང་བ་དང་། ལྗོན་ཤིང་མེ་ཏོག་སོགས་ཀྱང་ཉམས་པ་དང་། །བྱ་སྐད་དག་ཀྱང་མི་སྙན་སྒྲོགས་པ་སོགས། བྱུང་བར་རྒྱལ་པོས་པཎྜི་ཏ་རྣམས་ལ། ལྟས་ངན་འདི་འདྲ་ཅི་ཡིན་སྨྲས་པ་དང་། བོད་ཀྱི་བན་དྷེས་གདམས་ངག་ཁྱེར་མིན་ནམ། །ཟེར་ནས་རྐང་མགྱོགས་པ་དག་བཏང་བ་ལ། །འཕྲང་སྲུང་མཁན་པོས་མཆིད་ལན་འདི་སྐད་ཟེར། །བོད་ཀྱི་བནྡེ་འདྲ་བ་མ་སོང་ཞིང་། །མཐའ་ཡི་མོན་བུ་སྤྱི་ཟླུམ་གཅིག་སོང་སྟེ། །ད་ཙམ་བོད་ཡུལ་མཐིལ་དུ་སླེབས་པར་མཆི། །བྱས་པས་རྐང་མགྱོགས་པ་ཡང་ཕྱིར་ལོག་གོ། །བཱཻ་རོས་རྐང་མགྱོགས་བསྒྲུབས་པས་ཞག་བདུན་ཉིན། །རྡོ་རྗེ་གདན་ནས་བསམ་ཡས་རྩར་སླེབས་ཚེ། །རྗེ་ཡི་སྤྱན་སྔར་ཕྱིན་ཏེ་འདི་སྐད་ཞུས། །རྗེ་ཡིས་བཞེད་པའི་ཆོས་རྣམས་ལོན་ཡོད་ཀྱང་། །རྒྱ་གར་མི་རྣམས་ཆོས་ལ་ཕྲག་དོག་ཆེ། །བོད་ཀྱི་བློན་པོ་རྣམས་ནི་ཆོས་ལ་གནག །རྒྱལ་པོའི་སྙན་དུ་ཕྲ་མ་འབྱུང་སྲིད་པས། །དེ་ལ་མི་གསན་པ་ནི་གལ་ཆེ་ཞུས། །དེ་ནས་རྡོ་རྗེ་གདན་གྱི་རྒྱལ་པོ་ཡིས། །བོད་ཀྱི་བན་དེ་དེ་ཡིས་གདམས་ངག་ཆོས། །ཁྱེར་ཡང་རྗེས་ཟིན་མ་གྱུར་དེ་ཡི་ཕྱིར། །བོད་ཀྱི་བནྡེར་ཆོས་བཤད་སློབ་དཔོན་ལ། །ཅིས་ཀྱང་ཆད་པ་གཅོད་དགོས་ཟེར་ནས་སུ། །ཕྱྭ་དང་མོ་དང་རྩིས་སོགས་བྱས་གྱུར་ཀྱང་། །སུ་དང་གང་ཡིན་ངོ་ཤེས་མ་བྱུང་ཚེ། །བྲམ་ཟེའི་རྒན་མོ་རྟེན་འབྲེལ་བརྟགས་མཁས་ཞིག །ཡོད་པ་དེ་ཡི་མཆིད་ནས་འདི་སྐད་ཟེར། །ངས་ནི་ཅུང་ཟད་གོ་བ་ཞིག་མཆིས་ཀྱང་། །རྒྱལ་པོར་སྨྲ་མི་ཕོད་དོ་ཟེར་བ་ལ། །རྒྱལ་པོས་སྐྱོན་མེད་སྨྲོས་དང་གསུངས་པ་ལ། །མོ་ཡིས་རི་གསུམ་ཁ་ལ་མཚོ་ཞིག་སྣང་། །དེ་སྟེང་ཐང་ཡང་ཁྲ་བོ་གཅིག་སྣང་བར། །དེ་ཡིས་སྟེང་ཁར་ལུས་ཀྱི་སྟོད་སྨད་ཀུན། །མིག་གིས་གང་ཞིང་མཆུ་ཡང་དམར་པོ་ལ། འདོམ་གང་ཡོད་པ་ཞིག་གིས་བཤད་པ་གོ །བྱས་པས་ཀུན་ཀྱང་ཐེ་ཚོམ་སྐྱེས་པ་ལ། །དེ་ནས་རྒྱལ་པོས་བོད་དུ་རྐང་མགྱོགས་པ། །ཐོངས་ལ་ཆ་ངན་ཕྲ་མ་སྒྲོགས་ལ་ཤོག །གསུངས་བཞིན་རྐང་མགྱོགས་པ་གཉིས་བཏང་བ་ལ། །བཱཻ་རོ་ཙ་ནས་དབུ་རྩེ་ཐང་དུ་ནི། །རྒྱལ་བློན་རྣམས་ལ་ཆོས་གསུངས་གམ་དེ་རུ། །བང་ཆེན་ཨ་ཙ་ར་གཉིས་བྱུང་ནས་ནི། །བོད་ཀྱི་བནྡེས་རྒྱ་གར་ཡུལ་ནས་སུ། །ཆོས་མ་ལོན་པར་ཕྱི་རོལ་མུ་སྟེགས་པའི། །ངན་སྔགས་མང་པོ་ཁྱེར་ནས་ཡོད་སྐྱོན་གྱིས། །བོད་ཁམས་ཕུང་བར་བྱེད་པས་གསོད་དགོས་ཞེས། །ཀུན་གྱིས་ཐོས་པར་བརྗོད་ནས་ཕྱིར་ལོག་གོ །བློན་པོ་རྣམས་ཀྱིས་རྒྱལ་པོར་དེ་བདེན་པས། །བོད་ཁམས་ཕུང་བར་བྱེད་པས་ཉེས་ཆད་ཆོད། །ཟེར་བར་རྒྱལ་པོས་དེ་ལྟར་མ་ཡིན་ཞིང་། །རྒྱ་གར་མི་རྣམས་ཆོས་ལ་ཕྲག་དོག་གཏམ། །ཡིན་པར་ངེས་སོ་བྱས་ཀྱང་མ་ཉན་པས། །རྒྱལ་པོས་མཐའ་ཡི་སྤྲང་པོ་གཅིག་བཟུང་ནས། །བཱཻ་རོ་ཙཱ་ནའི་ཞྭ་གོས་བསྐོན་ནས་སུ། །ཟངས་གཉིས་ཁ་སྦྱོར་ནང་བཅུག་གཟེང་བཏབ་ནས། །ཆུ་ལ་བསྐུར་ཅིང་སྨོན་ལམ་བཟང་པོ་བཏབ། །དེ་རྗེས་སློབ་དཔོན་བཱཻ་རོ་ཙ་ན་ཉིད། །ཕོ་བྲང་ཡང་རྫོང་ཀ་བར་ཆོལ་བྲུས་ཏེ། །བཱཻ་རོ་དེར་བཞུགས་རྒྱལ་པོས་ཆོས་ཞུས་ཚེ། །ནམ་ཕྱེད་བཞེས་པ་དྲངས་ཤིང་ཆོས་ཉན་ནས། །སེམས་སྡེ་རྨད་དུ་བྱུང་བ་བཅོ་བརྒྱད་ཀྱི། །ལེའུ་ལྔ་བཅུ་ཚར་བའི་དུས་དེ་རུ། །འཁོར་འབངས་ནང་པ་ཞིག་དང་ཚེ་སྤོང་བཟའ། །དཔོན་གཡོག་གཉིས་ཀྱིས་ཚོར་འཕྲལ་ཕྱིར་བརྒྱུགས་ནས། །འབངས་རྣམས་ཀུན་ལ་དེ་སྐད་ཅེས་སྨྲས་པས། །བློན་པོ་ཐམས་ཅད་ཚོགས་ནས་རྒྱལ་པོ་ལ། །རྗེ་ལགས་ཐུགས་ལ་ནོར་བ་མང་པོ་ཞིག། །བྱུང་ཚུལ་འདི་ལ་གསན་པར་མཛོད་དང་ནི། །ཡབ་མེས་གོང་མའི་དཀོར་ནོར་གསེར་དངུལ་ཀུན། །འཇིམ་པར་བྱུགས་ནས་ལྷ་ཁང་མཛད་དོ་ལོ། །ཆོས་བྱེད་ཟེར་ནས་སྤྲང་པོ་ཆུ་ལ་བསྐུར། །བོད་ཁམས་ཕུང་བྱེད་སྔགས་མཁན་ཕུགས་སུ་སྦས། །དེ་ལ་ཆད་པ་གཅོད་དོ་སྒོར་ཕྱུངས་ཟེར། །གལ་ཏེ་དེ་ལ་ཆད་པ་མི་གཅོད་ན། །རྒྱལ་ཁྲིམས་འཇིག་པར་བྱེད་དོ་ཞེས་ཟེར་བར། །རྒྱལ་པོ་ཐུགས་མ་བདེ་བས་སློབ་དཔོན་ལ། །ད་ནི་ཇི་ལྟ་བུ་ཞིག་བྱ་ན་ཞེས། །ཞུས་པས་བཱཻ་རོ་ཙཱ་ནའི་ཞལ་སྔ་ནས། །བདག་ནི་སྐྱེ་སྲིད་སྔོན་མ་རྒྱལ་རོང་དུ། །རྒྱལ་པོ་ལེགས་བཞེར་བཙན་པོ་ཞེས་བྱ་དང་། །ཡུམ་ཡང་དཔལ་མོ་ཞེས་བྱའི་བུར་སྐྱེས་པའི། །ད་དུང་གདུལ་བྱའི་ལས་འཕྲོ་དེར་ཡོད་པས། །དེ་རུ་སྤྱུག་ལས་ཐབས་གཞན་མ་མཆིས་ཞེས། །གསུངས་ཤིང་ཡང་ཅིག་རྒྱལ་པོར་འདི་སྐད་ཅེས། །རྒྱ་གར་ཡུལ་ན་མཁས་པ་པཎྜི་ཏ། །མང་པོ་ཚོགས་པའི་དབུས་ན་ཁྱད་འཕགས་པའི། །མཁས་པ་བཱི་མ་མི་ཏྲ་ཞེས་བྱ་བ། །བཞུགས་པ་དེ་ཉིད་བོད་དུ་སྤྱན་དྲོངས་ལ། །ཆོས་གྲྭ་ཚུགས་དང་དེ་དུས་ང་ཡིས་ཀྱང་། །ཆོས་འདི་ཐམས་ཅད་ཞུ་གཏུག་བྱེད་འོང་གིས། །དེས་ནི་བོད་རྣམས་ཡིད་ཆེས་ཐོབ་པ་དང་། །ང་རང་རྗེ་གཉིས་མཇལ་དུ་མཆི་ངེས་སོ། །རྗེ་ལ་དབང་མེད་རྒྱལ་ཁ་བློན་གྱིས་བསྒྱུར། །བཱཻ་རོ་བདག་ནི་རྒྱལ་མོ་རོང་དུ་སྤྱུགས། །ཞེས་པ་ལ་སོགས་ཚིགས་བཅད་མང་གསུངས་མཐར། །བཱཻ་རོ་བྱང་གི་གཡག་ལ་སེ་བོའི་རྩེར། །སླེབས་ཚེ་བོད་གྱི་ཡུལ་ལ་ཡར་གཟིགས་པས། །ནམ་ལངས་སྟེང་དུ་ཉི་ཤར་ཇི་བཞིན་འདུག །མདོ་ཁམས་ཕྱོགས་སུ་མར་ལ་གཟིགས་ཙ་ན། །ཉི་ནུབ་སྟེང་དུ་མུན་པ་གཏིབས་ལྟ་བུར། །གཟིགས་པས་སྤྱན་ཆབ་ཤོར་བཞིན་དབང་མེད་དུ། །རྒྱལ་མོ་ཚ་བ་རོང་དུ་བརྟོལ་གྱུར་ཚེ། །རི་འོག་ཞིག་ཏུ་ཡིབ་སྟེ་བཞུགས་གྱུར་ཀྱང་། །བོད་ཀྱི་བྱ་རྣམས་ཕལ་ཆེར་དེར་འོངས་ནས། །སློབ་དཔོན་ཐད་ནས་བསྐོར་བ་བྱས་གྱུར་ཚེ། །ཚ་བ་རོང་གི་མི་རྣམས་ཐེ་ཚོམ་ནས། །བཙལ་བས་རྙེད་ཚེ་ཁོང་རྣམས་འདི་སྐད་ཟེར། །བོད་ཀྱི་རྟོགས་ཆེན་པ་བྱུང་ཟེར་བཞིན་དུ། །རང་དབང་མེད་པར་གྲོང་དུ་ཁྲིད་ནས་སུ། །ཤིག་དོང་དང་ནི་སྦལ་དོང་ནང་བཅུག་ཀྱང་། །གནོད་པར་མ་གྱུར་སྔོན་བཞིན་བཞུགས་གྱུར་ཚེ། །དོང་ནས་ཡར་ཕྱུང་དྲི་རྨེད་བྱས་པ་ལ། །བཱཻ་རོ་ཙཱ་ནའི་ཞལ་ནས་འདི་སྐད་གསུངས། །ང་རང་བོད་ཀྱི་རྒྱལ་བློན་ཀུན་བགྲོས་ནས། །རྒྱ་གར་ཡུལ་དུ་ཆོས་ཚོལ་བཏང་གྱུར་ཀྱང་། །རྒྱ་གར་མི་རྣམས་ཆོས་ལ་ཕྲག་དོག་པས། །ངན་སྔགས་ཡོད་ཅེས་དབྱེན་ཕྲ་བྱས་སྐྱོན་གྱིས། །བོད་ཀྱི་ཡུལ་ནས་འདི་གར་སྤྱུགས་པ་ཡང་། །སྐྱེ་སྲིད་སྔོན་མ་རྒྱལ་པོ་ལེགས་བཞེར་དང་། །ཡུམ་ཡང་དཔལ་མོ་ཞེས་པའི་བུར་སྐྱེས་ཚེ། །དགེ་སློང་པུརྞ་བྱ་བ་དེ་ཡིན་ཞེས། །གསུངས་པས་མི་རྣམས་སྐྱེ་སྲིད་སྔོན་མ་དེ། །འཕྱུགས་མེད་ཤེས་པ་ངོ་མཚར་ཆེ་ཟེར་ཞིང་། །ཕྱག་འཚལ་བསྐོར་བ་བྱས་ནས་བཤགས་པ་ཕུལ། །ཞབས་ཟུང་མགོར་བླངས་བསྙེན་བཀུར་རྒྱ་ཆེན་བྱས། །དེ་ནས་བཱཻ་རོ་ཙཱ་ནའི་ཐུགས་དགོངས་ལ། །རྒྱལ་མོ་རོང་འདིར་རྫོགས་པ་ཆེན་པོའི་ཆོས། །ཅིས་ཀྱང་དར་བའི་ཐབས་ཤིག་བྱ་དགོངས་ནས། །བ་གླང་འཚོ་བའི་བྱིས་པ་མང་བསྡུས་པར། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཞེས་པ། །རྗེས་ཟློས་གྱིས་དང་བྱས་པས་དེ་རྣམས་ཀྱིས། །ལྟོས་སོ་ལྟོས་སོ་ཟེར་ནས་མ་ཤེས་ཀྱང་། །བྱིས་པ་གཞན་མ་གཉིས་ཀྱིས་དེ་སྐད་ཅེས། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཟེར་བར། །རྒྱལ་མོ་གཡུ་སྒྲ་དང་ནི་གྲུ་བྱ་བ། །གཉིས་པོ་བཱཻ་རོ་ཉིད་ཀྱིས་རྗེས་བཟུང་ནས། །མཚན་མོར་བྱིས་པ་དེ་གཉིས་གཡས་གཡོན་དུ། །བསྙལ་ནས་རྫོགས་ཆེན་ཆོས་ལ་འཇུག་ཚུལ་དང་། །ཉིན་པར་དཔེ་བསླབས་རིམ་བཞིན་རྫོགས་ཆེན་གྱི། །ཆོས་རྣམས་བསླབས་པས་དེ་རྣམས་ཁོང་ཆུད་ནས། །རྒྱལ་མོ་ཚ་བ་རོང་གི་ཡུལ་དེ་རུ། །དམ་ཆོས་སྤྱི་དང་ཁྱད་པར་རྫོགས་ཆེན་ཆོས། །ཉི་མ་ཤར་བཞིན་དར་ཞིང་རྒྱས་པར་མཛད། །དེ་དུས་བོད་རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས། །གདོང་དམར་བོད་ཀྱི་རྒྱལ་ཁམས་འདི་ཉིད་ཀུན། །ཆོས་ལ་བཀོད་པར་འདོད་པས་བོད་ཡུལ་གྱི། །ཤེས་རབ་ཅན་འགའ་རྒྱ་གར་ཡུལ་བཏང་ནས། །ངོ་མཚར་ཅན་གྱི་ཆོས་རྣམས་ལོན་གྱུར་ཀྱང་། །བློན་པོ་ཆོས་ལ་གནག་པས་ཕྲག་དོག་གིས། །ཇི་བཞིན་ཆོས་ལ་སྤྱོད་པའི་ཐབས་མ་བྱུང་། །ཆོས་ཚོལ་བཏང་བའི་ལོ་ཙ་པ་རྣམས་ཀྱང་། །བློན་པོས་རྒྱལ་ཁྲིམས་གཉན་པས་སྤྱུགས་གྱུར་ན། །ད་ནི་རྒྱ་གར་ཡུལ་ན་པཎྜི་ཏ། །ཆོས་རྣམས་ཀུན་ལ་མཁས་པར་གྱུར་པ་ཞིག །སྤྱན་འདྲེན་ཐུབ་པར་གྱིས་དང་བོད་ཡུལ་གྱི། །ཤེས་རབ་ཅན་དག་ལ་ལ་ལོ་ཙཱ་དང་། །ལ་ལ་རབ་བྱུང་ལ་ལར་ཆོས་སྒྲུབ་སོགས། །དགོས་སོ་སྙམས་བཞིན་བོད་ཡུལ་རུ་བཞི་ཡི། །མི་རྣམས་བསྡུས་ནས་འདི་བཞིན་བཀའ་བསྩལ་ཏོ། །ང་ནི་ཆོས་སྐྱོང་རྒྱལ་པོ་ཡིན་པའི་ཕྱིར། །དུས་ཚོད་དེ་རིང་ནས་བཟུང་ཆོས་ཀྱི་ཁྲིམས། །བཅའ་བ་ཡིན་པས་རབ་བྱུང་སུས་ནུས་དང་། །ལོ་ཙཱ་སུས་ནུས་སྒྲུབ་ལ་སུ་འཇུག་ནུས། །ཁས་ལེན་གྱིས་དང་ཞབས་འོག་རྡེའུ་བཏོན་ནས། །དབུ་ཡི་མཆོད་གནས་ཡིན་པར་དམ་བཅའ་བས། །བོད་རྣམས་དེ་ལྟར་སེམས་ལ་བཞག་པར་མཛོད། །སྐབས་དེར་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བོད་ཀྱི་རྒྱལ་བློན་རྣམས་ལ་འདི་སྐད་གསུངས། །བོད་ཁམས་སྐྱོང་བའི་རྒྱལ་པོ་ཆེན་པོ་ལགས། །ཆོས་ཁྲིམས་བཅའ་བ་ལེགས་པའི་དཔལ་དུ་ཆེ། །བདག་འདྲ་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས། །དུས་གསུམ་སྐུ་གསུང་ཐུགས་དང་དབྱེར་མེད་ཤེས། །རྣམ་རྟོག་གང་ཤར་ཆོས་ཉིད་རོལ་བར་གོ །ཉོན་མོངས་བརྒྱད་ཁྲི་རང་རིག་གློང་དུ་གྲོལ། །དེ་ལྟར་ཡོན་ཏན་མངོན་ཤེས་ཐོབ་པའི་མཐུས། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་གཉིས་པོ། །ཇི་ལྟ་བུ་དང་ཅིར་འགྱུར་མངོན་སུམ་ཤེས། །བདག་འདྲ་མཁན་སློབ་ཆོས་གསུམ་གདན་འཛོམས་གང་། །སྐྱེ་བ་སྔོན་མར་སྤུན་ཟླར་གྱུར་པའི་ལུང་། །ཡང་ཡང་གསལ་བར་བྱས་པ་གོང་བཞིན་ནོ། །དེ་ནས་རྒྱ་གར་ཡུལ་གྱི་ཀུ་ཤ་ཀའི། །སྨད་འཚོང་པྲ་མ་ནི་ལ་ཏ་ཡི་བུ། །འཆི་འཕོས་ཁྲི་བཟང་ཡབ་ལྷག་བློན་པོ་ཡིན། །དེ་ནས་རིམ་བཞིན་དར་མ་ཤི་ལ་དང་། །དར་མ་པྲཛྙཱ་དར་མ་ཀཱ་ཡ་དང་། །དར་མ་སུ་ཀ་དར་མ་མི་ཏྲ་རྣམས། །རྒྱ་གར་ཡུལ་ནས་ཚེ་འཕོས་བོད་ཡུལ་གྱི། །རྒྱལ་པོ་ཏ་ར་མ་ཡི་བློན་པོ་དང་། །ཁྲི་འབྲིང་ལྷ་ལོད་ཤུད་པུ་དཔལ་སེང་དང་། །རྡོ་རྗེ་སྤྲེལ་ཆུང་ཏ་ར་ཀླུ་གོང་རྣམས། །བོད་ཀྱི་བློན་པོ་དྲུག་པོ་དེ་རྣམས་ཀྱང་། །རྒྱ་གར་ཡུལ་གྱི་ལས་འཕྲོ་བཟང་ངན་བཞིན། །བོད་ཀྱི་ཡུལ་འདིར་སྐྱེ་བ་བླངས་པ་ཡིན། །ད་ལྟ་ཆོས་ལ་གནག་པའི་བློན་པོ་ཡང་། །སྐྱེ་སྲིད་སྔོན་མ་དུད་འགྲོ་སོ་སོ་ཡི། །ལུས་བླངས་ཇི་བཞིན་ད་ལྟའི་ལུས་པོ་ལ། །རྟགས་དང་མཚན་མ་འཕྱུགས་མེད་འདི་བཞིན་ཏེ། །རྒྱ་གར་ན་རཱ་ཛ་ནའི་ཡུལ་དབུས་ཀྱི། །ཕག་པ་རྒྱ་ཚ་ལྷས་སྣང་བྱ་བ་དེ། །སྔོན་ནས་དུད་འགྲོ་ཕག་གི་ལུས་བླངས་ཕྱིར། །ད་ལྟ་སྣ་རྩེར་སྨེ་བ་ནག་པོ་ཡོད། །དབུས་གྱུར་དེ་ཡི་བྱང་གི་ཕྱོགས་ཤིག་ཏུ། །གླང་དམོན་ཏ་ར་ཀླུ་གོང་བྱ་བ་དེ། །སྔར་ཡང་རྨོན་གླང་དག་ཏུ་སྐྱེས་པའི་རྟགས། །ད་ལྟ་གཉའ་བར་སྨེ་བ་ནག་པོ་ཡོད། །ཡུལ་ཕྱོགས་དེ་ཡི་བྱ་ཐུལ་ཞེས་པ་རུ། །རྡོ་རྗེ་སྤྲེལ་ཆུང་བྱ་བའི་བློན་པོ་ཡང་། །སྔོན་གྱི་དུས་སུ་བྱ་རུ་སྐྱེས་པའི་རྟགས། །ད་ལྟ་ལྟེ་བའི་ཁུང་ན་བྱ་སྤུ་ཡོད། །ཡུལ་ཕྱོགས་དེ་ཡི་གཅན་གཟན་སྤྱང་ཀི་ནི། །བློན་པོ་རྒྱལ་ཐོ་ར་མི་བྱ་བ་ཡིན། །སྔོན་ཡང་གཅན་སྤྱང་ལུས་སུ་གྱུར་པའི་རྟགས། །ད་ལྟ་ཡ་ཐོད་གཅན་སྤྱང་འདྲ་བ་ཡོད། །དུད་འགྲོ་དེ་རྣམས་ཚེ་འཕོས་སྨད་འཚོང་མའི། །ཕྲུ་གུ་དྲུག་ཏུ་སྐྱེས་ནས་བོད་ཡུལ་དུ། །འཚོགས་པའི་སྨོན་ལམ་བཏབ་པ་དེ་བཞིན་དུ། །བོད་རྗེ་རྒྱལ་པོའི་བློན་པོར་སྐྱེས་པ་ཡིན། །རྒྱ་གར་ཡུལ་གྱི་སྒྲ་བསྒྱུར་ཚམ་ཞེས་པའི། །དྲང་སྲོང་བིཀྵུ་སེང་ཧ་ཚེ་འཕོས་པ། །བོད་ཀྱི་དགེ་སློང་དཔལ་དབྱངས་ཞེས་བྱར་སྐྱེས། །ཆུ་བོ་ནེ་རཱ་ཛ་ནའི་ཡུལ་དབུས་སུ། །དྲང་སྲོང་ཀུ་མ་རཱ་ཛ་ཞེས་པའི་བུ། །རྒྱལ་བུ་སྙིང་པོ་ཞེས་པའི་ཚུལ་ཁྲིམས་ཅན། །དེ་ཉིད་ཚེ་འཕོས་རྒྱལ་བ་མཆོག་དབྱངས་ཡིན། །རྒྱ་གར་ཡུལ་གྱི་མུ་ཏྲ་ཞེས་བྱ་ན། །བྲམ་ཟེ་གུརྞ་སིདྡྷི་ཞེས་བྱ་དང་། །རྒྱལ་པོ་ལེགས་བཞེར་དཔལ་མོ་ཞེས་པའི་བུ། །དགེ་སློང་ཛི་ན་ཞེས་བྱ་ཚེ་འཕོས་པ། །གནུབས་ཀྱི་བནྡེ་ནམ་མཁའི་སྙིང་པོ་ཡིན། །རྒྱ་གར་རྡོ་རྗེ་གདན་གྱི་སྨད་འཚོང་མ། །ཀུ་མ་ཧི་ཏྲོ་རུ་ཀ་ཞེས་བྱ་དང་། །དྲང་སྲོང་ཛྙཱ་ན་བདུད་རྩི་ཞེས་བྱའི་བུ། །བིཀྵུ་མཉྫུ་གྷོ་ཥ་ཚེ་འཕོས་པས། །ཅོག་རོ་ལོ་ཙ་ཀླུ་ཡི་རྒྱལ་མཚན་ཡིན། །གའུ་གཉིས་སྦྱོར་བུ་རི་ཞེས་པའི་བུའི། །སྨད་འཚོང་མ་ཡི་བུ་མོ་ཚེ་འཕོས་པས། །བོད་ཀྱི་ལོ་ཙཱ་ཀ་བ་དཔལ་བརྩེགས་ཡིན། །ལྕགས་ཀྱི་སྡོང་པོ་གླང་ཆེན་ཞེས་པ་ཡི། །ཀླུ་མོ་གཉིས་སུ་གྱུར་པ་ཚེ་འཕོས་པས། །བོད་དུ་དྲན་པ་ནམ་མཁའ་བྱ་བ་ཡིན། །དྲང་སྲོང་བུ་མོ་སེར་སྐྱ་ལྔ་ཞེས་པ། །ཚེ་འཕོས་བོད་ཀྱི་དགེ་སློང་མི་ལྔ་ཡིན། །དགེ་ལྡན་དང་ནི་བདེ་སྐྱིད་རྒྱལ་བུ་གཉིས། །ཚེ་འཕོས་ཡེ་ཤེས་དབྱངས་དང་བྲན་ཀ་ཡིན། །ཁྱིམ་བདག་དགའ་བ་ཞེས་པའི་བུ་མོ་གཉིས། །ཚེ་འཕོས་ལེགས་གྲུབ་དང་ནི་དར་མར་སྐྱེས། །ཚ་བ་རོང་གི་རྒྱལ་པོ་སྟངས་དཔྱལ་བུ། །དགེ་སློང་པུརྞེ་ཞེས་པ་ཚེ་འཕོས་པ། །བ་གོར་ལོ་ཙཱ་བཱཻ་རོ་ཙ་ན་ཡིན། །བདག་འདྲ་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས། །བོད་རྣམས་སྐྱེ་བ་སྔ་མ་ཅི་ཡིན་ཤེས། །མངའ་བདག་རྒྱལ་པོ་ཉིད་ཀྱི་སྐུ་དྲིན་ལས། །ཆོས་ཁྲིམས་previous hit མི་ཉམས་ཤིན་ཏུ་དར་བར་འབྱུང་། །ཞེས་གསུངས་མོད་ལ་རྒྱལ་བློན་འབངས next hit་འཁོར་བཅས། །དགའ་དང་གུས་པས་རྗེས་སུ་ཡི་རང་ཞིང་། །རྒྱལ་པོས་ཆོས་ཁྲིམས་དར་མདུད་ཇི་བཞིན་བསྡམས། །རབ་ཏུ་བྱུང་རྣམས་དབུ་ཡི་མཆོད་གནས་མཛད། །རབ་བྱུང་བཙུན་པའི་སྡེ་བཙུགས་དར་རྒྱས་བྱས། །སྔགས་པ་རྣམས་ལ་གསང་སྔགས་སྒྲུབ་བཅོལ་ནས། །སྔགས་སྡེ་བཙུགས་ཤིང་དེ་ཉིད་དར་བར་བྱས། །འཁོར་རྣམས་མདོ་སྔགས་གང་མོས་སྤྱོད་པར་གནང་། །བདེ་གཤེགས་བཀའ་རྣམས་འབྲི་ཞིང་ཀློག་པ་ལ། །མཆོད་པའི་གནས་སུ་མིང་བཏགས་གོང་དུ་ཁུར། །ཁ་ལྕེ་བདེ་ཞིང་ཤེས་རབ་ཆེ་བ་རྣམས། །རྒྱ་གར་ཡུལ་དུ་ཆོས་བསྒྱུར་ལོ་ཙཱར་བསྔགས། །སྐད་རིགས་ཐམས་ཅད་བོ་དྷི་ས་ཏྭ་ཡིས། བསླབས་ཤིང་ཁྱིམ་གནས་མི་ནག་པ་རྣམས་ཀུན། །ཡི་གེ་འབྲི་ཀློག་མོ་དང་རྩིས་སོགས་བསླབས། །རབ་བྱུང་སློབ་དཔོན་བོ་དྷི་ས་ཏྭ་དང་། །གསང་སྔགས་སྨིན་གྲོལ་སློབ་དཔོན་པདྨས་མཛད། །དེ་ཡང་གསང་སྔགས་བབ་བདུན་ཞེས་པ་ཡི། །དང་པོ་དང་ནི་གཉིས་པ་གོང་གསལ་བཞིན། །གསུམ་པ་སློབ་དཔོན་ཤིནྟ་གརྦྷ་ཉིད། །བསམ་ཡས་རབ་གནས་མཛད་ཕྱིར་སྤྱན་དྲངས་ཚེ། །ངན་སོང་སྦྱོང་རྒྱུད་གཙུག་ཏོར་སྡེ་ལྔ་ཡི། །སྒྲུབ་ཐབས་དང་བཅས་ལྷག་མེད་བསྒྱུར་བ་ཡིན། །བཞི་པ་སློབ་དཔོན་སངས་རྒྱས་གསང་བ་ཉིད། །གངས་དཀར་ཏི་སེར་ཕེབས་ཚེ་རྒྱལ་པོ་ཡིས། །བྲན་ཀ་མུ་རྟི་དང་ནི་སྦས་ཐིར་ལེན། །འཇམ་དཔལ་གོ་ཆ་དང་ནི་བང་མི་གསུམ། །བཏང་ནས་སློབ་དཔོན་སྤྱེན་འདྲེན་བྱས་གྱུར་ཀྱང་། །དབུས་སུ་བྱོན་པར་མ་གྱུར་པ་ཚབ་ཀྱིས། །ལོ་ཙ་བྱས་ནས་རྣམ་སྣང་མངོན་བྱང་དང་། །ཡོ་ག་ཨ་པ་ཏ་ར་ནང་གི་ཆོས། །སྒྱུ་འཕྲུལ་ལམ་རིམ་དང་ནི་ཞི་བ་ཡང་། །དྲྭ་ཆེ་དྲྭ་ཆུང་ཞི་ཁྲོ་དམ་པ་རྒྱན། །ཕྲེང་ལུང་དང་བཅས་བསྒྱུར་ནས་རྒྱལ་པོ་ལ། །བསྐུར་ཏེ་སྨོན་ལམ་གཏད་རྒྱའི་དབང་བསྐུར་བྱས། །ལྔ་པ་སློབ་དཔོན་ཤྲི་སེང་ཧ་ཉིད། །བོད་དུ་སྤྱན་འདྲེན་བྱས་པ་མ་བྱོན་ཀྱང་། །བཱཻ་རོ་ཙ་ནར་གནང་བའི་ཆོས་རྣམས་ཡིན། །དྲུག་པ་སློབ་དཔོན་ཆེན་པོ་བི་མ་ལས། །མདོ་སྔགས་ཆོས་རྣམས་བསྒྱུར་བའི་སྐབས་དེ་ཡིན། །བདུན་པ་མངའ་བདག་མུ་ནེ་བཙན་པོ་ཉིད། །གཤེགས་པའི་དུས་དེར་སློབ་དཔོན་བཱི་མ་ལ། །མདོ་ཁམས་བྱམས་ཆེན་ཞེས་པའི་ཐང་ནས་ནི། །སྤྱན་འདྲེན་བྱས་ཚེ་གསུངས་པའི་ཆོས་རྣམས་ཡིན། །མདོར་ན་སློབ་དཔོན་པདྨ་ནམ་སྙིང་གཉིས། །གོང་དུ་སོང་བཞིན་སྐབས་འདིར་བབ་ལྔ་པ། །བསྡོམས་པའི་གསང་སྔགས་བབ་བདུན་ཞེས་པ་ཡིན། །དེ་ལ་ཆོས་རྒྱལ་ཉིད་ཀྱི་ཐུགས་དགོངས་ལ། །བོད་འདིར་དམ་ཆོས་ཉི་ཤར་ཇི་བཞིན་ཞིག །བྱེད་དགོས་སྙམས་ནས་རྒྱ་གར་ཡུལ་གྱི་ནི། །པཎ་ཆེན་ལྔ་བརྒྱའི་ནང་ནས་མཆོག་གྱུར་པ། །སློབ་དཔོན་བི་མ་མི་ཏྲ་ཞེས་བྱ་བ། །སྤྱན་འདྲེན་བྱེད་པར་དགོངས་པའི་དད་མོས་སྐྱེས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་བི་མ་ལ། །རྒྱ་གར་རྒྱལ་པོ་དྷརྨཱ་ཨ་ཤྭ་ཀའི། །སྲས་མོ་ལྷ་ལྕམ་དྷརྨཱ་བྷོ་དྷི་ཉིད། མེ་ཏོག་ལྡུམ་རར་གཉིད་པའི་རྨི་ལམ་དུ། །མི་དཀར་ཞིག་གིས་བདུད་རྩི་བུམ་པ་ནི། །མོ་ཡི་སྤྱི་བོར་བླུགས་པས་ལུས་གང་བའི། །རྨི་ལམ་བྱུང་བཞིན་ཞག་གྲངས་ཉེར་གཅིག་མཐར། །བུ་ཞིག་བཙས་པར་ཕ་མེད་བུ་སྐྱེས་ལ། ངོ་ཚ་སྐྱེས་ནས་བྱེ་མའི་གསོབ་བོར་ཀྱང་། །ཇེ་ཞིག་ལྟར་ཏེ་མོ་ཡིས་བལྟས་པ་ལ། །བུ་དེ་མ་ཤི་མིག་གཉིས་ཁྲ་ཧྲིག་གེ། འདུག་པ་སྙིང་རྗེའི་དབང་གིས་གསོས་པ་ལ། །ཞག་ལོག་ཟླ་ལོག་གཞན་ལས་སྐྱེད་ཆེ་བ། །བྱུང་བཞིན་ལོ་ལྔ་ལོན་ཚེ་ན་ལེནྟྲའི། །གཙུག་ལག་ཁང་དུ་སོང་སྟེ་པཎྜི་ཏ། །རྣམས་ལས་རིག་པའི་གནས་ལྔ་གསན་སྦྱངས་མཐུས། །སྡེེ་སྣོད་གསུམ་དང་རྒྱུད་སྡེ་ཐ་དག་མཁྱེན། །སློབ་དཔོན་ཤྲི་སེང་ཧར་རབ་བྱུང་ནས། །མཚན་ཡང་བི་མ་མི་ཏྲ་ཞེས་བྱར་བཏགས། །ཆོས་རྒྱལ་དྷརྨཱ་ཙཀྲའི་མཆོད་གནས་མཛད། །བི་ཏྲ་མི་ལ་ཤྲིའི་གཙུག་ལག་ཏུ། །པཎ་ཆེན་ལྔ་བརྒྱ་དང་བཅས་བཞུགས་པ་ལ། །བོད་རྗེ་རྒྱལ་པོས་བི་མ་སྤྱན་འདྲེན་ཕྱིར། །ཀ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན། །རྨ་བན་རིན་ཆེན་མཆོག་དང་གསུམ་པོ་ལ། །གསེར་ཕྱེ་བྲེ་གསུམ་བསྐུར་ནས་རྒྱ་གར་གྱི། །རྒྱལ་པོ་དྷརྨཱ་ཙཀྲ་ཞེས་བྱ་ལ། །གསེར་ཕུལ་རྒྱལ་པོ་ཉིད་ཀྱི་བླ་མཆོད་དུ། །བཞུགས་པ་མདོ་སྔགས་ཆོས་རྣམས་ཡོངས་མཁྱེན་པའི། །པཎྜི་ཏ་ཞིག་འབྱོན་པར་བཀའ་གནང་སྩོལ། །ཞུས་པས་རྒྱལ་པོའི་ཞལ་ནས་པཎྜི་ཏ། །ལྔ་བརྒྱ་ནངས་པར་དྲོ་ལ་བྱོན་པའི་ཚེ། །ཞུ་ཡི་གསུངས་ནས་དེ་ལྟར་ཆད་བྱས་པས། །ནངས་པར་པཎྜི་ཏ་རྣམས་ཚོགས་བྱུང་བའི། །མདུན་སར་གསེར་གྱི་མཎྜལ་ཕུལ་ནས་སུ། །རྒྱལ་པོའི་ཞལ་ནས་བོད་སྐྱོང་མངའ་བདག་གིས། །ང་ལ་གསེར་གྱི་སྐྱེས་བཟང་བསྐུར་ནས་སུ། །མདོ་སྔགས་ཆོས་རྣམས་མཁྱེན་པའི་པཎྜི་ཏ། །གཅིག་ནི་ཅིས་ཀྱང་གཏོང་དགོས་ཟེར་བཞིན་དུ། །ལོ་ཙཱ་འདི་གསུམ་སྤྱན་འདྲེན་པར་བཏང་ན། །གང་མཁས་པ་ཞིག་ཅིས་ཀྱང་འབྱོན་དགོས་ཞེས། །ཞུས་པས་ཡས་མན་ཕན་ཚུན་པཎྜི་ཏ། །ཀུན་གྱིས་བཱི་མར་གཟིགས་ཤིང་འབྱོན་དགོས་པའི། །གསུང་མ་བྱོན་ཀྱང་བརྡ་ཡིས་བསྐུལ་བ་ལྟར། །འབྱོན་དགོས་གསུངས་པར་བཱི་མ་མིཏྲ་ཡིས། །བོད་རྗེ་ཆོས་ལ་དད་ཀྱང་བློན་པོ་རྣམས། །ཆོས་ལ་གནག་པས་བཱཻ་རོ་ཙཱ་ན་ཡང་། །སྤྱུགས་ཞེས་གྲགས་པས་ངས་ཀྱང་འདུལ་མིན་གང་། །ཆ་མ་འཚལ་ཡང་བོད་རྗེ་རྒྱལ་པོ་ཡི། །དད་པ་མི་བཟློག་ཆེད་དུ་ལན་ཅིག་ལ། །ཅིས་ཀྱང་འགྲོ་དགོས་དགོངས་ནས་འདི་སྐད་ཅེས། བོ་དྷི་ས་ཏྭ་དྷ་ཐིམ་ཞེས་པ་ཡང་། །ལན་གསུམ་གསུང་པས་ལོ་ཙཱ་གསུམ་པོ་ཡིས། །རང་རང་སོ་སོར་གོ་ལུགས་གསུམ་བྱུང་བ། །སྐ་བ་དཔལ་བརྩེགས་གྱིས་ནི་འདི་ལྟར་གོ །གཞུ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བུའི་མཐེབ་ཀྱིས་རྩོལ་ཕོད་ན། །མདའ་ཡང་འབེན་དྲུང་ཕྱིན་པར་ནུས། །ཞེས་དང་རྨ་བན་རིན་ཆེན་མཆོག་གིས་ནི། །གྲུ་བོ་དག་ལ་བརྟེན་པའི་མི། །སྐྱེས་བུའི་སྐྱ་བས་རྩོལ་ཕོད་ན། །གྲུས་ཀྱང་ཆུ་བོར་སྒྲོལ་བར་ནུས། །ཞེས་དང་ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱིས། །ཡོན་ཏན་དག་ལ་བརྟེན་པའི་མི། །རང་ཡུལ་མིན་པའི་ས་ཕྱོགས་སུ། །ལུས་ཀྱི་བུམ་པ་གར་འགྲིལ་བར། །སེམས་ཀྱི་ཆུ་བོ་དེ་རུ་འབོ། །ཞེས་པས་གསུམ་པོས་འབྱོན་པར་གོ་བཞིན་དུ། །པཎ་ཆེན་མཆོད་ཡོན་ཡོངས་ཀྱི་བཀའ་གནང་བཞིན། །སློབ་དཔོན་ལོ་ཙཱ་གསུམ་གྱིས་སྤྱན་དྲངས་ནས། །ཀ་ལི་སོར་བཞི་ཡོད་པར་རྫོགས་ཆེན་ཆོས། །ཚིག་འབྲུ་བརྒྱད་དུ་བྱིན་གྱིས་བརླབས་ནས་སུ། །དམ་ཚིག་རྟེན་དུ་བསྣམས་བཞིན་བསམ་ཡས་ལ། །བྱོན་པ་རྗེ་འབངས་ཡོངས་ཀྱིས་བསུས་ནས་སུ། །འཁོར་ས་ཆེན་པོར་བཞུགས་སུ་གསོལ་བཅུག་ཀྱང་། །བཱི་མས་རྒྱལ་པོ་དང་ནི་ལྷ་ཁང་ལ། །ཕྱག་མ་འཚལ་བས་ཐམས་ཅད་ཐེ་ཚོམ་ནས། །བློན་པོ་རྣམས་ཀྱིས་འདི་བཞིན་ཞུ་བ་ཕུལ། །ངེད་ཀྱི་གཙུག་ལག་ཁང་འདིར་སྔ་མ་ཡང་། །པཎྜི་ཏ་ནི་མང་པོ་བྱོན་པ་དང་། །ད་དུང་ཡང་ནི་སྤྱན་འདྲེན་དགོས་གྱུར་ན། །ཕྱག་མི་འཚལ་བ་སུ་ཡང་མེད་སྙམས་པས། །ཁྱེད་ཀྱིས་རྒྱལ་པོ་དང་ནི་ལྷ་ཁང་ལ། །ཕྱག་མི་འཚལ་བའི་དོན་དེ་ཅི་ཡིན་ཨཾ། །ཞུས་ཚེ་བི་མའི་ཞལ་ནས་ཁྱེད་ཅག་རྣམས། །ཕྱག་གི་དོན་ནི་མི་ཤེས་ཅི་སྟེ་འཚལ། །ལྷ་དང་གཉིས་མེད་ཕྱག་ནི་འཚལ་ཟིན་ན། །དངོས་ཀྱི་ཕྱག་སྣ་ལྷ་ཡིས་མི་ཐེག་པས། །ཕྱག་མི་འཚལ་བའི་དོན་དེ་དེ་ལྟར་ཡིན། །མངའ་བདག་རྒྱལ་པོའི་ཐུགས་ལ་འདི་ལྟར་དགོངས། །འདི་ནི་ཕྱི་ནང་གང་ཡིན་ངོ་མ་འཚལ། །གསུངས་པས་བི་མ་མི་ཏྲས་མཁྱེན་ནས་སུ། །ཆོས་གོས་སྐུ་ལ་མནབས་ནས་མངའ་བདག་གིས། །ཐུགས་དམ་རྣམ་སྣང་སྐུ་ལ་རྫུ་འཕྲུལ་གྱིས། །ཕྱག་མཛད་པ་དང་ཆབས་ཅིག་འདི་སྐད་གསུངས། །རྣམ་པར་སྣང་མཛད་འདུས་བྱས་གཟུགས་ཀྱི་ལྷར། །བི་མ་མི་ཏྲ་ཡེ་ཤེས་ལྷ་ཡི་ཕྱག། ཀུན་རྫོབ་ངང་དུ་འཚལ་བར་བགྱིད་ལགས་སོ། །ཞེས་པའི་ཕྱག་འཚལ་ཚུལ་ཞིག་མཛད་པ་ལ། །རྣམ་སྣང་འདྲ་འབག་དབུ་གཙུག་ནས་བཟུང་སྟེ། །གདན་ཁྲི་ཡན་ཆད་གས་པར་གྱུར་པ་ལ། །རྒྱལ་པོས་མུ་སྟེགས་པ་ཞིག་ཡིན་ནམ་ཨཾ། །སྙམས་ནས་ཞལ་ངོ་གནག་པར་གྱུར་པ་ལ། །བི་མའི་ཞལ་ནས་རྒྱལ་པོ་མ་དགྱེས་སམ། །གསུངས་པར་རྒྱལ་པོས་མ་དགའ་ལགས་ཞུས་ནས། །ཡང་ཅིག་བི་མ་མི་ཏྲས་ཕྱག་འཚལ་ཏེ། །རྣམ་པར་སྣང་མཛད་རྟེན་འབྲེལ་གཟུགས་ཀྱི་སྐུ། །བི་མ་མི་ཏྲ་ཡེ་ཤེས་ལྷ་ཡི་ལྷ། །ཡེ་ཤེས་ལྷ་ལྡན་རྟགས་ཀྱི་དབང་བསྐུར་རོ། །ཞེས་གསུངས་རྣམ་སྣང་སྤྱི་བོར་ཕྱག་བཞག་པས། །སྔར་བས་ལེགས་པའི་གཟི་འོད་རབ་འབར་བས། །དབུ་རྩེ་རིམ་གསུམ་འོད་ཀྱིས་ཁྱབ་པ་དང་། །བསམ་ཡས་ལྷ་ཁང་ཆེ་ཕྲ་ཐམས་ཅད་ཀུན། །འོད་ཀྱིས་ཁྱབ་པའི་རབ་གནས་ཁྱད་འཕགས་མཛད། །དེ་ཚེ་བི་མས་རྒྱལ་པོར་ཕྱག་བགྱིའོ། །གསུངས་ནས་ཕྱག་དེང་མཛད་པས་རྒྱལ་པོ་ཡིས། །སློབ་དཔོན་ཁྱེད་རང་ཕྱི་ལྟར་དགེ་སློང་ལ། །ནང་ལྟར་སྔགས་ཀྱི་གྲུབ་ཐོབ་རྣལ་འབྱོར་པས། །ཕྱག་མི་མཛད་པར་ཞུས་ཀྱང་བི་མ་ཡིས། །རྗེ་ཁྱོད་ཆོས་སྐྱོང་རྒྱལ་པོ་ཡིན་པའི་ཕྱིར། །ཅིས་ཀྱང་ཕྱག་འཚལ་གསུངས་ནས་ཕྱག་འཚལ་བས། །ཕྱག་ལས་འོད་ཟེར་བྱུང་བས་རྒྱལ་པོ་ཡི། །ན་བཟར་རེག་པ་ཙམ་གྱིས་ཚིག་པ་ལ། །རྒྱལ་པོའི་སྒོ་གསུམ་དད་པས་ཕྱག་འཚལ་ལོ། །དེ་ནས་སློབ་དཔོན་བི་མ་མི་ཏྲ་ཉིད། །སེང་གེས་བཏེགས་པའི་ཁྲི་ལ་བཞུགས་གསོལ་ནས། །རྒྱལ་པོ་ཉིད་ཀྱང་གབ་རྩེ་དགུ་བརྩེགས་སྟེང་། །སྐུ་ལ་ཟ་འོག་བེར་ཆེན་གསོལ་ནས་སུ། །བཟའ་བཅའ་བཏུང་བའི་རིགས་རྣམས་མང་པོ་དང་། །གསེར་ཕྱེ་བྲེ་གསུམ་དངུལ་གྱི་བུམ་པ་རུ། །བླུགས་ནས་ཕུལ་བས་བི་མ་མི་ཏྲ་ཉིད། །ཞལ་ངོ་གནག་ཅིང་ཅི་ཡང་མི་གསུང་བར། །འདུག་པས་རྒྱལ་པོའི་ཐུགས་ལ་ལྷོ་བལ་མི། །འདོད་པ་ཅན་འདི་ད་དུང་མ་ཚིམ་པར། །འདུག་གམ་སྙམས་པའི་ཀུན་སློང་ཤར་བའི་ཚེ། །བི་མས་མཁྱེན་ཏེ་རྒྱལ་པོ་ཆེན་པོ་ལགས། །ཐུ་བ་ཟེད་དང་གསུངས་པས་ཟེད་པ་ན། །བྱེ་མ་བྲེ་གསུམ་ཚད་ཙམ་བླུགས་ནས་སུ། །དར་ཅིག་ཟུངས་དང་གསུངས་ཀྱང་རྒྱལ་པོ་ཡིས། །ཐུ་བ་མ་ཐུབ་ཤོར་བར་གྱུར་པ་ལ། །བྱེ་མ་གསེར་དུ་བསྒྱུར་ནས་འདུག་པ་ལ། །ང་ཡི་སྣང་བ་ཐམས་ཅད་གསེར་ཡིན་ཕྱིར། །གསེར་གྱི་དགོས་པ་མེད་ཀྱང་རྒྱལ་པོ་ཡི། །ཐུགས་དགོངས་རྫོགས་ཕྱིར་རེ་ཞིག་བླང་བར་བྱ། །གསུངས་ནས་གསེར་བླངས་སླར་ཡང་དབུ་རྩེ་ཡི། །ག་ལ་བ་དེར་ཆོས་ཀྱི་ཁྲི་བརྩེགས་ནས། །རྒྱལ་པོས་ཆོས་གསུངས་ཞུ་བ་ཕུལ་བ་ལ། །སློབ་དཔོན་ཆེན་པོའི་ཐུགས་ལ་འདི་ལྟར་དགོངས། །སྔོན་ཚེ་བཱཻ་རོས་འབྲས་བུའི་ཆོས་བཤད་ནས། །བོད་རྣམས་མ་ཐུལ་ཁོ་རང་སྤྱུགས་བཏང་བས། །བདག་ནི་རྒྱུད་ཡི་ཐེག་པ་ནས་བཟུང་སྟེ། །རིམ་གྱིས་འཆད་དགོས་སྙམས་ནས་རྗེ་འབངས་ཚོར། །རྒྱུ་ཡི་ཐེག་པ་མཚན་ཉིད་འཆད་པའི་ཚེ། །རྒྱལ་པོས་ཞང་པོའི་ཡུལ་དུ་ཇ་ལེན་པ། བཏང་བའི་ལམ་ཞོར་རྒྱལ་མོ་མཁར་ཕྱིན་པས། །སློབ་དཔོན་བཱཻ་རོ་ཙ་ནས་འདི་སྐད་ཅེས། །དྲི་བའི་ཚིག་རྣམས་རིམ་བཞིན་བཀའ་བསྩལ་པ། །ཁྱེད་རྣམས་གང་ནས་འོང་ཞེས་དྲིས་པ་ལ། །ཚོང་པ་རྣམས་ཀྱིས་དབུས་ནས་འོང་པའི་དོན། །བོད་རྗེ་རྒྱལ་པོའི་ཇ་འདྲེན་ཕོ་ཉ་བ། །ཡིན་ཚུལ་ཞུས་པས་སླར་ཡང་བཱཻ་རོ་ཡིས། །རྒྱལ་པོ་ཆེན་པོ་སྐུ་ཁམས་བཟང་ལགས་སམ། །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གཉན་ལགས་སམ། །ཆོས་ཁྲིམས་དར་གྱི་མདུད་པ་དམ་ལགས་སམ། །རྒྱལ་པོའི་བླ་ཡི་མཆོད་གནས་གང་འདྲ་བཞུགས། །གསུངས་པའི་ལན་དུ་ཚོང་པས་འདི་སྐད་ཞུས། །རྒྱལ་པོ་སྐུ་ཁམས་བཟང་ཞིང་ལུགས་ཟུང་ཁྲིམས། །ཤིན་ཏུ་གཉན་ཞིང་དམ་བཞིན་བླ་མཆོད་ཀྱང་། །པཎ་ཆེན་བི་མ་མི་ཏྲ་ཞེས་བྱ་བ། །བཞུགས་ནས་མཚན་ཉིད་རྒྱུ་ཡི་ཐེག་པའི་སྐོར། །བསྒྱུར་ནས་ཡོད་ཅེས་ཞུས་པས་བཱཻ་རོ་ཡིས། །ང་ཡིས་འབྲས་བུའི་ཐེག་པ་བསྒྱུར་ཡང་སྤྱུགས། །ད་གཟོད་རྒྱུ་ཡི་ཐེག་པ་ཉན་པ་མཚར། །བུ་གཅིག་གཡུ་སྒྲ་སྙིང་པོ་ཁྱོད་སོང་ལ། །བོད་ཀྱི་འདྲེ་བློན་ཆོས་ལ་གནག་རྣམས་ལ། །སྙིང་ཚིམ་སྨོད་ཚིག་དོར་ལ་ཤོག་ཅིག་ཅེས། །གསུངས་བཞིན་སློབ་བུ་གཡུ་སྒྲ་སྙིང་པོ་ཡིས། །ལུས་ལ་རེ་བའི་ཐུལ་བ་ཞིག་གྱོན་ཏེ། །དེ་བཞིན་མགོ་ལ་སྲིད་པ་སྤྱི་བླུགས་ཞྭ། །མནབས་ཤིང་ལག་ཏུ་ཆུ་ཤིང་མཁར་བ་ཐོགས། །རྫོགས་པ་ཆེན་པོ་སྔ་འགྱུར་ཕྱི་འགྱུར་གཉིས། །ཚིག་རྐང་དྲུག་ཏུ་བྱས་ནས་སྒྲ་འཛིན་གྱི། །རྒྱན་དུ་བྱས་ལྟར་བྱིན་གྱིས་བརླབས་ནས་སུ། །བོད་ཡུལ་དབུས་ཀྱི་བསམ་ཡས་སར་སླེབས་ཚེ། །བི་མ་previous hit མི་ཏྲས་བོད་ཀྱི་རྗེ་འབངས next hit་ལ། །རྒྱུ་ཡི་ཐེག་པ་གསུངས་པའི་སར་བྱོན་ཏེ། །སྐུ་ལུས་གཅེར་བུར་ཕྱུང་སྟེ་ཆུ་ཤིང་གི །མཁར་བ་རྟ་རུ་བྱས་ཏེ་འཕོང་ལ་ནི། །ཐལ་ལྕག་བརྒྱབ་ཅིང་བརྒྱུགས་བཞིན་འདི་སྐད་ཅེས། །ཀ་ཀ་པ་རི་ཀ་ཀ་པ་རི་ཟེར། །བི་མ་བོད་དུ་བྱོན་ནས་དེ་ཡན་ལ། །ཞལ་འཛུམ་མཛད་མ་མྱོང་ཡང་དེ་ཡི་ཚེ། །ཞལ་འཛུམ་མཛད་ཅིང་བརྡི་ཐིམ་བརྡ་ཐིམ་གསུངས། །དེ་ཚེ་སློབ་དཔོན་ཕོ་བྲང་ནང་བྱོན་པར། །དྲོ་དྲངས་རྒྱལ་པོས་ཞུ་བ་འདི་བཞིན་ཕུལ། །སློབ་དཔོན་བོད་དུ་བྱོན་ནས་ད་བར་དུ། །ཞལ་འཛུམ་མཛད་པ་སུས་ཀྱང་མ་མཐོང་ཡང་། །དེ་རིང་ཞལ་འཛུམ་མཛད་པ་ཅི་ཞིག་ཡིན། །ཞུས་པས་དེ་སྔ་ཡན་ཆད་མི་འཛུམ་པ། །བློན་པོ་ཆོས་ལ་གནག་པས་མ་དགའི་དོན། །ཡིན་ཞིང་དེ་རིང་འཛུམ་དོན་བོད་ཡུལ་འདིར། །རྣལ་འབྱོར་དེ་འདྲ་བཞུགས་པས་དགའ་བ་ཡིན། །གསུངས་པས་འོ་ན་རྣལ་འབྱོར་པ་དེ་ཡིས། །ཀ་ཀ་པ་རི་ཟེར་བ་ཅི་ལགས་ཞུས། །དེ་ཡང་རང་ཅག་ཆོས་ལ་མ་དགྱེས་ཤིང་། །ཉན་ཐོས་བྱིས་པའི་ཆོས་ཀྱིས་འཚང་མི་རྒྱ། །ཕོ་རོག་རྡོ་རྗེ་འགྲོས་ཀྱིས་ས་མི་ཆོད། །འབྲས་བུ་རྡོ་རྗེ་ཐེག་པ་མི་སྟོན་པར། །རྒྱུ་ཡི་ཐེག་པ་སྟོན་པ་ཅི་ཞིག་ཨཾ། །ཟེར་བར་བདག་གིས་བརྡ་ཐིམ་ཟེར་བ་ཡང་། །ཆོས་རྣམས་བུ་རམ་དང་ནི་ལན་ཚ་བཞིན། །རང་བཞིན་གཉིས་མེད་རྒྱལ་བའི་དགོངས་པ་ཡིན། །བྱས་པས་ཁོང་རང་དགའ་ཞིང་བག་ཕེབས་གྱུར། །དེ་དུས་རྒྱལ་པོས་རྣལ་འབྱོར་པ་དེ་ཉིད། །གར་འདུག་ལྟོས་ལ་སུ་ཡིན་དྲིས་ཤོག་ཅེས། །གསུངས་བཞིན་ཚོལ་དུ་སོང་བས་ཆང་ཚོང་མ། །ཞིག་ལས་ཆང་ཉོས་གསོལ་བཞིན་འདུག་པ་ན། །ཁྱེད་ཀྱི་སློབ་དཔོན་སུ་ཡིན་ཁྱེད་མིང་གང་། །དྲིས་པས་དེ་ཡིས་འདི་སྐད་ཅེས་ཟེར་རོ། །སློབ་དཔོན་བཱཻ་རོ་ཙ་ན་ཞེས་བྱ་བའི། །སློབ་མ་ང་རང་གཡུ་སྒྲ་སྙིང་པོ་ཞེས། །དམ་ཆོས་རྫོགས་ཆེན་ཉམས་སུ་ལེན་པ་ཡིན། །ཞེས་ཟེར་དེ་རྣམས་མངའ་བདག་རྒྱལ་པོ་ཡི། །སྙན་དུ་གསོལ་བས་དེ་ཉིད་སྤྱན་དྲོངས་དང་། །ཆོས་ཞུ་དགོས་ཞེས་གསུངས་བཞིན་སྤྱན་དྲངས་ནས། རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་བཅུག་པར། །གསེར་གྱི་མཎྜལ་ཕུལ་ནས་བོད་རྗེ་གཙོས། །རྗེ་འབངས་རྣམས་ཀྱིས་རྫོགས་པ་ཆེན་པོའི་ཆོས། །སྔ་འགྱུར་དང་ནི་ཕྱི་འགྱུར་བཅུ་གསུམ་རྣམས། །སྔ་དྲོ་བི་མ་ལ་དང་ཕྱི་དྲོའི་དུས། །གཡུ་སྒྲ་སྙིང་པོར་མཉན་ནས་གཉིས་ཀ་ཡང་། །ཚིག་དོན་མཐུན་པར་ཀུན་ཡིད་ཆེས་གྱུར་ནས། །བཱཻ་རོ་ཙ་ན་སྤྱུགས་པར་འགྱོད་བཞིན་དུ། །བང་མི་གསུམ་ལ་གསེར་གྱི་པ་ཊ་རེ། །བསྐུར་ཏེ་རྒྱལ་མོ་ཚ་བ་རོང་ནས་ནི། །བཱཻ་རོ་ཙ་ན་སྤྱན་དྲངས་བོད་ཡུལ་དུ། །ཕེབས་ཚེ་རྒྱལ་བློན་འཁོར་དང་བཅས་རྣམས་ཀྱིས། །ཞབས་པད་སྤྱི་བོར་བླངས་ཏེ་དབུ་བླར་བཀུར། །དེ་ནས་རྒྱལ་པོ་ཁྲི་སྲོང་སྡེའུ་བཙན་གྱིས། །སེང་ག་ལ་ཞེས་བྱ་བའི་ཡུལ་ནས་ནི། །སློབ་དཔོན་དཱ་ན་ཤི་ལ་ཞེས་བྱ་དང་། །རྒྱ་གར་ཡུལ་ནས་ཀ་མ་ཤི་ལ་གཉིས། །སྤྱན་དྲངས་དབུ་བླར་བཀུར་ཅིང་སྔོན་བྱོན་པའི། །བོ་དྷི་ས་ཏྭ་ཁ་ཆེ་ནས་བྱོན་པ། །བི་མ་མི་ཏྲ་དང་ནི་ཨོ་རྒྱན་གྱི། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གཙོས། །མཁས་གྲུབ་ཆེན་པོ་ལྔ་དང་ལོ་ཙཱ་བ། །ཀ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན། །སྣ་ནམ་ཡེ་ཤེས་སྡེ་དང་རྨའི་བན་དེ། །རིན་ཆེན་མཆོག་དང་གཉགས་བན་ཕོ་གཞོན་དང་། །མཆན་བུ་ལྡན་མ་རྩེ་མང་ནམ་མཁའི་སྙིང་། །སྦས་པ་ཨ་ཙར་དབྱངས་དང་འགོས་འབུམ་ཡུ། །ལོ་ཆེན་ལོ་ཆུང་ལ་སོགས་ལོ་པཎ་རྣམས། །སྤྱན་དྲངས་རྒྱལ་པོས་ཆོས་བསྒྱུར་ཞུ་བ་ཕུལ། །དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ནི། །མངལ་གྱིས་མ་གོས་པདྨར་བརྫུས་ཏེ་སྐྱེས། །ཁམས་སུམ་དབང་བསྡུས་སྲིད་གསུམ་ཟིལ་གནོན་པའི། །ནུས་མཐུ་མངའ་བས་རྒྱ་གར་ཡུལ་དང་ནི། །ཨོ་རྒྱན་བོད་ཡུལ་སོགས་ཀྱི་ལྷ་འདྲེ་རྣམས། །དབང་དུ་བསྡུས་ཤིང་དམ་ལ་བཏགས་པ་དང་། །ཁྱད་པར་བསམ་ཡས་ས་འདུལ་མཛད་པའི་ཕྱིར། །སེང་ཁྲི་སུམ་བརྩེགས་གདན་ལ་བཞུགས་མཛད་ཅིང་། །བི་མ་མི་ཏྲ་སེང་ཁྲི་གཉིས་བརྩེགས་དང་། །བོ་དྷི་ས་ཏྭ་སེང་གེའི་ཁྲི་སྟེང་དུ། །གབ་རྩེ་སུམ་བརྩེགས་གདན་ལ་བཞུགས་མཛད་ཅིང་། །དཱ་ན་ཤི་ལ་ཀ་མ་ཤི་ལ་གཉིས། །སེང་ཁྲི་རེ་རེའི་གདན་ལ་བཞུགས་པ་དང་། །བཱཻ་རོ་ཙ་ནའང་སེང་ཁྲི་ལ་བཞུགས་ཤིང་། །ལོ་ཙ་གཞན་རྣམས་དར་གྱི་གབ་རྩེར་བཞུགས། །རྒྱལ་པོས་པཎ་ཆེན་རྣམས་དང་ལོ་ཙའི་སྡེར། །གསེར་གྱི་མཎྜལ་འོས་ཚོད་ཙམ་དང་ནི། །རྒྱ་ནག་ཇ་དང་བལ་པོའི་གོ་ལ་དང་། །བོད་ཀྱི་འབྲུ་ཆང་རྒྱ་གར་འབྲས་ཆང་སོགས། །གང་ལ་གང་དགྱེས་འཇིག་རྟེན་སྤྱན་གཟིགས་ཚོགས། །ཕངས་མེད་སེམས་ཀྱིས་ཕུལ་ཏེ་ཕྱག་སྐོར་སོགས། །རབ་ཏུ་གུས་ཤིང་དད་པའི་རྣམ་འགྱུར་གྱིས། །སྒོ་གསུམ་གཅིག་དྲིལ་ཞུ་བ་འདི་བཞིན་ཕུལ། །ཨེ་མ་ཧོ། །མཁན་སློབ་རྣམ་གཉིས་བི་མ་མི་ཏྲ་དང་། །དཱ་ན་ཤི་ལ་ཀཱ་མ་ཤི་ལ་དང་། །བཱཻ་རོ་ཙ་ན་ལ་སོགས་མངའ་བདག་གི །དབུ་ཡི་མཆོད་གནས་དམ་པ་ཁྱེད་རྣམས་གསོན། །བདག་ནི་ཆོས་སྐྱོང་རྒྱལ་པོར་ཁས་འཆེས་པས། །རྒྱ་གར་དང་ནི་ཨོ་རྒྱན་ཡུལ་གྱི་ཆོས། །བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་རྣམས། །གཅིག་ཀྱང་མ་ལུས་བོད་དུ་སྒྱུར་བར་ཞུ། དམ་པའི་ཆོས་ཀྱི་འཁོར་ལོ་སྐོར་དུ་གསོལ། །དེ་བཞིན་ཆོས་ཀྱི་སྒྲོན་མེ་སྦར་བ་དང་། །ཆོས་ཀྱི་ཆར་ཆེན་དབབ་དང་དུང་འབུད་ཅིང་། །གཎྜི་རྡུང་སོགས་ཆོས་གྲྭས་ཡོངས་ཁྱབ་མཛོད། །ཅེས་ཞུས་མོད་ལ་པཎ་གྲུབ་ལོ་ཙ་རྣམས། །ཨཪྱ་པཱ་ལོར་ཆོས་བསྒྱུར་དབུ་བཙུགས་ནས། །བྱང་ཆུབ་སེམས་བསྐྱེད་གླིང་དུ་ལུང་བསྟན་དང་། །མི་གཡོ་བསམ་གཏན་གླིང་དུ་སྒོམ་གྲྭ་བཙུགས། །སྒྲ་བསྒྱུར་རྒྱ་གར་གླིང་དུ་སྒྲ་རྣམས་བསྒྱུར། །རིན་ཆེན་སྣ་ཚོགས་གླིང་དུ་ཐེག་ཀུན་བཤད། །དགུང་ལོ་བཅུ་གསུམ་བར་དུ་ཆོས་གྲྭ་བཙུགས། །རྒྱ་གར་སྐད་དང་དེ་བཞིན་ཟ་ཧོར་དང་། །ཁ་ཆེའི་སྐད་དང་སེང་ག་ལ་ཡི་སྐད། །རྒྱ་ནག་སྐད་སོགས་སྐད་རིགས་མང་པོ་ཡིས། །བོད་ཀྱི་ཡུལ་འདིར་ཆོས་རྣམས་སྣ་ཚོགས་བསྒྱུར། །དེ་ཡང་སློབ་དཔོན་ཛྙཱ་ན་མི་ཏྲ་དང་། །དཱ་ན་ཤི་ལ་ཀ་མ་ཤི་ལ་དང་། །ཀ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན། །སྣ་ནམ་ཡེ་ཤེས་སྡེ་དང་གསུམ་པོ་ཡིས། །ལོ་ཙ་བྱས་ནས་མདོ་སྡེ་རྣམས་བསྒྱུར་ཅིང་། །དཀོན་བརྩེགས་ཕལ་ཆེན་ཤེར་ཕྱིན་རྒྱས་འབྲིང་བསྡུས། །བསྒྱུར་ཅིང་དེ་བཞིན་ཞི་འཚོ་ལྡན་མ་ཡིས། །སྡེ་སྣོད་གསུམ་གྱི་གཞུང་རྣམས་ཐམས་ཅད་བསྒྱུར། །སློབ་དཔོན་ཀ་མ་ཤི་ལ་ཞེས་བྱ་དང་། །རྨ་བན་རིན་ཆེན་མཆོག་ཅེས་བྱ་བ་ཡིས། །པང་ཀོང་ཕྱག་རྒྱ་པ་ལ་སོགས་པ་ཡི། །མདོ་སྡེ་རྒྱ་ནག་འགྱུར་ཡང་མང་པོ་བསྒྱུར། །སློབ་དཔོན་བི་མ་མི་ཏྲ་ཞེས་བྱ་དང་། །གཉགས་བན་ཡེ་ཤེས་གཞོན་ནུ་ཞེས་བྱ་བས། །གསང་སྔགས་ཕྱི་ནང་ཆོས་རྣམས་མང་པོ་བསྒྱུར། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །བཱཻ་རོ་ཙ་ན་ནམ་མཁའི་སྙིང་པོ་དང་། །དཔོན་སློབ་གསུམ་གྱིས་བཀའ་བརྒྱད་རྒྱུད་མང་བསྒྱུར། །ཁྱད་པར་སློབ་དཔོན་པདྨར་བཱཻ་རོ་ཡིས། །དྲི་ཞུས་ལན་ལྡོན་ཚུལ་ཡང་མང་པོ་མཛད། །སྐབས་དེར་རྒྱལ་པོས་སློབ་དཔོན་ཆེན་པོ་ལ། །བདག་ཉིད་བསོད་ནམས་ཡང་རབ་གྱུར་མོད་ཀྱང་། །རིང་པོར་འཚོ་བའི་ཚེ་ཡི་གདམས་པ་ཞིག །ཚོགས་ཀྱི་འཁོར་ལོ་བསྐོར་ནས་གསོལ་བཏབ་ཚེ། །སློབ་དཔོན་ཞལ་ནས་རྒྱལ་པོ་ཆེན་པོ་ལགས། །བསོད་ནམས་མཆོག་ཏུ་གྱུར་པ་གང་ཞིག་ལ། །ཚེ་ནི་དེ་དང་མཚུངས་པར་དཀའ་མོད་ཀྱང་། །བདག་ཉིད་རིག་འཛིན་ཚེ་ལ་དབང་ཐོབ་ཕྱིར། །རྒྱལ་པོར་ཚེ་དབང་དང་ནི་ཚེའི་སྒྲུབ་པ། །བྱ་འོ་གསུངས་ནས་རྡོ་རྗེ་ཚེ་སྒྲུབ་ཀྱི། །དཀྱིལ་འཁོར་བཤམས་ཤིང་འཆི་མེད་ཚེ་བསྒྲུབས་པས། །གྲུབ་རྟགས་མངོན་དུ་གྱུར་ཚེ་རྒྱལ་པོ་ལ། །ཚེ་དབང་བསྐུར་ཕྱིར་རྗེ་ཉིད་མདུན་བོས་པར། །བློན་པོ་རྣམས་ཀྱི་ཕྲ་མ་སྔ་བཙན་གྱིས། །རྒྱལ་པོར་ཚེ་དབང་ཞུ་རུ་མ་བཅུག་པས། །སློབ་དཔོན་ཆེན་པོས་འཆི་མེད་མགོན་པོའི་དལ། །སེ་གོལ་སྒྲ་ཡིས་ནམ་མཁར་བཏེགས་པ་ཡང་། །རྒྱལ་བློན་ཡོངས་ཀྱིས་མཐོང་བར་བྱས་ནས་སུ། །ཚེ་ཆུ་སློབ་དཔོན་རང་གིས་བཞེས་པ་དང་། །ཆབས་ཅིག་བ་སྤུའི་ཁུང་བུ་ཐམས་ཅད་ཀུན། །གསེར་གྱི་རྡོ་རྗེ་ཕྱེད་པས་ཡོངས་གཏམས་ཤིང་། །གསང་གསུམ་འཆི་མེད་མགོན་པོར་དབྱེར་མེད་གྱུར། །དེ་ཡི་མོད་ལ་མངའ་བདག་འགྱོད་གྱུར་ནས། །ད་ནི་བློན་པོ་ངན་པ་རྣམས་ཀྱི་ཁར། །མི་ཉན་ངེས་པས་སློབ་དཔོན་ཆེན་པོ་ཡིས། །ཅིས་ཀྱང་ཐུགས་རྗེས་གཟུང་དགོས་ཞུས་པ་ལ། །སློབ་དཔོན་ཆེན་པོས་སྔོན་བཞིན་ཚེ་ཡི་དལ། །ཞལ་ཕྱེས་ཚེ་སྒྲུབ་མཛད་ནས་དབང་བསྐུར་བའི། །དུས་ལ་བབ་ཚེ་སླར་ཡང་བློན་རྣམས་ཀྱིས། །རྒྱལ་པོར་དབང་བསྐུར་ཞུ་རུ་མ་བཅུག་པས། །ཚེ་བུམ་དེ་ཉིད་ཚེ་ཡི་གདམས་པའི་སྐོར། །ཀཱ་པ་ལ་ཡི་གང་དང་བཅས་ནས་སུ། །ཡང་རྫོང་ཤེལ་གྱི་བྲག་ཕུག་ཅེས་བྱ་བར། །གཏེར་དུ་སྦས་ནས་གཏེར་སྟོན་ལུང་བསྟན་པ། །མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ཡི་སྤྲུལ་པ་ཁྲོ་གཏུམ་ནུས་ལྡན་པ། །སྙིང་ཁར་སྨེ་ནག་རྡོ་རྗེའི་དབྱིབས་འདྲ་བ། །ཡོད་པ་ཞིག་གིས་ཐུགས་གཏེར་སྒོ་འབྱེད་ཚེ། །ཟབ་གཏེར་འདི་རྣམས་ཐོན་ནས་ཉམས་བླངས་མཐུས། །འཆི་མེད་ཚེ་ཡི་རིག་འཛིན་ཐོབ་ནས་སུ། །སྤྲུལ་པའི་དམག་དཔུང་འགྱེད་པའི་མཐུ་ཐོབ་ནས། །བདུད་དང་མུ་སྟེགས་ཐམས་ཅད་ཐུལ་གྱུར་ཅིག །ཅེས་པའི་སྨོན་ལམ་དང་ནི་རྒྱ་ཡིས་བཏབ། །སླར་ཡང་རྒྱལ་པོས་སློབ་དཔོན་རིན་པོ་ཆེ། །གུ་རུས་བདག་ལ་ཚེ་དབང་བསྐུར་དགོངས་ཀྱང་། །བློན་པོས་བཀག་པས་དབང་ཞུ་ཤོལ་ནས་ཕུང་། །ད་དུང་ཚེ་བསྲིངས་ཐབས་ཤིག་རྗེས་བཟུང་འཚལ། །ཞུས་པས་སློབ་དཔོན་ཆེན་པོའི་ཞལ་ན་རེ། །མངའ་བདག་རྒྱལ་པོ་མངའ་ཐང་ཆེ་བ་དང་། །བོད་འབངས་ཐམས་ཅད་རྗེ་ལ་དད་པ་ཡིས། །སླར་ཡང་རྒྱལ་སྲིད་ཐམས་ཅད་རྒྱས་པར་མཆི། །ང་ཡི་ཚེ་དབང་རྒྱལ་པོས་ཞུས་གྱུར་ན། །དགུང་ལོ་བརྒྱ་དང་རྩ་བརྒྱད་ཐུབ་འགྱུར་ཡང་། །བློན་པོ་རྣམས་ཀྱིས་བར་ཆོད་བྱས་སྐྱོན་གྱིས། རྒྱལ་པོ་ལྔ་བཅུ་རྩ་དྲུག་གླང་གི་ལོར། །འདའ་དུས་ཡིན་ཡང་སྐུ་རིམ་ལ་འབུངས་ན། །མི་ལོ་བཅུ་གསུམ་བར་དུ་ཚེ་བསྲིངས་ནུས། །དེ་ནས་རྒྱལ་པོ་དགུང་དུ་གཤེགས་གྱུར་ནས། །རྒྱལ་པོའི་མངའ་ཐང་ཇེ་ཆུང་ལྟར་འགྲོ་ཡང་། །འབྱུང་འགྱུར་གདུང་རབས་གསུམ་གྱི་དུས་དག་ཏུ། །ཕྱག་རྡོར་སྤྲུལ་པ་མངའ་བདག་ཁྲིི་རལ་འབྱུང་། །དེ་ཡིས་མདོ་སྔགས་བསྟན་པ་དར་རྒྱས་བྱེད། །རྒྱལ་པོ་དེ་ཡི་སྐུ་ཚེའི་སྨད་དུ་ནི། །བདུད་སྤྲུལ་སྡིག་སྤྱོད་རྒྱལ་པོ་གླང་གི་མིང་། །འབྱུང་ཞིང་དམ་པའི་ཆོས་རྣམས་སྣུབ་པར་བྱེད། །རྒྱལ་ཁྲིམས་འཇིག་ཅིང་རྒྱལ་འབངས་འཐབ་སྐྱོན་ཀྱིས། །བོད་རྣམས་ཡི་ཆད་སིལ་བུར་འགྲོ་འགྱུར་ཞིང་། །ཇེ་ཞིག་ལྟར་ཏེ་སྡིག་སྤྱོད་རྒྱལ་པོ་དེ། །གསང་བདག་སྤྲུལ་པ་དཔལ་གྱི་རྡོ་རྗེས་འདུལ། །འཇམ་དབྱངས་སྤྲུལ་པ་དགོངས་པ་རབ་གསལ་གྱིས། །བསྟན་པའི་མེ་རོ་ཁམས་ནས་སློང་བར་བྱེད། །ཅེས་པ་ལ་སོགས་མ་འོངས་ལུང་བསྟན་གསུངས། །དེ་ཚེ་རྒྱལ་པོས་སྐུ་རིམ་གྱིས་གསུངས་བཞིན། །ལོ་པཎ་རྣམས་ཀྱིས་རྒྱལ་པོའི་སྐུ་རིམ་དུ། །དགོངས་བཞིན་རྒྱལ་པོའི་ཐུགས་དམ་མདོ་བཅུ་བསྒྱུར། །དེ་ཡང་ཤེས་རབ་སྙིང་པོ་ལྟ་བའི་མདོ། འདའ་ཀ་ཡེ་ཤེས་སྒོམ་པའི་མདོ་དང་ནི། བཟང་སྤྱོད་སྨོན་ལམ་མདོ་དང་རྣམ་འཇོམས་ཁྲུས། །ལྟུང་བ་བཤགས་མདོ་གདུགས་དཀར་བཟློག་པའི་མདོ། །གོས་སྔོན་ཅན་དང་ཚེ་དཔག་མེད་མདོ་དང་། །ནོར་རྒྱུན་མ་དང་ཡི་གེ་གཅིག་མའི་མདོ། །དེ་རྣམས་རྒྱལ་པོའི་སྐུ་ཡི་རིམ་གྲོ་ཡི། །ཆེད་དུ་བསྒྱུར་ཅིང་བརྩོན་ནས་བསྒྲུབས་པའི་མཐུས། །སྔོན་ཚེ་སློབ་བུ་རྒྱལ་བུ་དམ་ལོག་གིས། །སློབ་དཔོན་བསད་ཅིང་མཚམས་མེད་ལས་བྱས་པས། །སེམས་ཅན་དམྱལ་བར་ལྷུང་བའི་སྒྲིབ་སྦྱོང་ཕྱིར། །ཀུན་ཏུ་བཟང་པོ་བཤགས་པའི་ཐབས་བསྟན་བཞིན། །རྒྱལ་པོའི་ཉམས་ཆགས་ཀུན་བྱང་སྒྲིབ་དག་གྱུར། །གསང་བ་པང་ཀོང་དང་ནི་བསྙེན་སྒྲུབ་ཀྱི། །ཡན་ལག་བཞི་ཡི་བཤགས་པ་དང་བཅས་མཛད། །ཡེ་ཤེས་སྐུ་མཆོག་དང་ནི་བཤགས་པའི་གྲངས། །ཉི་ཤུ་རྩ་བརྒྱད་བླང་དོར་བཤགས་པ་དང་། །མཁའ་འགྲོ་རྣམ་བཞི་གསང་བའི་བཤགས་པ་དང་། །ལྟ་བའི་ཀློང་བཤགས་རང་བཞིན་བཤགས་པ་བཅས། །མཛད་དེ་སྔོན་ཚེ་བྲམ་ཟེ་མི་ཐོད་ཅན། །རྡོ་རྗེ་སེམས་དཔའི་སྒྲིབ་སྦྱོང་བསླབས་པའི་མཐུས། །ལས་སྒྲིབ་སྦྱངས་བཞིན་མངའ་བདག་རྒྱལ་པོ་ཡི། །དམ་ཚིག་ཉམས་ཆགས་ཀུན་སྐོང་སྒྲིབ་དག་གྱུར། །གཞན་ཡང་འབྱུང་བ་སོ་སོའི་ནད་ཞི་བའི། །གཉེན་པོར་རྒྱ་སྨན་ཧ་ཤང་ཏེ་ཙ་དང་། །བླ་སྨན་ཉང་བཙན་ཁུ་ལེ་ལ་སོགས་དང་། །སྨན་གྱི་གདམས་པ་བཅུད་ལེན་ལ་སོགས་མཛད། །འཇིག་རྟེན་དྲེགས་པ་རྣམས་ཀྱི་གཉེན་པོ་རུ། །ལྷ་འདྲེ་སྟོང་གི་དྲྭ་བ་ཞེས་བྱ་དང་། །མ་མོ་སྲིད་པའི་མཚོ་བཞི་ལ་བརྟེན་ནས། །ཕྱི་ནང་མདོས་དང་ཕོ་མོའི་མདོས་ལ་སོགས། །མདོས་རིགས་ལེའུ་སྟོང་ཕྲག་གཅིག་བསྒྱུར་རོ། །ཁྱད་པར་བོད་ཡུལ་ཀླུ་ཡིས་དབང་བྱས་པར། །ཕན་ཕྱིར་ཀླུ་སྒྲུབ་ཀླུ་གཏེར་སྦ་བ་དང་། །ཀླུ་གཏའ་བསྡམས་ཤིང་ཀླུ་གནས་གསོ་བ་དང་། །གདོན་བཀྲོལ་ལ་སོགས་ཆོ་ག་མང་དུ་མཛད། །གཞན་ཡང་གཉེན་པོ་ཁྱུང་གི་སྒྲུབ་པ་དང་། །རྟ་མགྲིན་ནཱ་ག་ཀླུ་འདུལ་ཞེས་བྱ་དང་། །དྲག་པོ་སུམ་བསྒྲིལ་ལ་སོགས་མང་དུ་མཛད། །གཞན་ཡང་ཀུན་ཐུབ་རྒྱལ་མོའི་སྲུང་བ་དང་། །ལྷ་འདྲེ་སྟོང་གི་སྒྲིབ་ཤིང་སྲུང་འཁོར་དང་། །བཏགས་ཆོག་འཛུལ་ཆོག་སྒྲུབ་པ་དང་བཅས་ཏེ། །བསྲུང་བའི་ཡན་ལག་བརྒྱད་ཅུ་རྩ་བརྒྱད་བསྒྱུར། །དེ་ལྟར་རིམ་གྲོ་བྱས་པས་རྒྱལ་པོ་ཡི། །སྐུ་ཚེ་ལྔ་བཅུ་རྩ་དྲུག་ཀག་བཟློག་ནས། །སླར་ཡང་ལོ་གྲངས་བཅུ་གསུམ་བཤོལ་ཐེབ་སྟེ། །དྲུག་ཅུ་རྩ་དགུའི་བར་དུ་འཚོ་བར་གྱུར། །དེ་ལ་སློབ་དཔོན་ཆེན་པོའི་ཞལ་སྔ་ནས། །མངའ་བདག་བསོད་ནམས་ཡང་རབ་གྱུར་པ་དང་། །སྐུ་ཚེ་མཐར་ཕྱིན་བར་ཆོད་མེད་པ་སོགས། །བོད་རྗེ་རྒྱལ་པོ་ཉིད་ལ་ཚང་བ་ཡིན། །ཞེས་གསུངས་རྒྱལ་པོ་ཤིན་ཏུ་དགྱེས་པར་གྱུར། །སྐབས་འདིར་མངའ་བདག་ཆོས་ཀྱི་རྒྱལ་པོ་དང་། །བློན་པོ་རྒྱ་ཚ་ལྷས་སྣང་ལ་སོགས་པ། །གྲོས་ལ་འདུས་ནས་ལྷོ་ཕྱོགས་འཛམ་གླིང་གི །སུམ་གཉིས་དབང་དུ་བསྡུ་བའི་གྲོས་འཆམ་ཚེ། །རྒྱལ་པོར་སྲས་གསུམ་ཡོད་པའི་འབྲིང་བ་ལ། །མུ་རུབ་བཙད་པོའམ་སྤུར་པོ་བྱ་ཐུལ་མགོ །ཞེས་བྱ་དེ་ཉིད་དམག་དཔོན་འགྲོ་དགོས་པའི། །དུས་ལ་བབ་ཚེ་རྒྱལ་བུ་དེ་ཉིད་ནི། །རྒྱལ་བློན་བཀའ་གྲོས་བྱེད་པའི་སར་ཕྱིན་ཚེ། །སྣ་ནམ་ཞང་གི་བུ་ཡིས་སྒོ་བཀག་པས། །རྒྱལ་བུ་ན་རེ་ཕ་ཡི་གམ་དུ་ནི། །བུ་མི་གཏོང་བ་ཟེར་ཞིང་ཞང་གི་བུ། །མོད་ལ་བསད་ཅིང་རྒྱལ་བློན་བཀའ་གྲོས་ཀྱང་། །གྲོལ་ནས་ཞང་ཉིད་བུ་བསད་རོ་མཐོང་ཚེ། །བུ་རོའི་མགོ་བཅད་ནམ་མཁའ་བར་སྣང་དང་། །ས་གཞིར་གསུམ་གསུམ་གཡུག་ཅིང་བརྡབས་ནས་བསྐྱུར། །རྗེ་ཉིད་སྐྱེངས་ཤིང་རབ་ཏུ་གནོང་བཞིན་འགྱོད། །བློན་རྣམས་རྗེ་དང་ནང་འཁྲུག་འོང་དོགས་ཀྱིས། །བློན་པོ་འགོས་རྒན་ཕག་རིར་ཡོད་པ་དེ། །བོས་ཀྱང་ཁོ་རང་ན་སོ་རྒས་སྐྱོན་གྱིས། །གཟུགས་པོར་དྲོད་མེད་གཞན་ལ་རེ་བཞིན་དུ། །ནི་གུ་གཉིས་ཀྱི་བར་དུ་བཅར་ནས་སུ། །གཙང་ཆུར་ཀོ་གྲུར་ཞུགས་ནས་ཐོགས་མེད་ཀྱིས། །དཔལ་གྱི་བསམ་ཡས་གམ་དུ་སླེབས་པའི་ཚེ། །འགོས་རྒན་རྒྱལ་པོའི་དྲུང་དུ་ཕྱིན་ནས་སུ། །ངེད་ཅག་དེ་རིང་ཤར་སྒོར་ཕྱིན་ཙ་ན། །དེར་ཚོགས་མི་རྣམས་མགྲིན་གཅིག་འདི་སྐད་ཟེར། །རྗེ་ཡིས་previous hit འབངས་རྣམས་བསད་ཚོད་མི next hit་ལང་ཞེས། །འདུག་ཅེས་ཞུས་པས་རྒྱལ་པོ་འདར་བར་གྱུར། །ཡང་ཅིག་འགོས་རྒན་ཞང་གི་སར་ཕྱིན་ཏེ། །previous hit མི་རྣམས་ཐམས་ཅད་ཁ་མཐུན་འདི་སྐད་ཟེར། །རྗེ་ཡིས་འབངས next hit་བསད་པ་ལ་སུ་ཡིས་ཀྱང་། །ཅི་བྱ་གཏོལ་མེད་ལས་གཞན་མེད་དམ་ཞེས། །ཟེར་རོ་སྨྲས་པས་ཞང་སོགས་བློན་རྣམས་འདར། །འབངས་གཞན་ཐམས་ཅད་ནང་འཁྲུག་འོང་ཞེས་འདར། །ཇི་ཞིག་ལྟར་ཏེ་རྒྱ་སྒོར་ཡི་གེ་ཡང་། །ང་ཡིས་ཞལ་ལྕེ་ཆོད་པར་མི་འདུག་མོད། །འོན་ཀྱང་ཟུང་མཁར་མདོ་ཡི་ཐོ་ལ་དྲིས། །ཟེར་བའི་ཡི་གེ་ཀློག་པའི་མོད་ལ་ནི། །རྗེ་འབངས་ཧ་ལས་ཐོ་རྩར་བརྒྱུགས་པ་ལ། །འོག་མའི་ཐོ་ལ་རྗེ་ཡིས་འབངས་བསད་པ། །སུ་ཡིས་ཅི་བྱ་ཟེར་བར་རྒྱལ་བུ་དགའ། །དེ་ལྟར་ཡིན་ཡང་དེའི་ལྟག་ཐོ་ལ་དྲིས། །ཟེར་བཞིན་བལྟས་པས་རྒྱལ་པོས་previous hit འབངས་བསད་ན། །ལང་བ་མི next hit་འོང་ཟེར་བར་ཞང་ཉིད་དགའ། །དེ་རྗེས་འཕྲང་མདའི་ཐོ་ལ་འདི་བཞིན་བྲིས། །ལྷ་སྲས་མུ་རུབ་བཙད་པོ་མཐའ་འདུལ་གྱི། །དམག་གི་དཔོན་དུ་ལོ་གསུམ་འགྲོ་དགོས་ཤིང་། །ཞང་གི་བུ་བསད་སྟོང་དུ་ཨཾ་བག་གི། །ཝ་ཆུ་གང་དང་གྲྭ་དོལ་གཞུང་གསུམ་པོ། །བྱིན་ནས་རྗེ་འབངས་ཐམས་ཅད་དགའ་ཆུགས་ཞེས། །བྲིས་པ་བཀླགས་པས་རྗེ་འབངས་བྱིངས་པོ་དགའ། །དེ་ནས་ལྷ་སྲས་མུ་རུབ་བཙད་པོ་དེ། །བྱང་གི་ཕྱོགས་སུ་དམག་དཔོན་ལ་གཏོང་བའི། །དུས་ལ་བབ་ཚེ་སློབ་དཔོན་པདྨ་དང་། །བོ་དྷི་ས་ཏྭ་བི་མ་མི་ཏྲ་དང་། །ཀ་མ་ཤི་ལ་ལ་སོགས་བླ་མཆོད་སྡེ། །བརྒྱ་དང་ལྔ་བཅུ་དང་བཅས་གུ་རུ་ཡིས། །ཐུགས་ཀྱི་སྲས་མཆོག་བརྒྱད་ལ་སོགས་པ་རྣམས། །བསམ་ཡས་དབུ་རྩེའི་བར་ཁང་ག་ལ་བར། །སྤྱན་འདྲེན་བྱས་ནས་ལྷ་སྲས་དེ་ཉིད་ཀྱིས། །མཆོད་པའི་བྱེ་བྲག་རྒྱ་ཆེ་དཔངས་མཐོ་དང་། །ཁྱད་པར་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། །བཤམས་ནས་པཎ་གྲུབ་ལོ་ཙཱ་བཅས་རྣམས་ལ། །བདག་ནི་བྱང་ཕྱོགས་ཁྲིད་སྣ་བརྒྱད་ལ་སོགས། །ཕྱོགས་རྣམས་ཀུན་ཏུ་དམག་དཔོན་ལ་གཏོང་ན། །བདག་ཅག་དམག་དཔོན་དམག་གི་དཔུང་བཅས་ཀྱི། །ཚེ་དང་སྲོག་ལ་བར་ཆོད་མེད་པ་དང་། །ཕྱོགས་ཀྱི་སོ་ཁ་ཐམས་ཅད་ཐུལ་ནས་ཀྱང་། །ཡབ་རྗེ་རྒྱལ་པོའི་དགོངས་པ་རྫོགས་པ་དང་། །ས་ཕྱོགས་ཀུན་ཏུ་བདེ་ལེགས་འབྱུང་བ་ཡི། །ཐབས་དང་རྟེན་འབྲེལ་མཛད་དགོས་ཞེས་ཞུས་པས། །མངའ་བདག་རྒྱལ་པོ་ལ་སོགས་དེར་འདུས་པའི། །རྗེ་བློན་ཡོངས་ཀྱིས་སློབ་དཔོན་པདྨ་ལ། །མུ་རུབ་བཙད་པོས་གསོལ་བ་བཏབ་པའི་དོན། །ཡོངས་སུ་འགྲུབ་པར་ཐུགས་རྗེས་བཟུང་དགོས་ཞེས། །ཞུས་པས་སློབ་དཔོན་ཆེན་པོའི་ཞལ་ན་རེ། །རྒྱལ་པོ་ཡབ་སྲས་ཐུགས་དགོངས་སྒྲུབ་པའི་ཕྱིར། །འདི་ལྟར་བྱ་གསུངས་མདུན་གྱི་ནམ་མཁའ་ལ། །རྒྱལ་པོ་ཆེན་པོ་རྣམས་ཐོས་སྲས་པོ་ནི། །རྟ་བདག་བརྒྱད་དང་ལས་བྱེད་མགོ་བརྙན་ཚོགས། །གནོད་སྦྱིན་འཁོར་ཚོགས་དང་བཅས་སྤྱན་དྲངས་ཏེ། །མཆོད་ཡོན་རྣམས་ལ་མངོན་སུམ་ཞལ་བསྟན་པར། །རྒྱལ་བུ་འདི་ལ་ལུས་དང་གྲིབ་མ་བཞིན། །འགྲོགས་ལ་ང་ཡིས་ཇི་ལྟར་བསྒོ་བ་ལྟར། །གྱིས་ཤིག་གསུངས་བཞིན་དེ་ལྟར་དམ་བཅས་སོ། །དེ་བཞིན་ཞལ་གཟིགས་བྱུང་བའི་གནོད་སྦྱིན་སྡེ། །ཕྱར་དར་ཆེན་མོར་བྲིས་ཏེ་བླ་མཆོད་རྣམས། །རབ་གནས་ཇི་བཞིན་མཛད་ནས་དམག་མིར་བསྐུར། །དེ་ནས་ཡབ་རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས། །ཕྱོགས་རྣམས་ཀུན་ཏུ་ཕོ་ཉ་རབ་བཀྱེས་ནས། །ཟླ་བ་ཞག་དང་ཚེས་གྲངས་དུས་བཏབ་བཞིན། །དབྱར་མོ་ཐང་དུ་དམག་རྣམས་འཛོམ་དུས་བྱས། །མེ་ཆུའི་སྒྱོགས་སོགས་དམག་ཆས་ཚང་བར་བསགས། །དེ་ཡང་རྒྱ་ཟམ་ཆེན་པོ་གཅིག་ཡོད་པར། །ལྕགས་ཕག་ཁོ་ནས་ཁྲིི་བརྩེགས་དེའི་སྟེང་དུ། །རྒྱལ་བུ་བཞུགས་པར་ཕྱར་དར་ཕྱར་ནས་སུ། །ཞང་བློན་ཆེན་པོ་ལྷ་བཟང་ཀླུ་དཔལ་གྱིས། །རྒྱ་ཟམ་དེ་ལ་དམག་རྣམས་གཤར་བཅུག་ནས། །གྲངས་སུ་བཏབ་པས་ཤར་ཕྱོགས་བྱ་ཁྲ་ཡི། །རྒྱལ་ཁམས་ནས་འོངས་དམག་མི་ཡིན་ཟེར་བའི། །ལུས་པོ་མི་ལ་བྱ་ཁྲའི་གདོང་པ་ཅན། །དར་རེའི་རྗེས་སུ་ཁྲི་ཚོ་རེ་འབྲངས་པ། །དར་ཚོ་དགུ་བྱུང་གཞན་ཡང་ལྷོ་ཕྱོགས་ཀྱི། །གྲུལ་བུམ་རྐང་རྩེའི་ཡུལ་གྱི་དམག་ཡིན་ཞེས། །རོ་སྟོད་མི་ལ་རྟ་བོང་རྐང་ལག་ཅན། །དར་རེའི་རྗེས་སུ་ཁྲི་ཚོ་རེ་འབྲངས་པ། །དར་ཚོ་བཅུ་བྱུང་ཡང་ཅིག་ནུབ་ཕྱོགས་ཀྱི། །བྱི་ལའི་མཇུག་མ་ཅན་གྱི་དམག་ཡིན་ཞེས། །མི་ཡི་ལུས་ལ་བྱི་ལའི་མཇུག་མ་ཅན། །ཀོ་ཕུབ་ཁུར་ཅིང་སྨྱུག་མའི་མདུང་ཐོགས་པ། །དར་རེའི་རྗེས་སུ་ཁྲི་ཚོ་རེ་འབྲངས་པ། །དར་ཚོ་བཅུ་གཉིས་བྱུང་ཞིང་དེ་ལས་གཞན། །བྱང་ཕྱོགས་རྣ་བོ་ཆེ་ཞེས་བོང་བུ་ཡི། །ཡུལ་ནས་ཡིན་ཞེས་མི་ལུས་བོང་རྣ་ཅན། །དར་རེའི་རྗེས་སུ་ཁྲི་ཚོ་རེ་འབྲངས་པ། །དར་ཚོ་བཅུ་གསུམ་བྱུང་ཞིང་དམག་དེ་རྣམས། །མཐོང་བའི་མོད་ལ་དམག་དཔོན་རྒྱལ་བུ་ཉིད། །གད་མོ་ཤོར་བས་དམག་མིའི་དཔུང་ཚོགས་ཀྱིས། །ཕྱོགས་ཀྱི་དགྲ་རྣམས་ཐམས་ཅད་ཐུལ་འདུག་ཅེས། །ཟེར་བཞིན་དགྲ་ཟླའི་ཡུལ་ཁམས་བགྲོད་གྱུར་ནས། །གྲུ་གུ་དང་ནི་རྒྱ་ནག་ཡུལ་རྣམས་དང་། །ཧོར་གྱི་སྒོམ་གྲྭ་པ་རྣམས་བཅོམ་ནས་སུ། །བ་སོའི་ལྷ་ཁང་དང་ནི་དུང་དཀར་པོ། །རྒྱང་གྲག་ཅེས་དང་ཆ་ལང་འདྲེ་རྡོག་དང་། །དཀོར་ཆ་ཀུན་ཁྱེར་ཁྱད་པར་པེ་དཀར་གྱི། །སྐུ་བརྙན་དང་ནི་རྣམ་སྲས་འཆམ་སྐུ་དང་། །གནོད་སྦྱིན་ཙིའུ་དམར་བསེ་འབག་སྨུག་ཆུང་སོགས། །སྤྱན་དྲངས་གཞན་ཡང་ནོར་རྫས་ཆེན་པོ་བཅས། །ཀ་ཆ་དཀོར་ནོར་ལྷག་མ་མ་ལུས་པ། །དམག་མི་རྣམས་ཀྱིས་ཁྱེར་ནས་འོངས་པ་ལ། །པེ་ཀར་འཁོར་བཅས་རྗེས་བསྙག་ཚུལ་གྱིས་ནི། །འོངས་ཤིང་དཀོར་མཛོད་གླིང་དུ་གནས་བཅས་སོ། །རྒྱལ་བུ་ཡར་བྱོན་ལྷ་བཟང་ཀླུ་དཔལ་དང་། །དམག་སྡེ་འགའ་ཞིག་ཁྲི་སྟན་འདུལ་བར་བསྐོས། །རྒྱལ་བུས་དམག་རྫས་ཚང་མ་ཡབ་ལ་ཕུལ། །དམག་ལ་འགྲོ་དུས་དགུང་ལོ་ཉེར་ལྔ་ལ། །སུམ་ཅུ་སོ་ལྔ་བཞེས་དུས་ཡར་ལ་བྱོན། །མཆིམས་ཕུར་སློབ་དཔོན་ཆེན་པོའི་ཞབས་དྲུང་དུ། །སྡིག་བཤགས་ཕུལ་ནས་ཕུར་པ་བསྒྲུབས་པ་ཡིས། །རྡོ་རྗེ་གཞོན་ནུའི་ཞལ་གཟིགས་ཡབ་རྗེ་ཡི། །དགོངས་པ་རྫོགས་ཤིང་སོ་ཁ་ཐམས་ཅད་བཏུལ། །དེ་ནས་རྒྱལ་པོ་པེ་ཀར་སྐྲགས་ནས་སུ། །བྱ་རྒོད་ཐང་དཀར་ཞིག་ཏུ་སྤྲུལ་ནས་ཀྱང་། །ནམ་མཁར་འཕུར་ཞིང་བྲོས་པར་གྱུར་པ་ལ། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་རྣམས་ཀྱིས། །རྗེས་བསྙེགས་བྱས་ནས་དམག་གིས་དེད་པའི་དུས། །གནོད་སྦྱིན་དྲག་པོ་ཞིག་གིས་མདའ་འཕངས་པས། །བྱ་རྒོད་དེ་ཡི་གཤོག་པར་ཐེབས་པ་དང་། །ས་ལ་ལྷུང་བ་རྣམ་སྲས་འཁོར་བཅས་ཀྱིས། །བསམ་ཡས་དཀོར་མཛོད་གླིང་དུ་བསྐྱལ་ནས་བཞག །ཞང་བློན་རྒྱ་ཚ་ལྷས་སྣང་འཕྲུལ་ཆེ་བས། །རྒྱལ་བུ་བསད་ཀྱིས་དོགས་ནས་བྱང་ཀོང་དུ། །སྤྱུགས་ཤིང་མཆིམས་ཀྱི་གད་པ་སྐྱ་བོ་རུ། །ཐུགས་དམ་ལྷ་ཁང་བཞེངས་པ་མ་ཉམས་པར། །ད་ལྟའི་བར་དུ་ཡོད་ཅེས་འགའ་ཡིས་གླེང་། །མདོ་ཁམས་སྨད་ཀྱི་འུ་ར་མང་ག་ལ། །དམག་མི་ཁྲི་ཚོ་ལྔ་ཡི་བདག་པོ་དེ། །བོད་ལ་རྒྱབ་བསྟན་ཙི་ནར་ངོ་ལོག་ཅིང་། །མངའ་རིས་སྟོད་ཀྱི་ཞང་ཞུང་ཧ་ལ་འབར། །བོན་པོ་ལྔ་བརྒྱ་ཙམ་གྱི་དཔོན་ཡིན་བཞིན། །མུ་སྟེགས་གུ་ལང་ཞེས་པར་ངོ་ལོག་ནས། །མངའ་བདག་རྗེ་ཡི་སྐུ་དགྲ་བྱེད་པ་དང་། །གཞན་ཡང་ལོག་པ་སྦྱོར་པ་མང་བྱུང་བས། །དེ་ལ་མངའ་བདག་ཐུགས་མ་བདེ་གྱུར་ནས། །སློབ་དཔོན་ཆེན་པོ་སྒྲགས་ཀྱི་ཡང་རྫོང་ན། །བཞུགས་པའི་དྲུང་དུ་རྒྱལ་པོ་བྱོན་ནས་སུ། །བདག་ནི་མངའ་ཐང་ཆོས་བཞིན་སྐྱོང་འདོད་ཀྱང་། །འཁྱོངས་པར་མི་འདུག་ཞབས་སྡེ་འགོ་ལང་གིས། །རྒྱལ་ཁྲིམས་འཇིག་པར་བྱེད་ལ་ཇི་ལྟར་བགྱི། །ཞུས་པས་སློབ་དཔོན་ཆེན་པོའི་ཞལ་ན་རེ། །འབངས་འཁོར་ངོ་ལོག་བྱེད་པ་རྒྱལ་པོའི་དགྲ། །སློབ་མ་དམ་ལོག་བྱེད་པ་བླ་མའི་དགྲ། །མ་རབས་འདབ་གཤོག་རྒྱས་པ་ཡ་རབས་དགྲ། །དེ་ལ་རང་གཤེད་རང་དབབ་ཐོད་པ་དགོས། །ཁམས་པ་ངོ་ལོག་ལིང་ག་གྲི་ཁྲག་གིས། །བྲིས་ནས་སྤྱང་ཀིའི་ཐོད་པར་བཅུག་ནས་མནན། །བོན་པོའི་ལིང་ག་རམ་གྱིས་བྲིས་ནས་སུ། །ཁྱི་ཐོད་ནང་དུ་བཅུག་ནས་མཁར་རྨིང་སྦས། །སྟེང་ནས་རྒྱལ་པོའི་ཆག་ལྷྭམ་གྱིས་མནན་པས། །ཟླ་གསུམ་ཡོལ་ཚེ་དགྲ་ཟླ་དེ་གཉིས་ཀྱིས། །རྒྱལ་པོས་ཅི་གསུང་ཉན་པའི་ཁས་ལེན་བྱས། །རྒྱལ་སྲིད་མཐའ་ནས་ཟེགས་པ་རང་དབང་གྱུར། །གཞན་ཡང་དམྱལ་ཞེས་བྱ་བའི་ཡུལ་དེ་རུ། །གྲགས་པ་སོ་ཡོན་ཞེས་དང་དེ་ཡི་སྤུན། །མགོ་བོ་ངོ་རལ་བྱ་བ་གཉིས་པོ་ཡང་། །ཕ་ཡི་ནོར་གཞིས་བརྩད་ནས་མ་འཆམས་པར། །སུ་ཡིས་བསྡུམས་ཀྱང་མ་འདུམ་རེངས་གྱུར་པ། །རྒྱལ་པོས་ཆད་པ་འབེབ་པའང་དཀའ་གྱུར་ནས། །སློབ་དཔོན་ཆེན་པོར་དེ་རྣམས་ཞུས་ནས་སུ། །དེ་ལ་ཇི་ལྟར་བརྩལ་དགོས་ཞུས་པ་ལ། །ཕ་དང་བུ་འཐབ་མ་དང་བུ་མོ་འཐབ། །དེ་ནི་ཕུང་སྲི་ཁྱིིམ་དུ་ཞུགས་པའི་ལྟས། །ཡིན་ཕྱིར་དེ་ལ་ཝ་སྐྱེས་དར་མ་ཡི། །ཐོད་པ་འཚལ་ཞེས་གྲོ་གའི་གཞི་ལ་ནི། །སྤུན་ནང་འཐབ་པའི་རུ་པ་བྲིས་བྱས་ཏེ། །བུང་བ་ཁྱོ་ཤུག་ཟུང་གི་རོར་བསྡེབས་ནས། །རི་རྒྱུད་བཟང་པོ་འཇམ་པའི་སར་སྦས་ཏེ། །མཛའ་མཐུན་ཅན་གྱི་གོས་ཀྱིས་དྲིལ་ནས་སུ། །མནན་པས་དམྱལ་བ་སྤུན་གཉིས་འཐབ་པའི་ཚེ། །ལུས་པོ་རྨས་པས་ཤི་ལ་ཐུག་པ་ཡང་། །སྔོན་ཆད་འཐབ་པར་འགྱོད་ཅིང་ཕྱིན་ཆད་དུ། །མཛའ་ཞིང་མཐུན་ནས་འཁོན་འཛིང་རྒྱུན་ཆད་དོ། །སྤྱིར་ཡང་སྔོན་ཚེ་བོད་རྗེ་རྒྱལ་པོ་ཡི། །མངའ་ཞབས་མུ་ཁྱུད་སོ་མཚམས་འདི་བཞིན་ཏེ། །ཤར་ཕྱོགས་རྨ་རི་སྨུག་པོའི་རྒྱུད་ཡན་ཆོད། །ལྷོ་ཕྱོགས་གངས་དཀར་ར་བའི་རྒྱུད་ཚུན་ཆད། །ནུབ་ཕྱོགས་སྟག་ཤ་དུང་གི་སྒོ་མན་ཆད། །བྱང་ཕྱོགས་འཁྱག་རོམ་གངས་རིའི་རྒྱུད་ཚུན་ཆད། །དཔལ་གྱི་བསམ་ཡས་བཞེངས་ཤིང་གྲུབ་པ་དང་། །ཆབས་ཅིག་ཐམས་ཅད་དད་ཅིང་འདུན་གྱུར་ཏེ། །རྒྱ་གར་རྒྱ་ནག་བལ་པོ་ཁ་ཆེ་དང་། །སྟག་གཟིག་ལ་སོགས་ཡུལ་མང་དབང་དུ་བསྡུས། །ཡབ་མེས་གོང་མའི་མངའ་ཐང་ལས་ཀྱང་ནི། །བདུན་འགྱུར་གྱིས་ནི་འཕགས་པའི་སྟོབས་རྒྱས་པས། །བྱང་ཕྱོགས་གེ་སར་དམག་གི་རྒྱལ་པོ་ཡང་། །ལི་ཧ་ར་ཞེས་བྱ་བས་ཕྲག་དོག་གིས། །འཛམ་བུ་གླིང་པ་བོད་ཀྱི་རྒྱལ་པོ་ཡིས། །དབང་དུ་བསྡུས་ནས་གེ་སར་ཡུལ་གྲུ་ཡང་། །འཇོམས་སུ་འོང་བར་འདུག་ཅེས་ཐོས་ནས་སུ། །ཡུལ་ཁམས་དམག་བསྡུས་ཕྱོགས་བཞིའི་རྒྱལ་པོའི་སར། །རྐང་མགྱོགས་མངགས་ནས་སོ་སོར་གཡོ་ཐབས་ཀྱིས། །ཕྲ་མ་སྔ་བཙན་དབྱེན་སྦྱོར་འདི་སྐད་སྨྲས། །ཤར་ཕྱོགས་རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་དང་། །ལྷོ་ཕྱོགས་རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། །ནུབ་ཕྱོགས་སྟག་གཟིག་ནོར་གྱི་རྒྱལ་པོ་དང་། །བྱང་ཕྱོགས་གེ་སར་དམག་གི་རྒྱལ་་པོ་བཞི། །འཛམ་བུའི་གླིང་འདིར་དབང་ཆེ་ཁས་དྲག་ཀྱང་། །བོད་ཡུལ་ཁ་བ་ཅན་ཞེས་བྱ་བའི་ཡུལ། །དེ་གར་གློ་བུར་མི་གཅིག་བྱུང་བ་ལ། །རྒྱལ་པོས་ཐ་སྙད་བཏགས་ནས་དེང་གི་དུས། །ཕྱོགས་བཞིའི་རྒྱལ་པོའི་མངའ་ཐང་འཕྲོག་རློམ་བྱེད། །འདི་ཉིད་མྱུར་བ་ཉིད་དུ་མ་བཏུལ་ན། །སྤྲེ་འུ་ཡན་གར་བཏང་བ་མི་རིགས་ཏེ། །དཔའ་འོ་སྟག་ལ་ཐོ་འཚམས་བྱེད་ངེས་ན། །ཕྱོགས་བཞིའི་རྒྱལ་པོས་དམག་གི་དཔུང་ཆེན་པོ། །གཡུལ་གྱི་ཕྲུ་མ་འདེབས་དགོས་གྲོས་མོལ་བས། །ཤར་ཕྱོགས་ཙང་ཀའི་ཡུལ་ནས་རྒྱ་ནག་གི། །དམག་མི་འབུམ་ཕྲག་བརྒྱད་ཀྱིས་གཡུལ་བཤམས་ཤིང་། །ལྷོ་ཕྱོགས་དམྱལ་གྱི་གཏིང་ནས་རྒྱ་གར་གྱི། །ཤར་ཕྱོགས་པ་ཡི་དམག་མི་ཀོ་རྡོལ་གསུམ། །འཇུག་ཅིང་ནུབ་ཕྱོགས་དམར་རི་ཉལ་བ་ཡི། །ཞོལ་ནས་སྟག་གཟིག་རྒྱལ་པོའི་དམག་གི་དཔུང་། །གར་ཕྲོམ་གྱི་ཞེས་འབུམ་ཕྲག་བརྒྱད་འཇུག་པ། །བྱང་ཕྱོགས་འཁྱག་པོ་གངས་ཀྱི་རི་འདབས་ནས། །གེ་སར་རྒྱལ་པོའི་དམག་མི་དུང་ཕྱུར་གཅིག །འཇུག་པ་དང་བཅས་དམག་ཆས་གྲོས་ཐག་བཅད། །དེ་ཡང་བྱ་ལོ་དཔྱིད་ཟླ་ར་བ་ནས། གོང་གསལ་དམག་གི་དབྱར་རྔ་དགོད་པའི་སྒྲ། །ཐོས་ཚེ་བོད་ཀྱི་རྒྱལ་བློན་འབངས་དང་བཅས། །བསམ་ཡས་ལྷུན་གྱིས་གྲུབ་པའི་ག་ལ་བར། །ཐམས་ཅད་ཚོགས་ཏེ་ཅི་དྲག་གང་དྲག་གི། །བཀའ་གྲོས་བྱེད་པར་འདོད་ཀྱང་བློ་འཚབས་ཏེ། །ལ་ལ་འཐབ་ཟེར་ལ་ལ་ཕར་བལྟ་ཟེར། །ཕལ་ཆེར་ལྷོ་བྲག་ཕྱོགས་སུ་བྲོས་ན་ཟེར། །ཆོས་བློན་ཐམས་ཅད་ཁ་འཆམས་མགྲིན་གཅིག་ཏུ། །འཐབ་པས་མི་ལང་བརྒྱ་སྟོང་བསད་ཅིང་བསྣུན། །བྲོས་པས་མི་ཐར་བོད་ཀྱི་རྒྱལ་ཁམས་ཀུན། །འབྲོས་སམ་བརྒྱ་སྟོང་བྲོས་པས་ཅི་ཡང་ཨང་། །དེ་ཕྱིར་སློབ་དཔོན་དུས་གསུམ་མཁྱེན་པ་ལ། །དེ་ཚུལ་ཞུས་ན་ཇི་བཞིན་མཐོང་ངེས་ཞེས། །དེ་བཞིན་རྗེ་འབངས་གྲོས་འཆམས་མངའ་བདག་ཉིད། །སློབ་དཔོན་ཆེན་པོའི་དྲུང་དུ་བྱོན་ནས་སུ། །གོང་གི་དམག་སྐད་ཐོན་པའི་ལོ་རྒྱུས་རྣམས། །ཞུས་པས་སློབ་དཔོན་ཆེན་པོའི་ཞལ་ན་རེ། །གསོན་དང་མངའ་བདག་རྒྱལ་པོ་ཆེན་པོ་ལགས། །མཐའ་བཞི་དམག་ཏུ་བརྒྱུགས་ན་དབུས་ལ་ངན། །གཅན་གཟན་དཔུང་ཆེན་འཐབ་ན་སྡེར་ཆགས་བརླག །མང་པོ་གྲོས་སུ་མཐུན་ན་རི་རྒྱལ་བཤིགས། །ཟེར་བའི་དཔེ་བཞིན་ལགས་པས་གཟབ་དགོས་ཞེས། །གསུངས་ནས་སླར་ཡང་རྒྱལ་པོ་ཆེན་པོ་ལ། །དགྲ་དཔུང་གཞོམ་ཕྱིར་དུད་འགྲོ་སྣ་ཚོགས་ཀྱི། །ཐོད་པ་ཚོལ་དང་ཕྱོགས་བཞིའི་དམག་དཔོན་དང་། །དམག་མིའི་བླ་བྱང་བྲིས་ཏེ་རྒྱ་དམག་རྣམས། །བོང་བུ་གྭ་བའི་ཐོད་པར་བཅུག་ནས་སུ། །རབས་ཆད་ཐོད་པས་མནན་ན་ལྡང་མི་ནུས། །དེ་བཞིན་སོག་པོ་གར་ལོག་དམག་གི་དཔུང་། །དུག་སྦྲུལ་ཐོད་པར་བཅུག་ནས་འུག་ཐོད་ཀྱིས། །གོང་བཞིན་མནན་ན་ལྡང་བར་ནུས་པ་མིན། །ནུབ་ཕྱོགས་སྟག་གཟིག་ཀློང་རྡོལ་དམག་གི་དཔུང་། །སེ་ཡི་ཐོད་པར་བཅུག་ནས་གླག་ཐོད་ཀྱིས། །གོང་བཞིན་མནན་ན་དེ་ཡང་ལྡང་མི་ནུས། །བྱང་ཕྱོགས་གེ་སར་དམག་གི་དཔུང་དང་བཅས། །གྲི་རྒོད་ཐོད་པར་བཅུག་ནས་དྲེད་ཐོད་ཀྱིས། །མནན་ན་གོང་བཞིན་ལྡང་བར་འགྱུར་མ་ཡིན། །ཞེས་གསུངས་ཇི་བཞིན་དེ་རྣམས་ཚུལ་བཞིན་དུ། །བསྒྲུབས་པའི་མཐུ་ཡིས་མཐའ་བཞིའི་དམག་ཤོལ་ནས། །ཁོང་རྣམས་ནང་དུ་དྲི་ཚིག་འདི་བཞིན་མོལ། །བོད་ཀྱི་རྒྱལ་པོའི་རིགས་ནི་གང་དུ་གཏོགས། །སྤྱོད་པ་ཅི་བྱེད་ལ་སོགས་གླེང་གྱུར་ཚེ། །རིགས་ནི་རྒྱ་གར་ཆོས་ཀྱི་རྒྱལ་པོ་ཡིན། །སྤྱོད་པ་དགེ་བའི་ལས་ལ་སྤྱོད་ཅེས་ཐོས། །ཞེས་སོགས་གླེང་མོལ་བྱས་ཚེ་བློ་འགྱུར་ནས། །འོ་ན་བོད་ཀྱི་མངའ་བདག་རིགས་བཟང་ཞིང་། །བློ་ཕུགས་དཀོན་མཆོག་གསུམ་ལ་གཏད་པའི་ཕྱིར། །མངའ་ཐང་ཆེ་ཡང་དཔུང་དང་གདུག་རྩུབ་གྱིས། །བསྡུས་པ་མ་ཡིན་མོས་ཤིང་དད་པ་ཡིས། །བསྡུས་ཕྱིར་གཞན་གྱིས་བརྫི་བར་མི་ནུས་པས། །ད་ནི་དམག་རྣམས་རང་ཡུལ་ལྡོག་ན་འཐད། །ཅེས་སྨྲས་དམག་རྣམས་རང་ཡུལ་ཤུགས་ཀྱིས་དེངས། །དེ་ནས་རྒྱལ་པོ་བྱི་བའི་ལོ་ཤར་ཚེ། །འཛམ་བུ་གླིང་གི་མཐའ་བཞིའི་རྒྱལ་པོ་བཞི། །འབུལ་བ་དང་ནི་ཕྱག་མཆོད་བྱེད་དུ་བྱུང་། །འཛམ་བུའི་གླིང་གི་སུམ་གཉིས་དབང་དུ་བསྡུས། །དུས་དེར་མ་འོངས་འགྲོ་ལ་ཕན་པའི་ཕྱིར། །མན་ངག་བརྒྱ་དང་རྩ་བརྒྱད་གཏེར་དུ་སྦས། །དེ་དུས་རྒྱལ་པོས་ཆོས་དང་བོན་གཉིས་པོ། །ག་དར་མཛད་ཚེ་བོན་བློན་གདུག་པ་ཅན། །ཏ་ར་ཀླུ་གོང་ཤི་བར་གྱུར་པ་ལ། །བོན་བླ་རྣམས་ཀྱིས་གཤིན་ཆོག་བྱེད་པའི་ཚེ། །བློན་པོ་དངོས་སུ་བྱུང་སྟེ་མདུན་ས་རུ། །བསྡད་ནས་འདོད་ཡོན་བཟའ་བཏུང་ལོངས་སྤྱོད་པ། །རྗེ་འབངས་ཡོངས་ཀྱིས་མཐོང་ནས་ཡིད་ཆེས་ཤིང་། །སློབ་དཔོན་ཆེན་པོར་དེ་ཚུལ་ཞུས་པ་ལ། །རྒྱལ་པོར་ཕྱག་མཚན་རྡོ་རྗེ་བསྐུར་ནས་སུ། །སློབ་དཔོན་ཆེན་པོས་གསང་སྔགས་དབང་བསྐུར་ཚེ། །ཁྱོད་ལ་གསང་མིང་ཅི་བཏགས་དྲིས་དང་ནི། །མི་བཤད་འདུག་ན་རྡོ་རྗེ་འདི་སྟོན་ཅིག །གསུངས་བཞིན་རྒྱལ་པོ་ཁོ་ཡི་གམ་བྱོན་ནས། །གསང་མིང་དྲིས་པས་ཟ་འདྲེ་བློན་པོ་རུ། །བརྫུས་པ་དེ་ཡིས་སྔགས་ཀྱི་དབང་བསྐུར་སྐབས། །སློབ་དཔོན་ཆེན་པོས་རྒྱ་མཚོའི་ཕ་རོལ་ཏུ། །ཁོ་རང་བསྐྲད་པས་གསང་མཚན་བཤད་རྒྱུ་མེད། །ཟེར་བར་རྒྱལ་པོས་ཕྱག་མཚན་རྡོ་རྗེ་དེ། །བསྟན་པས་དེ་གས་ང་རང་རྡུང་འགྱུར་ན། །མ་སྟོན་ཟེར་ནས་མཚན་བྱང་ལ་ཕབས་པའི། །འདྲེ་དེ་རྒས་པོ་སློག་ཧྲུལ་ཅན་གྱུར་ཏེ། །བློན་པོའི་སྲོག་གཅོད་གཤེད་མ་ཡིན་ཟེར་ནས། །སྦྲུལ་ནག་ཞིག་ཏུ་གྱུར་ནས་ལུང་པའི་ཕུར། བྲོས་པས་རྒྱལ་པོ་ཆོས་ལ་ཡིད་ཆེས་ཤིང་། །བོན་པོར་ཐེ་ཚོམ་ཟོས་ནས་དོན་མཁར་གྱི། །ཐང་དུ་བན་བོན་ནུས་སྟོབས་འགྲན་བཅུག་པས། །བནྡེ་རྒྱལ་ཞིང་བོན་པོ་ཕམ་གྱུར་ཚེ། །བན་དྷེས་རྫས་ངན་དུད་པ་བཏང་སྐྱོན་གྱིས། །བོན་པོས་ངེད་ཀྱི་ལྷ་མནོལ་སྐྱོན་ཡིན་ཟེར། །བོན་ཆོས་རྩོད་པ་བྱས་ཀྱང་བནྡེ་རྒྱལ། །བོན་པོ་ཕམ་མཐར་བོན་གྱི་གཞུང་རྣམས་ཀུན། །བསྣུབས་ནས་གཤིན་བོན་དྲན་པ་ནམ་མཁའ་སོགས། །བོན་རྣམས་མཐར་སྤྱུགས་ཚེ་འདིའི་འཕྲལ་གྱི་རྐྱེན། །བཟློག་པའི་བོན་རྣམས་བཞག་ཅིང་གཞན་རྣམས་ཀྱི། །དཔེ་ཆ་ཚང་མ་གཏེར་དུ་སྦས་ནས་སུ། །ལན་ཅིག་དུས་ན་ལས་འབྲས་སྐལ་བ་ཅན། །བློ་རྣོ་དམ་ཚིག་བསྲུང་ཐུབ་ལྕེ་ཡང་བདེ། །རྐན་ཡང་དྲག་པ་ཞིག་གིས་རྙེད་གྱུར་ནས། །སེམས་ཅན་མང་པོའི་དོན་ནུས་སྨོན་ལམ་བཏབ། །ཆོས་ནུབ་དབུས་ནས་ནུབ་ཅིང་བོན་པོའི་གཞུང་། །མཐའ་ནས་དར་ཞིང་རྒྱལ་པོ་གྲོང་སྤྲང་བྱེད། བན་དེས་ཚོང་བྱེད་གླང་དམར་བཤའ་བཞིན་འཐབ། །བཙུན་པའི་སྡེ་འཁྲུག་རྣལ་འབྱོར་ཞྭ་ཐུལ་བཅས། །མི་རུང་གྱོན་པར་ཤོག་ཅེས་སྨོན་ངན་ཚོགས། །བཏབ་ནས་བསམ་ཡས་དབུ་རྩེའི་སྐོར་ཁང་དུ། །བྱང་ཕྱོགས་མི་མེད་བྲག་ཏུ་སྦས་པ་ཡང་། །རྒྱལ་རབས་བདུན་འདས་འོག་ཏུ་བསམ་ཡས་ཀྱི། །བསྐོར་ཁང་ལ་སྦས་གཏེར་དེ་ཨ་ཙ་ར། །མི་གསུམ་གྱིས་རྙེད་བྱང་ཕྱོགས་མི་མེད་ཀྱི། །མཐའ་བཞིར་བོན་པོ་དཔལ་ཕུར་བཤུ་རུ་བཅུག །སླར་ཡང་བྱང་གི་ལྡོག་ཏུ་ཁྱེར་ནས་སུ། །གྲུམ་གཤིན་ཤེར་འོད་འདར་ཤཀ་ལོ་མ་ཏེ། །གསུམ་གྱིས་ཆོས་སུ་འཁྲུལ་ཏེ་ཉོས་གྱུར་ཀྱང་། །བོན་གཞུང་ཡིན་པར་ཤེས་ཀྱང་འདར་བན་གྱིས། །ཚགས་བྱས་ཚ་བོར་གཏད་ནས་དེ་ཡིས་ཀྱང་། །ན་རོ་བོན་ཆུང་ལ་སོགས་སློབ་མ་བཞིར། །གཏད་པས་བརྒྱུད་པ་གཏེར་མ་ཁོ་ན་ཡིན། །དེ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་། །བོད་དུ་བྱོན་ནས་ལོ་གྲངས་ཉེར་བདུན་དུས། །ཆུ་མོ་ལུག་ལོར་བསམ་ཡས་མཆིམས་ཕུ་རུ། །བོད་ཀྱི་རྗེ་བློན་འབངས་བཅས་ཚོགས་པ་ལ། །སྔོན་ཚེ་ཨུ་རྒྱན་རྒྱལ་ཁམས་བཏུལ་བའི་ཚེ། །སློབ་དཔོན་གཤེད་མས་ཙནྡན་མེར་བསྲེགས་ཚེ། །པདྨ་བཛྲ་རྩལ་ཞེས་བྱ་བ་ཡི། །དྲང་སྲོང་ཁྲོས་པའི་སྐུ་རུ་བཞེངས་ནས་སུ། །ཡུམ་ཆེན་མནྡ་ར་བ་སྐུར་འཁྲིལ་བཞིན། །རྒྱལ་པོ་ཨིནྟྲ་བྷུ་ཏི་འཁོར་དང་བཅས། །བཏུལ་ཚེ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ཆོས་སྐུ་སྣང་མཐའ་འོད་མི་འགྱུར་བ་ཡིས། །འདུས་པའི་འཁོར་རྣམས་ཡོངས་ལ་བཀའ་བསྩལ་པའི། །གསང་སྔགས་རྒྱུད་སྡེ་རྩ་རྒྱུད་པདྨ་བརྩེགས། །སྐུ་རྒྱུད་ཤེལ་གྱི་རི་བོ་ལ་སོགས་པའི། །སྐུ་གསུང་ཐུགས་རྒྱུད་ཡོན་ཏན་ཕྲིན་ལས་རྒྱུད། །རྒྱུད་སྡེ་དྲུག་པོ་དེ་དག་དུས་མཚུངས་སུ། །ཨུ་རྒྱན་བཀོད་པའི་ཞིང་ཁམས་ཞེས་བྱ་བར། །པདྨ་བཛྲ་རྩལ་གྱིས་གསུངས་བཞིན་དུ། །ཤར་ཕྱོགས་རི་བོ་ཏ་ལའི་ཞིང་ཁམས་དང་། །ལྷོ་ཕྱོགས་གྱད་མཁར་བརྩེགས་པའི་དུར་ཁྲོད་དང་། །ནུབ་ཕྱོགས་སོ་ས་གླིང་གི་དུར་ཁྲོད་ཅེས། །བྱང་ཕྱོགས་མ་ག་དྷ་ཞེས་བྱ་བ་དང་། །ཕྱོགས་བཞིར་རིམ་བཞིན་བྷུདྡྷ་ཐོད་ཕྲེང་དང་། །མི་བསྐྱོད་རྡོ་རྗེ་རྟ་མགྲིན་པདྨ་དབང་། །དཔའ་བོ་ཆེན་པོ་རིགས་འཛིན་ཐོད་རྩལ་བཞི། །ཤར་ལྷོ་བསིལ་ཚལ་ལྷོ་ནུབ་དགའ་བ་ཚལ། །ནུབ་བྱང་རབ་དགའ་བྱང་ཤར་ལྕང་ལོ་ཅན། །མཚམས་བཞིར་རིམ་བཞིན་གུ་དྲག་མེ་ལྕེའི་ཕྲེང་། །སངས་རྒྱས་ཐོད་པ་དབང་ཆེན་རྟ་མགྲིན་དང་། །ཕྱག་ན་རྡོ་རྗེ་བཞི་པོ་རང་རང་གི །རིག་གདངས་ཡུམ་བཅས་སྤྲུལ་པའི་དཀྱིལ་འཁོར་དགུར། །ལྷུན་གྱིས་གྲུབ་ཅིང་རྒྱུད་སྡེ་དྲུག་པོ་ཡི། །སྒོ་ནས་གྲུབ་པ་དྲང་སྲོང་རིག་འཛིན་རྣམས། །མི་རིགས་བཞི་སོགས་གདུལ་བྱ་དཔག་མེད་དང་། །མཁའ་འགྲོ་མ་དང་དཔའ་བོ་གནོད་སྦྱིན་དང་། །འབྱུང་པོ་བྱེ་བ་ཕྲག་བརྒྱ་ལ་སོགས་པ། །མི་མ་ཡིན་གྱི་གདུལ་བྱ་བགྲང་འདས་དོན། །རྒྱ་ཆེར་མཛད་པ་བླ་མ་དགོངས་འདུས་ཞེས། །ཡོངས་སུ་གྲགས་པའི་ཆོས་ཀྱི་འཁོར་ལོ་བསྐོར། །སྨིན་གྲོལ་གཉིས་བསྟན་རྒྱུད་ལུང་མན་ངག་རྣམས། །དཀྲུགས་བསྡེབས་གཅུས་བསྲངས་གབ་པ་མངོན་ཕྱུང་ནས། །ཀོང་པོའི་ཡུལ་གྱི་པུ་རི་ཕུག་མོ་ཆེར། །གཏེར་དུ་སྦས་ནས་མུ་རུབ་བཙད་པོ་ཡིས། །འདོན་པར་ལུང་བསྟན་བསྐལ་བ་མ་སྟོངས་པར། །འགྲོ་དོན་རྒྱ་ཆེན་འབྱུང་ཞེས་ལུང་བསྟན་ཞིང་། །བོད་དུ་བསྟན་པ་སྟོངས་ཀྱང་འབྲས་ལྗོངས་སུ། །ཆོས་འདིིའི་སྒོ་ནས་འགྲོ་དོན་རྒྱ་ཆེན་འབྱུང་། །ཞེས་སོགས་འབྱུང་བ་བུདྡྷ་དི་པ་ཡིན། །གདུལ་བྱའི་ལྷག་མ་སྐྱོང་འདིར་སླར་ཡང་འབྱུང་། །དགོངས་འདུས་བང་པོའི་བཀའ་གདམས་འབྱིན་པར་བྱེད། །ཅེས་དང་སྨོན་ལམ་དབང་གིས་སླར་ཡང་ནི། །གཏེར་ཞབས་སྡུད་ཅེས་གསུངས་པ་ཞིག་གླིང་ཡིན། །དེ་ནས་སློབ་དཔོན་ཆེན་པོ་པདྨ་ལ། །རྒྱལ་པོའི་བཙུན་མོ་མཁར་ཆེན་མཚོ་རྒྱལ་ཞེས། །སྐྱོན་ཟད་ཡོན་ཏན་ཕུན་སུམ་ཚོགས་པ་དེ། །ཕྱག་རྒྱར་ཕུལ་བས་དེ་ཉིད་ཁྲིད་ནས་སུ། །མཁའ་འགྲོའི་ཚོགས་ཁང་མཆིམས་ཕུའི་གེའུ་རུ། །གསང་སྔགས་ཟབ་མོའི་ལྟ་སྒོམ་སྤྱོད་པ་ལ། །སྙོམས་པར་ཞུགས་ཚེ་མངའ་བདག་རྒྱལ་པོ་ཡིས། །ཆོས་མ་སྒྲུབ་ན་ཅིས་ཀྱང་མི་ཕན་པས། །གསང་སྔགས་སྒྲུབ་པའི་ཐབས་རྣམས་ཞུ་དགོས་སྙམ། །དེ་ནས་སློབ་དཔོན་ཆེན་པོའི་དྲུང་ཕྱིན་ཏེ། །དར་ཟབ་གདན་བཏིང་ཕྱིང་དཀར་སློག་པ་དང་། །ཟ་འོག་སྨུག་བེར་སྐུ་ལ་གསོལ་ནས་ཀྱང་། །འབྲས་ཆང་རྒུན་ཆང་མང་པོས་དངུལ་ཀྱི་སྐྱོགས། །བཀང་ནས་གཡས་གཡོན་ཕྱག་གིས་སློབ་དཔོན་ལ། །དྲངས་ཤིང་གཞན་ཡང་འཇིག་རྟེན་སྤྱན་གཟིགས་ཚོགས། ཕངས་སེམས་མེད་པར་ཕུལ་ནས་གསང་གསུམ་ལ། །བསྟོད་བསྔགས་སྙན་པའི་གླུ་དབྱངས་འདི་བཞིན་ཕུལ། །ཨཱོཾ་ཐུགས་རྗེ་ཆེ་མངའ་འགྲོ་བའི་སྐྱབས་དང་མགོན། །འབར་བའི་སྐུ་ཡིས་འཇིག་རྟེན་དྲེགས་པ་འདུལ། །ས་ཐོབ་ཚེ་དབང་བགྲེས་རྒུད་མེད་པའི་སྐུ། །ཆོས་ཀྱི་སྐུ་དང་མཚུངས་ལ་ཕྱག་འཚལ་བསྟོད། །ཨཱཿ་པདྨ་ཟླ་གམ་རྡོ་རྗེའི་ལྗགས་དཀྱིལ་ནས། །དྲག་སྔགས་འཕྲོ་འདུས་ལེགས་ལྡན་དཔལ་གྱི་གསུང་། །ཞི་རྒྱས་དབང་དྲག་གསང་སྔགས་རྒྱལ་པོ་མཆོག །དཔལ་ཆེན་གསུང་དང་མཚུངས་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཟབ་ཞི་སྤྲོས་བྲལ་བདེ་སྟོང་དབྱེར་མེད་དང་། །སྣང་སྲིད་འཁོར་འདས་ཆོས་ཉིད་རོལ་བར་རྫོགས། །དབྱིངས་དང་ཡེ་ཤེས་ཟུང་འཇུག་གཉིས་སུ་མེད། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཐུགས་ལ་བསྟོད། །དེ་ལྟར་སྐུ་གསུང་ཐུགས་ཀྱི་བྱེ་བྲག་དཔལ། །བདག་གི་གཡར་དམ་དཔལ་གྱི་ བསམ་ཡས་འདི། །སློབ་དཔོན་ཉིད་ཀྱིས་བྱིན་གྱིས་བརླབས་ནས་བཞེངས། །སྤྲུལ་པའི་སྐུ་དང་མཚུངས་ལ་མོས་བརྒྱུད་ནས། །ཞུ་ཞིང་སྙན་དུ་གསོལ་བར་མི་འོས་ཀྱང་། །བདག་ལ་ཐུགས་ཀྱིས་བརྩེ་བར་དགོངས་མཛོད་ལ། །ཚེ་གཅིག་སངས་རྒྱས་གསང་སྔགས་སྒྲུབ་ཐབས་རྣམས། །བདག་ལ་ཐུགས་རྗེས་དགོངས་ལ་གནང་བར་ཞུ། །ཞེས་གསོལ་ཕྱག་ནི་གྱང་འགྱེལ་བཞིན་དུ་འཚལ། །སྐབས་འགར་སློབ་དཔོན་འོད་ལུས་ཡིན་གསུངས་པར། །རྒྱལ་པོ་ཐེ་ཚོམ་སྐྱེས་པ་གུ་རུ་ཡིས། །མཁྱེེན་བཞིན་སློབ་དཔོན་ཞལ་ནས་མངའ་བདག་རྗེར། །བདག་གི་སྤྱི་བོར་ཁུ་ཚུར་སྣུན་དང་ནི། །གསུངས་ཚེ་རྒྱལ་པོས་དེ་འདྲ་མི་རུང་ངམ། །ཞུས་པས་སློབ་དཔོན་ཞལ་ནས་གསང་སྔགས་ལ། །བླ་མས་ཇི་ལྟར་བསྒོས་བཞིན་བྱེད་དགོས་ན། ཅིས་ཀྱང་དེ་ལྟར་བགྱིད་འཚལ་ནན་གསུངས་པས། །རྒྱལ་པོས་ཁུ་ཚུར་བསྣུན་པས་མ་ཐོགས་པར། །གདན་ཁར་ཕོག་པ་དེ་འདྲ་གསུམ་བྱས་པས། །ཐོགས་རྡུགས་བྲལ་བར་འོད་ལུས་ཡིན་པ་ལ། །ཡིད་ཆེས་བཤགས་པ་དག་ཀྱང་མང་དུ་བྱས། །དེ་ནས་སློབ་དཔོན་ཆེན་པོས་རྒྱལ་པོ་ལ། །སྨིན་བྱེད་དབང་བསྐུར་ཆེད་དུ་བཀའ་འདི་སྩལ། །ཨེ་མ་ཧོཿ ཆོས་སྐྱོང་རྒྱལ་པོ་བསྟན་པའི་མངའ་བདག་མཆོག །བདག་ནི་འཆི་མེད་ཚེ་ཡི་རིག་འཛིན་དང་། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས། །གསང་སྔགས་མཆོག་ལས་རིག་པའི་རྩལ་དབང་ཐོབ། །རྒྱལ་པོའི་ཐུགས་དགོངས་ཡོངས་སུ་རྫོགས་པར་གྱིས། །གསུངས་ནས་སྒྲ་བསྒྱུར་ཉེར་གཅིག་ཤེས་པ་ཡི། །བཱཻ་རོ་ཙ་ན་དང་ནི་དེ་བཞིན་དུ། །རྒྱ་བོད་གཉིས་ཀྱི་ཡིག་རིགས་ཉེར་གཅིག་གྲངས། །ཤེས་པའི་ལེགས་བྱིན་ཉི་མ་ཞེས་བྱ་དང་། །བྲི་མགྱོགས་ཕུལ་ཕྱིན་ལྡན་མ་རྩེ་མང་དང་། །ནམ་མཁའི་སྙིང་པོ་ཨ་ཙར་ཡེ་ཤེས་དབྱངས། །དེ་སོགས་ལོ་ཙ་རྣམས་ཀྱིས་ཡི་གེ་པ། །བྱས་ནས་ཨུ་རྒྱན་སྐད་དང་རྒྱ་གར་སྐད། །བོད་ཀྱི་སྐད་དུ་བསྒྱུར་ནས་གཏན་ལ་ཕབ། །རྩ་བའི་རྒྱུད་དགུ་དག་ལ་བརྟེན་ནས་སུ། །སྒྲུབ་ཆེན་བཀའ་བརྒྱད་སྒྲུབ་ཐབས་རྣམ་དགུ་མཛད། །དེ་ཡང་གཤིན་རྗེ་རོལ་པ་རྩ་རྒྱུད་དང་། །གཤིན་རྗེ་དམར་ནག་རྒྱུད་ལ་བརྟེན་ནས་སུ། །འཇམ་དཔལ་སྐུ་ཡི་སྒྲུབ་ཐབས་མ་ལུས་མཛད། །རྟ་མཆོག་རོལ་པ་རྩ་བའི་རྒྱུད་དང་ནི། །པདྨ་དབང་ཆེན་རྒྱུད་ལ་བརྟེན་ནས་སུ། པདྨ་གསུང་གི་སྒྲུབ་ཐབས་མ་ལུས་མཛད། །ཁྲག་འཐུང་གལ་པོ་དང་ནི་འཇིག་རྟེན་ལས། །འདས་པའི་མདོ་ལ་བརྟེན་ནས་ཡང་དག་གི། །སྒྲུབ་ཐབས་ཡོངས་སུ་རྫོགས་པར་མཛད་པ་འོ། །ཆེ་མཆོག་རོལ་པ་རྩ་བའི་རྒྱུད་དང་ནི། །བམ་པོ་བརྒྱད་ལ་བརྟེན་ནས་ར་ས་ཡ། །ཡོན་ཏན་སྒྲུབ་ཐབས་ཡོངས་སུ་རྫོགས་པ་མཛད། །ཕུར་པ་རོལ་པ་རྩ་བའི་རྒྱུད་དང་ནི། །ཀཱི་ལ་བཅུ་གཉིས་རྒྱུད་ལ་བརྟེན་ནས་སུ། །ཕུར་པ་ཕྲིན་ལས་སྒྲུབ་ཐབས་རྣམས་ཀྱང་མཛད། །མ་མོ་རོལ་པ་རྩ་བའི་རྒྱུད་དང་ནི། མ་མོ་འདུས་པའི་རྒྱུད་ལ་བརྟེན་ནས་སུ། །མ་མོ་རྦོད་གཏོང་སྒྲུབ་ཐབས་ཀུན་ཀྱང་མཛད། །རིག་འཛིན་རོལ་པ་རྩ་བའི་རྒྱུད་དང་ནི། །རིག་འཛིན་སྒྲུབ་པའི་རྒྱུད་ལ་བསྟེན་ནས་སུ། །བླ་མ་རིག་འཛིན་སྒྲུབ་ཐབས་བརྒྱ་རྩ་བརྒྱད། །མཛད་ཅིང་དྲེགས་པ་འདུལ་བའི་རྒྱུད་ལ་ནི། །བརྟེན་ནས་འཇིག་རྟེན་མཆོད་བསྟོད་སྒྲུབ་ཐབས་མཛད། །དྲག་པོ་སྔགས་ཀྱི་རྒྱུད་ལ་བརྟེན་ནས་སུ། །དམོད་པ་དྲག་སྔགས་སྤྱི་སྒྲུབ་སྒོས་སྒྲུབ་མཛད། །གཤིན་རྗེའི་འཁོར་ལོ་ཤེས་པར་དཀའ་བ་ལ། །འཔྲུལ་འཁོར་སྒྱུ་མ་ལྟ་བུའི་མན་ངག་མཛད། །ཕུར་པ་འགྲུབ་པར་དཀའ་བ་ལ་དགོངས་ནས། །བཞི་སྙིང་གཅིག་ཏུ་དྲིལ་བའི་སྒྲུབ་ཐབས་མཛད། །མ་མོ་གྲུབ་ཀྱང་ལས་ལ་བཀོལ་དཀའ་བས། །མ་མོ་འཁོར་ལོ་ཤི་ས་བསྟན་པ་མཛད། །ཕོ་རྒྱུད་བྲན་བཀོལ་འཁུ་ལྡོག་མི་འོང་ཕྱིར། །ཆིངས་དང་ལོག་ནོན་འཁོར་ལོ་ཞེས་པ་མཛད། །དེ་ལ་སློབ་དཔོན་ཆེན་པོས་སླར་ཡང་ནི། །ཤིན་ཏུ་ཟབ་པ་ཁྱད་པར་འཕགས་པ་ཡི། །བཀའ་བརྒྱད་ཡོངས་འདུས་བདེ་གཤེགས་འདུས་པ་མཛད། །དེ་ཡང་བདེ་གཤེགས་འདུས་པའི་རྩ་རྒྱུད་དང་། །ཕྱི་མ་མངོན་པར་བྱང་ཆུབ་རྒྱུད་དང་ནི། །ཕྱི་མའི་ཕྱི་མ་སྔགས་རྒྱུད་ཅེས་བྱ་དང་། །མ་ཚང་ཁ་སྐོང་འབྱེད་བྱེད་ལྡེ་མིག་རྒྱུད། །དེ་རྣམས་ལ་བརྟེན་སྒྲུབ་ཐབས་འདི་བཞིན་མཛད། །དང་པོ་དམ་པ་རིགས་བརྒྱའི་སྒྲུབ་ཐབས་དང་། །རིགས་ལྔ་རིགས་གཅིག་ཕྱག་རྒྱ་རྐྱང་སྒྲུབ་སོགས། །ཁྲོ་བོའི་དཀྱིལ་འཁོར་བདུན་བརྒྱ་ཉེར་ལྔའི་ལྷ། །དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་བསྐྱེད་དང་རྫོགས། །ཆེ་འབྲིང་ཆུང་གསུམ་སྔགས་སྒྲུབ་ནར་མ་སོགས། །མཛད་ནས་རྒྱལ་པོ་ཉིད་ཀྱི་གཙོར་བྱས་པའི། །རྗེ་འབངས་བརྒྱད་ཀྱིས་མཆིམས་ཕུའི་དབེན་གནས་སུ། །སྒྲུབ་ཆེན་བཀའ་བརྒྱད་དབང་བསྐུར་ཞུས་པའི་ཚེ། །སློབ་དཔོན་ཆེན་པོས་ཞི་ཁྲོའི་དལ་བཀྲམ་སྟེ། །དབང་སྒྲུབ་མཛད་ཅིང་ཞི་བའི་དཀྱིལ་འཁོར་དུ། །ཐུན་མོང་སྤྱི་ཡི་དབང་རྣམས་རྫོགས་པར་བསྐུར། །དེ་ནས་ཁྲོ་བོའི་དལ་དུ་འཇུག་པའི་ཚེ། །རྗེ་འབངས་བརྒྱད་ཀྱིས་གསེར་སྲང་རེ་རེ་ཡི། །མེ་ཏོག་དོར་ཚེ་དཀྱིལ་འཁོར་གང་བབས་དང་། །བསྟུན་ཏེ་ཆོས་ཀྱང་དེ་ལྟར་གནང་བ་ལ། །རྒྱལ་པོའི་མེ་ཏོག་དལ་དབུས་ཆེ་མཆོག་ལ། །བབས་པས་བདེ་གཤེགས་འདུས་རྒྱུད་སྒྲུབ་ཐབས་གནང་། །ནམ་སྙིང་མེ་ཏོག་ཡང་དག་དལ་བབས་པས། །ཡང་དག་ཐུགས་ཀྱི་རྒྱུད་དང་སྒྲུབ་ཐབས་གནང་། །སངས་རྒྱས་ཡེ་ཤེས་མེ་ཏོག་འཇམ་དཔལ་ལ། །བབས་པས་འཇམ་དཔལ་རྒྱུད་དང་སྒྲུབ་ཐབས་རྣམས། །རྒྱལ་བ་མཆོག་དབྱངས་མེ་ཏོག་དབང་ཆེན་ལ། །བབས་པས་དབང་ཆེན་རྒྱུད་དང་སྒྲུབ་ཐབས་གནང་། །མཚོ་རྒྱལ་མེ་ཏོག་ཕུར་པའི་དལ་བབས་པས། །ཕུར་པ་ཕྲིན་ལས་རྒྱུད་དང་སྒྲུབ་ཐབས་གནང་། །དཔལ་གྱི་ཡེ་ཤེས་མེ་ཏོག་མ་མོ་ལ། །བབས་པས་མ་མོ་རྦོད་གཏོང་སྒྲུབ་ཐབས་གནང་། །ཛྙཱ་ན་ཀུ་མའི་མེ་ཏོག་རིག་འཛིན་གྱི། །དལ་ལ་བབས་པས་དེ་ཡི་རྒྱུད་དང་ནི། །སྒྲུབ་ཐབས་དང་བཅས་གནང་ནས་སྨིན་པར་བྱས། །དཔལ་སེང་མེ་ཏོག་དྲེགས་འདུལ་དལ་བབས་པས། །འཇིག་རྟེན་མཆོད་བསྟོད་རྒྱུད་དང་སྒྲུབ་ཐབས་གནང་། །བཱཻ་རོའི་མེ་ཏོག་སྟོབས་ལྡན་ནག་པོ་ལ། །བབས་པས་དམོད་པ་དྲག་སྔགས་སྒྲུབ་ཐབས་གནང་། །དེ་བཞིན་དབང་དང་གདམས་པ་ཀུན་གནང་ནས། །རྗེ་འབངས་བརྒྱད་པོ་སྨིན་ཅིང་གྲོལ་བར་མཛད། །དེ་ནས་རྗེ་འབངས་སྒྲུབ་པ་སོ་སོ་རུ། །མཛད་པས་མངའ་བདག་ལྔ་བཅུ་རྩ་དྲུག་གི །ལོ་ཀག་བཟློག་ནས་བགྲང་བྱ་བཅུ་གསུམ་བསྲིངས། །ཕུང་པོ་ལྷ་ཡི་སྐུ་རུ་གནས་གྱུར་ནས། །སངས་རྒྱས་ཞིང་རྣམས་བགྲོད་པའི་ནུས་མཐུ་ཐོབ། །ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། །སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་པ་བཏབ། །རྒྱལ་བ་མཆོག་དབྱངས་གཙུག་ནས་རྟ་སྐད་ཐོན། །ཇོ་མོ་མཚོ་རྒྱལ་བསད་པ་གསོ་བར་ནུས། །དཔལ་གྱི་ཡེ་ཤེས་མཁའ་འགྲོས་ཞལ་གཟིགས་ཤིང་། །འཇིག་རྟེན་མ་མོ་ལས་ལ་འགྱེད་པར་བྱུང་། །ཛྙཱ་ན་ཀུ་མས་བྲག་ལས་བདུད་རྩི་འབྱིན། །དཔལ་གྱི་སེང་གེས་ལྷ་སྲིན་དབང་དུ་བསྡུས། །བཱཻ་རོ་ཙཱ་ནས་དྲེགས་ཚོགས་བྲན་དུ་བཀོལ། །མངའ་བདག་རྒྱལ་པོ་གཡོ་མེད་ཏིང་འཛིན་གྲུབ། །གཡུ་སྒྲ་སྙིང་པོ་རྟོགས་པ་མཆོག་དང་ལྡན། །རྡོ་རྗེ་བདུད་འཇོམས་མཁའ་ལ་རླུང་ལྟར་འཕྱོ། །སྦ་མི་ཡེ་ཤེས་དབྱིངས་ཀྱི་མཁའ་སྤྱོད་གྲུབ། །སོག་པོ་ལྷ་དཔལ་གཅན་གཟན་གཉའ་བར་འཛིན། །ལྡན་མ་རྩེ་མང་མི་བརྗེད་གཟུངས་ཀྱང་ཐོབ། །ཀ་བ་དཔལ་བརྩེགས་མངོན་ཤེས་ཐོགས་པ་མེད། །དཔལ་གྱི་སེང་གེས་གཙང་པོ་གྱེན་དུ་བཟློག །རྒྱལ་བའི་བློན་པོ་རོ་ལངས་གསེར་དུ་བསྒྱུར། །ཁྱེའུ་ཆུང་ལོ་ཙས་ནམ་མཁའི་མཁའ་ལྡིང་འཛིན། །དྲན་པ་ནམ་མཁས་གཡག་རྒོད་མངོན་དུ་ཁུག །རྨ་བན་རིན་ཆེན་ཕ་བོང་ཟན་ལྟར་གསོལ། །སྣ་ནམ་ཡེ་ཤེས་ནམ་མཁར་བྱ་བཞིན་འཕུར། །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཕྱོཿ དཔལ་གྱི་རྡོ་རྗེ་བྲག་རིར་ཐོགས་མེད་རྒྱུ། །དཀོན་མཆོག་འབྱུང་གནས་ཐོག་ཆེན་མདའ་ལྟར་འཕེན། །རྒྱལ་བ་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་བཅས། །དེ་སོགས་སོ་སོས་གྲུབ་རྟགས་མང་དུ་བསྟན། །སྐབས་འདིར་ལྷ་ལྕམ་པདྨ་གསལ་ཞེས་པ། །ཚེ་དུས་བྱས་པས་སློབ་དཔོན་ཆེན་པོ་ཡིས། །རོ་ལ་རྣམ་ཤེས་བཀུག་པས་སྨྲ་ཤེས་པ། །བྱུང་བར་དབང་བསྐུར་སྨོན་ལམ་གཏད་རྒྱ་སོགས། །མང་དུ་བྱས་ཤིང་འབྱུང་འགྱུར་དུས་ཀྱི་ཚེ། །ལས་འབྲེལ་རྩལ་དང་དྲི་མེད་འོད་ཟེར་དང་། །པདྨ་གླིང་པ་སོགས་སུ་ལུང་བསྟན་ཅིང་། །འགྲོ་དོན་སྟོབས་ཆེན་འོང་བར་བྱིན་བརླབས་མཛད། །གཞན་ཡང་རྒྱལ་པོར་མ་འོངས་ལུང་བསྟན་རིགས། །མང་དུ་གསུངས་ཤིང་མཐའ་དམག་བཟློག་ཐབས་དང་། །བོད་ལ་ཕན་པའི་མན་ངག་མང་པོ་གནང་། །དེ་ནས་མངའ་བདག་རྒྱལ་པོའི་ཐུགས་དགོངས་ལ། །ལྔ་བརྒྱ་སྙིགས་མའི་དུས་ལ་བབ་པའི་ཚེ། །ང་ཡི་གཙུག་ལག་ཁང་འདི་སྐྱོང་ཐུབ་པའི། །སྲུང་མ་མཐུ་སྟོབས་ཅན་ཞིག་དགོས་སྙམ་ནས། །སློབ་དཔོན་དྲུང་དུ་ཚོགས་འཁོར་རྒྱ་ཆེན་པོ། །བསྐོར་ནས་དགོས་ཆེད་འདི་རྣམས་ཞུ་བ་ཕུལ། །ཨེ་མ་ཧོ། །གུ་རུ་བཀའ་དྲིན་ཅན། །ལྔ་བརྒྱ་ཐ་མའི་དུས་སུ་ནི། །བདག་བཞིན་བསོད་ནམས་མི་འབྱུང་ཞིང་། །བློན་རྣམས་ཆོས་ལ་གནག་སྐྱོན་གྱིས། །བོད་ཁམས་སིལ་བུར་འགྲོ་འམ་སྙམ། །དེ་ཕྱིར་ཆོས་འཁོར་གསུམ་དང་མཐའ་འདུལ་སོགས། །གཙུག་ལག་ཁང་གི་སྲུང་མ་གང་ལ་བགྱིད། །བསྟན་སྲུང་སྲོག་སེར་གཏད་གསུམ་ལ་སོགས་པ། །མཐུ་དང་ངན་སྔགས་ཚོགས་རྣམས་གང་ཟབ་རིགས། །སློབ་དཔོན་ཐུགས་རྗེས་དགོངས་ཏེ་གནང་བར་ཞུ། །ཞུས་པས་སློབ་དཔོན་ཞལ་ནས་སྙིགས་དུས་སུ། །དཀོར་སྲུང་ཆོས་སྐྱོང་དང་ནི་ངན་སྔགས་རིགས། །དགོས་ཞེས་ཞུ་བ་ཤིན་ཏུ་ནས་ཀྱང་ལེགས། །མངའ་བདག་ཆེན་པོས་དཀོར་སྲུང་གང་ལ་མོས། །ཇི་བཞིན་གསུང་དང་ང་ཡིས་བཀས་བསྐོས་ནས། །གཙུག་ལག་ཁང་དང་དཀོར་སྲུང་ཆེད་དུ་ནི། །བཞག་གོ་གསུངས་ཚེ་རྒྱལ་པོའི་ཞལ་ན་རེ། །སྤྱིར་ཡང་བོད་འདིར་ཀླུ་ཉིད་དབང་ཆེ་ཞིང་། །ཁྱད་པར་བདག་དང་གྲོགས་པོ་ཡིན་པའི་ཕྱིར། །ཀླུ་ཉིད་དཀོར་གྱི་སྲུང་མར་བཞག་ཆོག་གམ། །ཞུས་བཞིན་སློབ་དཔོན་མཆོད་ཡོན་རྗེ་འབངས་ཚོགས། །མ་དྲོས་གཟི་ཅན་མཚོ་ཡི་འགྲམ་བྱོན་ཏེ། །ཆུ་གཏོར་གཟི་ཡི་ཕོར་པ་གང་བཤམས་ནས། །སློབ་དཔོན་ཀླུ་འདུལ་དབང་སྡུད་ཏིང་འཛིན་ལ། བཞུགས་ནས་ཞབས་གཡོན་མཐེ་བོང་མཚོར་བཅུག་བཞིན། །ལྕགས་ཀྱུའི་ཕྱག་རྒྱ་མཛད་པས་ཀླུ་དགུག་ཚིག །ནཱ་ག་ར་ཛ་ཨང་གུ་ཤ་ཛ་ཞེས། །བརྗོད་པའི་མོད་ལ་མཚོ་དེ་འཕྱུར་བྱུང་བའི། །ནང་ནས་དེར་གནས་ཀླུ་རྒྱལ་གཙོ་འཁོར་བཅས། །མགོ་མཇུག་བཟློག་སྟེ་མཚོ་སྟེང་ལྷགས་པ་ལ། །སློབ་དཔོན་ཞལ་ནས་ཁྱེད་རྣམས་མ་གུས་བཞིན། །འདི་རུ་འོངས་པའི་རྒྱུ་མཚན་ཅི་འདྲ་ཡིན། །གསུངས་པས་ཀླུ་ཡི་རྒྱལ་པོའི་མཆིད་ན་རེ། །བདག་ཅག་མ་གུས་པ་ནི་མ་ལགས་ཏེ། །ཚུལ་བཞིན་འོང་ན་མཐོང་རེག་ཁ་རླངས་སོགས། །དུག་ཡོད་ཕྱིར་ན་འཁོར་ལ་གནོད་གྱུར་ན། །སློབ་དཔོན་ཆེན་པོའི་མཐུ་སྟོབས་ནུས་པ་ཡིས། །ཀླུ་ཡི་གྲོང་ཁྱེར་གཞོམ་ལ་སྐྲགས་གྱུར་ནས། །མགོ་མཇུག་བཟློག་ནས་འོང་ལས་བྱ་ཐབས་གཞན། །མ་རྙེད་པ་ཡིན་ཟེར་བར་སློབ་དཔོན་གྱིས། །འོ་ན་བསམ་ཡས་དཀོར་སྲུང་བྱེད་རུང་ངམ། །གསུངས་པར་ཀླུ་ཡི་རྒྱལ་པོས་འདི་སྐད་ཟེར། །དེ་ལྟར་བྱས་ན་ལྔ་བརྒྱའི་ཐ་མ་ལ། །མི་རྣམས་དབུལ་ཞིང་ཕོངས་པས་བཟའ་བཏུང་ཆེད། །ས་གཉན་རྐོ་ཞིང་རྡོ་གཉན་སློག་པ་དང་། །ཤིང་གཉན་གཅོད་ཅིང་ཀླུ་ཡི་རྒྱལ་པོ་ཡིས། །སློབ་དཔོན་བཀའ་ལས་འདའ་བར་མི་ཕོད་ཀྱང་། །འཁོར་གྱི་ཀླུ་རྣམས་གདུག་རྩུབ་ཆེ་བའི་ཕྱིར། །མི་རྣམས་ཀུན་ལ་གནོད་པ་བྱེད་པར་འགྱུར། །ཞེས་ཞུས་ལན་དུ་བཙན་པོའི་ཞལ་ན་རེ། །དཀོར་སྲུང་བྱེད་པ་ཁས་བླང་མ་བཏུབ་ན། །ང་ཡི་དཀོར་མཛོད་སྟོང་པར་གྱུར་པའི་ཤུལ། །ཀླུ་ལ་ནོར་གཏེར་འཛད་མེད་ཡོད་པའི་ཕྱིར། །ནོར་གྱི་དངོས་གྲུབ་ཅིས་ཀྱང་ཞུ་དགོས་གསུངས། །སློབ་དཔོན་ཞལ་ནས་ཀླུ་ཡི་རྒྱལ་པོ་ལ། །ཁྱོད་ཀྱིས་དཀོར་སྲུང་བྱེད་པར་མི་འདོད་ན། །མངའ་བདག་དཀོར་མཛོད་ནོར་གྱིས་ཁོངས་ཤིག་གསུངས། །དེའི་ལན་ཀླུ་ཡི་རྒྱལ་པོས་འདི་སྐད་ཞུས། །སློབ་དཔོན་དང་ནི་རྒྱལ་པོར་ནོར་འབུལ་ན། །ཞག་བདུན་ནང་ནས་མཛོད་རྣམས་ཁ་ཕྱེས་ལ། །སྒྲ་སྐད་རྣམ་པ་སྣ་ཚོགས་ཅི་གྲགས་ཀྱང་། །ཕྱི་རུ་མ་ལྟ་ཟེར་ནས་དོང་སོང་བར། །སློབ་དཔོན་མཆོད་ཡོན་འཁོར་བཅས་ཕྱིར་བྱོན་ནས། །ཞག་བདུན་ནངས་པར་དཀོར་མཛོད་ཁ་ཕྱེས་བཞག །དང་པོ་ན་བུན་འཐིབས་པས་བསམ་ཡས་གང་། །སྒྲ་སྐད་འུར་ཆོམ་དཔག་མེད་བྱུང་བཞིན་དུ། །གཙུག་ལག་ཁང་རྣམས་འདར་བར་གྱུར་པ་ལ། །རྒྱལ་པོས་ཐེ་ཚོམ་ཟོས་ནས་མི་གཅིག་ལ། །བལྟ་རུ་བཅུག་པས་བསམ་ཡས་ཉེ་འཁོར་རྣམས། །སྦྲུལ་གྱི་ལྟེམས་གྱིས་གང་བར་འདུག་མཐོང་པས། །ཁ་ནས་ཁྲག་ལུད་འཕྲལ་དུ་ཤི་བར་གྱུར། །དེ་ཚེ་སྒྲ་ཆད་ན་བུན་ཡལ་འཕྲལ་དུ། །གུ་རུས་རྒྱལ་པོར་དཀོར་མཛོད་གཟིགས་གསུངས་བཞིན། །རིན་ཆེན་དཀོར་མཛོད་བརྒྱ་དང་བརྒྱད་ཡོད་པ། །རྣམ་དཀར་སྒྲུབ་ཆེད་ཐམས་ཅད་སྟོང་པའི་ཤུལ། །སྔོན་བཞིན་གང་ནས་རྒྱལ་པོ་དགྱེས་གྱུར་ཅིང་། །ཨེ་མ་ཧོ། ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་བའི་གནས། །གདུལ་བྱར་གྱུར་པའི་འགྲོ་བ་སེམས་ཅན་རྣམས། །དབུལ་ཞིང་ཕོངས་པའི་སྡུག་བསྔལ་ལས་གྲོལ་མཛད། །སྤྲུལ་སྐུ་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །དེ་ནས་མངའ་བདག་རྒྱལ་པོས་སློབ་དཔོན་ལ། །ང་ཡི་ཐུགས་དམ་དཔལ་གྱི་བསམ་ཡས་སོགས། །གཙུག་ལག་རྣམ་ཀྱི་སྲུང་མ་གང་ལ་བགྱིད། །ཀུན་མཁྱེན་གུ་རུ་བདག་ལ་གསུང་བར་ཞུ། །ཞེས་ཞུས་ལན་དུ་གུ་རུས་བཀའ་བསྩལ་པ། ཨེ་མ་མངའ་བདག་རྒྱལ་པོ་ཆེན་པོ་ལགས། །དུས་ནི་ལོ་རེ་བཞིན་དུ་ཇེ་ངན་འགྲོ། །དཔལ་གྱི་བསམ་ཡས་བྱེ་མས་འཇིག་པ་དང་། །རྒྱལ་པོ་ཕལ་གྱི་སྙིང་ལ་བདུད་ཞུགས་ནས། །ནང་འཐབ་དང་ནི་དམེ་འཁྲུག་སྤེལ་བར་བྱེད། །གཙུག་ལག་ཁང་དུ་འཐབ་ར་བྱེད་པ་དང་། །སྒྱོགས་དང་མེ་རྡོ་སོགས་ཀྱིས་འཇིག་པར་བྱེད། །དབུས་དང་རུ་བཞི་མཐའ་འདུལ་དཀོར་རྣམས་ནི། །མི་ནག་སྐྱེ་བོ་རྣམས་ཀྱིས་སྤྱོད་པརའགྱུར། །ཆོས་འཁོར་ནང་དུ་མདའ་ཕུབ་འདོན་པར་བྱེད། །ཆོས་བྱེད་ལ་ལས་བསྟན་པ་འཇིག་པར་བྱེད། །སྔགས་པ་གྲིར་གསོད་རྒྱལ་པོས་ཁྲིམས་མི་བསྲུང་། །ཆོས་གོས་འོག་ཏུ་གྲི་འཇུག་ཆེ་བཙན་འགའ། །དུག་གིས་གསོད་ཅིང་སྐྱེ་བོ་ནང་འཐབ་བྱེད། །སྔགས་པ་ནང་འཐབ་ཕན་ཚུན་མཐུ་འགྲན་བྱེད། །གོལ་ས་ཐོ་འཚམས་བྱེད་ཅིང་སོ་ཁ་ཤོར། །ཕ་སྤུན་ནང་དམེ་བྱེད་ཅིང་མཚོན་ཆ་དར། །ཆོས་བྱེད་མི་བསྙེན་ཟོག་པོ་བསླུ་མཁན་བསྐོར། །གོས་ངན་ཁྱི་ཐུལ་རྩིད་ཞྭ་གྱོན་བྱེད་ཅིང་། །མཚོན་དུ་དབྱུག་ཐོགས་ཆོས་ངན་ཆད་ལྟ་བསྔགས། །ཆང་གྲལ་ཆོས་ལྟར་བཅོས་པའི་གཏམ་མང་ཟློ། །དེ་རྣམས་བསྟན་པ་འཇིག་པའི་སྔ་ལྟས་ཡིན། །དེ་ཚེ་གཙུག་ལག་ཁང་གི་དཀོར་སྲུང་ལ། །དགྲ་ལྷའི་རྒྱལ་པོ་པེ་ཀར་མཆོག་ཏུ་གཙོ། །ཞེས་གསུངས་ཇི་བཞིན་བོད་ཀྱི་དམག་མི་ཡིས། །ཧོར་གྱི་སྒོམ་གྲྭ་བཅོམ་ནས་ནོར་རྫས་ཚོགས། །གོང་གསལ་ཇི་བཞིན་ལྷག་མེད་ཁྱེར་འོངས་པའི། །རྗེས་སུ་འབྲངས་པའི་རྒྱལ་ཆེན་སྐུ་ལྔ་པོ། །གནོད་སྦྱིན་ཆེན་པོ་ཙིའུ་དམར་དང་བཅས་པ། འཁོར་དང་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་བཅས། །དབང་བསྡུས་ཟིལ་མནན་དམ་འོག་བཅུག་ནས་ཀྱང་། པེ་ཀར་གླིང་དུ་ཕྱི་ནང་གསང་རྟེན་ཚོགས། །བཙུགས་ཏེ་དཔལ་གྱི་བསམ་ཡས་ལ་སོགས་པའི། །གཙུག་ལག་ཁང་རྣམས་ཡོངས་ཀྱི་སྲུང་མར་བསྐོས། །དེ་ནས་སློབ་དཔོན་ཆེན་པོ་པད་འབྱུང་དང་། །བཱཻ་རོ་ཙ་ན་ནམ་མཁའི་སྙིང་པོ་དང་། །ཡེ་ཤེས་དབྱངས་ལ་སོགས་པའི་སྟོན་འཁོར་གྱིས། །བསྟན་པ་སྲུང་ཐབས་མན་ངག་འདི་བཞིན་ཏེ། །སྡེ་བརྒྱད་སྒྲུབ་ཐབས་སྤྱི་དང་བྱེ་བྲག་ཏུ། །གིང་བདུད་བཙན་དང་སྲོག་གཅོད་ཤན་པ་དང་། །མ་གཟའ་ཀླུ་ལ་སོགས་པའི་རྒྱུད་དང་ནི། །སྒྲུབ་ཐབས་མཛད་ཅིང་ཁྱད་པར་བསྟན་སྲུང་མཆོག །དཔལ་མགོན་དང་ནི་དཔལ་ལྡན་ལྷ་མོ་དང་། །སྔགས་སྲུང་མཐིང་ནག་ལ་སོགས་དྲེགས་ཚོགས་ཀྱི། །རྒྱུད་དང་སྒྲུབ་ཐབས་བསམ་ལས་འདས་པ་བསྒྱུར། །ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱི་སྣ་འདྲེན་མཆོག །རྒྱལ་ཆེན་པེ་ཀར་གིང་ཆེན་སྲོག་བདག་དང་། །གཙང་བཙན་རྡོ་རྗེ་ལེགས་པ་གསུམ་ཡིན་པས། །རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་བསྒྱུར། །ས་བླར་དབང་བྱེད་གཟའ་གདོང་དམར་ནག་ལ། །བརྟེན་པའི་ཐོག་སེར་དབབ་ཐབས་མང་པོ་དང་། །ས་འོག་དབང་བྱེད་ཀླུ་བདུད་གཙོ་འཁོར་ལ། །བརྟེན་ནས་མཛེ་ནད་གཏོང་ཐབས་དུ་མ་སོགས། །དྲག་སྔགས་ངན་སྔགས་ཚད་ལས་འདས་པ་བསྒྱུར། །དེ་ནས་བསྟན་སྲུང་དེ་དག་ཐམས་ཅད་ཀུན། །རྒྱལ་པོར་གཏད་པས་པཎ་གྲུབ་ལོ་ཙ་ཀུན། །བོད་རྗེ་རྒྱལ་པོ་ཁྲི་སྲོང་སྡེའུ་བཙན་ལ། །མཆོད་གནས་ཀུན་གྱི་ཐུགས་ཀྱི་བདུད་རྩི་ཡི། །ཐིགས་པ་བབས་པ་གཏད་དོ་གཉེར་དུ་གཏད། །ཆོངས་ཤིག་ཐུགས་ཀྱི་དཀྱིལ་ནས་འདོར་མེད་གཅེས། །སྤེལ་ཡུལ་སྣོད་དང་ལྡན་ན་རབ་ཡིན་ཏེ། །སྙིང་རྗེ་ཚེ་ལྡན་འབྲིང་ཡིན་ཐ་ན་ཡང་། །ཟང་ཟིང་འབུལ་བ་འཕང་མེད་བྱེད་སྦྱིན་དང་། །འདི་གསུམ་དག་དང་མི་ལྡན་འཆོལ་གྱུར་ན། །སྔགས་བདག་ཕོ་མོས་ཆད་པ་གཅོད་པར་བྱེད། །རྒྱལ་པོ་ཁྱོད་ཀྱི་སྐུ་ཚེ་བར་ཆོད་དང་། །ཕྱི་མ་ངན་སོང་གནས་སུ་ལྟུང་སྲིད་པས། །བླང་དོར་འཛོལ་མེད་སྲོག་ལྟར་བསྲུང་བ་གཅེས། །ཞེས་གསུངས་མོད་ལ་རྒྱལ་པོར་གཉེན་གཏད་པས། །མདའ་བདག་རབ་ཏུ་དགྱེས་ཏེ་ཤུགས་ལྡན་མཆོག །མཚལ་ལུ་བྱ་གདོང་ཞེས་པས་སྣ་དྲངས་ཏེ། འོག་རྟ་དྲུག་བཅས་གསེར་སྲབ་གཡུ་མཐུར་དང་། སེང་ལྡེང་སྒ་བཀྲ་ཟ་འོག་སྟན་ཆས་བཅས། །གསེར་ཕྱེ་བྲེ་དྲུག་རྗེ་ཡི་མགུལ་གཡུ་ཡང་། །མཚོ་རོལ་འོད་འབར་དང་བཅས་སློབ་དཔོན་ལ། །ཕུལ་ནས་ཕྱག་དང་བསྐོར་བས་བསྙེན་བཀུར་ཚེ། །གུ་རུའི་ཞལ་ནས་རྒྱལ་པོར་འདི་སྐད་གསུངས། །སྒྱུ་མའི་ནོར་ལ་སེར་སྣ་བསྐྱུངས་ནས་སུ། །འཕང་མེད་སེམས་ཀྱིས་ཕུལ་བ་ངོ་མཚར་ཆེ། །ཞེས་གསུངས་དགྱེས་པའི་རྣམ་འགྱུར་བསྟན་པ་ལ། །རྒྱལ་པོའི་ཐུགས་ལ་མ་ཧཱ་གུ་རུ་ཉིད། །གྲུབ་ཐོབ་ཡིན་ཡང་ལྷོ་བལ་ནས་བྱོན་པས། །ནོར་དད་ཆེ་འམ་སྙམས་ཚེ་སློབ་དཔོན་གྱིས། །མཁྱེན་ནས་རྗེ་ལ་ཐུ་བ་ཟེད་དང་གསུངས། །བྱེ་མ་བྲེ་གསུམ་དང་ནི་རྡེལ་བུ་ཡང་། །བྲེ་གང་རྒྱལ་པོའི་ཐུ་བར་བླུགས་ནས་སུ། །རེ་ཞིག་ཟུངས་དང་གསུངས་པས་རྒྱལ་པོ་ཡིས། །མ་ཐུབ་ཚུལ་གྱིས་ཐུ་བ་ཤོར་བ་ལ། །བྱེ་མ་གསེར་དང་རྡེལ་བུ་གཡུར་སོང་བས། །སློབ་དཔོན་ཞལ་ནས་རྗེ་ཡི་སྒྲིབ་སྦྱོང་དང་། །བསོད་ནམས་བསགས་ཕྱིར་རེ་ཞིག་བླངས་པ་ལས། །ང་ཡི་སྣང་བ་ཐམས་ཅད་གསེར་དུ་ཡོད། །ང་ལ་ནོར་གྱི་དགོས་པ་མེད་གྱུར་ན། །མི་རྗེས་ཅི་དགར་སྤྱོད་ཅེས་ཕྱིར་གཏད་པས། །རྗེ་ཉིད་རབ་ཏུ་གནོང་ཞིང་འགྱོད་བཞིན་དུ། །དུས་གསུམ་ཀུན་མཁྱེེན་སློབ་དཔོན་ཆེན་པོ་ལགས། །བདག་ནི་མཐའ་འཁོབ་པྲེ་ཏ་བོད་ཡུལ་གྱི། །རྒྱལ་པོར་སོང་བས་ལས་སྒྲིབ་ཆེ་སྐྱོན་གྱིས། །ཐེ་ཚོམ་ཟོས་པས་གནོང་འགྱོད་མཐོལ་བཤགས་ན། །ཐུགས་རྗེས་ཟུངས་ཤིག་བཀའ་དྲིན་འཁོར་མེད་རྗེ། །དམ་ཚིག་ཉམས་ཆགས་སྐོང་དང་གསོ་ཐབས་ཞིག་ ཅེས་ཞུས་ལུས་པོ་སར་བརྡབས་ཕྱག་འཚལ་ཞིང་། །སྤྱན་ཆབ་བཏོན་པར་སློབ་དཔོན་ཞལ་ན་རེ། །རྒྱལ་པོ་སེམས་ཅན་ལགས་པས་ནོར་འཁྲུལ་གྱི། །རྟོག་པ་བྱུང་ཡང་དམ་ཚིག་ཉམས་རྒྱུ་མེད། །ངེད་ཅག་རྣལ་འབྱོར་ཡིན་པས་མི་དགའི་བློ། །མེད་ཕྱིར་རྒྱལ་པོ་ཉིད་ཀྱང་བཤགས་པའི་མཆོག །ལྟ་བ་དང་ནི་སྒོམ་པར་དྲིལ་གྱིས་ལ། །སེམས་ལ་རྟོག་པའི་དྲི་མ་མེད་པ་གཅེས། མི་དགེ་བཅུ་སྤོངས་དགེ་བཅུ་སྒྲུབ་པ་དང་། །རྒྱལ་ཁྲིམས་ཆོས་བཞིན་སྐྱོངས་ལ་སྡིག་བློན་གྱིས། །བསྒྱུར་ཁར་མ་ཉན་ཐེ་ཚོམ་སྤོང་བ་གཅེས། །ཞེས་གསུངས་དམ་ཚིག་ཁྲུས་ཀྱི་ལུང་ཡང་བྱས། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་པ་དང་། །དེ་བཞིན་གཤེགས་པ་གསུམ་གྱི་ཡིག་བརྒྱ་ཡང་། །སྒྲུབ་ཐབས་དམ་ཚིག་སྐོང་བཤགས་དང་བཅས་གནང་། །དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མངའ་བདག་རྒྱལ་པོ་ཉིད་ལ་བཀའ་བསྩལ་པ། །བདག་འདྲ་པདྨ་འབྱུང་གནས་བཱཻ་རོ་དང་། །ནམ་སྙིང་ཨ་ཙར་ཡེ་ཤེས་དབྱངས་སོགས་ཀྱིས། །ཆོས་དང་སྲིད་ཀྱི་བསྟན་ལ་ཕན་པའི་ཕྱིར། །ངན་སྔགས་གདམས་པ་མང་པོ་བསྒྱུར་བ་ཡང་། །ཨོ་རྒྱན་སྐད་དང་རྒྱ་གར་སེང་ག་ལ། །མེ་རུ་རྩེ་དང་བལ་པོ་ཟ་ཧོར་དང་། །ཧ་ཤང་ཟངས་གླིང་གསེར་གླིང་བེ་ཏའི་སྐད། ཁ་ཆེ་དང་ནི་མཁའ་འགྲོའི་བརྡ་སྐད་དང་། །གནོད་སྦྱིན་སྐད་དང་ཤ་ཟ་འདྲེ་སྐད་རྣམས། །འཕྲུལ་འཁོར་སྒྲ་རུ་བསྡེབས་ནས་བསྒྱུར་བ་ཡིན། །ཚེ་གཅིག་སངས་རྒྱས་ཐེབ་ངེས་དམ་ཆོས་རྣམས། །མངའ་བདག་རྒྱལ་པོའི་དོན་དུ་བསྒྱུར་ཟིན་ཡང་། །རྗེ་ཉིད་གཡེང་བ་ཆེ་བས་སྒྲུབ་དཀའི་ཕྱིར། །སྐྱེ་བ་བཅུ་བདུན་བརྒྱུད་པའི་ཐ་མ་ལ། །ལས་ཀྱི་འཕྲོ་བཞག་མངའ་བདག་རྒྱལ་པོ་དང་། །འཕྲད་པའི་སྨོན་ལམ་བཏབ་ནས་གཏེར་དུ་སྦ། །སྦས་པའི་གཏེར་རྣམས་སྐལ་ལྡན་ལས་འཕྲོ་ཅན། །འགའ་དང་འགའ་ལ་སྣང་བཞིན་འགྲོ་དོན་སྤྱོད། །དེ་ཡང་གླང་ལུག་ཁྱི་འབྲུག་གཤེད་བཞིའི་ལོ། །བྱ་སྤྲེལ་དབང་གི་ལོ་པ་རྣམས་ལ་ནི། །ལས་ཀྱི་འཕྲོ་ཡོད་གཞན་ལ་དེ་ལྟར་མིན། །ད་ལྟ་རྒྱལ་ཁྲིམས་གཉན་པས་སྐྱོན་མེད་ཀྱང་། །དུས་ངན་འབྱུང་ཚེ་དགོས་པས་གཏེར་དུ་སྦ། །དེ་ཡང་གཏེར་རྣམས་ཇི་ལྟར་སྦས་ཚུལ་ནི། །ཡ་ཐོག་རིང་མོ་མ་ཐོག་རིང་མོ་དང་། །ཁུགས་པ་བཅོ་བརྒྱད་སྐྱོ་ཤས་ཅན་ལ་གཟིགས། །ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་གཏེར། །གཏེར་གྱི་རྩ་བ་མ་འཕྱུག་བཞིར་བསྡུས་ཏེ། །མེས་གཏེར་ཕ་གཏེར་དབོན་གཏེར་ཡང་གཏེར་བཞི། །བཞི་པོ་རེ་རེར་བཅོ་བརྒྱད་བཅོ་བརྒྱད་བསྡུས། །བཅོ་བརྒྱད་རེ་རེར་ཕུན་ཚོགས་ལྔ་ལྔས་བསྟན། །གཏེར་རྒྱ་སྦ་རྒྱ་ཟབ་རྒྱ་གསང་རྒྱ་གཏད་རྒྱའོ། །གཏེར་རྒྱ་གཏེར་སྟོན་ཕུན་སུམ་ཚོགས་པ་ནི། །ཆེ་བའི་ཡོན་ཏན་བཅུ་དང་ལྡན་པ་སྟེ། །རིགས་ཀྱི་ཆེ་བ་རྒྱལ་རིགས་རྗེ་རུ་འཁྲུངས། །སྐུ་ཡི་ཆེ་བ་མཚན་དང་དཔེ་བྱད་ལྡན། །ཡོན་ཏན་ཆེ་བ་ཤེས་བྱ་ཐམས་ཅད་མཁྱེན། །བསམ་པས་ཆེ་བ་ཚིག་རྗེས་དོན་གྱིས་གསོབ། །སྒོམ་པས་ཆེ་བ་རྟོགས་པའི་ལྟ་བ་མཐོང་། །སྤོབས་པ་ཆེ་བས་གཞན་དག་ཟིལ་གྱིས་གནོན། །རྩོད་བློ་ཆེ་བས་རྒོལ་བའི་ཚོགས་ཀུན་འཇོམས། །འཛིན་བློ་ཆེ་བས་ཆོས་དང་ཆོས་མིན་འབྱེད། །བསྲན་ཐུབ་རྒྱུད་དུལ་ཆེ་བས་ཕུན་སུམ་ཚོགས། །སྦ་རྒྱ་དམ་ཆོས་ཕུན་སུམ་ཚོགས་པ་ནི། རྒྱལ་བའི་བཀས་གནང་འཕགས་པའི་ལུང་གིས་གྲུབ། །རིགས་པས་འཐད་ཅིང་གཏན་ཚིགས་རྒྱས་ཐེབས་པ། །མདོ་ཡིན་དགོངས་པ་ཉི་ཤུ་རྗེས་དྲན་བཅུ། །སྤྱི་མདོ་ཡིན་ནམ་སྒོས་མདོ་ཁྱད་པར་མདོ། །རྒྱུད་ཡིན་དངོས་པོ་བཅུ་དང་མཐའ་དྲུག་ཚུལ་བཞི་འོ། །ལུང་ཡིན་མཐའ་བཞི་མན་ངག་དཔེ་དོན་རྟགས། །གསང་རྒྱ་གཏེར་སློབ་དག་པའི་ཡོན་ཏན་བཅུ། །རིགས་དག་འབྱོར་བ་ལང་ཚོ་འབྲི་ཀློག་མཁས། །རྒྱུད་དག་དད་པ་ཤེས་རབ་སྙིང་རྗེ་ཆེ། །ལས་དག་ཆོས་ཕྱིར་བརྩོན་འགྲུས་དཀའ་བ་སྤྱོད། །འགྲུས་དག་སྒོ་གསུམ་རྒྱན་ཐེག་དམ་ཚིག་གནས། །རྟེན་དག་གཞན་དང་མ་འཁོན་སེལ་མ་ཞུགས། །གཏོང་བ་དག་པ་བདག་གཞན་དགེ་ལ་བསྐུལ། །སེམས་བསྐྱེད་དག་པས་ལུས་སྲོག་གཞན་ལ་སྟེར། །དངོས་པོ་དག་པས་སྨར་གཞུངས་སེར་སྣ་མེད། །དབང་པོ་དག་པས་གཞན་གྱི་སེམས་མི་དཀྲུག །འདུན་པ་དག་པས་ཟོལ་འགྲོགས་ངོ་ཞལ་མེད། །བཅུ་པོ་མ་ཚང་ཁ་ནི་ཐུར་ལ་སྦུབ། །སྟོབས་དང་ལྡན་ཡང་དུག་གི་མེ་ཏོག་ཡིན། །ཟབ་རྒྱ་གཏེར་གནས་ཕུན་སུམ་ཚོགས་པ་ནི། །གནས་ཀྱི་ཟབ་སྟེ་ཐུན་མོང་ཁྱད་པར་ལྔ། །ཐུན་མོང་ལྔ་ནི་ས་ལ་ཟབ་པ་དང་། །དེ་བཞིན་ཆུ་ལ་ཟབ་དང་བྲག་ལ་ཟབ། །གཙུག་ལག་ཁང་དང་ཤིང་ལ་ཟབ་པའོ། །ཁྱད་པར་ལྔ་ལ་དབུས་གནས་ཟབ་པ་དང་། །དེ་བཞིན་ཤར་ནུབ་ལྷོ་དང་བྱང་གནས་ཟབ། །གཏད་རྒྱ་འདོན་དུས་ཕུན་སུམ་ཚོགས་པ་ནི། །ས་རྟགས་གཡོ་འགུལ་སྐྱོ་ཤས་མར་འགྲིབ་གསུམ། །ཞེ་སྡང་ལས་གྱུར་དམག་འཁྲུག་འབྱུང་བ་དང་། །འདོད་ཆགས་ལས་གྱུར་མུ་གེ་འབྱུང་བ་དང་། །གཏི་མུག་ལས་གྱུར་ནད་ཡམས་འབྱུང་བ་དང་། །མི་རྣམས་སྐྱོ་ཤས་ཆེ་བས་འདུལ་བའི་ཞིང། །མི་འདོད་བཞིན་དུ་ཁབ་ལེན་རྡོ་ཉུལ་བཞིན། །གཏད་རྒྱ་འདོན་པའི་གཏེར་སྟོན་གཅིག་འབྱུང་ཕྱིར། །ཆོས་དང་ངན་སྔགས་སྨན་དང་རྩིས་ཐམས་ཅད། །དབུས་གཏེར་ལྷོ་གཏེར་བྱང་གཏེར་ཤར་ནུབ་གཏེར། །གཏེར་ཁ་བརྒྱ་དང་རྩ་བརྒྱད་བོད་དུ་སྦས། །དབུ་རྩེ་རིམ་གསུམ་རྒྱལ་པོའི་བླ་གཏེར་སྦས། །ཇོ་མོ་གླིང་གསུམ་ལྷ་ཁང་ཉིད་དུ་ནི། །མངའ་བདག་རྗེ་ཡི་བླ་གཏེར་རེ་རེ་སྦས། །ཡཀྴ་གོང་འོག་གླིང་བཞི་གླིང་ཕྲན་བརྒྱད། །ཁྲུས་ཁང་གླིང་དང་ཚང་མང་ཀེ་རུ་གླིང་། །མཐུ་རྩལ་གླིང་དང་ཕྱོགས་བཞིའི་མགོན་ཁང་བཞིར། །སློབ་དཔོན་པདྨའི་ཐུགས་གཏེར་རེ་རེ་སྦས། །མཆོད་རྟེན་དཀར་པོ་དམར་པོ་ནག་པོ་དང་། །སྔོན་པོ་བཞི་ལ་རིམ་བཞིན་འདི་ལྟ་སྟེ། །ཆོས་གཏེར་རྩིས་སྨན་མདོས་ཆོག་དྲག་སྔགས་དང་། །ངན་སྔགས་བཟོ་གཏེར་རིག་གནས་ལ་སོགས་སྦས། །སྤྱིར་ན་གཙུག་ལག་ཁང་གི་སྐོར་འདི་ལ། །འཛམ་གླིང་སྤྱི་ལ་དགོས་པའི་གཏེར་ཁ་ལྔ། །བྱེ་བྲག་བོད་ཁམས་ལ་དགོས་གཏེར་ཁ་ལྔ། །འདོན་དུ་མི་བཏུབ་བཅུད་ལ་དགོས་པ་ལྔ། །བཏོན་ན་གཏེར་ཚབ་དགོས་པའི་གཏེར་ཁ་ལྔ། །མ་བཏོན་དངོས་གྲུབ་ཡལ་བའི་གཏེར་ཁ་ལྔ། །མིང་ཅན་ཉེར་ལྔ་མིང་མེད་མང་དུ་སྦས། །མཆིམས་ཕུའི་ཡང་དབེན་སློབ་དཔོན་ཐུགས་གཏེར་སྦས། །གཡའ་མ་ལུང་དུ་ཚེ་སྒྲུབ་ཚེ་ཆུ་སྦས། །རྡོ་ཡི་མཆོད་རྟེན་གསང་རྟེན་རེ་རེ་སྦས། །དབུས་པད་ཅན་ལ་སྐོར་ཆུ་ཚེ་ཆུ་སྦས། །རྣམ་སྣང་རྒྱབ་ཏུ་བཀའ་གཏེར་རབ་འབྱམས་སྦས། །ལྷོ་ཡི་སྐྱེར་ཆུ་ལྷ་ཁང་ཟབ་གཏེར་སྦས། །བུམ་ཐང་རྩིས་ལུང་རྗེ་གཏེར་སེམས་ཕྱོགས་སྦས། །བུམ་ཐང་དགེ་གནས་ཡུམ་གཏེར་མ་མོ་སྦས། །གློོ་བོ་དགེ་དཀར་དགོངས་གཏེར་བསྟན་འགྱུར་སྦདྭ། །བཀའ་འགྱུར་རྒྱུད་འབུམ་སྒྲུབ་འབུམ་གཟུངས་འབུམ་སྦས། །གཡས་རུ་གཙང་འགྲམ་ཡབ་གཏེར་གཤིན་རྗེ་སྦས། །གཡས་རུ་གཙང་འགྲམ་རྫས་གཏེར་སྣ་ཚོགས་སྦས། །རྩིས་ཀྱི་ལྷ་ཁང་ཕྱི་གཏེར་མདོ་སྔགས་སྦས། །བྱང་གི་པྲ་དུན་རྩེ་ཡི་ལྷ་ཁང་དུ། །ནང་གཏེར་སྨན་གཏེར་ངན་སྔགས་བརྒྱ་རྩ་སྦས། །ཁམས་ཀྱི་ཀློང་ཐང་སྒྲོལ་མའི་ལྷ་ཁང་དུ། །བར་གཏེར་མི་འདྲ་རྒྱུད་ལུང་བཅུ་གསུམ་སྦས། །ཤར་ཀོང་བུ་ཆུ་མཐར་ལེགས་ལྷ་ཁང་དུ། །རྒྱ་གཏེར་རྫུ་འཕྲུལ་སྒྱུ་མ་སྣ་ཚོགས་སྦས། །རྒྱ་ལ་རྩེ་དུམ་གཤིན་རྗེ་དོང་ཁ་དང་། །སྲིན་མོ་ཕུང་ལུང་བྲག་གསུམ་སྨྱོས་ཐང་དང་། །མདོར་ན་ལྷོ་ཀོང་བྱང་ཀོང་ཤར་ནུབ་ཀོང་། །ཀོང་པོའི་ཡུལ་འདི་པད་འབྱུང་གདུལ་ཞིང་སྟེ། །བོད་གཏེར་ཆེན་པོ་བརྒྱ་དང་རྩ་བརྒྱད་སྦས། །གཏེར་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦས། །སྦས་པའི་ཡུལ་དགུ་དབེན་གནས་བརྒྱད་ཀྱང་སྦས། །དེ་རྣམས་རེ་རེར་བོད་གཏེར་བརྒྱ་རྩ་སྦས། །གཏེར་ཕྲན་བྱེ་བ་དགུ་ཁྲི་གཏེར་དུ་སྦས། །གཡོ་རུ་ཁྲ་འབྲུག་རྫས་གཏེར་བུབས་གཅིག་སྦས། །ཤེལ་གྱི་བྲག་ཕུག་གསང་གཏེར་བཀའ་འདུས་སྦས། །ལྷོ་བྲག་ཁོ་མཐིང་བདེ་གཤེགས་འདུས་པ་སྦས། །མཁར་ཆུའི་གནམ་སྐས་བྲག་ལ་ཡོངས་རྫོགས་སྦས། །གཏམ་ཤུལ་སྲིན་མོ་སྦར་རྗེས་གསང་གཏེར་སྦས། །སྟག་ཚང་གསང་ཕུག་ཐུགས་གཏེར་སྐོར་དགུ་སྦས། །མོན་ཁ་ནེ་རིང་སེང་གེ་རྫོང་གསུམ་དུ། །མ་ནིང་གཏེར་ཁ་ཕྲ་གཏེར་བཅོ་ལྔ་སྦས། །སྤ་གྲོ་གནམ་ཐང་དཀར་པོའི་འབྲི་མཚམས་སུ། །མངའ་བདག་རྒྱལ་པོའི་ནོར་གཏེར་མང་དུ་སྦས། །ཕོ་མ་རྫིང་ཕུག་གསང་གཏེར་ངན་སྔགས་སྦས། །གཙང་གི་ཕུག་མོ་ཆེ་རུ་ཚེ་བདག་སྦས། །ཡང་ཕུག་རིང་མོ་ཀླུ་བདུད་སྤུ་གྲི་སྦས། །སྒྲགས་ཀྱི་ཡང་རྫོང་ཕུར་པ་ཐམས་ཅད་སྦས། །གྲྭ་ཡི་གཡུ་སྒོང་བྲག་ལ་གཏེར་སྨྱོན་སྦས། །མུ་ཏིག་སྤ་མ་གོང་ལ་གསང་གཏེར་སྦས། །ཟར་པོ་ཟངས་མཚོ་བྲག་ལ་གཏེར་ཕྲན་སྦས། །འཕྱོང་རྒྱས་བང་སོར་ནོར་གཏེར་ཆོས་གཏེར་སྦས། །འཕྱོང་བར་སྟག་རྩེར་དགོངས་གཏེར་ཟུར་གཅིག་སྦས། །ཤམ་པོ་གངས་ལ་གསང་གཏེར་གཏེར་སྨྱོན་སྦས། །གཉལ་གྱི་གདོང་ལྔ་བྲག་ནག་མདའ་སྒྲོ་བྲག །སྨན་དཔྱད་གཙུག་ལག་བསྟན་སྲུང་དུ་མ་སྦས། །གཉལ་སྨད་དགེ་རི་ནག་པོའི་བྲག་ལོགས་ལ། །ནོར་དུ་གཏེར་གྱི་ཁ་བྱང་མང་དུ་སྦས། །གསལ་རྗེ་གངས་ལ་ཕྲ་མེན་སྤུ་གྲི་སྦས། །ཆོས་སྒོ་ཐང་དཀར་སྦེ་གསལ་ལུང་པ་ལ། དངུལ་སྤྱད་གསེར་བྲེ་སིལ་མ་མང་པོ་སྦས། །ཟ་ཆུ་འདུས་པར་གཤིན་རྗེའི་ངན་སྔགས་སྦས། །དམྱལ་རོང་འདམ་ཁར་གཡུ་དང་བྱུ་རུ་སོགས། །ཕོ་གྱོང་བཟའ་ཡི་ལུས་ཆས་གོས་རྒྱན་སྦས། ལུག་སྟོད་བྲག་དཀར་གདོང་ལ་ནོར་གཡུ་སྦས། །སྐེ་རོ་ངམ་གྲོག་ཐུགས་གཏེར་བརྒྱ་རྩ་སྦས། །ཁལ་དཀར་ལྷ་ཡུ་ཕུག་པར་གཏེར་ཕྲན་སྦས། །བྱར་གྱི་བྲག་ཆུང་གཏེར་ཕྲན་གཏེར་སྨྱོན་སྦས། །ཁྲ་མོ་ལྡང་ལྷར་ཟབ་གཏེར་ངེས་དོན་སྦས། །བྱར་དྭགས་ཀོང་གསུམ་སློབ་དཔོན་གསང་གཏེར་སྦས། །རྡོ་མོན་ལྷོ་དམྱལ་སློབ་དཔོན་གསང་གཏེར་སྦས། །ཙ་རི་གནས་ལ་གསང་གཏེར་མང་དུ་སྦས། །འོལ་ཀའི་མཁར་ཕུག་ཡུམ་གཏེར་སྐོར་བཞི་སྦས། །འོན་གྱི་སྟག་ཚང་བསྟན་གཉིས་རྒྱ་མཚོ་སྦས། །བྱ་ཕོ་ཟེ་བ་པྲ་པང་བྲག་རྣམས་ལ། །ལྷ་བཟང་ཀླུ་དཔལ་ཕོ་ཆས་ཆ་གཅིག་སྦས། །ཟངས་སྤྱད་ལྕགས་སྤྱད་སྡེར་ཆ་བརྒྱ་རྩ་སྦས། །ཁྲབ་ལར་ནོར་དང་ཆོས་གཏེར་མང་པོ་སྦས། །ཕུག་པའི་ནང་དུ་ཐུགས་རྗེ་ཆེན་པོ་སྦས། །ལོ་མོ་ལོ་ཆུང་ནོར་གཏེར་རྐྱང་པ་སྦས། །ཡར་ལུང་ཁྲ་འབྲུག་མཆོད་རྟེན་མགོ་ལྔ་ལ། །ཟབ་གཏེར་རྫས་གཏེར་དམ་རྫས་མང་དུ་སྦས། །འཕང་ཐང་གཙུག་ལག་ཁང་གི་རྒྱབ་རི་ལ། །རྣམ་སྲས་ཡོན་ཏན་འབྱུང་བའི་སྒྲུབ་སྐོར་སྦས། །ཡུམ་བུ་གླ་སྒང་སྐོར་ལ་གསང་གཏེར་སྦས། །བཙན་ཐང་གཡུ་ཡི་ལྷ་ཁང་བྲག་རི་ལ། །གཏེར་ཆེན་ལྔ་དང་གཏེར་ཆུང་དགུ་སྦས་སོ། །མོན་མཁར་མགོན་པོ་གདོང་ལ་ཐུགས་གཏེར་ལྔ། །ནོར་གཡུ་གསེར་ཁྲབ་དབུལ་དང་བྲལ་བ་སྦས། །གྲྭ་ཡི་བྲག་པོ་ཆེ་ལ་བོད་གཏེར་སྦས། །གྲྭ་ཡི་སྣེ་གདོང་ཟུར་ལ་རལ་གྲི་སྦས། །དོལ་གྱི་ལྕེ་དེའི་ཤར་ཟུར་ཁྲབ་རྨོག་སྦས། །གཞུང་གི་ར་གོང་རྒྱབ་ལ་གཏེར་ཁ་སྦས། །གཙང་གི་སིལ་མ་བྲག་ཕུག་སྤྱི་ཏི་སྦས། །གཙང་གི་མང་མཁར་གངས་ལ་མཐུ་འབུམ་སྦས། །མང་ཡུལ་དཔལ་མོ་ཐང་གི་འདྲེ་ཕུག་ཏུ། །བཀའ་སྲུང་འདུས་པ་ངན་སྔགས་སྐོར་གསུམ་སྦས། །བྱམས་པ་སྤྲིན་དུ་སྒྲུབ་ཐབས་ཉི་ཤུ་སྦས། །གཙང་གཞུང་སྙེ་མོར་མདོ་གཅོད་བདུད་གཅོད་སྦས། །ལ་སྟོད་སྲིན་མོ་རྫོང་ལ་ཞི་བྱེད་སྦས། །ལ་སྟོད་དིང་རི་དིང་ཆུང་ཡོ་ག་སྦས། །ལྷ་རྩེ་བྲག་ལ་ཨ་ནུ་ཡོ་ག་སྦས། །རྒྱང་པོ་ལུང་ལ་ཨུ་རྒྱན་རྣམ་ཐར་སྦས། །ར་སོག་ཀླུ་རུར་ལུང་བསྟན་མང་དུ་སྦས། །རྡོ་རྗེ་གངས་ཀྱི་དངུལ་ཕུག་གསང་གཏེར་སྦས། །གྲོམ་པ་རྒྱང་དུ་ཕྱི་གཏེར་ནང་གཏེར་སྦས། །ཟམ་བུ་ལུང་དུ་གསང་གཏེར་དགོངས་གཏེར་སྦས། །ཐུགས་ཀྱི་གཏེར་ཁ་བརྒྱ་དང་རྩ་བརྒྱད་སྦས། །འོ་ཡུག་གཡག་ལྕེར་གཏེར་གྱི་ཡན་ལག་སྦས། །སྤ་གྲོ་ཆུ་མོ་ཕུག་ཏུ་ཐུགས་གཏེར་སྦས། །གཡུ་ཕུག་རྫ་ལྷུང་གཏེར་ཕྲན་རྫས་གཏེར་སྦས། །ཡེར་བ་ཟླ་བ་ཕུག་ཏུ་ཟབ་གཏེར་སྦས། །ཟང་ཡག་བྲག་ལ་ཐང་ཡིག་གསང་གཏེར་སྦས། །གཞོ་སྟོད་ཏེ་སྒྲོར་མཁའ་འགྲོའི་སྐོར་རྣམས་སྦས། །སྟོད་ལུང་འཕར་བ་ཚང་དུ་ཕྱག་ཆེན་སྦས། །ཤ་འུག་སྟག་སྒོར་མ་ནིང་གཏེར་བཅུ་སྦས། །དོམ་ཚང་རོང་དུ་གཏེར་ཕྲན་འདྲེས་མ་སྦས། །ལྷ་སར་གསང་གཏེར་གཏེར་ཕྲན་ཟུང་ཞིག་སྦས། །མཆིམས་ཕུའི་བློན་པོ་མགུལ་དུ་བཅུད་ལེན་སྦས། །ལྷན་གྱི་ཟ་འོག་བྲག་ལ་ཞི་བྱེད་སྦས། །རྔུར་རུའི་བྲག་ལ་ཨུ་རྒྱན་ཞབས་རྗེས་སྦས། །གཏེར་ཁ་དེ་དག་མདོ་ཙམ་བསྟན་པ་ལས། །རྒྱས་པ་ཤེས་པར་འདོད་པའི་བློ་གྲོས་ཅན། །ཡོད་ན་ཕྱོགས་མེད་ཆོས་ཀྱི་གཞུང་ལ་ལྟོས། །དེ་ཡང་སྟོན་པ་ཐུབ་པའི་དབང་པོ་ཡིས། །མ་འོངས་ལྐོག་གྱུར་ལུང་བསྟན་འདི་བཞིན་ཏེ། །མངོན་དུ་ཞུགས་པ་ཏིང་ངེ་འཛིན་མདོ་ལས། །ང་ནི་མི་གནས་མྱ་ངན་འདས་རྗེས་སུ། །ཏིང་འཛིན་མདོ་འདི་ལོ་གྲངས་བཞི་སྟོང་དུ། །འཛམ་བུའི་གླིང་འདིར་སྤྱོད་ཅིང་རྒྱས་གྱུར་མཐར། །ས་ཡི་ཁོངས་སུ་སོང་ནས་མི་མངོན་ཀྱང་། །སླར་ཡང་ཚེ་ལོ་ལྔ་བརྒྱའི་ཐ་མའི་ཚེ། །དམ་པའི་ཆོས་དང་དགེ་སྦྱོང་འཇིག་གྱུར་ནས། །རྒྱལ་སྲིད་འཁྲུགས་ཤིང་རྒྱལ་ཁྲིམས་ལྡན་པ་རྣམས། །གྲུམས་པར་གྱུར་ཅིང་ཆོས་མིན་དར་བའི་དུས། །སྔོན་གྱི་རྒྱལ་བར་བྱ་བ་བྱེད་པ་དང་། །དགེ་རྩ་བསྐྱེད་ཅིང་དགེ་བའི་ས་བོན་ཡང་། །ལེགས་པར་སྨིན་པ་ཉུང་ཟད་ཙམ་འབྱུང་སྟེ། །དེ་རྣམས་དོན་དུ་ཏིང་འཛིན་མདོ་སྡེ་འདི། །ས་ཡི་ཁུང་ནས་ཕྱུང་སྟེ་སྤྱོད་འགྱུར་ཞིང་། །རྒྱས་པར་འགྱུར་ལ་སྒོམ་པའི་རྣལ་འབྱོར་ལ། །བརྩོན་པར་འགྱུར་ཞེས་བཀའ་ཉིད་བསྩལ་པ་དང་། །གཞན་ཡང་གཞུང་དེ་ཉིད་ལས་ལུང་འདི་བསྟན། །ང་ནི་ཕྱི་དུས་མྱ་ངན་འདས་བྱས་ནས། །སྐུ་གདུང་ཐམས་ཅད་རྒྱས་པར་བྱས་གྱུར་ཏེ། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་ནས། །བྲིས་ཏེ་སྒྲོམ་གྱི་ནང་དུ་བཅུག་བྱས་ནས། །མཆོད་རྟེན་ས་དང་བྲག་དང་རི་དག་དང་། །ལྷ་དང་དེ་བཞིན་ཀླུ་ཡི་ལག་དག་ཏུ། །མདོ་སྡེ་བཞག་པར་བྱས་ནས་འདི་དག་རྣམས། །ལྷ་ཡི་བརྟུལ་ཞུགས་འདྲ་བར་བྱ་ཕྱིར་འགྲོ། །དེ་དག་ཕྱི་མའི་དུས་ན་སོ་སོའི་རིགས། །ཐམས་ཅད་བོར་ཏེ་སླད་དུ་བབ་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར། །ཞེས་གསུངས་ཇི་བཞིན་བྲིས་ཏེ་སྒྲོམ་དུ་བཅུག །ཅེས་པ་གཏེར་སྣོད་དང་ནི་གཏེར་ཆོས་བསྟན། །མཆོད་རྟེན་ས་དང་བྲག་སོགས་གཏེར་གནས་གསལ། །ལྷ་ཀླུ་སོགས་ལ་གཏད་ཅིང་གཏེར་སྲུང་བསྟན། །སོ་སོའི་རིགས་རྣམས་བོར་ཏེ་སླད་དུ་ཡང་། །འབབ་འགྱུར་ཞེས་པས་གཏེར་འདོན་ལུང་དུ་བསྟན། །བསམ་པ་ཇི་བཞིན་བྱེད་པར་འགྱུར་ཞེས་དང་། །འགྲོ་བའི་དོན་ཆེན་བྱེད་ཅེས་གཏེར་འབྱིན་དང་། །དེ་ཡིས་འགྲོ་དོན་བྱེད་པར་ལུང་དུ་བསྟན། །དེར་མཚུངས་གཞན་ཡང་གཏེར་འབྱུང་ལུང་བསྟན་ནི། །བསོད་ནམས་ཐམས་ཅད་སྡུད་བྱེད་ཏིང་འཛིན་གྱི། །མདོ་དང་གཞན་ལས་འབྱུང་བར་ཡིད་ཆེས་མཛོད། །སྐབས་དེར་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཉིད། །ཉང་རིགས་རལ་པ་ཅན་དང་དེའི་རྗེས་སུ། །གུ་རུ་ཆོས་ཀྱི་དབང་ཕྱུག་ཅེས་བྱ་དང་། །འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ལ་སོགས་པར་། །སྐྱེ་བ་བཞེས་དུས་གཏེར་ལ་སྤྱོད་པ་དང་། །འགྲོ་བའི་དོན་ཆེན་མཛད་པར་ལུང་དུ་བསྟན། །དེ་ནས་སློབ་དཔོན་ཟམ་བུ་ལུང་བྱོན་པར། །ཡེ་ཤེས་མཚོ་རྒྱལ་ཨ་ཙར་ས་ལེ་གཉིས། །ཞབས་ཕྱི་བྱས་ཏེ་སློབ་དཔོན་རྗེས་འབྲངས་ནས། །བྲག་དཀར་བྱ་ཚང་ཤེལ་གྱི་ཡང་རྫོང་དུ། །དཔོན་སློབ་གསུམ་པོ་བཞུགས་པའི་དུས་སྐབས་དེར། །སྔགས་ཀྱི་སྲུང་མས་ཡེ་ཤེས་མཚོ་རྒྱལ་ལ། །དོན་ཏིག་ཞུས་ཤིག་གསུངས་བཞིན་ཞུས་པ་ལ། །སློབ་དཔོན་ཆེན་པོས་དེ་ལྟར་ངས་གནང་ན། །སྒྲུབ་པ་ལོ་རེ་བྱེད་རྒྱུའི་དམ་བཅའ་དགོས། །གསུངས་པ་ཇི་བཞིན་དམ་བཅས་ལྕམ་དྲལ་གཉིས། །སློབ་དཔོན་དྲུང་དུ་ལྷན་ཅིག་དབང་ནོད་སྐབས། །སློབ་དཔོན་ཐུགས་རྗེ་ཆེན་པོའི་སྐུར་བསྒྱུར་ཚེ། །དབང་ཞུ་གཉིས་པོའི་སྣང་བ་གྱུར་ནས་སུ། །སྟོང་གསུམ་བྱེ་བ་ཕྲག་བརྒྱ་དུས་གཅིག་ཏུ། །གསལ་བར་མཐོང་ནས་ཞིང་ཁམས་དེ་དག་ན། །རྒྱལ་བ་སྲས་བཅས་འཁོར་ཡང་དཔག་ཡས་ལ། །སྣ་ཚོགས་ཆོས་སྟོན་འགྲོ་དོན་མཐའ་ཡས་མཛད། །དེ་ཀུན་སློབ་དཔོན་ཆེན་པོའི་ཡོན་ཏན་ལས། །བྱུང་བར་ཡིད་ཆེས་ད་དུང་སློབ་དཔོན་གྱི། །ཡོན་ཏན་ཡོངས་རྫོགས་སྟོན་པར་གསོལ་བཏབ་པས། །སློབ་དཔོན་ཞལ་ནས་ང་ཡི་ཡོན་ཏན་རྣམས། །ལྷག་མེད་མཐོང་བ་འགྲོ་ལ་སྐལ་བ་མེད། །འོན་ཀྱང་ཆ་ཤས་ཙམ་ཞིག་བསྟན་གསུངས་པས། །ཁོང་གཉིས་ན་རེ་ངེད་ཅག་གཉིས་པོ་ལ། །དག་སྣང་རྒྱུན་ཆད་མེད་པ་ཡོད་གྱུར་ན། །ཅིས་ཀྱང་སྟོན་དགོས་ཞུ་བ་ནན་ཕུལ་ཚེ། །དོན་ལ་སློབ་དཔོན་བཞུགས་ཡུལ་ཅི་འདྲ་ཡང་། །དེ་ག་འོག་མིན་ཞིང་ཁམས་ཡིན་མོད་ཀྱི། །སྣང་ཚུལ་ཙམ་དུ་འཁྲིད་པའི་རྫུ་འཕྲུལ་གྱིས། །དབང་ཞུ་གཉིས་པོར་མིག་དར་བསྐོན་ནས་སུ། །ཁོང་གཉིས་ན་བཟར་འཇུས་པ་འཐེན་མཛད་ཚེ། །སྐད་ཅིག་ཉིད་ལ་བདེ་ཆེན་སྙིང་པོ་ཡང་། །བཀོད་པའི་རྒྱན་ཞེས་བྱ་བའི་ཞིང་ཁམས་དེར། །སླེབས་ཚེ་ཐིག་ལེ་དཀར་པོ་འོད་ཟེར་ལྔའི། །མུ་ཁྱུད་ལྡན་པས་ཡོངས་སུ་གང་བ་ལ། །ཐིག་ལེ་ཐམས་ཅད་འོད་ཟེར་གྱིས་འབྲེལ་བ། །ཐིག་ལེ་རེ་རེའི་ནང་ན་ལོངས་སྐུ་ཡི། །ཞིང་ཁམས་བྱེ་བ་ཕྲག་བརྒྱ་ཕྲག་བརྒྱ་རེ། །ཞིང་ཁམས་རེ་ན་སློབ་དཔོན་ཆེན་པོ་ཡང་། །རིགས་ལྔ་གངས་ཅན་མཚོ་ཡི་རྣམ་རོལ་གཟུགས། །བྱེ་བ་ཕྲག་ནི་བརྒྱ་བརྒྱ་རེ་རེ་ལ། །འོད་ཟེར་སྣ་ལྔའི་བ་སྤུ་བགྲང་ཡས་དང་། །དེ་དག་སོ་སོའི་བ་སྤུའི་ཁུང་བུ་རེར། །སྤྲུལ་སྐུའི་ཞིང་ཁམས་བྱེ་བ་ཕྲ་བརྒྱ་བརྒྱ། །ཞིང་ཁམས་རེ་རེར་སྟོང་གསུམ་འཇིག་རྟེན་ཡང་། །བྱེ་བ་ཕྲག་ནི་བརྒྱ་བརྒྱ་དེ་རྣམས་ལ། གླང་བཞི་གླིང་ཕྲན་དག་ཀྱང་དེའི་གྲངས་འགྱུར། །གླིང་བཞི་རེ་རེར་སློབ་དཔོན་པདྨ་རེ། །དེ་དག་རེ་རེར་སྤྲུལ་པ་བྱེ་བ་ཕྲག །བརྒྱ་བརྒྱ་འགྱེད་ཅིང་སྤྲུལ་པ་རེ་རེ་ཡིས། །གདུལ་བྱའི་འགྲོ་བ་བྱེ་བ་ཕྲག་བརྒྱ་རེ། །གང་ལ་གང་འདུལ་ཚུལ་གྱིས་དོན་མཛད་མཐོང་། །དེ་ནས་སྐད་ཅིག་ཙམ་གྱིས་ཕྱོགས་བཞི་པོར། །རིམ་བཞིན་བགྲོད་ཚེ་ཤར་ཕྱོགས་འཇིག་རྟེན་ན། །བདེ་ཆེན་རྣམ་པར་བཀོད་པའི་རྒྱན་ཞེས་དང་། །དེ་བཞིན་ལྷོ་ན་བདེ་བ་ཆེན་པོའི་ཞིང་། །རིན་ཆེན་བཀོད་པ་ཞེས་བྱའི་ཞིང་ཁམས་དང་། །ནུབ་ན་བདེ་ཆེན་པདྨ་བཀོད་ཀྱི་ཞིང་། །བྱང་ན་བདེ་ཆེན་ལས་རབ་བཀོད་ཀྱི་ཞིང་། །དེ་དག་སོ་སོའི་སྟོན་པ་འདི་བཞིན་ཏེ། །ཐིག་ལེ་མཐིང་སེར་དམར་དང་ལྗང་གུ་བཞི། །ཐིག་ལེའི་ནང་ན་སོ་སོའི་སྟོན་པ་ནི། །ལོངས་སྐུ་རིགས་ལྔའི་ཟློས་གར་སྒྱུ་འཕྲུལ་ལས། །སློབ་དཔོན་པདྨ་བྱེ་བ་ཕྲག་བརྒྱ་བརྒྱ། །སྤྲུལ་པའི་གདུལ་བྱ་དག་ཀྱང་དེར་མཐོང་མཚུངས། །དེ་ནས་བདེ་ཆེན་འཁོར་བ་ཡོངས་སྒྲོལ་གྱི། །དུར་ཁྲོད་ཅེས་བྱ་ཁྲོ་བོའི་གླིང་དུ་སླེབས། །མི་མགོའི་གཞལ་ཡས་ཐོག་ཕུབ་མི་ལྤགས་ལ། །སྙིང་གིས་ཏོག་བྱས་ཐོད་པའི་ར་བས་བསྐོར། །ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་འཁྱིལ། །དེ་ཡི་དབུས་ན་ཁྲོ་ཚོགས་དཔག་མེད་ཀྱི། །གཙོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ་ཉིད་ནི། །རིགས་ལྔ་འདུས་པའི་རྒྱལ་པོའི་གསང་གསུམ་ལས། །འོད་ཟེར་བྱུང་བས་རབ་འབྱམས་བཀའ་དབང་ཐོབ། །ཧ་ཧ་ཞེས་པའི་གད་མོ་སྒྲོགས་བྱུང་བར། །ཁྲོ་བོའི་སྤྲིན་ཕུང་རི་རབ་ལས་འཕགས་གཟུགས། །མགར་གྱི་ཚ་ཚ་ཇི་བཞིན་སྤྲོ་སྡུད་ཀྱིས། །དེ་གཉིས་བརྒྱལ་ནས་དེ་གར་འགྱེལ་བར་འདུག །སློབ་དཔོན་ཞལ་ནས་ཁྱེད་རང་གཉིས་པོ་ལ། །དག་སྣང་རྒྱུན་ཆད་མེད་པ་མ་བྱུང་ཨཾ། །ཅིའི་ཕྱིར་ཞེ་ན་ཆོས་ཉིད་དོན་རྟོགས་པའི། །རྣལ་འབྱོར་པ་ལ་ལྷ་འདྲེའི་རེ་དང་དོགས། །མེད་ཕྱིར་ཁྱེད་གཉིས་ང་ལ་འཇིགས་པ་མེད། །དག་སྣང་རྒྱུན་ཆད་མེད་པ་ག་ལ་ཡིན། །གསུངས་ཀྱང་དོན་ཏིག་འགྲོ་བ་ཀུན་གྲོལ་གྱི། །གདམས་པ་གནང་བཞིན་ཉམས་ལེན་བྱས་པའི་མཐར། །ཇོ་མོས་ཀོང་པོའི་ཕྱོགས་སུ་སྦས་པ་ཡང་། །ཕྱིས་སུ་དྲི་མེད་ལྷུན་པོས་བཏོན་ནས་ཀྱང་། །གདུལ་བྱའི་འགྲོ་ལ་ཕན་ཐོགས་ཆེ་ཞེས་གྲགས། །དེ་ནས་རིམ་བཞིན་གཏེར་སྟོན་འབྱུང་བ་ཡི། །མ་འོངས་ལུང་བསྟན་འཕྱུགས་མེད་འདི་བཞིན་ཏེ། །རྒྱལ་པོའི་གདུང་རབས་བརྒྱ་དང་བཅུ་འདས་ནས། ལ་སྟོད་མཚོ་བར་གྱི་ནག་ཅེས་བྱ་བར། །མུ་གེ་ནད་ཡམས་མི་ཐོགས་བུད་པ་འབྱུང་། །གློ་བོ་དགེ་ཀར་སྦས་པའི་གཏེར་འདོན་གང་། །སངས་རྒྱས་བླ་མ་ཞེས་བྱའི་གཏེར་སྟོན་འབྱུང་། །བལ་བོད་འཚམས་སུ་མེ་ཤོར་མི་མང་འཚིག །ཕུརྞ་རྫ་རིར་སྦས་པའི་གཏེར་འདོན་གང་། །རྒྱ་ལོ་ཙཱ་ཞེས་བྱ་བའི་གཏེར་སྟོན་གྱིས། །སྙིང་དུམ་རྩ་གནས་རབ་དབྱེ་ལམ་རིམ་དང་། །མན་ངག་ཆོས་གཏེར་དང་ནི་ཆུང་དཔྱད་ནི། །པདྨ་གཅེས་ཕྲེང་ཞེས་སོགས་བཏོན་པར་གྲགས། །དེ་རྗེས་ཁམས་ཀྱི་སྨེ་མདོར་བྱ་ཁྱི་ཟུང་། །ལྷ་ཁང་ནང་དུ་འཁྲུག་པའི་དུས་སྐབས་དེར། །ཀློང་ཐང་སྒྲོན་མར་སྦས་པའི་གཏེར་འདོན་གང་། །སྣ་ནམ་པ་ཞེས་བྱ་བའི་གཏེར་སྟོན་གྱིས། །ཆོས་དང་སྨན་དཔྱད་རྩིས་སོགས་མང་པོ་བཏོན། །དེ་ནས་བཟུང་སྟེ་རིམ་བཞིན་འདི་ལྟར་འབྱུང་། །ལ་སྟོད་ཅུང་པར་དྲིལ་ཆེན་ཆུ་གཏེར་འཁྲུག གཡུ་ཕུག་རྫ་ལྷུང་སྦས་པའི་གཏེར་འདོན་གང་། །དུམ་རྒྱ་ཞང་ཁྲོམ་ཞེས་བྱའི་གཏེར་སྟོན་གྱིས། །གཤིན་རྗེ་སྐོར་དང་མ་མགོན་དྲག་སྔགས་སྐོར། །མང་དུ་བཏོན་ཅིང་གཏེར་སྟོན་འཁྲུངས་པའི་ཡུལ། །ལྷོ་བྲག་རྔ་མོ་ཆུ་ཤུལ་ཡིན་ཞེས་ཟེར། །གནུབས་ཆེན་བུདྡྷ་ཛྙཱ་ནའི་སྐྱེ་བར་གྲགས། །མང་ཡུལ་ནམ་མཁའ་ཁྲག་མདོག་སྔོ་དམར་འགྲོ། །ཁྲག་གི་ཆར་པ་ཟླ་བ་བཅོ་བརྒྱད་འབབ། །བྱམས་པ་སྤྲིན་དུ་སྦས་པའི་གཏེར་འདོན་གང་། །ཉི་མ་སེང་གེ་ཞེས་བྱའི་གཏེར་སྟོན་གྱིས། །གཏེར་གནས་བྱམས་པ་སྤྲིན་ནས་མང་བཏོན་ཀྱང་། ད་ལྟ་འདི་ཞེས་བྱ་བའི་གསལ་ཁ་མེད། ཤོད་གསུམ་ས་ལ་རོ་འདྲེན་འཇག་སྐྱ་འཕྱོ། །མི་རེའི་ལག་ན་ཕུབ་རེ་མདའ་གཞུ་རེ། །བྱང་གཏེར་གཏེར་ཕྲན་འགའ་ཞིག་འདོན་མཁན་གང་། །གཡོ་རུ་སྟོན་ཤག་ཅེས་བྱའི་གཏེར་སྟོན་གྱིས། །རླུང་འཁོར་དམར་ནག་དྲེགས་པ་ཉི་ཤུ་དང་། །བཟློག་པ་ལ་སོགས་མང་དུ་བཏོན་ཞེས་གྲགས། །སྤ་གྲོ་གནམ་ཐང་དཀར་པོར་སོག་དམག་འཇོམས། །ལས་སུ་དམེ་འཁྲུག་གོམ་སུ་ལྕགས་ཆ་གྱོན། །བུམ་ཐང་རྩིས་ལུང་སྦས་པའི་གཏེར་འདོན་གང་། །བོན་པོ་བྲག་རྩལ་ཞེས་བྱའི་གཏེར་སྟོན་གྱིས། །རྫོགས་ཆེན་གུ་རུ་ཞི་བའི་ལོ་རྒྱུས་དང་། །ཤྲི་སེང་ཧའི་རྫོགས་རིམ་བླ་མ་ཡང་། །དམར་ཁྲིད་ཟེར་བའི་གླེགས་བམ་ཆེན་པོ་བཏོན། །འདི་ཡི་གཞུང་ན་སྒོམ་མ་མྱོང་ཞེས་དང་། །བྲལ་ཡང་མ་མྱོང་ཟེར་བའི་དོན་དམ་ཚིག །མི་སྒོམ་དོན་དང་མི་འབྲལ་ཞེས་སོགས་ཀྱི། །མན་ངག་ཡོད་ཅིང་ཕུར་པ་ལ་སོགས་པའི། །ཆོས་སྐོར་གདམས་པ་མང་དུ་བཏོན་པར་འདུག །སྤ་གྲོ་གནམ་ཐང་འཛོམས་པའི་སོག་དམག་ནི། །རྒྱ་གར་ཀ་ཌའི་གར་ལོག་དམག་ཡིན་སྐད། །གཙང་གི་ཡུག་གདོང་ཉ་རི་འུག་པ་ལུང་། །བསྟན་པ་གཉིས་འཁྲུག་ཆོས་ཀྱི་བྱིན་རླབས་ཡལ། །ཆོས་དང་གང་ཟག་ཡ་བྲལ་ཆོམ་པོས་འཁྱེར། །སྙིང་དྲུང་ཤེལ་བྲག་སྦས་པའི་གཏེར་འདོན་གང་། །སྙེ་མོ་ཞུ་ཡས་ཞེས་བྱའི་གཏེར་སྟོན་གྱི། །ཁ་བྱང་བོན་པོ་བྲག་ཚལ་གྱིས་རྙེད་པ། །གཏད་བཞིན་སྙིང་དྲུང་ཤལ་མ་བྲག་ཕུག་ནས། །རྫོགས་ཆེན་སྤྱི་ཏི་ལ་སོགས་མང་པོ་བཏོན། །འཇིམ་གྱི་བྱ་འདབས་བྷ་དྲ་དཀོན་མཆོག་མཚན། །སྡེ་དགོན་ཟ་འོག་ཁ་ཕྱེ་འདྲ་བ་འབྱུང་། །གཙང་གི་རི་པོ་ཆེར་སྦས་གཏེར་འདོན་གང་། །གྲུབ་ཐོབ་དངོས་གྲུབ་ཅེས་བྱའི་གཏེར་སྟོན་ནི། །སྔ་མོའི་དུས་ནས་བྱོན་ཅིང་ཚེ་ལོ་ཡང་། །དྲུག་བརྒྱར་བཞུགས་མཐར་གཏེར་གནས་ལྷ་ས་ནས། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་དང་། །ཕུང་པོ་རི་བོ་ཆེ་ནས་གཏེར་མང་བཏོན། །གཏེར་ཆོས་རྣམ་གྲངས་འདི་ཞེས་གསལ་ཁ་མེད། །རྒྱ་ནག་རྒྱལ་པོའི་རྒྱལ་ས་རྟ་རྫིས་འཕྲོག །བསྟན་པ་དར་རྒྱས་མངའ་ཐང་ཇེ་ཆེར་འགྲོ། །བལ་ཡུལ་ཨེ་ཡི་ལྷ་ཁང་གཏེར་འདོན་གང་། །གཙུག་ལག་དཔལ་དགེ་ཞེས་བྱའི་གཏེར་སྟོན་ནི། །བལ་པོའི་སློབ་དཔོན་གཙུག་ལག་དཔལ་དགེ་སྟེ། །འདི་ཞེས་བྱ་བའི་གཏེར་ཆོས་གསལ་ཁ་དབེན། །ལ་སྟོད་བཙན་ཡུལ་མཚོན་ལ་སོ་ནམ་བྱེད། །འཛམ་གླིང་རྒྱལ་པོའི་དཔོན་བརྒྱུད་འབངས་མིས་ནོན། །ལྷོ་གཏེར་གཏེར་ཕྲན་འགའ་ཞིག་འདོན་མཁན་གང་། །ཀུ་ས་སྨན་པ་ཞེས་བྱའི་གཏེར་སྟོན་གྱིས། །སྤ་གྲོ་རྩལ་ལ་སོགས་པའི་གཏེར་གནས་ནས། །ཆོས་སྨན་བོན་ཀྱིི་སེམས་ཕྱོགས་མང་པོ་བཏོན། །སེམས་ཕྱོགས་བོན་ལ་ཤིན་ཏུ་དར་བར་བྱུང་། །སྨན་དཔྱད་མཛད་པས་ཆོས་ཀྱི་ཕྲིན་ལས་གཡེལ། །གཏེར་ཤོག་ཤིང་གི་སྒྲོམ་གང་བཏོན་ཞེས་གྲགས། །བྱང་གི་ཕྱི་གོང་རུ་བ་འཚུབ་མས་འཁྱེར། །བོད་འདིར་ཆོས་བསྟན་པ་གསུམ་དུ་གྱེས། །བཀའ་གཏེར་གཉིས་ཀྱིས་སངས་རྒྱས་བསྟན་པ་སྐྱོང་། །གཙང་གི་རུ་མཚམས་སྦས་པའི་གཏེར་འདོན་གང་། །བོན་པོ་ལྷ་འབུམ་ཞེས་པའི་གཏོར་སྟོན་གྱིས། །ཆོས་བོན་སྨན་རྩིས་བཞི་ཀ་བཏོན་ཞེས་གྲགས། །དབུས་གཙང་ཕྱོགས་སུ་དུག་ལྔའི་ཆོས་ཤིག་འབྱུང་། །ལྟ་ལོག་སྤྱོད་ལོག་བསྟན་པ་ཐབས་ཀྱིས་སྣུབ། །ཞབས་ཏོག་ཡིན་ཟེར་བསྟན་ཞབས་ཐག་པ་འདོགས། །མོན་ཁ་བུམ་ཐང་སྦས་པའི་གཏེར་འདོན་གང་། །ཁྱུང་པོ་བུ་དཔལ་ཞེས་བྱའི་གཏེར་སྟོན་གྱི། །གསུང་མདོ་འདི་ཡི་གཏེར་ཆོས་གསལ་ཁ་མེད། །བོད་ཀྱི་གནས་དགོན་ཀུན་ལ་འཐབ་ར་འཆའ། །ལྷ་སའི་དམར་པོ་རི་ལ་རྫོང་གཅིག་འབྱུང་། །ངང་ངུར་མཚོ་སྐམ་ནེའུ་གསིང་བྱེ་མས་གནོན། །དགེ་རྒྱས་ཧས་པོ་རི་ཡི་གཏེར་འདོན་གང་། །ཤ་མི་རྡོ་རྒྱལ་ཞེས་བྱའི་གཏེར་སྟོན་ནི། །འཁྲུངས་ཡུལ་པྲ་མི་ཤ་དུ་ཡིན་ཟེར་ཡང་། །འདི་ཞེས་བྱ་བའི་གཏེར་ཆོས་གསལ་ཁ་མེད། །ང་སྤྲུལ་ཡིན་ཟེར་གཏེར་མིན་གཏེར་འདྲ་ཚོགས། །དམ་ཉམས་སུ་མི་བྲིན་པ་ཐམས་ཅད་འདུ། །ཉ་མ་མགོ་སྐོར་འབྲེལ་མེད་ཆོས་བཤད་བྱེད། །བསྟན་པའི་ཆོམ་པོས་གཏེར་ཆོས་དཀྲུག་ཅིང་སྤེལ། །བཀའ་ལོག་མང་པོར་ལུག་ཁྱུ་ཙམ་འབྱུང་། །པདྨ་བདག་ཀྱང་ཡི་མུག་ག་ཆད་དེ། །ཞྭ་ཡི་ལྷ་ཁང་བི་མའི་གཏེར་འདོན་གང་། །ལྡང་མ་ལྷུན་རྒྱལ་ཞེས་བྱའི་གཏེར་སྟོན་གྱིས། །རྫོགས་ཆེན་བཅུ་བདུན་རྒྱུད་ཀྱི་རྩ་འགྲེལ་དང་། སྙིང་ཐིག་མན་ངག་བརྒྱ་དང་བཅུ་དགུ་བཏོན། །བསྟན་པའི་སྙིང་པོའི་འགྲོ་དོན་རྒྱ་ཆེ་འོ། །སྐབས་སུ་གཅིག་ལས་གཅིག་ཉིད་སྡུག་པ་འོང་། །འཇང་དང་རྒྱ་རྣམས་གྲོག་མ་ཚང་ཞིག་འདྲ། །ཇོ་མོ་གླིང་གསུམ་སྦས་པའི་གཏེར་འདོན་གང་། །གྲྭ་པ་མངོན་ཤེས་ཞེས་བྱའི་གཏེར་སྟོན་གྱིས། །ཞང་བློན་རྡོ་རྗེ་བདུད་འདུལ་སྐོར་དང་ནི། །གཏེར་གྱི་ཁ་བྱང་ལ་སོགས་མང་དུ་ཐོན། །ཨུ་རྒྱན་ང་ཉིད་དམྱལ་སྨད་ལྷ་རྗེར་སྤྲུལ། །དྭགས་ལྷ་སྒམ་པོར་དོན་སྒོམ་ཁྱུ་གཅིག་འབྱུང་། །མཆིམས་ཕུ་ཁོ་མཐིང་སྦས་པའི་གཏེར་འདོན་གང་། །ར་ཤཀ་གཏེར་སྟོན་མདོས་ལ་མཁས་པ་འབྱུང་། །འདི་ཡི་འཁྲུངས་ཡུལ་ཡར་འབྲོག་དམྱལ་ཞེས་པར། །ཡིན་ཞིང་མ་མོ་སྒང་ཤར་ལ་སོགས་པ། །ཤོག་སེར་གཏེར་སྒྲོམ་གང་བ་བཏོན་ཞེས་གྲགས། །ཡུལ་པོ་ཆེ་སར་འཁྲུག་པའི་བསྐལ་པ་འབྱུང་། །སྔགས་པས་མཐུ་སྒྲུབ་སྐྱེ་བོས་ཟློག་པ་སློབ། །མི་བསད་སྟོང་ལ་སྐུ་དང་གསུང་རབ་འཇལ། །གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་འཚོལ། །སྲིན་མོ་སྦར་རྗེས་སྦས་པའི་གཏེར་འདོན་གང་། །མངའ་བདག་སྤྲུལ་པ་ཉང་རལ་ཞེས་བྱ་བས། །ལྷོ་བྲག་གཏམ་ཤུལ་སྲིན་མོ་སྦར་རྗེས་སོགས། །གཏེར་གནས་གཞན་དུ་གསལ་བ་དུ་མ་ནས། །ཁྲི་སྲོང་ལྡེའུ་བཙན་ཕྱག་དཔེ་ཕལ་ཆེ་བ། །འདི་ཡིས་བཏོན་པས་བསྟན་འགྲོར་ཕན་ཐོགས་ཆེ། །སྐབས་ཤིག་གཏེར་སྟོན་འདི་ཉིད་ལམ་གསེང་དུ། །ངལ་བསོ་བྱས་སྐབས་མནལ་དུ་སོང་བ་ལ། །ཤུགས་འགྲོ་ཆིབས་པའི་བུད་མེད་གཅིག་གིས་ནི། །འཕྲེང་ལྕག་བརྒྱབ་པས་འཕྲལ་དུ་བརྒྱལ་སོང་བར། །བུད་མེད་དེ་ཡིས་ཆིབས་ཀྱི་སྔ་རུའི་སྟེང་། །དོམ་སྒྲོ་ནག་པོ་པང་ནས་འདུག་པ་དེ། །ས་ལ་ཕོག་པ་ཁྱིམ་དུ་ཁྱེར་ནས་སུ། །ཁ་ཕྱེས་གཟིགས་པས་སློབ་དཔོན་ཆེན་པོ་ཡིས། །གནང་བའི་ཤོག་དྲིལ་ཁོ་ན་འདུག་པ་དེར། །ཆོས་ཀྱི་རྣམ་གྲངས་བསམ་ལས་འདས་པ་ཕབས། །ཐུགས་ཀྱི་དོམ་སྒྲོ་ནག་པོ་ཞེས་གྲགས་པར། །གུ་དྲག་དབུ་དགུ་བཅོ་བརྒྱད་ཕྱག་ལྡན་བཏོན། །པུ་ཧྲང་རྒྱལ་པོས་བོད་ལ་གསེར་སྡུད་འབྱུང་། །སྡེ་པ་གྱེས་ཤིང་གནས་གཞི་ཐོབ་ཤ་བྱེད། །གྲོམ་པ་རྒྱང་དུ་སྦས་པའི་གཏེར་འདོན་གང་། །བོན་སྲས་ཁྱུང་ཐོག་ཅེས་བྱའི་གཏེར་སྟོན་ལ། །གཏེར་ཆོས་འདི་ཞེས་གསལ་ཁ་བཤད་པ་མེད། །རྒྱ་གར་མ་ཕྱིན་ཀུན་གྱིས་ལོ་ཙ་བྱེད། །བོད་ཀྱི་མཁས་བཙུན་ཐམས་ཅད་ས་མཐར་འཁྱམས། །ཧོར་དང་ཡོན་མཆོད་ཁྲིམས་སར་འབྲེལ་བ་ཡོད། །ནང་ནག་ཕྱི་དཀར་དུ་ཁའི་སྙེ་མ་བཞིན། །བོད་ཀྱི་བསོད་ནམས་མར་མར་འགྲིབ་པའི་དུས། །པདྨ་ཤེལ་ཕུག་སྦས་པའི་གཏེར་འདོན་གང་། །ར་མོ་ཤེལ་སྨན་ཞེས་བྱའི་གཏེར་སྟོན་གྱིས། །རྩིས་སྨན་ཆོས་དུང་ལ་ཕུག་གཏོང་ཐབས་བཏོན། །ཧོར་དང་ཡོན་མཆོད་སྦྲེལ་བ་ས་པཎ་དུས། །ནང་ནག་ཕྱི་དཀར་ས་སྐྱའི་དཔོན་ཆེན་རྣམས། །བོད་ཀྱི་མཁས་བཙུན་ས་མཐར་འཁྱམས་པ་ཡི། །བོད་ཀྱི་འཆད་ཉན་ལ་གནོད་དེ་ལས་ཀྱང་། །འཇའ་མོ་གསེར་ཡིག་པ་ཚོས་བོད་འབངས་མནར། །དུས་དེར་རྒྱ་གར་མ་ཕྱིན་ལ་ལ་ཞིག །བལ་པོར་ཕྱིན་ནས་ལོ་ཙཱ་ཡིན་བརྫུས་འཕྲུལ། །བྱས་པ་དེ་འདྲ་དགོངས་པའི་ལུང་བསྟན་ཡིན། །སྣ་ཐག་སས་བྱས་ཧོར་དམག་བོད་དུ་འོང་། །ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད། །མེ་ལ་བསྲེགས་བཅད་ཡུལ་བུད་མང་དུ་ཡོད། །གནམ་སྐས་མཁར་ཆུར་སྦས་པའི་གཏེར་འདོན་གང་། །གུ་རུ་ཆོས་དབང་ཞེས་བྱའི་གཏེར་སྟོན་གྱིས། །བླ་རྫོགས་ཐུགས་གསུམ་འདུས་པ་སྐོར་དགུ་དང་། །བཀའ་བརྒྱད་གསང་རྫོགས་ལ་སོགས་གཏེར་མང་བཏོན། །མཐའ་དམག་བཟློག་སོགས་མཛད་ཕྲིན་བསམ་ལས་འདས། །བྱ་རོག་ཚང་དུ་དམག་གི་ཁྲིམས་རྔ་རྡུང་། །སྙིང་མེད་པོ་ཚོས་ཆུ་ལ་གསེར་ཕྱེ་འབོ། །ཟང་ཡག་བྲག་ལ་སྦས་པའི་གཏེར་འདོན་གང་། །གུ་རུ་ཇོ་ཚེ་ཞེས་བྱའི་གཏེར་སྟོན་གྱིས། །ཆོས་གཏེར་སུསྟི་སུམ་ཅུ་ཙམ་ཞིག་དང་། །སངས་རྒྱས་རིང་བསྲེལ་དང་ནི་སློབ་དཔོན་གྱི། །སྐུ་འདྲ་ལ་སོགས་གཏེར་ཁ་མང་བཏོན་ཅིང་། །སྙེ་མདོར་སྐུ་འཁྲུངས་གྱི་ནའི་འཚོ་བ་ལ། །བརྟེན་ཅིང་རྒྱལ་ཆེན་དབང་གི་རྒྱལ་པོ་ལ། །གཏེར་ཆོས་རྫས་དང་བཅས་པ་གཏད་ཅེས་གྲགས། །ལྷ་ཁང་ནང་དུ་འབྲི་ལ་རྟ་ཆུ་ལྡུད། །གཞོ་ཀླུང་ནང་དུ་མེ་ཡི་འཇིགས་པ་འབྱུང་། །དཔལ་མོ་དཔལ་ཐང་མཚོན་གྱི་ཆར་པ་འབབ། །གང་དབར་ཕུག་མོར་སྦས་པའི་གཏེར་འདོན་གང་། །པདྨ་དབང་ཕྱུག་ཅེས་བྱའི་གཏེར་སྟོན་གྱིས། །གཡོ་ཡི་གང་དབར་ཕུག་ཅེས་བྱ་བ་ནས། །གུར་མགོན་ལྕམ་དྲལ་པུ་ཏྲ་མིང་སྲིང་གི །སྒྲུབ་སྐོར་མན་ངག་ཟབ་པ་མང་ཞིག་བཏོན། །བདག་ཆེན་རྒྱ་གར་པ་ཞེས་གྲགས་པ་ཡིས། །མཛད་པའི་ཆོས་སྐྱོང་ཡིག་ཆར་མེ་འབར་མ། །ཞེས་པ་དེ་ཡང་གོང་གསལ་གཏེར་ཁར་གཏོགས། །ལྷ་ཁང་ནང་དུ་འབྲི་ལ་རྟ་ཆུ་བླུད། །ཅེས་དང་གཞོ་ཀླུང་མེ་ཡིས་འཇིག་པ་རྣམས། །ས་དཔོན་ཨག་ལེན་ཞེས་པའི་དམག་དྲངས་ནས། །འབྲི་གུང་ཕོ་བྲང་གྲྭ་འཁོར་མེར་བསྲེགས་པས། །ལུང་བསྟན་ཐོག་ཏུ་བབ་པ་ཡིན་ཞེས་གྲགས། །སྨོན་མདའ་ལ་ཁར་ཤེལ་གྱི་ཕ་བོང་རྡོལ། །སིལ་མ་ལ་ཁར་འཇག་མའི་མི་ཆུང་སྐྱེ། །གཡའ་མ་སྤ་གོང་སྦས་པའི་གཏེར་འདོན་གང་། །དོ་བན་རྒྱ་མཚོ་ཞེས་བྱའི་གཏེར་སྟོན་གྱིས། །གཏེར་གནས་འབྲོག་སྨད་མུ་ཏིག་སྤ་མ་གོང་། །ཞེས་དང་སྒྲགས་ཀྱི་ཡང་རྫོང་གཏེར་གནས་ནས། །གཏེར་ཡང་མང་དུ་བཏོན་ཅེས་གྲགས་པ་ཡིན། །རྒྱལ་པོའི་མངའ་རིས་རྩོད་ཅིང་བོད་རྣམས་ཕལ། །རང་གི་ལྟོ་གོས་བསན་ནས་ས་ཧོར་གསོ། །གནས་བརྟན་ཧོར་ལས་དམག་དཔོན་བྱེད་པ་འབྱུང་། །ལྷོ་བོད་མཚམས་སུ་སྦས་པའི་གཏེར་འདོན་གང་། །རག་ཤི་སྟོན་པ་ཞེས་བྱའི་གཏེར་སྟོན་འབྱུང་། །ས་ཡི་ཡ་སྤོ་བྱང་གི་མ་སྤོ་ཅན། །བྲོས་འཐོར་མང་ཞིང་ཡུལ་སྟོང་མང་དུ་འབྱུང་། །ལྷོ་བོད་མཚམས་སུ་སྦས་པའི་གཏེར་འདོན་གང་། །རྫ་རོང་བྷི་ཡི་སྨན་པ་ཉི་འོད་གསལ། །ད་ལྟ་ཤི་ཡང་སྲོག་མཐུད་ཤེས་པ་འབྱུང་། །འདི་ཡི་འཁྲུངས་ཡུལ་ཡ་འབྲོག་བྷི་ཞེས་པ། །སྨན་པ་མཁས་པ་ཞིག་གིས་སྨན་གཏེར་འགའ། །བཏོན་པ་ཡིན་ཞེས་གཞན་ལའང་གྲགས་པ་ཡིན། །དུས་ནི་ལོ་རེ་བཞིན་དུ་ཇེ་ངན་འགྲོ། །མཁན་པོ་བྱས་ནས་གྲོང་དུ་ཚོགས་དབང་བསྐུར། །ལྐོག་ཏུ་བུད་མེད་ཁྱི་ཕག་ཙམ་དུ་འབྱུང་། །སྡེ་འཁྲུག་ནང་དམེ་རྒྱབ་བརྟེན་དུག་ལ་རེ། །དབུ་ཚབ་གསེར་ཁང་སྦས་པའི་གཏེར་འདོན་གང་། །གཏེར་སྟོན་གྲྭ་སྒོམ་ཆོས་ཀྱི་རྡོ་རྗེ་ཞེས། །འདི་ཡི་འཁྲུངས་ཡུལ་གཡོ་རུ་གྲྭ་ཡིན་ལ། །པེ་ཀར་ཨར་གཏད་ལ་སོགས་མང་དུ་བཏོན། །སངས་རྒྱས་བཀའ་ལ་རིས་གཅོད་འདྲ་མིན་བྱེད། །རྫོགས་ཆེན་རྡེའུ་ཞེས་བྱའི་ཆོས་ལོག་འབྱུང་། །རི་བོང་འཛིན་ཞེས་གསོ་སྦྱོར་སྨན་ལོག་འབྱུང་། །བོད་རྩིས་དྲུག་ཅུ་སྐོར་ཞེས་གསལ་སྒྲོན་ཞེས། །རྩིས་རྒྱུད་ཀུན་དང་མི་མཐུན་དར་བ་འབྱུང་། །གཏེར་མར་གྲགས་པའི་བསླུ་ཆོས་མང་ཞིག་འབྱུང་། །འོ་ཡུག་གཡག་ལྕེར་སྦས་པའི་གཏེར་འདོན་གང་། །གཡག་ཕྱར་སྔོན་མོ་ཞེས་བྱའི་གཏེར་སྟོན་གྱིས། །གཞན་མ་ལ་ལ་གཡག་སྡེ་ཞེས་འདོད་ཀྱང་། །དེ་ལྟར་མ་ཡིན་འོ་ཡུག་སྟོང་ངུར་རམ། །ད་ལྟ་ཁྲ་ཆུང་ཞེས་པ་དེ་ཡིན་ཞིང་། །འདོན་རྒྱུ་བཱཻ་རོའི་ཆོས་གཏེར་ཡིན་ཟེར་རམ། །དེང་སང་འདི་ཡིན་ཟེར་བའི་གསམ་ཁ་མེད། །རྫོགས་ཆེན་བླ་མ་སྲོ་བས་བྱས་པ་ཡི། །རྫོགས་ཆེན་རྡེའུ་སྐོར་བདུན་ཞེས་པ་ན། །ཚེ་སྔོན་དང་ནི་ཕྱི་མ་གཉིས་ཀ་མེད། །ལས་དང་རྒྱུ་འབྲས་དགེ་སྡིག་ཕན་ཡོན་རྫུན། །སྒྱེ་མོ་ནག་པོར་ལག་མགོ་བཅུག་པ་དང་། །ར་རོག་ཁོག་པར་བཅུག་པ་ཁྱད་མེད་ཟེར། །ཐུགས་རྗེ་ཆེན་པོ་དང་ནི་གངས་རི་གཉིས། །གང་བསྒོམ་ཁྱད་མེད་མ་ཎི་འདྲེན་པ་དང་། །བོང་བུའི་སྐད་འདོན་གཉིས་ཀ་བཟང་ངན་མེད། །ཟེར་བའི་གཞུང་དེ་མུ་སྟེགས་ཆད་ལྟ་དང་། །མཚུངས་པའི་ཆོས་ལོག་གཞུང་ལ་རྫོགས་ཆེན་དུ། །བཏགས་ཀྱང་ད་ལྟ་དེ་ཡི་ལུགས་འཛིན་མེད། །མཁས་པ་ཆེན་པོ་རོང་ཟོམ་པཎྜི་ཏའི། །སློབ་མ་ཤངས་པ་ལྕེ་སྟོན་ཟེར་བ་ཡང་། །དེ་ལྟར་འདོད་པའི་གཞུང་ངན་རྫོགས་ཆེན་གྱི། །གྲལ་ནས་ཕུད་དེ་མིང་ཙམ་མེད་པར་སོང་། །འདི་ནི་ཀུན་མཁྱེན་རྒྱལ་པོའི་རྒྱུད་གཞུང་ལས། །གསུངས་པའི་ལྟ་བ་མཐོས་ཐལ་གོང་བརྒལ་ནས། །རྩེ་མོར་ཕྱིན་པས་ཕར་རྒྱབ་ལྷུང་པ་ལྟར། །སྤྱོད་པ་ཁྱད་གསོད་ཐབས་ཤེས་ཡ་བྲལ་ལམ། །ལ་ཟླ་བ་དང་ཤན་འབྱེད་ནོར་སྐྱོན་གྱིས། །ཡིན་ཕྱིར་རྫོགས་ཆེན་གཞན་རྣམས་དེ་མི་འདོད། །རི་བོང་འཛིན་ཞེས་མིང་བཏགས་གསོ་དཔྱད་དབེན། །རྩིས་གཞུང་གསལ་སྒྲོན་ཞེས་དང་དྲུག་ཅུ་སྐོར། །སྲོག་ལུས་དབང་ཐང་སྨེ་བ་མཚུངས་ལྡན་དུ། །མི་སྐོར་གོ་ལྡོག་བྱེད་ཅེས་ཟེར་བ་འོ། །བོད་ཁམས་ཡོངས་ཀྱི་ཆོས་ལུགས་དགོད་རེ་བྲོ། །འཇིག་རྟེན་ཁྱིམ་པའི་ཁ་ནས་ཆོས་སྐད་རེ། །ར་རོག་ཕད་རོག་ཁྱད་པར་མེད་ཅེས་ཟེར། །ཆོས་མེད་པོ་རྣམས་ནད་པའི་སྔས་སྲུང་བྱེད། །མི་རེའི་ལག་ན་རྩིས་ཀྱི་ཤོག་ཁྲ་རེ། །རྨོངས་ཁྱུ་ཁ་འགྲིལ་མཁས་པ་སྐྱར་ལ་འདོན། །མོན་ཁ་སྤ་གྲོར་སྦས་པའི་གཏེར་འདོན་གང་། །གཏེར་སྟོན་བླ་མ་གྲུམ་ཞེས་བྱ་བ་དང་། །སྤ་གྲོའི་ཡོན་བདག་ནག་པོ་མཁར་བྱ་བ། །མཆོད་ཡོན་གཉིས་ཀས་ལྷན་ཅིག་གཏེར་བླངས་པ། །གཟའ་བདུད་གསང་སྒྲུབ་ལ་སོགས་དྲག་སྔགས་དང་། །ཀུ་མ་རཱ་ཛའི་བསྟན་སྲུང་གཟའ་བདུད་ཀྱང་། །གཟའ་གཞུང་འདི་ཡིས་ནང་དུ་གཏོགས་པ་ཡིན། །མི་ཐུབ་ལྔ་འབྱུང་རང་ལ་ཡིད་མི་ཆེས། །དེ་འདྲའི་དུས་ན་འདྲེ་ནད་གདུག་པ་དར། །ནད་དུ་མི་འོང་བྱ་བ་གཅིག་ཀྱང་མེད། །ཆོས་སྤྱིའི་བྱིན་རླབས་སུམ་ཆ་ཉམས་ནས་འགྲོ། །འོན་ལྗང་རྡོ་ལ་སྦས་པའི་གཏེར་འདོན་གང་། །ལྷ་བཙུན་སྔོན་མོ་ཞེས་བྱའི་གཏེར་སྟོན་གྱིས། །གཏེར་ཁ་འགའ་ཞིག་བཏོན་ནམ་ཐེ་ཚོམ་ཡང་། །ད་ལྟ་འདི་ཡིན་གསལ་ཁ་གང་ཡང་མེད། །མི་ལ་ལུས་ཆས་ཡ་མ་ཟུང་དུ་ཡོང་། །བསྟན་པ་ཆོས་ཀྱང་ཡ་མ་ཟུང་དུ་འོང་། །དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་ཡོང་། །ཁམས་ཀྱི་སྲིན་མོ་རྫོང་གསུམ་གཏེར་འདོན་གང་། །ཁམས་པ་ཉི་མ་གྲགས་པ་ཞེས་བྱ་བས། །གཤིན་རྗེ་ཟླ་གསང་སྤྲེའུ་སླག་ཅན་ལ་སོགས། །ཆོས་སྐོར་མང་པོ་བཏོན་ཅས་ཡོངས་གྲགས་ལྟར། །ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་འབྱུང་། །བསོད་ནམས་ཟད་པས་དབུས་སུ་མི་རྒོད་སྡིགས། །དྭགས་པོ་ལྡང་ལྷར་སྦས་པའི་གཏེར་འདོན་གང་། །མངའ་བདག་སྲས་མོ་རིན་ཆེན་ཚུལ་རྡོར་འབྱུང་། །དེ་དུས་ས་སྐྱ་ནང་ཞིག་ཤ་རུ་བཞིན། །བཟང་ངན་ནང་འགྲན་རྩེ་མང་ཟིང་ཟིང་དུ། །གྱུར་ཚེ་དཔོན་ཆེན་རྒྱལ་བཟང་ཞེས་བྱ་བས། །ཏ་སི་བྱང་ཆུབ་རྒྱལ་མཚན་བཙོན་བཟུང་བར། །དབུས་སུ་མི་རྒོད་སྡིག་ཅེས་ཟེར་བར་སྣང་། །གཏེར་སྟོན་འདིས་ནི་མཁའ་འགྲོ་སྙིང་ཐིག་དང་། །ཞིང་སྐྱོང་གཟའ་དང་ཞིང་སྐྱོང་དམར་ནག་དང་། །གཉེན་པོའི་ལྷ་གསུམ་ཕྱག་ན་རྡོ་རྗེའི་སྐོར། །ཆུ་རླུང་འཁྲུག་བྱེད་གཏད་རྒྱུད་གསལ་སྒྲོན་སོགས། །དྲག་སྔགས་ཟབ་ཆོས་མང་པོ་བཏོན་ཅེས་གྲགས། །དམ་སེལ་བརྒྱུད་པས་སློབ་འགའ་གྲི་རུ་འཆི། །རྡོ་ཡི་མཆོད་རྟེན་གདུགས་ཏོག་ཆོས་འཁོར་ཉམས། །མོན་ཁ་ཆུ་ཕུག་སྦས་པས་གཏེར་འདོན་གང་། །ཚེ་བརྟན་རྒྱལ་མཚན་ཞེས་བྱའི་གཏེར་སྟོན་གྱིས། །སྤ་གྲོ་ཆུ་མོ་ཕུག་ཅེས་བྱ་བ་ནས། །གུ་རུ་ཞི་དྲག་རྫོགས་པ་ཆེན་པོ་ཡང་། །མཉམ་ཉིད་རང་གྲོལ་ཚེ་དཔག་མེད་དང་ནི། །བདེ་མཆོག་དམེ་བརྩེགས་བཅུད་ལེན་བརྒྱ་རྩ་བརྒྱད། ལུང་བསྟན་བཀའ་བརྒྱད་མ་སོགས་མང་པོ་བཏོན། །དེ་དུས་ཆོས་རྒྱལ་འཕགས་པ་རིན་པོ་ཆེ། །ཁོང་གི་ཉེ་གནས་འགའ་ཡིས་བཀྲོངས་པ་ལ། །དམ་སེལ་བརྒྱུད་པ་ཞེས་སུ་གྲགས་པ་ཡིན། །སྒྲུབ་པ་མ་བྱས་གྲུབ་ཐོབ་ཡིན་ཞེས་ཟེར། །རང་ཉིད་མ་སྨིན་གཞན་ལ་དབང་བསྐུར་བྱེད། །སྤུ་རི་ཛྭ་ལར་སྦས་པའི་གཏེར་འདོན་གང་། །སངས་རྒྱས་གླིང་པ་ཞེས་བྱའི་གཏེར་སྟོན་དེ། །འཁྲུངས་ཡུལ་ལོང་པོ་གྱིམ་ཞེས་བྱ་བ་ལ། །གཏེར་ཆོས་བླ་མ་དགོངས་འདུས་ལ་སོགས་པའི། །གཏེར་ཕྲན་དག་ཀྱང་མང་དུ་བཏོན་ཅེས་གྲགས། །དབུས་པའི་མདུན་མ་གཅིག་དྲིལ་ས་ཧོར་སྐྲག །སྡིག་སྤྱོད་བདུད་སྤྲུལ་བསྟན་པ་རྒྱས་ཡུན་རིང་། །འབྲི་ལྡང་ཀོ་རོ་བྲག་གི་གཏེར་འདོན་གང་། །རིན་ཆེན་གླིང་པ་ཞེས་བྱའི་གཏེར་སྟོན་གྱིས། །རྒྱ་གར་ཕ་བོང་རུས་སྦལ་ནག་པོ་དང་། །འབྲི་ལྡང་ཀོ་རོ་བྲག་ནས་གཏེར་མང་བྱོན། །ཡར་ལུང་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུང་། །ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟ། །བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་དུས་འབྱུང་ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་འདོན་གང་། །ཨུ་རྒྱན་གླིང་པ་ཞེས་བྱའི་གཏེར་སྟོན་གྱིས། །གཏེར་གནས་ཡར་ལུང་ཤེལ་གྱི་བྲག་ཕུག་ནས། །བཀའ་འདུས་པུ་སྟི་སུམ་ཅུ་སོ་བདུན་དང་། །གྲྭ་ཡི་གཡུ་སྒོང་དང་ནི་འོན་གྱི་ཕུ། །སྟག་ཚང་སོགས་ནས་གཏེར་ཕྲན་ཆོས་སྡེ་ཡང་། །པུསྟི་སུམ་ཅུར་ལྷག་པའི་ཆོས་གཏེར་དང་། །དམ་རྫས་རྒྱལ་སྲས་ལྷ་རྗེའི་སྐྱེ་བདུན་གྱི། །སྐུ་གདུང་ལ་སོགས་མང་དུ་བཏོན་ཅེས་གྲགས། ས་ཧོར་དུར་ས་དབུས་གཙང་ཀུན་ལ་འདེབས། །མཆོད་རྟེན་འོག་ནས་ཐོད་པ་ཁྱི་ཡིས་གཡེང་། །བསམ་ཡས་མཆིམས་ཕུར་སྦས་པའི་གཏེར་འདོན་གང་། །དྲི་མེད་འོད་ཟེར་ཞེས་བྱའི་གཏེར་སྟོན་གྱིས། །དངོས་གཏེར་ཤོག་དྲིལ་གསུམ་ཙམ་མ་གཏོགས་པ། །བཏོན་པ་མིན་ཀྱང་དགོངས་གཏེར་མང་དུ་ཕབས། །སྐབས་དེར་མཁན་པོ་བོ་དྷི་ས་ཏྭ་ཡི། །སྐུ་གདུང་ཧས་པོ་རི་རྒྱབ་མཆོད་རྟེན་དུ། །བཞུགས་པ་བྱིས་པ་མང་པོས་བག་མེད་ཀྱི། །སྤྱོད་པས་མཆོད་རྟེན་ནང་ཀུན་ཉིལ་བ་ལ། །མཁན་པོའི་དབུ་ཐོད་རྙེད་ཚེ་དེ་ཀུན་གྱིས། །དེ་སྐད་ཅེས་ནི་ཀླག་ཅེར་བྱས་པ་ལ། །ཚོང་དཔོན་ཞིག་གིས་མཛོ་ཁལ་དང་བཅས་པ་། །བྱིན་ནས་བྲོས་ཚེ་བསམ་ཡས་པ་རྣམས་ཀྱིས། །རྗེས་བརྙེགས་བྱས་པས་ཟིན་ཏེ་ཕྱིར་ཕྲོགས་པ། །ད་ལྟ་བསམ་ཡས་དབུ་རྩེར་བཞུགས་པ་ཡིན། །གཙང་གི་སྒྱེར་བུར་དོ་ཡ་གཉིས་སུ་འཐབ། །རང་ཐག་ཁྱུང་ལུང་ཕག་པ་ཁྱུ་གཅིག་འབྱུང་། །ཀོང་པ་མཆིམས་ཡུལ་སྦས་པའི་གཏེར་འདོན་གང་། །རཏྣ་གླིང་པ་ཞེས་བྱའི་གཏེར་སྟོན་འབྱུང་། །འདི་ཡི་དུས་རྟགས་ལ་སྟོད་སྒྱེར་ཕུ་པ། །ནང་འཐབ་བྱུང་དང་གོང་མ་གྲགས་འབྱུང་དུས། །ཡིན་ཞིང་ལྷོ་མོན་གཙང་དབུས་ལ་སོགས་ནས། །གཏེར་མང་བཏོན་ཅིང་ཁྱད་པར་རྫོགས་པ་ཆེའི། །བཅུ་བདུན་རྒྱུད་ཀྱི་བཀའ་སྲུང་ཁྲོོས་ནག་མའི། །རྒྱུད་དེ་ཧ་ཅང་དྲག་ཤུལ་ཆེར་དྭོགས་ནས། །ཀུ་མ་རཱ་ཛས་ལྡང་ལྷར་སྦས་པ་དེ། །སྔགས་ཀྱི་སྲུང་མས་ལུང་བསྟན་བྱས་པ་བཞིན། །བཏོན་པ་ལ་སོགས་གཏེར་ཆོས་གྲངས་མང་ངོ་། །མཛའ་བོ་ནང་འཇུག་ཚེར་མས་མཐའ་མི་དགུག །ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང་། །ཡུམ་བུ་བླ་སྒང་སྦས་པའི་གཏེར་འདོན་གང་། །ཆོས་རྗེ་གླིང་པ་ཞེས་བྱའི་གཏེར་སྟོན་དེ། །ལ་ལས་དབོན་རྗེ་གླིང་པ་ཞེས་བྱ་དང་། །རོག་རྗེ་གླིང་པ་ཞེས་སོགས་མཚན་གསོལ་ཡང་། །སྔོན་བྱོན་ཁུངས་དང་ལོ་རྒྱུས་མ་ཐོས་སོ། །བཀའ་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང་། །ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ། །ཤ་འུག་སྟག་སྒོ་སྦས་པའི་གཏེར་འདོན་གང་། །གཏེར་བདག་གླིང་པ་ཞེས་བྱའི་གཏེར་སྟོན་གྱིས། །ཤ་འུག་སྟག་སྒོ་སོགས་ནས་གཏེར་མང་པོ། །བཏོན་ཅིང་བསྟན་འགྲོད་ཕན་པ་རྒྱ་ཆེན་འབྱུང་། །སྣ་པོ་ལ་ཁར་སོ་པ་རེས་མོས་བྱེད། །མཆོད་རྟེན་དཀར་པོར་སྦས་པའི་གཏེར་འདོན་གང་། །ཀུན་སྐྱོང་གླིང་པ་ཞེས་བྱའི་གཏེར་སྟོན་དེ། །རྡོ་རྗེ་གླིང་པའི་ཟློས་གར་ཡིན་པའི་ཕྱིར། །ཡང་གཏེར་དང་ནི་གཞན་ཡང་མང་ཞིག་བཏོན། །ཉང་སྨད་ཉི་མ་མདོ་རུ་རྫོང་གཅིག་ཆགས། །དམག་དཔོན་བརྒྱ་རྩ་ལུང་སྟོང་ཕྱི་རྟགས་འཇོག །གཡས་རུ་གཙང་སྒྲམ་སྦས་པའི་གཏེར་འདོན་གང་། །མདོ་སྔགས་གླིང་པ་ཞེས་བྱའི་གཏེར་སྟོན་དེ། །མཚན་གཞན་མཆོག་ལྡན་མགོན་པོ་ཞེས་སུ་གྲགས། །སྐུ་སྐྱེ་སྔ་མ་ཀུན་སྐྱོང་གླིང་པའི་དུས། །བདུད་མོ་ཞིག་གིས་བསྐུལ་ནས་དབང་མེད་དུ། །སློབ་དཔོན་པདྨའི་ལུང་བསྟན་ངན་པ་ཡང་། །བཟང་པོར་བསྒྱུར་ནས་བྲིས་པས་རྟེན་འབྲེལ་གནད། འཕྱུགས་པས་གཏེར་ཁ་གང་ཡང་ཐོན་མ་གྱུར། །ཡར་འབྲོག་མཚོ་གླིང་དགུ་ལ་དམག་སྒར་འཆའ། །སྟག་འཐབ་ནང་དུ་གཙང་པ་སུམ་གཉིས་འཆི། །རྩིས་ཀྱི་ལྷ་ཁང་སྦས་པའི་གཏེར་འདོན་གང་། །ཨོ་རྒྱན་བསྟན་གཉིས་གླིང་པ་ཞེས་བྱ་བ། །དུས་རྟགས་དབུས་གཙང་འཐབ་པའི་སྐབས་ཡིན་ལ། །རིན་སྤུང་སྒར་པ་དང་ནི་སྣེའི་གདོང་སོགས། །གཙང་པའི་རྫོང་དཔོན་དགོན་པ་དཔལ་བཀྲས་དང་། །ཤངས་པ་གཡང་ལྡན་རྩེ་སོགས་སྟག་ཤར་འགའ། །འཐབ་སར་བསད་པ་དེ་ཉིད་ཡིན་ཞེས་གླེང་། །གཏེར་ནི་སངས་རྒྱས་དགོངས་པ་འདུས་པ་ལས། །བླ་མ་བྱིན་རླབས་ཀུན་འདུས་ཞེས་པ་དང་། །བཀའ་བརྒྱད་བླ་མེད་ཀུན་འདུས་ཀཱི་ལ་ཡ། །དྲག་པོ་ཀུན་འདུས་རྫོགས་ཆེན་ཕྱག་ཆེན་དང་། །གཅོད་ཡུལ་ཞི་བྱེད་ཚེ་སྒྲུབ་མདོ་དགོངས་དང་། །རྒྱུ་འབྲས་ཕྲ་ཞིབ་རྣམ་སྲས་གཟའ་ལ་སོགས། །ཡང་ཏིག་ཡེ་ཤེས་མཐོང་གྲོལ་འོད་གསལ་ཆོས། ཐིག་ལེ་ཉག་ཅིག་ཚེ་སྒྲུབ་སྙིང་རྒྱ་ཅན། །ལ་སོགས་གཏེར་ཆོས་རྣམས་གྲངས་མང་བྱུང་ངོ་། །སྟོད་ལུང་ཡུལ་དུ་སྟག་ཚང་ཁྱུ་གཅིག་འབྱུང་། །ས་བཙན་རི་འགོ་རི་ལ་རྫོང་ཆུང་རེ། །ལ་རྩུབ་འཕྲང་རྩུབ་གཉེར་མེད་ཆུ་ཡིས་འཚོ། །ཀོང་པོ་བུ་ཚུར་སྦས་པའི་གཏེར་འདོན་གང་། །རྡོ་རྗེ་གླིང་པ་ཞེས་བྱའི་གཏེར་སྟོན་གྱིས། །སྙིང་ཐིག་བཅུ་གསུམ་དང་ནི་བོན་གཞུང་ཡང་། གསེར་གྱི་ཡང་ཞུན་ཞེས་དང་རྫོགས་པ་ཆེ། །ལྟ་བ་ཀློང་ཡངས་མ་གཟའ་རྡོར་གསུམ་དང་། །མ་མགོན་དང་ནི་བརྟན་མ་ལས་རྒྱ་མཚོ། །དེ་སོགས་གཏེར་ཆོས་དག་ཀྱང་ཤིན་ཏུ་མང་། །གཏེར་གནས་གནམ་ལྕགས་བྲག་དང་སྤ་གྲོ་དང་། །སྒྲགས་ཀྱི་ཡང་རྫོང་མཚིམས་ཕུ་ལ་སོགས་ཡིན། །འགོས་ཀྱི་ཕག་རི་གནས་གཞི་རྫོང་ལ་འགེབ། །ལ་སྟོད་སྟག་གུར་དུག་གི་ཚོང་འདུས་འབྱུང་། །མེ་འབར་མཚོ་ལ་སྦས་པའི་གཏེར་འདོན་གང་། །པདྨ་གླིང་པ་ཞེས་བྱའི་གཏེར་སྟོན་འབྱུང་། །དེ་ཉིད་མོན་ཡུལ་བུམ་ཐང་སྐད་པ་དེར། །ཆོས་འཁོར་དཔོན་པོ་ཐུབ་པའི་མིང་ཅན་གྱིས། །ཡུལ་གྱི་མི་རྣམས་བསྡུས་ཤིང་ཁྲོམ་བསགས་ཏེ། །དཔོན་གྱིས་གཏེར་སྟོན་ཉིད་ལ་འདི་སྐད་སྨྲས། །གཏེར་ཐོན་གྱུར་ན་བྱ་དགའ་ཆེན་པོ་སྟེར། །མ་ཐོན་ན་ནི་ཁྲིམས་ལ་སྦྱོར་ཞེས་མོད། །གཏེར་སྟོན་ཉམས་འུར་ཕྱག་ཏུ་སྒྲོན་མེ་ཞིག །ཐོགས་ཏེ་ཟམ་པའི་ཁ་ནས་མཚོར་མཆོངས་པས། །ཁྲོམ་རྣམས་ཀུ་ཅོ་ཏིར་གྱིས་བྱུང་བ་དང་། །ཕ་མ་གཉིས་ངུས་དཔོན་ཡང་སྐྱེངས་བཞིན་དུ། །ཁྱེད་གཉིས་མ་ངུ་བུ་ཚབ་ངས་བྱེད་ཟེར། །སྒྲོན་མེའི་མིང་དེ་མ་ཤི་སྔོན་བཞིན་དུ། །ཕྱག་ན་ཐེགས་ཏེ་བསི་ཡི་སྒྲོམ་ཆེན་ཞིག །ཟིལ་པ་ཕྲོམ་མེ་བར། གར་བྱུང་ཆ་མེད་ཚུལ་གྱིས་ལྷགས་པའི་ཚེ། །གཏེར་ཞལ་ཕྱེས་ཏེ་ཁྲོམ་རྣམས་ཐམས་ཅད་ལ། །བྱིན་བརླབས་བྱས་པས་ཐམས་ཅད་ཡིད་ཆེས་ཤིང་། །སྙན་ཞིང་གྲགས་པས་མདོ་ཁམས་ཀུན་ཁྱབ་སྟེ། །དམ་རྫས་སྐུ་གཏེར་ཆོས་གཏེར་བླ་རྫོགས་ཐུགས། །དེ་རྣམས་སྤྱན་དྲངས་ཉི་ཟླ་ཇི་བཞིན་གསལ། །སྔོན་སྨོན་སྟོབས་ཀྱིས་གཏེར་གྱི་བསྟན་པ་ཡང་། །ཚེ་ལོ་སུམ་ཅུའི་བར་དུ་གནས་པར་གསུངས། །རྒྱ་གར་གྱུ་ཏ་བ་དང་བི་ན་ས། །པཎྜི་ཏ་ནི་གཉིས་གསུམ་བོད་དུ་འོང་། །ལྷ་སའི་ཇོ་ཤཀ་གཉིས་ལ་མཆོད་པ་བྱེད། །ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་འདོན་གང་། །ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་བྱ་བས། །ཡང་དག་གཏེར་ཆོས་མང་པོ་བཏོན་གྱུར་ཅིང་། །དེ་དུས་ལྷོ་བྲག་ཤར་དུ་ལྷའི་ཟླ་བ། །ཞེས་པའི་གཏེར་སྟོན་ཞིག་བྱུང་ཟེར་ཡང་བརྟགས །བོད་འདིར་རྒྱལ་པོའི་མིང་བཏགས་བརྒྱ་རྩ་འབྱུང་། །གངས་དང་སེང་གེ་ལས་ཀྱིས་འབྲེལ་བ་ཡིས། །འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེད། །བྱར་གྱི་བྲག་ལ་སྦས་པའི་གཏེར་འདོན་གང་། །བསམ་བསྟན་གླིང་པ་ཞེས་བྱའི་གཏེར་སྟོན་དེ། །ལོང་པོ་སྐུ་འཁྲུངས་རྩ་གསུམ་སྒྲུབ་སྐོར་དང་། །མགོན་པོ་ཞལ་བཞི་པ་ཡི་ཆོས་སྐོར་དང་། །གཞན་ཡང་གཏེར་ཆོས་འགའ་ཞིག་ཡོད་ཅེས་གྲགས། །སླེ་མ་མཚལ་གྱི་རི་མོ་བྲིས་པ་ཡི། །གནུབས་ཀྱི་སྲེག་པ་ལུང་དུ་མུ་གེ་འབྱུང་། །ཁྱུང་ཚང་བྲག་ལ་སྦས་པའི་གཏེར་འདོན་གང་། །ཨོ་རྒྱན་ཞིག་པོ་གླིང་པ་ཞེས་བྱ་བའི། །འཁྲུངས་ཡུལ་སྐོར་ཐུང་ཤེས་རབ་ཡེ་ཤེས་ཞེས། །རྫོགས་ཆེན་སེམས་སྡེའི་བླ་མ་ཞིག་བྱུང་བ། །དེ་ཡི་ཡུལ་དང་གཅིག་པ་ཡིན་ཞེས་སྐད། །སླེ་མ་མཚལ་ཞེས་ས་རྟགས་བསྟན་པ་སྟེ། །རི་མོ་མཚལ་གྱིས་བྲིས་པ་བསྐྱིལ་འཕྲང་གི། །བུམ་པ་བྲག་ཅེས་བྱ་བ་དེ་ཡིན་ལ། །དེ་ཡི་བྱང་ཕྱོགས་བྱེ་ཐང་རི་ལ་ནི། །སྦས་ལུང་སྲེག་པ་ལུང་ཞེས་བྱ་བ་དེར། །ཤྭ་འུད་བྱུང་ནས་ཞིང་རྣམས་བརླགས་སྐྱོན་གྱིས། །མུ་གེ་བྱུང་བ་དེ་ཉིད་ཡིན་པར་སྣང་། །གཏེར་སྟོན་འདི་ཡིས་ཁྱུང་ཚང་བྲག་དང་ནི། །ཡེར་བ་ལྷ་ས་ཏི་སྒྲོ་བསམ་ཡས་སོགས། །དེ་རྣམས་ཀུན་ནས་གཏེར་བཏོན་འགྲོ་དོན་ཆེ། །འདི་ལ་བླ་མ་དགོངས་འདུས་ཆ་ལག་ནི། །གཏེར་ཞབས་རྒྱལ་བ་འདུས་པ་ལ་སོགས་བྱུང་། །ཉིད་ཀྱི་ཆོས་གཏེར་དང་ནི་བཀའ་གཏེར་ཆོས། །གོང་མ་རྣམས་ལ་ཐུགས་གཙིགས་ཆེར་མཛད་པས། །སྔ་འགྱུར་བསྟན་པའི་སྲོག་གི་སྣོན་མར་གྱུར། །རྟ་རྒོད་ཐང་ལ་དབུས་པའི་ཚོང་འདུས་འབྱུང་། །ཧས་པོའི་རྒྱུད་ལ་མེ་འབར་རྫོང་ཞེས་འབྱུང་། །ཁ་རག་ཕུག་ཏུ་སྦས་པའི་གཏེར་འདོན་གང་། །ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་དེ། །ལྷོ་བྲག་སར་འཁྲུངས་གཏེར་ཆོས་དྲེགས་འདུལ་སྐོར། །སྒྲུབ་ཆེན་བཀའ་བརྒྱདཆོས་སྐོར་ཚང་མ་དང་། །ཚེ་སྒྲུབ་ཡིད་བཞིན་མེ་ལོང་ཞེས་པ་དང་། །རྒྱལ་པོའི་བླ་འབུམ་དམ་རྫས་མྱོང་གྲོལ་སོགས། །མང་དུ་བཏོན་ཀྱང་སྤྱོད་པ་རྩིང་སྐྱོན་གྱིས། །གཞན་གྱིས་བཀྲོངས་ཀྱང་དེ་རྗེས་སྤྲུལ་པའི་སྐུ། །རེ་གཉིས་བྱུང་ཡང་གཏེར་ཆོས་མ་ཐོན་ནོ། །མི་ཐོག་རེ་ལ་གཏེར་སྟོན་རེ་འབྱོན་ཞེས། དགོངས་པ་ཅན་གྱི་གསུངས་ཡིན་ཅིའི་ཕྱིར་ན། །སྔོན་ཆད་མི་ཐོག་རེ་ལ་གཏེར་སྟོན་ནི། །གཅིག་ཏུ་མ་ངེས་འགའ་རེ་བྱུང་བ་ཡོད། །དེ་ཡང་འགོས་ཀྱི་པདྨ་ཞེས་བྱ་བས། ལྷ་མོ་དང་ནི་མགོན་པོ་བུ་རྫི་ཟུང་། །དུས་འཁོར་ལ་སོགས་ཆོས་སྐོར་མང་དུ་བཏོན། །དེ་བཞིན་རང་བྱུང་ཡེ་ཤེས་ཞེས་བྱ་བས། །ལྷོ་བྲག་མཁར་ཆུའི་གནས་ནས་ཐུན་མོང་སྐོར། མང་པོ་དང་ནི་གཞན་ཡང་འདི་བཞིན་བྱུང་། །ཟུང་མཁར་ཨ་ཇོ་དཔལ་པོ་ཞེས་པ་དང་། །བྱང་ཆུབ་གླིང་དཔལ་རྒྱལ་མཚན་ཞེས་པ་དང་། །ཤེས་རབ་མེ་འབར་བསེ་བན་ཉི་མའི་སྙིང་། ཤུད་སྐེ་ཆོས་གྲགས་གུ་རུ་ཆོས་བློ་དང་། །རིག་འཛིན་རྒོད་ལྡེམ་ཀརྨ་གླིང་པ་སོགས། །གླིང་པ་རྣམ་བརྒྱད་དྲི་མེད་རྣམ་བཞི་དང་། །ཡེ་ཤེས་ཁྱུང་གྲགས་འཇམ་དབྱངས་བླ་མ་དང་། །རྒྱལ་སྲས་ལེགས་པ་ཀུན་དགའ་འབུམ་མ་དང་། །ཀོང་པོ་རགས་ཀ་དུང་མཚོ་རས་པ་དང་། །བཟང་པོ་གྲགས་པ་གདོང་ཀར་ལ་ཁ་བ། །ལྷོོ་བྲག་བྱང་གླིང་ཇོ་སྲས་རྩིང་པོ་དང་། །བྱང་ཆུབ་འོད་དང་མངའ་རིས་བྱང་རྡོར་བ། །ལྕེ་བཙུན་ཇོ་འབེར་ཤཱཀྱ་བཟང་པོ་དང་། །ཇོ་གདན་དཀོན་མཆོག་གྲགས་པ་ལ་སོགས་དང་། །ཁམས་ཀྱི་ཕྱོགས་ནས་བདུད་འདུལ་རྡོ་རྗེ་དང་། །མི་འགྱུར་རྡོ་རྗེ་མ་ཏི་རཏྣ་དང་། །སྟག་ཤམ་རྡོ་རྗེ་ཡོང་དགེ་མི་འགྱུར་སོགས། །སྔོན་བྱོན་ད་ལྟའི་དུས་ནའང་མང་དུ་འབྱུང་། །ཆོས་ཀྱི་གཏེར་ནི་སློབ་དཔོན་པད་མ་དང་། །མཚོ་རྒྱལ་ཡུམ་དང་མངའ་བདག་ཡབ་སྲས་བཅས། །བཱི་མ་མི་ཏྲ་ཛྙ་ན་ཀུ་མ་ར། །ནམ་སྙིང་སངས་རྒྱས་ཡེ་ཤེས་སྣ་ནམ་པ། །རྡོ་རྗེ་བདུད་འཇོམས་ལ་སོགས་རྗེ་དང་འབངས། །མང་པོས་སྦས་པ་མ་གཏོགས་གཅིག་ཙམ་མིན། །སྤྱིར་ན་རྒྱ་གར་ལི་བལ་ལ་སོགས་ཀྱི། །ཡུལ་ཆེན་རྣམས་སུ་བཀའ་རྣམས་སྡུད་པའོ། །རིགས་གསུམ་མགོན་པོ་འཕགས་པ་ཀླུ་སྒྲུབ་ཡིན། །གཞན་ཡང་རྗེ་འབངས་ཉེར་ལྔའི་ཁྲོད་ཀྱི་ནི། །ལོ་ཙཱ་མང་པོས་ཕྱིས་སུ་ཆོས་རྒྱལ་གྱི། །གདུང་རྒྱུད་དཔལ་འཁོར་བཙན་དང་རྗེ་ཡི་སྲས། །སྲོང་བཙན་འབར་གྱི་བར་དུ་བཞུགས་པ་ཡང་། །འབྲེ་བན་རྒྱལ་བའི་བློ་གྲོས་རོང་ཟོམ་གྱི། །བླ་མ་ཡིན་ཞིང་སྲོང་བཙན་འབར་ཞེས་དང་། །དུས་མཚུངས་སྐབས་དེར་མངའ་བདག་སྲོང་བཙན་འབར། །བསྙུངས་བར་དགེ་སློང་རྒྱལ་བ་མཆོག་དབྱངས་ཀྱིས། །བཙན་མདོས་མཛད་ནས་སྙུན་ལས་གྲོལ་ཞེས་གྲགས། །དེ་ནས་སློབ་དཔོན་པདྨའི་ཞལ་སྔ་ནས། །མ་འོངས་དུས་ན་ང་ཡི་གཏེར་ཆོས་དང་། །འཕྲད་ཚེ་ཞལ་གདམས་འདི་བཞིན་ངེས་པར་གྱིས། །གདམས་ངག་འཚོ་མ་ཤེས་ན་འཕྲལ་གྱི་རྐྱེན། །འོང་བར་ངེས་པས་ཤིན་ཏུ་གསང་གཅེས། །མན་ངག་ངོམ་པ་སྔ་ན་གཞན་དག་གིས། །ཕྲག་དོག་བརྣབ་སེམས་སྐུར་པ་འདེབས་འོང་བས། །གཏེར་སྒྲུབ་རྟགས་ཐོན་བྱེད་པ་གལ་ཆེ་ཞིང་། །ཁ་དྲག་གཉེར་དང་འཆོལ་བར་སྤྱོད་གྱུར་ན། །གཞན་གྱིས་ཁྱད་གསོད་བརྙས་སྨོད་བྱེད་འོང་པས། །རྟགས་ཐོན་མཐུ་དང་ཆོས་གཉིས་ཟུང་འབྲེལ་གཅེས། །དམ་ཚིག་ཉམས་ན་འདི་ཕྱི་གཉིས་ཕུང་བས། །དམ་ཚིག་ས་གཞི་ལྟ་བུར་གཡོ་མེད་སྲུངས། །ལྟ་བའི་མཐའ་མ་རྟོགས་ན་གོལ་ས་རུ། །ལྟུང་བས་ལྟ་བ་མཁའ་ལྟར་མཐོ་བར་གྱིས། །དེ་ལ་སྒོམ་པ་གསེར་ཕུར་ལྟར་ཐོབ་ལ། །སྒོམ་པ་བརྟན་པའི་ཐབས་ལ་བརྩོན་པ་བསྐྱེད། །སྤྱོད་པ་དཔའ་གདེང་ལྡན་པའི་བརྟུལ་ཞུགས་གཅེས། །རང་སྣང་དབང་འདུས་གཞན་སྣང་ཟིལ་གནོན་གཅེས། །སྒོམ་སྒྲུབ་གང་བྱེད་བླ་མར་ཞུ་གཏུགས་འབུལ། །བླ་མའི་བྱིན་རླབས་མེད་ལ་ཆོས་ཅི་ཆད། །ལྟ་སྒོམ་སྤྱོད་གསུམ་གདེང་ལྡན་མཐར་སྐྱོལ་གཅེས། །གཏེར་ཆོས་རང་གི་གྲུབ་རྟགས་མ་ཐོན་བར། །གཞན་ལ་བྱིན་ན་རྩིས་ཆུང་དངོས་གྲུབ་ཡལ། །ཆོས་དང་གདམས་པ་ལྷག་མེད་བྱིན་གྱུར་ན། །ཕྱིན་ཆད་འབྲེལ་རྒྱུན་གཅོད་པའི་སྐྱོན་ཡོད་ཕྱིར། །སྣོད་དང་ལྡན་མིན་བརྟགས་ནས་སྦྱིན་པ་གཅེས། །གཏེར་ཆོས་ཤིན་ཏུ་གཉན་པས་སྤེལ་ཤེས་གནད། །དེ་ལྟར་བྱས་ན་བྱིན་རླབས་ཤུགས་ལ་འབྱུང་། །རང་སེམས་སངས་རྒྱས་ཡིན་པར་རྟོགས་པའི་ཕྱིར། །ཅི་འདོད་མིས་སྟེར་འཚོ་བ་ལྷ་ཡིས་སྦྱོར། །རྒྱལ་བའི་རྒྱུད་འཛིན་ཆོས་ཀྱི་དེ་ཉིད་རྟོགས། །དགེ་འདུན་སྡེ་ཚུགས་བསྟན་པ་དར་རྒྱས་བྱེད། །དེ་ལྟར་མིན་པའི་གཏེར་ཆོས་རང་ཉིད་ཀྱིས། །ཉམས་སུ་མ་བླངས་གཞན་ལ་སྤེལ་སྔ་ན། །མཆོག་གསུམ་བླ་འཚོང་སྡིག་སློབ་དམྱལ་བ་ཡི། །ལམ་མཁན་རང་དོན་ཆུད་ཟོས་མཁན་དུ་འགྱུར། །དེ་ཕྱིར་ང་ཡི་གཏེར་ཆོས་གཉན་ཆེ་བས། །རབ་ཏུ་འཚོ་ཤེས་མཁས་ན་དོན་གཉིས་འགྲུབ། །ཅེས་སོགས་ཕྱི་ནང་གསང་སྐོར་ཞལ་གདམས་གསུངས། །དེ་ནས་གླང་ལོར་ལོ་གསར་སྐབས་བབ་ཚེ། །སློབ་དཔོན་ཞལ་ནས་ད་དུང་འགྱང་ཙམ་ཞིག །ལོ་གསར་མ་བྱེད་རྟ་ཡང་མ་རྒྱུགས་ཅེས། །གསུངས་ཀྱང་བློན་རྣམས་ཉན་དུ་མ་འདོད་དེ། །ལོ་གསར་བྱས་ཤིང་རྟ་ཡང་བརྒྱུགས་པ་ལ། །ཁྲོོམ་མང་འུར་ནས་སུས་འཕངས་མ་ཤེས་པའི། །རྒྱང་མདའ་བྱུང་བ་རྒྱལ་པོར་ཕོག་གྱུར་པས། །རྐྱེན་བྱས་རྒྱལ་པོ་གཤེགས་པར་གྱུར་པ་ལ། །གཤེགས་རྫོངས་རྣམ་དཀར་རྒྱ་ཆེན་གྲུབ་རྗེས་སུ། །སྟག་ལོར་སློབ་དཔོན་ཆེན་པོ་སྲིན་ཡུལ་དུ། །གཤེགས་པ་ཡིན་ཞེས་བཀའ་མ་རྣམས་ཀྱིས་བཞེད། །གཏེར་མ་པ་དག་དེ་རྗེས་ལོ་གསུམ་དུ། །བཞུགས་པར་འདོད་སོགས་འགལ་བ་མ་ཡིན་ཏེ། །གདུལ་བྱ་སོ་སོའི་སྣང་ངོར་བྱུང་ཚུལ་ལགས། །གཏེར་མ་པ་དག་རྒྱལ་པོ་གཤེགས་རྗེས་སུ། །མུ་ནེ་བཙད་པོ་རྒྱལ་སར་བཏོན་གྱུར་ཀྱང་། །མ་ཡུམ་ཚེ་སྤོང་བཟའ་ཡིས་དུག་བཏང་ནས། །རྒྱལ་ས་ཟླ་དྲུག་བཟུང་ནས་གཤེགས་ཞེས་གྲགས། །དེ་རྗེས་ལྷ་སྲས་ཆུང་བའི་མཚན་ལ་ནི། །མུ་ཁྲི་བཙད་པོའམ་མུ་ཏིག་བཙད་པོ་ཞེས། །རྒྱལ་སར་བཏོན་རྗེས་སློབ་དཔོན་སྲིན་ཡུལ་དུ། །འབྱོན་གྲབས་མཛད་ཀྱང་ལྷ་སྲས་མྱ་ངན་གྱིས། །གདུང་བ་བསལ་ཕྱིར་ཧས་པོ་རི་རྩེ་རུ། །ཁྲིད་དེ་འདུལས་བྱས་ཡི་རྟག་འགྱུར་ཚུལ་དང་། །རྫོགས་ཆེན་པདྨ་སྙིང་ཐིག་ཅེས་བྱ་གནང་། །འདི་ནི་རྒྱལ་པོའི་སྡུག་བསྔལ་སེལ་བྱེད་ཆོས། །ཉོན་མོངས་རང་གྲོལ་བྱ་བ་དེ་ཡིན་འདུག །རྒྱལ་བུར་རྫོགས་ཆེན་དགོངས་དོན་མངོན་གྱུར་ཏོ། །སྐབས་འདིར་མཁན་པོ་བོ་དྷི་ས་ཏྭ་ཉིད། །དབུ་ལ་དྲེ་འུས་འཕྲ་ཁ་བརྒྱབ་ནས་གཤེགས། །ལ་ལ་དེ་ཡི་སྔོན་དུ་གཤེགས་ཟེར་ཡང་། །གང་ལྟར་ཡིན་ཀྱང་སྐུ་གདུང་དར་ཟབ་ཀྱིས། །དྲིལ་ནས་ཧས་པོ་རི་རྒྱབ་མཆོད་རྟེན་དུ། །བཞུགས་ཞེས་བོད་ཁམས་ཡོངས་ལ་གྲགས་ལྟར་རོ། །དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཉིད། །མངའ་བདག་གཤེགས་རྗེས་ལོ་གསུམ་བཞུགས་ནས་སླར། །ལྷོ་ནུབ་སྲིན་པོ་འདུལ་དུ་ཆས་གྱུར་ཚེ། །རྗེ་འབངས་མཆོག་དམན་ཐམས་ཅད་མྱ་ངན་གྱིས། །ནོན་ཅིང་གཉིད་ཡར་ཅི་བྱ་གཏོལ་མེད་གྱུར། །སྐབས་དེར་ལྷ་སྲས་མུ་ཏིག་བཙད་པོ་ཡིས། །ཟས་ནོར་ལོངས་སྤྱོད་དཔག་མེད་ཕུལ་ནས་སུ། །སྲིན་པོ་འདུལ་ལ་བཤོལ་འདེབས་མི་སྤོབས་ཀྱང་། །རབ་ན་བདག་ཉིད་མ་ཤིའི་བར་དག་གམ། །ཐ་ན་ལོ་གཅིག་བཞུགས་པར་གསོལ་བཏབ་པས། །སློབ་དཔོན་ཞལ་ནས་ལོ་གཅིག་བཞུགས་གྱུར་ཀྱང་། །འབྲལ་མི་ཕོད་ལ་ཁྱད་པར་ཅང་འདུག་གམ། །གསུངས་པས་ལྷ་སྲས་དྲན་མེད་ངང་དུ་ནི། །བརྒྱལ་ཞིང་སངས་པའི་དབུགས་འབྱིན་ཐོབ་ཙ་ན། །སློབ་དཔོན་ཞལ་ནས་ལྷ་སྲས་ཐུགས་ཁྲོལ་རྐྱེན། །གསོ་བའི་ཞལ་གདམས་དང་ནི་ཆོས་མང་དུ། །གསུངས་མཐར་ལྷ་སྲས་ཉིད་ལ་བདག་ཉིད་ནི། །ལུས་སྲོག་བྲལ་ནས་འགྲོ་བ་མ་ཡིན་ཕྱིར། །གཞན་དུ་སོང་ཡང་མྱུར་དུ་མཇལ་འགྱུར་ན། །དུས་བཟང་སྐབས་སུ་རྨི་ལམ་ལ་ཡང་མཇལ། །ངེས་པས་ད་ནས་བཟུང་སྟེ་སྐྱེས་རབས་ཀྱང་། །བཅོ་བརྒྱད་རྗེས་སུ་ངེས་པར་མཇལ་གྱུར་ནས། །འདུ་འབྲལ་མེད་ཅེས་གསུངས་ནས་འབུལ་ནོར་རྣམས། །ཕྱིར་གནང་རྗེ་འབངས་ཐམས་ཅད་ཁྲ་འབྲུག་ཏུ། །བྱོན་ཏེ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཡི། །དཀྱིལ་འཁོར་ཞལ་ཕྱེས་བསྒྲུབ་པ་མཛད་པའི་ཚེ། །ཡུམ་ཆེན་ལྷ་ལྕམ་མནྡ་ར་བ་ཡང་། །དངོས་སུ་བྱོན་ནས་དཀྱིལ་འཁོར་བསྐོར་བཞིན་དུ། །རྒྱལ་ཀུན་སྤྱི་གཟུགས་མ་ཧཱ་གུ་རུ་ལ། །བརྡ་དོན་རྟགས་གསུམ་སྒོ་ནས་བསྟོད་བསྔགས་ཀྱི། །མེ་ཏོག་འཐོར་ཞིང་སློབ་དཔོན་སྐུ་བརྙན་ལ། །དད་མོས་བྱས་པས་ཕན་ཡོན་མང་གསུངས་མཐར། །མཁའ་སྤྱོད་གནས་སུ་གཤེགས་ཞེས་ཡོངས་གྲགས་ལྟར། །སྐབས་དེར་སློབ་དཔོན་ཞལ་ནས་མངའ་བདག་ལ། །རྒྱལ་སྲས་ལྷ་རྗེ་འདི་རུ་ཁྲིད་ཤོག་ཅེས། །གསུངས་བཞིན་མདུན་སར་ཕྱིན་པར་སློབ་དཔོན་གྱིས། །ལྟ་བ་རྫོགས་ཆེན་པདྨ་སྙིང་ཐིག་དང་། །ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་། །བླ་མ་བསྟན་གཉིས་སྐོར་གསུམ་ལ་སོགས་པ། །ཆོས་ཀྱི་བདག་པོར་དབང་བསྐུར་བྱིན་བརླབས་ནས། །གཏེར་སྟོན་ཨུ་རྒྱན་གླིང་པར་ལུང་དུ་བསྟན། །རྒྱལ་སྲས་འདི་ཉིད་མི་ལུས་སྐྱེ་བདུན་པ། །ཡིན་ཕྱིར་སྐུ་གདུང་གཏེར་དུ་སྦོས་ཤིག་ཅེས། །དགུང་གྲངས་བཅོ་ལྔར་ཚེ་དུས་བྱས་པ་ལ། །གུ་རུས་གསུངས་བཞིན་གཏེར་དུ་སྦ་བར་བྱས། །དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། །མོན་མོ་བཀྲ་ཤིས་ཁྱེ་འདྲེན་རྣམ་གཉིས་ཀྱིས། །སློབ་དཔོན་ཡར་ལུང་ཤེལ་གྱིི་བྲག་ཕུག་ཏུ། །སྤྱན་དྲངས་ཆོས་དང་གདམས་པ་མང་དུ་ཞུས། །དེ་ནས་རྒྱལ་ཆེན་པེ་དཀར་འཁོར་བཅས་དང་། །གཟའ་དང་ཀླུ་རིགས་ལྔ་སོགས་དམ་ལ་བཏགས། །དེ་དག་རྣམས་ཀྱི་བསྲུང་བཟློག་བཅོས་ཀ་སོགས། །ཡིག་སྣ་མང་མཛད་རྗེ་འབངས་འཁོར་བཅས་ལ། །ཞལ་ཆེམས་ཚུལ་གྱིས་གསུངས་མགུར་མང་གསུངས་པ། །ཁོ་ཐག་མ་ཆོད་བར་དུ་ང་ལ་དྲིས། །ནན་ཏན་ཞུ་བ་ད་ལྟའི་དུས་འདི་ཡིན། །ནན་ཆགས་མཛད་ན་ཁོ་ཐག་ཆོད་ངེས་མཆི། །གློ་སྙིང་བྲང་གསུམ་པདྨ་ང་ལ་གཏོད། །བསླུས་ན་པད་འབྱུང་ཞན་ནོ་རྗེ་previous hit འབངས་རྣམས། །དྲང་པོར་སྨྲས་ན་ཡིད་ཆེས་མི next hit་སྐྱེ་ཞིང་། །ཚིག་གྲོན་བཅུག་ན་ཆོས་མིན་ལས་ངན་བསགས། །བླ་མ་བསྟེན་ཡུན་བསྲིངས་ཤིང་རྗེ་འབངས་རྣམས། །ན་སོ་གཞོན་དུས་དམ་ཆོས་རེམ་ལ་གྱིས། །རྒས་ནས་བྱེད་དུས་འབྱུང་བས་ཆུན་པར་དཀའ། །ཚེ་འདི་སྐད་ཅིག་ཡིན་ནོ་རྗེ་འབངས་རྣམས། །རྟོགས་པ་རགས་དུས་ནང་དུ་མཁན་པོ་ཚོལ། །ཆེད་དུ་སྤང་བླང་previous hit མི་དགོས་རང་སར་ཞོག །ལྟ་བས་ཐག་ཆོད་དགོས་སོ་རྗེ་འབངས next hit་རྣམས། །ཉོན་མོངས་ཟད་ན་ཆོས་ལ་བྱ་རྒྱུ་མེད། །སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ། འཁོར་བའི་སྡུག་བསྔལ་ཡང་ནས་ཡང་དུ་སོམས། །ཆོས་ལ་ཕྱི་ཤོལ་མ་བྱེད་རྗེ་འབངས་རྣམས། །མོས་གུས་ཅན་གྱིས་རང་དོན་འགྲུབ་པ་ཡིན། །གཞན་ལ་ཆོས་ཡུས་དྲིན་བཞག་བྱ་རྒྱུ་མེད། །སྙིང་རུས་མ་ཆུང་སྒྲུབ་པ་རེམ་དུ་གྱིས། །ཚེ་གང་དུས་བརྒྱའི་ཟ་མ་ལན་ཅིག་ཡིན། །དྲི་གོས་མདུན་དུ་ཆོས་བཤད་ཅི་ལ་ཕན། །མ་ཤིའི་དུས་ནས་ཆོས་ལ་ནན་ཆེར་མཛོད། །མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཚེ་འཕྱིས། །ལོ་རེ་བཞིན་དུ་དབང་བསྐུར་བྱིན་རླབས་ཞུས། །ཕྱི་མ་དེ་འབྲས་མངོན་སུམ་མཐོང་ངེས་ཡིན། །ལུས་སེམས་བྲལ་ནས་དགེ་རྩ་བྱེད་རློམ་ཡང་། །རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམས། །མཐོ་རིས་འདྲེན་ཏེ་དེ་ལ་དཀའ་ལས་ཡོད། །གཟུགས་མེད་བག་ཆགས་ལུས་དེ་རྐྱེན་ཁར་ཡང་། །ལས་དབང་དྲག་པོས་གར་བསྒྱུར་ཆ་མེད་ན། །ད་ལྟ་ཉིད་ནས་ཆོས་ལ་བརྩོན་བྱས་ན། །སྒྲུབ་པ་ལོ་རུ་བསགས་ན་དངོས་གྲུབ་འབྱུང་། །དམ་ཆོས་གྱིས་ལ་འབད་པ་ཆོས་ཕྱོགས་ཐོངས། །བོད་ཡུལ་ཆོས་ཀྱི་ཉི་མ་ཟེར་ལ་ཁད། །བརྡ་དེ་གོ་བར་མཛོད་ཅིག་རྗེ་འབངས་རྣམས། །གདུང་སེམས་ཅན་ལ་པད་འབྱུང་གཤེགས་པ་མེད། །གསོལ་བ་འདེབས་ལ་པད་འབྱུང་སྒོ་ཉལ་ཡོད། །ཚེ་ཟད་ནད་ལ་སྨན་གྱིས་ཕན་པར་དཀའ། །ཞག་དུས་གཅིག་སོང་གཉིས་སོང་མི་ཚེ་ཟད། །ལོང་ཡོད་པོ་ཚོ་འཆི་ཁ་འཕྲལ་འཕྲས་བྱེད། །ཨ་རེ་འགྱོད་སྦྱེ་བག་ཙམ་འཕྱིས་པ་འདྲ། །སྡིག་པའི་བསུ་མ་སྔོན་ནས་འོང་ཉན་ཆེ། །ངུས་པས་མི་ཕན་སེམས་ལ་སྙིང་རུས་སྐྱེད། །འཁོར་བའི་སྐྱོན་མཐོང་དམ་ཆོས་previous hit མི་བྱེད་ན། །དོན་སྙིང་ནང་ཁྲོལ་རུལ་ལོ་རྗེ་འབངས next hit་རྣམས། །ལམ་འགྲུལ་ལུས་པས་ཟླ་བོ་བསྙེགས་པ་བཞིན། །པད་འབྱུང་འགྲོ་ས་ལྷོ་ནུབ་རྔ་ཡབ་གླིང་། །གོས་ཟད་དུག་པོ་གསར་བར་མི་འགྱུར་བཞིན། །ད་ནི་པད་འབྱུང་བཤོལ་ཡང་བཤོལ་མི་ཐེབས། འཆི་ཁའི་ནད་པ་སྣུམ་ཟད་མར་མེ་བཞིན། །སྐད་ཅིག་མི་སྡོད་མྱུར་དུ་འགྲོ་བ་བཞིན། །ལྗོན་ཤིང་ཁ་ནས་བྱ་ཚོགས་འཕུར་བ་བཞིན། །སྐད་ཅིག་previous hit མི་སྡོད་པད་འབྱུང་སྐྱས་ཤིག་འདེགས། །ཡོན་མཆོད་གྱེས་སོ་ལྷ་སྲས་རྗེ་འབངས next hit་རྣམས། །ཞེས་གསུངས་ཇི་བཞིན་རྗེ་འབངས་ཐམས་ཅད་ཀྱང་། །ཐེག་གྲབས་བྱས་ནས་ཕྱིར་ལམ་ལ་ཞུགས་པར། །ཟུང་མཁར་རྡོ་ཡི་མཆོད་རྟེན་སར་ཕེབས་ཚེ། །ཆིབས་ལས་བབས་དེ་གདན་དུ་བཞུགས་ནས་སུ། །འབུལ་བ་མང་བྱས་ཆོས་དང་གདམས་པ་ཡང་། །མང་དུ་གནང་རྗེས་ལྷ་སར་ཕོབས་ནས་སུ། །རབ་གནས་བསྐྱར་ཞིང་དགོས་འབྱུང་ནོར་བུ་དེ། །བོད་ལ་ཕན་ཕྱིར་གཏེར་དུ་སྦ་བར་མཛད། །དེ་ནས་རྗེ་འབངས་ཉི་ཤུ་རྩ་ལྔ་དང་། རྒྱལ་བློན་རབ་བྱུང་བཙུན་པ་ཕོ་མོ་དང་། །དགེ་བཤེས་སྔགས་པ་སྒོམ་ཆེན་རྣལ་འབྱོར་དང་། །སྨན་པ་འབྲི་ཀློག་མཁན་དང་གཙོ་བོ་དང་། །བུད་མེད་ལ་སོགས་བོད་འབངས་ཐམས་ཅད་ཀྱིས། །བཞུགས་པར་ཞུས་པ་མ་གནང་མགུར་འདི་གསུངས། །ན་མོ་རཏྣ་གུ་རུ། །རྗེ་འོད་དཔག་མེད་དང་སྤྱན་རས་གཟིགས། །ཁྱེད་ཐུགས་རྗེས་འགྲོ་བ་ཀུན་ལ་ཁྱབ། །བདག་གདུལ་བྱར་བྱིན་གྱིས་བརླབས་ནས་ཀྱང་། །འཁོར་བ་སྟོང་པར་མཛད་དུ་གསོལ། །ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས། །བདག་ཨོ་རྒྱན་པདྨ་འབྱུང་གནས་འདི། །སྔོན་གྱི་ལས་འཕྲོས་བོད་དུ་འོངས། །རྗེ་རྒྱལ་ཉིད་ཀྱི་དགོངས་བཞེད་བསྒྲུབས། །བོད་ཡུལ་མུན་པའི་གླིང་འདི་རུ། །ཆོས་ཀྱི་ཉི་མ་ཤར་བར་བྱས། འགྲོ་ཀུན་བདེ་ལེགས་གཉིས་ལ་བཀོད། །བོད་ཀྱི་མངའ་བདག་དགུང་དུ་གཤེགས། །ད་ནི་བོད་དུ་མི་འདུག་སྟེ། །བོད་ཀྱི་མི་དང་ང་མི་མཐུན། །ང་འགྲོ་རྒྱ་གར་ཡུལ་དུ་འགྲོ། །རྒྱལ་སྲིད་ཆོས་སྲིད་མི་སྐྱོང་བར། །བློན་པོས་ཆོས་རྒྱལ་ཁ་ལོ་བསྒྱུར། །བོད་ཀྱི་རྒྱལ་བློན་རྣམས་དང་ང་མི་མཐུན། །སྡིག་སྤྱོད་རྒྱལ་པོ་ཚོ་ལ་ཡི་རེ་མུག ང་འགྲོ་རྒྱ་གར་ཡུལ་དུ་འགྲོ། །འདུལ་ཁྲིམས་གཙང་མར་མི་བསྲུང་བར། །ལྐོག་ཏུ་ཤ་ཆང་བུད་མེད་བརྟེན། །བོད་ཀྱི་རབ་བྱུང་རྣམས་དང་ང་མི་མཐུན། །ཚུལ་འཆོས་མཁན་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་དུ་འགྲོ། བཀའ་དང་བསྟན་བཅོས་གཞུང་བཞིན་མི་འཆད་པར། །ལྷད་མའི་ཆོས་ཀྱིས་མི་མགོ་བསྐོར། །བོད་ཀྱི་སྟོན་པ་རྣམས་དང་ང་མི་མཐུན། བཀའ་ལ་རིས་ཆོད་མཁན་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་དུ་འགྲོ། མཉམ་བཞག་རྗེས་ཐོབ་མི་བསྲེ་བར། གོ་བ་ཙམ་ལ་ཉམས་རྟོགས་བྱེད། །བོད་ཀྱི་སྒོམ་ཆེན་རྣམས་དང་ང་མི་མཐུན། །ཞི་གནས་མཁན་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་དུ་འགྲོ། དམ་ཚིག་གཙང་མར་མི་སྲུང་བར། །ཐེག་ཆེན་གསང་སྔགས་བོན་དུ་གྱེར། །བོད་གྱི་སྔགས་པ་རྣམས་དང་ང་མི་མཐུན། དམ་ཉམས་ཚོ་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་དུ་འགྲོ། ཆོས་ལྟ་སྒོམ་དོན་དང་མི་ལྡན་པར། །ཁ་ལྟ་འུད་ཀྱིས་རང་མགོ་བསྐོར། །བོད་ཀྱི་རྣལ་འབྱོར་རྣམས་དང་ང་མི་མཐུན། ཐོ་ཅོ་ཅན་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་དུ་འགྲོ། མི་ཆོས་དང་ལྷ་ཆོས་མི་བསྲེ་བར། །བློ་ངན་གྱིས་བསྟན་སྲིད་ཆུ་ལ་བསྐུར། །བོད་ཀྱི་གཙོ་བློ་རྣམས་དང་ང་མི་མཐུན། །བློ་ཉེས་མདུན་ཉེས་མཁན་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་དུ་འགྲོ། སྦྱིན་པ་ཕྱོགས་མེད་མི་གཏོང་བར། །སེར་སྣས་ཡི་དྭགས་སྐྱེ་རྒྱུན་བསགས། །བོད་ཀྱི་ཡོན་བདག་རྣམས་དང་ང་མི་མཐུན། །གཡོ་སྒྱུ་འཇུར་གེགས་མཁན་ལ་ཡི་རེ་མུག །ང་གྲོ་རྒྱ་གར་ཡུལ་དུ་འགྲོ། དད་པ་དང་སྙིང་རྗེ་མི་བསྲེ་བར། །ཁ་དད་ཀྱིས་ཟོག་པོའི་ཕྱི་རུ་འབྲངས། །བོད་ཀྱི་ཉ་མ་རྣམས་དང་ང་མི་མཐུན། །བྱི་མོ་མཇུག་དད་ཚོ་ལ་ཡི་རེ་མུག །ང་གྲོ་རྒྱ་གར་ཡུལ་དུ་འགྲོ། ཁྱེད་བོད་ཀྱི་བུ་སློབ་ཅི་བདེར་བཞུགས། །ང་འགྲོ་སྲིན་པོའི་ཡུལ་དུ་འགྲོ། །ད་ཕྱིན་ཆད་མཇལ་བའི་སྨོན་ལམ་འདེབས། །ཞེས་གསུངས་བཏེགས་ཏེ་བཤུལ་ལམ་རིམ་བགྲོད་ཚེ། །བོད་ཀྱི་རྗེ་འབངས་རྣམས་ཀྱང་ཕྱིར་འབྲངས་ཤིང་། །དེ་ནུབ་ཞག་ས་ཕོག་པའི་གནས་དེ་རུ། །བོད་ཀྱི་རྗེ་previous hit འབངས་རྣམས་ཀྱིས་འདི་སྐད་ཞུས། །ད་ནི་སློབ་དཔོན་ཆེན་པོ་སྲིན་ཡུལ་གཤེགས། །ཡབ་རྗེ་རྒྱལ་པོ་མི next hit་གནས་མྱ་ངན་འདས། །བོད་ཡུལ་མུན་གླིང་ལྟ་བུར་གྱུར་པ་ལ། །ཐུགས་རྗེས་དགོངས་ནས་གདམས་པ་ཟབ་མོ་ཞུ། །ཞེས་ཞུས་ལན་དུ་ཐུགས་རྗེ་ཆེན་པོ་ཡིས། །གདམས་པ་གནང་ཚུལ་འོག་ཏུ་གསལ་ལྟར་ལགས། །དེ་ནས་ཡར་གཤེགས་གཙང་གི་གླང་པོ་རིའི། །ཐད་དུ་བྱོན་ཚེ་ས་དེར་གཟིགས་ནས་སུ། །མ་འོངས་སྐབས་ཤིག་ས་ཞེས་བྱ་བ་ཡི། །གཙུག་ལག་ཁང་དང་དགེ་འདུན་སྡེ་འབྱུང་ཞིང་། །ཁྱད་པར་འཇམ་དབྱངས་སྤྲུལ་པ་བདུན་བརྒྱུད་ཅེས། །འབྱོན་ཞིང་སངས་རྒྱས་བསྟན་པ་གསལ་བྱེད་ཀྱང་། །ཕུང་བྱེད་ཧོར་གྱི་སྣ་འདྲེན་པར་སོང་ནས། །བོད་ལ་བཀའ་དྲིན་ཆེ་བ་previous hit མི་འོང་གསུངས། །དེ་ནས་བོད་ཀྱི་རྗེ་འབངས next hit་ཐམས་ཅད་ལ། །སོ་སོར་འཚམས་པའི་ཞལ་གདམས་འདི་བཞིན་གསུངས། །དེ་ལ་དང་པོ་རྒྱལ་པོའི་ཚོགས་རྣམས་ལ། །བསོད་ནམས་ལྡན་པའི་བོད་ཀྱི་རྒྱལ་པོ་རྣམས། །རྒྱལ་པོའི་རང་བཞིན་འབངས་དང་བརྡབ་མ་བྱ། །རྒྱལ་པོས་འབངས་ཀྱི་སྤྱོད་པ་བྱ་བ་མིན། །གཞུང་ཐུབ་པོ་ལ་རྟག་ཏུ་བསྟན་པར་གྱིས། །ཐུགས་ཀྱི་ནང་བློན་བཀའ་གྲོས་དྲི་བ་ལ། །དགོས་དོན་ཐུགས་ཚོད་ལྷུག་པར་གསུང་བར་གྱིས། །སྲིད་ལ་གནོད་པའི་གྲོས་ལ་གསན་མི་བྱ། །ཁྲོ་གཏུམ་མི་བྱ་ཞི་ཞིང་དུལ་བར་གྱིས། །རྩིས་དང་བྱ་དགའ་བློན་པོས་མཛད་ན་ཡང་། །ཧ་ཅང་མ་ཆེར་རན་ཙམ་མཛད་ན་ལེགས། །བློན་པོ་འདོད་པ་ཆེ་ཞིང་ཁོག་དྲང་དཀའ། །སྲིད་ཀྱི་མཁར་ནི་འཇིག་པའི་ཉེན་ཆེའོ། །རྒྱལ་ཁ་བློན་གྱིས་བསྒྱུར་བའི་དུས་སུ་ནི། །དཀོར་དང་སྡིག་ལ་ཤིན་ཏུ་འཛེམ་པར་གྱིས། །རྒྱལ་སྲིད་ཉམས་ན་རྒྱལ་པོ་བྱ་བ་མིན། །བསྒྱུར་བར་མ་སླ་སྙན་ཁུང་འཐུག་པོར་མཛད། །ཕྱེད་ཙམ་ཁོང་དུ་བསྲིངས་ནས་ཁོང་པ་སྐྱེད། །སྲིད་ཀྱི་མུ་མཐའ་རིང་བས་འདོད་མཆི་འོ། །བཙུན་མོ་རྣམས་དང་བུད་མེད་གཞན་དག་ལ། །འདོད་ཆགས་ཕྱིར་ན་ཐུགས་ལ་བཏགས་དྲགས་ན། །ང་ཁྱོད་འགྲན་ཞིང་བཟང་ངན་མེད་པར་འགྲོ། །ཡིད་ཆེས་མེད་པའི་མི་ལ་བློ་མ་གཏོ། །ལེགས་པར་previous hit མི་འོང་རང་སྲོག་འཁུམ་ཉན་ཡོད། །ཕྱི་འཁོར་ཞི་བ་ནང་འཁོར་ཟས་ཀྱིས་སྐྱོངས། །སྤྱིར་བཏང་འབངས next hit་ལ་བཀའ་ནན་མཉམ་མཉམ་མཛོད། གཙུག་ལག་ཁང་དང་ལྷ་ཁང་མཆོད་རྟེན་རྣམས། །དང་པོ་བསོད་ནམས་ཆེད་ཀྱང་ཐ་མ་རུ། །སྡིག་པའི་རྒྱུ་རུ་མི་འགྲོ་ཐབས་མཁས་མཛོད། །དམ་ཆོས་བསྒྱུར་ལ་ཞུས་གཏུག་དག་པར་མཛོད། །ལན་ཅིག་དུས་ན་བཀའ་ལ་ཚད་མར་འཛིན། །དཀོན་མཆོག་གསུམ་ལ་སྤྱན་ལྟར་གཅེས་པར་མཛོད། །ཐེག་པའི་ཆོས་ནི་འཇུག་ལུགས་རེ་རེ་སྟེ། །ཀུན་གྱི་སྒོ་ནས་འབྲས་བུ་ཐོབ་མོད་ཀྱང་། །གསང་སྔགས་རྡོ་རྗེ་ཐེག་པ་དང་དུ་ལོངས། །སྲ་སྲེའི་གཞུང་ངན་མང་པོར་ཕུང་བའི་ཉེན། །ཡོད་པས་ཤིན་ཏུ་བརྟན་ཞིང་བརྟགས་པར་མཛོད། །མཐའ་མི་ལྷ་བལ་རིག་ཤེས་མེད་པ་ཡི། །ཁ་ལ་ཡིད་ཆེས་མ་མཛད་བསླུ་ཉེན་མཆི། དབང་པོ་གཞུང་གནས་སྤྲ་སྤྲོ་ཆུང་ཉེན་མཆིས། །ཐུགས་ཁྲེལ་མ་མཛད་བརྟན་ཞིང་ལྷུན་ཆགས་མཛོད། །ལུས་ཚུགས་ཐུབ་ཅིང་བཅའ་བདར་མཐོ་བར་མཛོད། །ཡེངས་ལ་མ་འབྱམས་སྤྱོད་ལམ་ཐུབ་པར་གྱིས། །སྨྲ་ལབ་མ་མང་ངག་འཇམ་ཞེ་ལ་བསྲིངས། །ཕྱི་འཁོར་ནང་འཁོར་བཟང་དང་སྙན་པས་སྐྱོངས། །ལྷ་སྲས་ལྕམ་དྲལ་ཆོས་ལ་བཙུད་ན་ལེགས། །འདིར་བཙུན་ཕྱི་མར་མཐོ་རིས་ལྷ་མི་ཐོབ། པདྨ་འབྱུང་གནས་བདག་ནི་ད་འགྲོ་བས། །ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི། བོད་རྗེ་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །ཡང་ཅིག་བློན་པོ་རྣམས་ལ་འདི་ལྟར་གདམས། །བོད་ཀྱི་རྒྱལ་པོའི་བློན་པོ་བྱེད་པ་རྣམས། །རྗེ་ལ་སྐུ་རིམ་ལུས་ངག་གུས་པར་གྱིས། །ནང་གི་ཆབ་གསོས་བཙུན་མོའི་ཞབས་ཏོག་གྱིས། །ཕྱི་ཡི་ཆབ་སྲིད་ཆོས་དང་མཐུན་པར་སྐྱོངས། །འབངས་ཀྱི་སོ་ཚིས་ཤ་ཚ་བརྩེ་བར་གྱིས། །བློན་པོའི་སྐུ་གཉེར་རྗེ་ཡི་བཀའ་བློན་གྱིས། །རྒྱལ་ཁྲིམས་བདེ་ལ་བཀོད་ཅིང་བཙན་པར་གྱིས། །མཆོག་གསུམ་རྟེན་ཟུངས་ཐེག་ཆེན་ཆོས་གྲྭ་ཚུགས། །རྒྱལ་ཁྲིམས་གཞུང་བཟང་སོ་ཁ་ཕྱི་ལ་བརྟེན། །བྱམས་སྡང་ངོ་ཤེས་ལེགས་ཉེས་དོན་རྟོགས་དང་། །སྔ་དྲོ་མི་གཞན་ལེགས་ཉེས་བསམ་པ་དང་། །ཕྱི་ནས་འགྱོད་པས་མི་ཕན་བཅོས་མི་ཐུབ། །ཅི་ལའང་དང་པོ་བསམས་ནས་བྱས་ན་ལེགས། །ཕྱི་ནས་མ་ལེགས་བྱུང་ཡང་འགྱོད་པ་མེད། །ཆོས་ལྟར་སྲི་ཞུར་བྱས་ན་ཆོས་བློན་ཡིན། །གྲོས་མཁན་རིག་གསལ་ལེགས་པར་བརྟགས་མཁས་ན། །མཛད་པ་བཟང་པོའི་ཐང་བློན་ཡིན་པ་དང་། །དཔའ་ལ་བསྲན་ཐུབ་དགྲ་འདུལ་དཔའ་བློན་ཡིན། །ཁོང་དལ་ཞེ་དཀར་ཐབས་མཁས་འཕྲུལ་བློན་ཡིན། །རྒྱལ་སྲིད་ལེགས་ཉེས་བློན་པོ་བཟང་ངན་ཡིན། །ལེགས་པར་དཔྱོད་ལ་རྒྱལ་པོའི་རྒྱལ་སྲིད་སྐྱོངས། །པདྨ་འབྱུང་གནས་བདག་ནི་ད་འགྲོ་བས། །ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི། །ཕྱི་རབས་བློན་རྣམས་ཐུགས་ལ་དེ་ལྟར་ཞོག །ཡང་ཅིག་རབ་བྱུང་རྣམས་ལ་འདི་ལྟར་གདམས། །ཐར་ལམ་གཤེགས་པའི་ཕྱི་རབས་བཙུན་པ་རྣམས། །ཁྱིམ་གནས་སྤངས་ཏེ་ཐར་པའི་ལམ་ལ་ཞུགས། །ཕ་མ་གཉེས་བཤེས་ཆགས་ཞེན་མེད་པར་གྱིས། །སྐྲ་བཞར་སྟོན་པའི་ཚུལ་བཟུང་རབ་ཏུ་བྱུང་། །མཁན་སློབ་ཁྲིམས་སྲུང་མཛད་པའི་མཁས་བཙུན་ལས། །དགེ་སློང་དགེ་ཚུལ་སྡོམ་པ་ཚུལ་ཁྲིམས་བླངས། །བསླབ་པའི་རིམ་པ་ཉེས་བྱས་མེད་པར་སྲུངས། །བཞག་པའི་གནས་དང་ལྷུང་བཟེད་བཀྲུ་ལ་སོགས། །མཁན་སློབ་བགྲེས་པོ་ཀུན་གྱི་ཞབས་ཏོག་བྱ། མཎྜལ་ཆག་ཆག་བྱི་དོར་ལེགས་པར་བྱ། །མཆོད་པ་ཐམས་ཅད་ཡིད་འོང་ལེགས་པར་བཀོད། །སྲོད་དང་ཐོ་རངས་མི་ཉལ་དགེ་སྦྱོར་འབུངས། །དགེ་བ་ཆོས་སྤྱོད་ལམ་རིམ་སྣ་ཚོགས་བྱ། །འདུལ་ཁྲིམས་ཉམས་ན་བཤགས་པ་དུས་སུ་བྱ། །བསླབ་པ་ཤེས་བཞིན་ཟུངས་ལ་ལྟུང་མེད་བྱ། །དགེ་འདུན་སྡེར་སྡོད་ཁྱིམ་པའི་སར་གནས་སྤོངས། །བུད་མེད་མ་སྲིང་ཡིན་ཡང་བརྟེན་མི་བྱ། ཀུན་གྱི་མཆོད་གནས་ཡིན་པས་བཙུན་པར་བྱ། །དེ་ལྟར་བྱས་ན་འདི་བདེ་ཕྱི་མ་འགྲུབ། །འཁོར་བ་སྤང་པའི་མོ་བཙུན་ཆོས་བྱེད་རྣམས། །སྐྱེ་བ་ངན་པས་མཁས་བཙུན་བློར་མི་ཤོང། །སྐྱེས་པའི་འཁྲི་བ་ཆོད་མ་འདུལ་ཁྲིམས་སྲུངས། །བཙུན་མའི་སྡེར་སྡོད་ཁྱིམ་པའི་སར་གནས་སྤོངས། །སློབ་གཉེར་བྱ་ཞིང་དགེ་བ་ཅི་ནུས་མཛོད། །ཁ་ཏོན་བྱ་ཞིང་ཕྱག་སྐོར་ནན་ཏན་སྐྱེད། །བསླབ་པའི་ཚུལ་ཁྲིམས་གཡོ་སྒྱུ་མེད་པར་སྲུངས། །བཙུན་མ་ལོག་ན་འདིར་གཤེ་ཕྱི་མ་ལྟུང་། །སེམས་སྟོབས་སྐྱེད་ལ་ཚུལ་ཁྲིམས་དམ་པར་སྲུངས། །པདྨ་འབྱུང་གནས་བདག་ནི་ད་འགྲོ་བས། །ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡིས། །བོད་བཙུན་ཕོ་མོའི་ཐུགས་ལ་དེ་ལྟར་ཞོག །མཁས་ཤིང་གྲུབ་གཉིས་ལྡན་པའི་བླ་མ་ལ། །འབྲི་ཀློག་མཉན་དང་བཟླས་བརྗོད་ལེགས་པར་གྱིས། །སྡེ་སྣོད་གསུམ་དང་གསང་སྔགས་ཕྱི་ནང་གི། །ཐེག་པའི་ཆོས་རྣམས་མ་ལུས་ཀུན་ལ་སློབས། །ཤེས་བྱའི་གནས་རྣམས་ཀུན་ལ་སྦྱོང་བའི་ཕྱིར། །རིག་པའི་གནས་ལྔ་དག་ལ་མཁས་པར་སློབས། །མི་གཞན་ཀུན་གྱིས་བཀུར་བའི་གནས་གྱུར་པས། །རང་མཁས་གཞན་མི་མཁས་ཞེས་སྐྱོན་ཟློས་སྤོངས། །སློབ་གཉེར་འདོད་པའི་གང་ཟག་སུ་ལ་ཡང་། །ཅི་དགའ་ཅི་མོས་ཆོས་རྣམས་སྙིང་ནས་སློབ། །བསོད་སྙོམས་འདུ་འཛི་ཆེས་ཆེར་འབྱུང་བའི་ཚེ། །ང་རྒྱལ་ཁེངས་སེམས་རང་མཐོང་སྤོང་བ་གཅེས། །ཁ་ནས་སྨྲས་པའི་ཚིག་རྗེས་དོན་གྱིས་གསོབ། །ཀུན་དང་མཐུན་པ་ཆོས་བཞིན་སྤྱོད་པར་གྱིས། །རང་གི་བླ་མར་སྒོ་གསུམ་བཀུར་སྟི་གྱིས། །ཆོས་རྣམས་ངོམ་སྐྱེན་མ་སྔ་མཁས་པར་གཏུགས །ཆེ་བཅོས་མ་བྱེད་ཡོན་ཏན་གོང་འཕེལ་མཛོད། །མཆེད་གྲོགས་རྣམས་ལ་འགྲན་སེམས་ཕྲ་དོག་སྤོངས། །ཡོན་ཏན་ཐོབ་ཚེ་རང་འདོད་མ་ཆེ་བར། །གཙོ་བོ་ཀུན་ལ་ཚད་མེད་རྣམ་བཞི་སློབས། །རང་རྒྱུད་མ་ཐུལ་གཞན་རྒྱུད་ག་ལ་ཐུལ། །མཁས་རྣམས་རང་རྒྱུད་འདུལ་བའི་ཐབས་ལ་སློབས། །པདྨ་འབྱུང་གནས༴ ད་ལྟར་བཞུགས༴ །དགེ་བཤེས་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །གསང་སྔགས་སྒོར་ཞུགས་བོད་ཀྱི་སྔགས་པ་རྣམས། །གསང་སྔགས་རྩ་བ་བླ་མ་གྲུབ་ཐོབ་ཚོལ། །གསང་སྔགས་ཆོས་སྒོ་རིམ་པ་དབང་གིས་དབྱེ། །གསང་སྔགས་སྲོག་ཏུ་དམ་ཚིག་གཙང་བར་སྲུངས། །རྡོ་རྗེ་སློབ་དཔོན་ཡན་ལག་མགོ་ལྟར་ཁུར། །ཡི་དམ་ལྷ་ནི་ཁོག་པའི་སྙིང་ལྟར་ཆོངས། །མཁའ་འགྲོ་དམ་ཅན་ལུས་དང་གྲིབ་ལྟར་སྟེན། །གསང་སྔགས་ཟབ་མོ་མིག་གི་འབྲས་ལྟར་སྲུངས། །སྙིང་པོ་ཟབ་མོ་ཁོང་གི་དབུགས་ལྟར་བགྲོངས། །བསྐྱེད་རྫོགས་ཟབ་མོ་ལུས་དང་སྲོག་ལྟར་སྒོམས། །ལྟ་སྒོམ་སྤྱོད་པ་འབྲས་བུའི་རླབས་ཀྱིས་བཅད། །མི་དགེ་བཅུ་སྤོངས་དགེ་བཅུ་དང་དུ་ལོངས། །ཆོས་ཀྱི་ཕྱིར་ན་རང་གི་སྲོག་དང་བསྡོ། །གཙོ་བོར་བསྙེན་སྒྲུབ་དང་དུ་བླང་བ་གཅེས། །ཉ་སྟོང་བརྒྱད་དང་ཉི་ཤུ་གཉིས་ལ་ནི། །ཚོགས་དང་གཏོར་མ་གཏོང་ཞིང་སྐོང་གསོ་བྱ། །གདོལ་སྤྱོད་རིས་ཆོད་མི་བྱ་བླ་མར་མཉན། །ཕྲིན་ལས་བོན་གྱེར་མི་བྱ་གྱེར་སྒོམ་སྟེན། །བསྙེན་སྒྲུབ་ཕྲིན་ལས་རྣམ་བཞི་གཞུང་བཞིན་སྙོགས། །གསང་སྔགས་དག་ལ་ཡིད་གཉིས་ཐེ་ཚོམ་སྤོངས། །གསང་སྔགས་ནོར་དུ་མི་བཙོང་སྤངས་མི་བྱ། །རང་གིས་བསྒྲུབས་ན་དངོས་གྲུབ་ཅི་བསམ་འགྲུབ། པདྨ་འབྱུང་གནས་བདག་ནི༴ ད་ལྟར་བཞུགས་དང་སླད༴ །སྔགས་པ་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །ཏིང་འཛིན་གཙོར་སྤྱོད་བོད་ཀྱི་སྒོམ་ཆེན་རྣམས། །ལྟ་བ་ཐག་ཆོད་དགོངས་པ་ཅན་ལ་ཞུས། །སྒོམ་པའི་ཉམས་ལེན་ཉམས་རྟོགས་ཅན་ལ་ཉོན། །སྤྱོད་པའི་བྱ་བ་མཉམ་བཞག་རྗེས་ཐོབ་གསལ། །འབྲས་བུ་སྐུ་གསུམ་རང་གསལ་རྟོགས་པར་གྱིས། །གསོལ་འདེབས་བཀའ་དང་རྒྱུད་ལུང་མན་ངག་ལྟར། །ཚིག་ལ་མ་འབྱམས་དོན་ལ་ལྟ་རྟོགས་ཐོང་། །གདམས་ངག་ཅན་གྱི་བླ་མ་བཟང་པོ་སྟེན། །སྒོམ་ཆེན་ཐོས་པ་ཆེ་ཡང་བདག་འཛིན་སྤོངས། །ཐེ་ཚོམ་མེད་པར་སྒོམ་པའི་ཚུལ་མི་འཆོས། །ཐེ་ཚོམ་གཅོད་ཕྱིར་གྲུབ་ཐོབ་རྣམས་ལ་གཏུགས། །མི་ཤེས་བཞིན་དུ་ཚུལ་འཆོས་ལས་མི་བྱ། །ཆོས་ཉིད་མཉམ་པའི་དོན་ལ་གནས་པའི་ཚེ། །བྱིང་རྒོད་ལ་སོགས་རྐྱེན་གྱིས་ཁར་མི་གཏོང་། །སྟོང་གསལ་ངང་ལ་ཉིན་མཚན་མེད་པར་སྒོམས། །ཆོས་ཉིད་དོན་མཐོང་རྒྱུད་ལ་སྐྱེས་པའི་ཚེ། །བདེ་སྡུག་གང་བྱུང་དགེ་སྦྱོར་གྲོགས་སུ་སྒྱུར། །ཆུང་མ་བྱམས་ཀྱང་སྒོམ་ཆེན་གཡོག་མི་བཅོལ། །བུད་མེད་སློབ་མ་ཞབས་ཏོག་ཆེ་བ་དང་། །མོས་གུས་ཆེ་ཡང་ཞབས་འདྲེན་རྒྱུ་ཡིན་པས། །འཁོར་གཡོག་ཞབས་ཏོག་ཆེ་ཡང་རྒྱང་བསྲིང་མཛོད། །འདུ་ལོང་བསོད་སྙོམས་བར་ཆོད་གཡབ་མོ་ཡིན། །རང་སེམས་དཔང་དུ་ཚུགས་ལ་ཡེངས་མེད་བྱ། །དེ་འདྲའི་སྒོམ་ཆེན་མ་ལུས་རྒྱལ་བའི་ཐུགས། །པདྨ་འབྱུང་གནས༴ ད་ལྟར་བཞུགས༴ །སྒོམ་ཆེན་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །ལྟ་སྒོམ་ལྡན་པའི་རྣལ་འབྱོར་པ་རྣམས་གསོན། །ཆོས་ཉིད་མ་བཅོས་དོན་གྱི་རྣལ་འབྱོར་པ། །རིག་པ་ཡེ་ཤེས་རྟོགས་ཕྱིར་རྣལ་འབྱོར་པ། །རྣལ་འབྱོར་ཞེས་པ་མིང་དུ་བཏགས་པ་ཡིན། །ལྟ་བ་ཕྱོགས་རིས་མེད་པས་ཞེ་འདོད་སྤོངས། །སྒོམ་པ་དམིགས་གཏད་མེད་པས་སེམས་འཛིན་སྤོངས། །སྤྱོད་པ་བླང་དོར་མེད་པས་ངར་འཛིན་སྤོངས། །འབྲས་བུ་སྤང་ཐོབ་མེད་པས་བདག་འཛིན་སྤོངས། །དམ་ཚིག་བསྲུང་མཚམས་མེད་པས་ཟོལ་ཟོག་སྤོངས། །ཆོས་ལ་ཕྱོགས་རིས་མེད་པས་གྲུབ་མཐའ་སྤོངས། །སྣང་བ་འཁྲུལ་པ་ཡིན་ནོ་འཁྲུལ་འབྱམས་སྤོངས། ཁ་ཟས་སྲོག་འཚོ་མུ་ཏོའི་རྗེས་མ་འབྲངས། །ནོར་ཟས་སྒྱུ་མ་འདོད་པའི་ཁར་མི་གཏོང་། །གོས་ནི་ལྷགས་སྐྱོབ་འཕྱོར་གོས་ཁར་མི་གཏོང་། །མཉམ་པ་གཉིས་མེད་འཁོར་གྱི་ཁར་མི་གཏོང་། །རྒྱལ་ཁམས་ཕྱོགས་མེད་ཕ་ཡུལ་ཁར་མི་གཏོང་། །ཕུག་སྟོང་གྲོག་སྟོང་དགོན་པའི་ཁར་མི་གཏོང་། །གཅིག་པུར་རྣལ་འབྱོར་སྒོམ་མའི་ཁར་མི་གཏོང་། །ཆགས་མེད་ཞེན་མེད་འཛིན་ཆགས་ཁར་མི་གཏོང་། །རང་གྲོལ་ཞིག་པོ་ཟོལ་ཟོག་ཁར་མི་གཏོང་། པདྨ་འབྱུང་གནས༴ ད་ལྟར་བཞུགས་དང་༴ །རྣལ་འབྱོར་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །ཕྱི་རབས་བོད་ཀྱི་སྐྱེ་བོ་རྒས་གཞོན་རྣམས། །རྒྱལ་པོའི་རྒྱལ་ཁྲིམས་བསྟན་པ་སྤྱི་ལྟར་སྲུངས། །རྗེ་ཡི་བཀའ་ལུང་ཤིན་ཏུ་གཉན་པར་སྲུངས། །སྒོ་ཆུས་མ་གཉེར་སྤྱི་ཆུས་སྲོག་ཏུ་ལྟོས། །མནའ་མ་ཟ་ལ་ཆད་དོན་བཙན་པར་གྱིས། །མང་པོ་བསྡུས་ནས་ངན་པ་ཁྱད་མ་གསོད། །སྤྱི་གྲོས་མཛད་ན་འགྱོད་པ་མེད་པར་གྱིས། །མཛངས་དང་གཡོ་སྒྱུ་བྲལ་ལ་བློ་གཏད་གྱིས། །བསམ་དཀར་ཤེས་ལྡན་རྣམས་ཀྱིས་ཞལ་ལྕེ་ཆོད། །དཔའ་བོ་རྣམས་ཀྱིས་དམག་གི་སྣ་དྲོངས་ལ། །འཁོར་གཡོག་རྣམས་ཀྱིས་ཉིན་མཚན་མེལ་ཚེ་གྱིས །བྲན་previous hit འབངས་རྣམས་ནི་ལས་ལ་རིམ་བཞིན་སྐོས། མི next hit་ཡིས་བློ་གཏད་བྱས་ན་ཡིད་མ་གཅོད། །སྐྱེས་པ་མཛངས་རྣམས་ནོར་སྲིད་གཏམ་སྙན་སྒྲུབས། །བུ་ཚ་ཆོས་ལ་སློབ་ན་གཏན་འདུན་འགྲུབ། །ཅི་བྱེད་བསམས་བཞིན་བྱེད་དགོས་མ་བསམས་ན། །ཉེས་པ་མང་ཡོད་སྙིང་ནས་ཤེས་པ་གཅེས། །གལ་ཏེ་བཅོས་སུ་ཡོད་པའི་བསམ་སྤྱོད་ལ། །དེ་ལ་མི་དགའ་བྱ་དགོས་མ་ཡིན་ཞིང་། །བཅོས་སུ་མེད་པའི་མི་རྣམས་སུ་ལ་ཡང་། །མི་དགའ་བྱས་པས་ཅི་ཕན་ཁ་རོག་སྡོད། །དལ་བུས་ཕྱིན་ན་ཀུན་འཁོར་འཇིགས་པའི་སར། །བསྐོར་ཞིང་སོང་ན་དགྲ་དང་འཕྲད་པར་དཀའ། །འཇམ་པོར་སྨྲས་ན་སུས་ཀྱང་ཉན་ཞིང་གོ །འདི་ཕྱིའི་དོན་དུ་དམ་པའི་ལྷ་ཆོས་གྱིས། །པདྨ་འབྱུང་གནས༴ ད་ལྟར་བཞུགས༴ སྐྱེ་བོ་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །སྲིད་ཀྱི་མཚོ་མོ་བུད་མེད་ཐམས་ཅད་ཀུན། །གནས་གཞི་ཡིན་པས་ཁྱིམ་ལ་ག་དར་གྱིས། །བུ་ཚ་ཕོ་མོ་གང་ཡང་ཆོས་སྒོར་ཚུད། །ཟླ་གྲོགས་ཡིན་པས་ཁྱོ་ལ་བཀུར་སྟི་གྱིས། །ཁྱོ་བཟང་སྙིང་འདྲས་ཅི་ཟེར་ཆགས་པར་གྱིས། །ཁྱོ་ངན་དག་ཀྱང་ལས་ཡིན་སྙིང་མ་རིང་། །སྙིད་སྐུད་མིང་སྤུན་འདྲ་བས་བརྩེ་སྐྱོང་མཛོད། །མི་དག་དགའ་ཕྱིར་ཅི་གཏམ་འཛུམ་དང་སྦྱོར། །ཁྲོ་གཏུམ་ང་རྒྱལ་ཆེ་ན་འཁོར་མཁན་ཉུང་། །སྣང་བ་དགྲ་རུ་ལྡང་ན་རང་སྤྲོ་བསྲིང་། །སྨྲ་བ་མང་ན་སྐྱོན་ཡིན་ལྗབ་ལྗིབ་སྤོངས། །སྣ་ས་ཕ་མིང་གང་ཡང་མི་སྨོད་ཅིང་། །བུ་ཁྱོར་མཁོ་ཕྱིར་མགྲོན་ལ་ཡངས་བར་གྱིས། །གཉེན་བཤེས་ཟས་ཀྱིས་སྐྱོང་ལ་གདུང་སེམས་སྐྱེད། །འཛིན་པ་མ་ཆེ་ཟས་ལ་ཡངས་བར་གྱིས། །ངོ་འཛུམ་ཕྱུང་ལ་གཙང་སྦྲ་ཆེ་བར་གྱིས། །ནུབ་མོ་ཉལ་ཕྱི་ནངས་པར་སྔ་ལངས་གྱིས། །དུས་ཀྱི་སོ་ནམ་བརྩོན་འགྲུས་ཕྱི་མ་ཤོར། །ཕྱུགས་དང་སྒོ་ཁྱི་འཁོར་གཡོག་སྙིང་རྗེས་གསོས། །ཅི་ཡོད་དཀར་པོ་དགེ་བའི་ཕྱོགས་སུ་ཐོངས། །ཚེ་འདིར་བཀྲ་ཤིས་ཕྱི་མ་བདེ་བ་ཐོབ། །པདྨ་འབྱུང་གནས༴ ད་ལྟར་བཞུགས་དང༴ བུད་མེད་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །ཆོས་ལ་ཀློག་འདོན་བྱེད་པའི་ཡོན་མཆོད་རྣམས། །དཀར་ནག་ཕྱེད་མཉམ་ལྷག་ཆད་མེད་པར་གྱིས། །ཡོན་བདག་དྲག་ཞན་མེད་པར་སུས་ཡིས་ཀྱང་། མཆོད་གནས་ཞན་ཡང་ཡོན་གྱིས་མཉེས་པར་གྱིས། །དད་པའི་སེམས་ཀྱིས་ཡོན་ཕུལ་བཞེས་ནས་ཀྱང་། །རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུ་རྐྱེན་དུ། །མཆོད་ཡོན་ཐུན་མོང་བསྔོ་བ་བྱས་གྱུར་ན། །གཉིས་ཀ་བསོད་ནམས་མཉམ་དུ་རྫོགས་པར་འགྱུར། །ཡོན་བདག་བསམ་པ་སེར་སྣས་མ་དག་ཅིང་། །མཆོད་གནས་འདོད་པ་སྐོང་བར་མ་བྱས་ན། །དགེ་རྩ་བྱས་ཀྱང་སྡིག་པའི་རྒྱུ་རུ་འགྱུར། །ཀློང་འདོན་བྱེད་པའི་མཆོད་གནས་སུ་ཡང་རུ། །དང་པོ་སྒྲ་དག་ཚིག་གསལ་གཙོ་ཆེ་ཞིང་། །བར་དུ་བསམ་སྦྱོར་རྣམ་དག་སྡེབ་སྦྱོར་མཁས། །ཐ་མ་ཚིག་ལ་ལྷག་ཆད་མེད་པར་གསལ། འདོན་དུས་གཞན་དང་མི་གཏམ་གུས་པས་འདོན། །ཐུ་ཡུག་འགོང་ཡུག་མ་གུས་བཙོག་སྒྲུབ་སྤོངས། །རང་སེམས་དགེ་བས་ལེགས་པར་བཏོན་ན་ལེགས། །བདག་ཉིད་བསྟན་པའི་བདག་པོ་གསལ་བ་ཡིས། །ཆོས་སྒྲ་སྒྲོགས་པས་རིགས་དྲུག་སེམས་ཅན་རྣམས། །ཐོས་པ་ཙམ་གྱིས་གྲོལ་བར་བསམས་བཞིན་ཐོན། །ཐུན་མཚམས་ལ་སོགས་ཆོས་འདོན་འཇོག་སྐབས་སུ། །དགེ་རྩ་མཆོད་ཡོན་བྱང་ཆུབ་ཐོབ་ཆེད་བསྔོ། །ཡོན་བདག་དད་དང་ལྷག་བསམ་ལྡན་པ་ཡིས། །མཆོད་གནས་མཉེས་པར་བྱ་བའི་འདུ་ཤེས་ཀྱིས། །བཟའ་བཏུང་དང་ནི་ཡོན་གྱིས་མཉེས་བྱ་ན། ཡོན་མཆོད་གཉིས་ཀ་འདི་དང་ཕྱི་མར་བདེ། །དེ་ལྟར་མ་ཡིན་མཆོད་ཡོན་གཉིས་པོ་ཡིས། །ཚར་གྱི་གྲངས་བཟུང་ཡོན་གྱི་ཐོབ་ཐང་རྩི། །མཁས་ཀྱང་མི་དག་ཡོན་བདག་མགྱོགས་ལ་དགའ། །མཁས་རློམ་རྣམས་ཀྱིས་རིངས་ནས་བམ་ཤོག་བསྒྱུར། །མི་མཁས་པ་དག་ཐོན་རྐྱེན་ཟིན་སྐྱོན་བྱེད། ཡོན་བདག་རྣམས་ཀྱིས་རྒྱགས་ཕོགས་བཀུར་སྟི་མེད། །ཡོན་གྱིས་བླ་མཆོད་མ་མཉེས་ཞེ་འཁོན་སོང་། །མཆོད་གནས་ཡུན་ལ་བསྟེན་ནས་སྡིག་པ་བསགས། །ཡོན་བདག་བསོད་ནམས་འདོད་ཀྱང་སྡིག་པ་འཕེལ། །དེ་འདྲའི་མཆོད་ཡོན་དུས་ཀྱི་ཐ་མ་འོང་། །དེ་ལྟར་མ་བྱེད་ཆོས་སུ་ཅི་འགྲོ་གྱིས། །པདྨ་འབྱུང་གནས༴ ད་ལྟ་བཞུགས་དང་༴ མཆོད་ཡོན་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག །འཚོ་མཛད་སྨན་པ་ལྷ་རྗེ་བླ་སྨན་ཀུན། །དང་པོ་སྨན་གྱི་སློབ་དཔོན་མཁས་པའི་རྩར། །ལག་ལེན་སྨན་སྦྱོར་རྨ་ཆིངས་ལེགས་པར་སློབས། །བར་དུ་སློབ་དཔོན་མཉེས་བྱས་གདམས་ངག་ཞུས། །ཐ་མ་ནད་པ་བཅོས་དུས་སྙིང་རྗེ་སྐྱེད། །རྩ་ཆུ་ཕྱི་ཡུལ་བརྟགས་ལ་ནད་ངོས་ཟུངས། །ནད་ངོས་མ་ཟིན་སྨན་སྦྱོར་བྱས་པ་ཡིས། །སྨན་དུ་མ་སོང་དུག་ཏུ་འགྲོ་བར་འགྱུར། །ནད་ཀྱི་ངོས་ཟིན་སྨན་སྦྱོར་བཏང་བ་ནི། །མེ་ཡི་གཉེན་པོར་ཆུ་ཡིས་གསོད་དང་འདྲ། །ལག་ལེན་མ་བྱས་སྨན་པའི་ཉམས་དྲོད་མེད། །གདམས་ངག་མེད་པས་ནད་ཀྱི་ངོས་མ་ཟིན། །སྨན་བཅོས་བྱས་པས་སྨན་ཡང་དུག་ཏུ་སོང་། །དེ་ནི་གཤེད་མས་མཚོན་ཆ་ཐོགས་པ་ཡིན། །དེ་ལྟར་མ་བྱེད་མཁས་ཤིང་བྱང་བར་སློབས། །མཁས་པ་རྣམས་ཀྱིས་ཚད་མེད་སྙིང་རྗེས་སྐྱོངས། །ནོར་གྱི་འདོད་པ་ཁོང་དུ་བཅུག་ནས་ནི། །མྱུར་དུ་བཅོས་ན་སོས་ཀྱང་ན་རུ་བཅུག །ཟས་སྐོམ་བཟང་ངན་ངོར་བལྟ་རྐྱེན་ཕུལ་ཞིང་། །ད་ལྟ་འཚོ་ཡང་ད་དུང་ན་རུ་བཅུག །སྨན་རིན་གར་སླ་བཟང་ངན་མི་རིགས་པས། །ནད་པ་སོས་ཀྱང་ལོག་འཚོ་ཕྱི་མ་ལྗི། །བྱང་ཆུབ་སེམས་དང་སྙིང་རྗེས་ཟིན་གྱུར་ན། །འདོད་པ་ཁོང་ནས་མེད་པས་ཤེས་ཐང་བཅོས། །ནད་པ་སྙིང་རྗེའི་ཡུལ་ཡིན་ངེས་པས་ན། །ནད་ཀྱི་ཟུག་གཟེར་གར་ནར་བཅག་ཐུབ་ནས། །གཏང་རག་སྨན་རིན་ཅི་བྱས་བཟང་ཞི་ན། །ཕྱི་མ་ལྷ་ཡི་རྒྱལ་པོ་བླ་མེད་སྐྱེ། །སྐྱེ་བ་འདི་ལ་ནད་མེད་བདེ་སྐྱིད་འབྱུང་། །ནད་པ་ཀུན་ཀྱང་སྲོག་འདོན་བླ་སྨན་ལ། །ཟས་སྐོམ་ལོངས་སྤྱོད་གུས་པས་ཅི་མཉེས་གྱིས། །སྨན་རིན་གཏང་རག་གཅེས་མི་གཅེས་དང་སྦྱོར། །ནད་པས་སྨན་པ་མགུ་བར་མ་བྱས་ན། །ཚེ་འདིར་ཁྲེལ་ལ་ཕྱི་མ་དམྱལ་བར་འགྲོ། །ཡང་ཤི་ཡང་སོས་དམྱལ་བར་སྐྱེ་བར་འགྱུར། །པདྨ་འབྱུང་གནས༴ ད་ལྟ་བཞུགས༴ །སྨན་པ་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །བོད་ཀྱི་དཔོན་སློབ་ཆོས་འབྲེལ་བྱེད་པ་རྣམས། །དང་པོ་མཁས་པའི་ཕུལ་དུ་ཕྱིན་པར་སློབས། །བར་དུ་བསྒྲུབ་ལ་བརྩོན་ནས་རྟགས་ཐོན་བྱ། །ཐ་མ་བྱང་ཆུབ་སེམས་སྦྱོང་འགྲོ་དོན་གྱིས། །ལྟ་བ་ཐག་ཆོད་གདེང་དང་ལྡན་པ་དང་། །དམ་ཚིག་མ་ཉམས་པ་ལ་གཞི་བཟུང་ནས། །དབང་དང་ལུང་ནོད་རིམ་པ་ཐོབ་པར་བྱ། །ཏིང་འཛིན་ཤེས་རབ་སྦྱོར་བ་ཉམས་སུ་ལོངས། །ཐུན་འཇུག་ཐབས་ཀྱི་སྤྱོད་པ་ལ་དོར་གྱིས། །གསང་སྔགས་ཐབས་དྲུག་རྫོགས་ནས་སློབ་དཔོན་བྱ། །སློབ་མ་སློབ་དཔོན་བཙལ་བ་རྣམས་ཀྱིས་ཀྱང་། །སློབ་དཔོན་བརྟགས་ལ་མཁས་གྲུབ་མཚན་ལྡན་བཙལ། །མཉེས་པའི་ཡོན་ཕུལ་གུས་པས་གདམས་ངག་ཞུས། །ཐོས་བསམ་སྒོམ་གསུམ་ཆོས་ལ་ནན་ཏན་སྐྱེད། །དབང་དང་ལུང་ནོད་རིམ་པ་རྫོགས་པར་ཞུས། །སྒྲུབ་ལ་བརྩོན་པས་རང་དོན་མཐར་ཕྱིན་བྱ། །གྲུབ་རྟགས་ཐོན་ནས་གཞན་དོན་ལྷུ་རུ་ལོངས། །སློབ་མ་མ་བརྟགས་སྣོད་མེད་ཆོས་ཀྱིས་འབྲེལ། །སློབ་དཔོན་མ་བརྟགས་བཅུད་མེད་ཆོས་འབྲེལ་བྱེད། །བྱིན་རླབས་མེད་པས་བསྒྲུབས་ཀྱང་འབྲས་བུ་མེད། །གཉིས་ཀ་དམ་ཚིག་མ་བསྲུང་གཡང་ལ་ལྷུང་། །དམྱལ་བ་རིན་གྱིས་ཉོས་པས་ཐར་བར་དཀའ། །དེ་ལྟར་མ་བྱེད་སློབ་དཔོན་སློབ་མ་བརྟགས། །སློབ་མ་དད་གུས་ཆེ་ལ་སྙིང་རྗེ་ལྡན། །སྣང་བ་དག་པས་བླ་མ་སངས་རྒྱས་བལྟ། །གུས་པའི་སེམས་ལྡན་ཁེངས་དང་ང་རྒྱལ་མེད། །གཏོང་ཕོད་ཆེ་ལ་བརྩོན་འགྲུས་ཕྱི་ཤོལ་མེད། །དེ་འདྲའི་བུ་ལ་གདམས་ངག་རྫོགས་པར་སློབས། །ཁ་འཇམ་ཐབས་ཀྱིས་ཆོས་འདོད་གདོང་ལྟས་བྱེད། །ང་ཆེ་ང་བཙན་ཁེངས་པའི་ང་རྒྱལ་བྱེད། །སྦྱིན་གཏོང་མི་ནུས་གཡོ་སྒྱུ་ངོས་འགའ་ཅན། །སྣོད་མེད་རྣམས་ལ་བསྟན་ན་དམ་ཚིག་ཉམས། །པདྨ་འབྱུང་གནས༴ ད་ལྟ་བཞུགས༴ དཔོན་སློབ་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །མཐའ་འཁོབ་བོད་ཀྱི་རྒྱལ་བློན་རྗེ་འབངས་རྣམས། །སྙིང་རྗེ་ཆུང་བ་གདོང་དམར་སྲིན་པོའི་རིགས། །ཁྲེལ་འཛེམ་ངོ་ཚ་ཆུང་བ་སྤྲེའུའི་རིགས། །གདོང་དམར་ཞེ་སྡང་ཆེ་བ་བྲག་སྲིན་རིགས། །དམུན་པོ་ཆོས་ལ་གནག་པ་བདུད་ཀྱི་རིགས། ནོར་ལ་འདོད་སྲེད་ཆེ་བ་བྱོལ་སོང་རིགས། །དགེ་བ་མ་སྤྱད་ཕྱི་མ་ངན་སོང་ལྟུང་། །ཚེ་ལ་ལོང་མེད་བརྗེད་ངེས་མ་ཆེ་ཞིག །འདུས་མཐར་འབྲལ་བ་ཡིན་པས་འཐབ་རྩོད་སྤོངས། །བསགས་པ་ལུས་པ་ཡིན་ནོ་ནོར་སྲེད་སྤོངས། །སྐྱེས་ཚད་འཆི་རྒྱུ་ཡིན་པས་ཕྱི་མར་སོམས། །སྡིག་པས་དམྱལ་བར་འགྲོ་བས་ཉེས་དམིགས་སོམས། །སེར་སྣས་ཡི་དྭགས་རྒྱུ་བྱེད་འཇུང་སེམས་སྤོངས། །ཆོས་མེད་བྱོལ་སོང་ཡིན་པས་ཤེས་རབ་སློབས། །མི་ཚེ་གཡར་པོ་ཡིན་པས་འདོར་བར་སླ། །སྣང་བ་སྒྱུ་མ་ཡིན་པས་ཞེན་མེད་གྱིས། །ཟས་ནོར་རྩྭ་ཁའི་ཟིལ་པ་ནམ་ཡལ་མེད། །འཁོར་གཡོག་བཤུལ་ལམ་མགྲོན་འདྲ་གྱེས་པར་སླ། །དགྲ་སྡང་འཁྲུལ་པ་ཡིན་ནོ་གོ་བར་གྱིས། །ཉེ་དུས་འཁོར་བར་བསྐྱུར་ལ་དོགས་ཟོན་གྱིས། །བུ་ཚ་ཕལ་ཆེར་ལན་ཆགས་འདག་མཁན་ཡིན། །མི་ཚེ་གཡེང་བའི་གཏམ་ལ་ཟད་མཐའ་མེད། །འཆི་བདག་གཤིན་རྗེ་བྱུང་བ་མ་ཚོར་རམ། གདོང་དམར་བོད་ཀྱི་མི་རྣམས་ང་ལ་ཉོན། །ངན་སོང་སྡུག་བསྔལ་སྐྱོབ་ཕྱིར་མཆོག་གསུམ་ཚོལ། །འདི་ཕྱིའི་བསྟེན་ཡུལ་རྩ་བ་གསུམ་ལ་གྱིས། །ཐར་བར་འགྲོ་རོགས་ལྟ་སྒོམ་སྤྱོད་པར་གྱིས། །བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་ཟུངས། །མི་དགེ་བཅུ་སྤོངས་དགེ་བཅུ་དང་དུ་ལོངས། །དེ་ལྟར་བྱས་ན་འདིར་བདེ་ཕྱི་མ་འགྲུབ། །པདྨ་འབྱུང་གནས༴ ད་ལྟར་བཞུགས་དང་༴ སྤྱི་མཐུན་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །ཅེས་གསུངས་ཅི་དགོས་ཞལ་གདམས་ཚར་རྗེས་སུ། །མ་ཧཱ་གུ་རུ་པདྨ་འབྱུང་གནས་ཉིད། །འཕགས་བོད་གཉིས་སུ་ཇི་ལྟར་བཞུགས་པ་ཡི། །ལོ་རྒྱུས་ཚུལ་མཐོང་སྐྱེ་བོའི་ངོར་སྣང་བཞིན། །འདི་ལྟར་བྲིས་ཀྱང་ཐ་སྙད་ཙམ་དུ་ཟད། །དེ་ཡང་ཨིནྟྲ་བྷུ་ཏིའི་རྒྱལ་ཁབ་ཏུ། །ལོ་ལྔར་བཞུགས་ཤིང་གཞན་རྣམས་འགྲེས་ཤེས་བྱོས། །བསིལ་བ་ཚལ་དུ་ལོ་ལྔ་དམ་ཆོས་ལ། །སྦྱངས་པར་ལོ་བཅུ་རྒྱ་གར་ཙི་ན་དང་། །ཨོ་རྒྱན་ཟ་ཧོར་མ་ག་དྷ་མུ་སྟེགས། །ཁ་ཆེ་སེང་ག་ལི་ཡུལ་མ་རུ་རྩེ། །ཡུལ་དེ་རྣམས་སུ་ལོ་གྲངས་གཉིས་བརྒྱ་རེར། །བཞུགས་ཤིང་འ་ཤ་བྲུ་ཤ་ཤམ་བྷ་ལ། །ཞང་ཞུང་སྟག་གཟིག་གེ་སར་ཐོ་གར་དང་། །རུ་པ་ལ་དང་སྲིན་ཡུལ་ཀླུ་ཡུལ་བཅས། །ཡུལ་དེ་རྣམས་སུ་དགུ་བཅུ་གོ་བརྒྱད་རེར། །བཞུགས་ཤིང་བལ་པོར་ལོ་གྲངས་བཞི་བཅུར་བཅས། །བསྡོམས་པས་སུམ་སྟོང་དང་ནི་དྲུག་བརྒྱ་ཡིན། །དེ་ཡང་སློབ་དཔོན་རྒྱ་མཚོར་སྐུ་འཁྲུངས་ནས། །བྷོ་ཊར་བྱོན་པ་ཕན་གྱི་ལོ་གྲངས་རྣམས། །ཞིབ་ཏུ་བརྩིས་ཤིང་ལྷན་ཅིག་བསྡོམས་པ་ཡིན། །དེ་ལ་བོད་དུ་བཞུགས་ཚུལ་འདི་ལྟ་སྟེ། །བསམ་ཡས་དབུ་རྩེར་ལོ་གྲངས་དྲུག་ཅུ་དང་། །མཆིམས་ཕུར་ལོ་ལྔ་ཡང་རྫོང་བྲག་ལ་གསུམ། །གཡའ་མ་ལུང་དུ་ལོ་བཞི་ཤེལ་བྲག་གསུམ། །སྤ་མ་གོང་དུ་ལོ་གཉིས་ཤམ་པོར་གསུམ། །གཡུ་སྒོང་བྲག་ལ་ཟླ་ཟུང་མཁར་ཆུ་རུ། །ལོ་བདུན་འབྲིན་ཐང་བྲག་ལ་ཟླ་བ་བཅུ། །ཟམ་བུར་ལོ་གཉིས་ཟང་ཡག་ཟླ་གསུམ་བཞུགས། །ཏེ་སྒྲོར་ལོ་བདུན་འཕར་བ་ཚང་དུ་གཅིག །འོལ་ཁར་ཟླ་གཅིག་ཡེར་བར་ལོ་གཅིག་བཞུགས། །ཁ་རག་ཆུ་བོར་ལོ་གཅིག་དབོད་དཀར་དུ། །ཟླ་གཉིས་བཞུགས་ཤིང་ཙ་རིར་ཟླ་བ་དྲུག །ཁྱུང་ཚང་བྲག་ལ་ཟླ་དྲུག་སྙིང་དྲུང་དུ། །ཟླ་དྲུག་བཞུགས་ཤིང་བློན་མགུལ་ཟླ་བ་དྲུག །སྙིང་རྫོང་ཟླ་གཉིས་མོན་ཁ་སྣ་རིང་གསུམ། །སྤ་གྲོ་སྟག་ཚང་ཟླ་བཞི་ཆུ་མོ་ཕུག། །བྲག་མཐའ་ཕྲ་མོ་གཉིས་ལ་ཟླ་གཉིས་རེ། །ཤ་འུག་སྟག་སྒོ་དང་ནི་མཁར་ཆེན་བྲག །སྤ་གྲོ་ཅལ་དང་ལྷ་རི་གངས་བཞི་གར། །ལོ་གྲངས་རེ་རེ་རེ་རེར་བཞུགས་པ་ཡིན། །གཡུ་ཕུ་རྫ་ལྷུང་དང་ནི་མོན་ཁ་བྲག །འོན་ཕུའི་སྟག་ཚང་རྣམས་ལ་ཟླ་གསུམ་རེར། །བཞུགས་ཤིང་ཟར་མོ་རི་ལ་ཟླ་བ་གཉིས། །དགས་རྫོང་ཕུག་པར་ལོ་གཅིག་སྟག་ཆུང་དུ། །ཞག་གསུམ་དེ་བཞིན་སྟག་ཚང་དོམ་ཚང་རོང་། །ཞག་གྲངས་ལྔ་ལྔར་བཞུགས་ཤིང་གཟིག་ཚང་རོང་། །ཞག་དགུར་བཞུགས་ཤིང་སྤྱང་ཚང་རོང་དུ་དྲུག །མཁའ་འགྲོའི་ཕུག་དང་ལྷ་རྩེ་བྲག་ལ་ནི། །ཟླ་བ་གཉིས་གཉིས་བཞུགས་ཤིང་རོང་ལྷའི་རྫ། །མཆིམས་ཀྱི་སྔོག་ལུང་གཉིས་ཀར་ཟླ་རེར་བཞུགས། །གང་ཆུང་ལུང་དུ་ཟླ་བ་ཕྱེད་དང་ནི། །མགྲིན་བཟང་ལྷ་ས་ཁྲ་འབྲུག་རྣམས་གསུམ་དུ། །ཟླ་བ་ཕྱེད་གཉིས་རེ་ལ་བཞུགས་པ་ཡིན། །ཕུང་པོ་རི་བོ་ཆེ་ལ་ཟླ་གསུམ་བཞུགས། །དེ་ལྟར་བོད་དུ་ལོ་གྲངས་བརྒྱ་དང་ནི། །བཅུ་གཅིག་བཞུགས་ཞེས་ཡོངས་སུ་གྲགས་མོད་ཀྱང་། །དག་དང་མ་དག་གདུལ་བྱའི་སྣང་ངོ་རུ། །མང་དང་ཉུང་བའི་རྩི་ཚུལ་ཡོད་མོད་ཀྱང་། །དོན་ལ་ཁ་ཚོན་གཅོད་རྒྱུ་ཅང་མ་མཆིས། །དེ་ཚེ་བུམ་ཐང་རྡོ་རྗེ་བརྩེགས་པའི་བྲག །སྤ་གྲོའི་བྲག་དཀར་སོགས་ལ་སྐུ་རྗེས་བཞག །གཞན་ཡང་རྗེས་འཇུག་གདུལ་བྱའི་དད་མོས་ཀྱི། །རྟེན་དུ་སློབ་དཔོན་ཆེན་པོ་ཡབ་ཡུམ་གྱིས། །ཕྱག་ཞབས་རྗེས་འགའ་སྒྲུབ་གནས་རྣམས་སུ་བཞག །ཀོང་པོའི་བྲག་གསུམ་མཚོ་དང་གནམ་མཚོ་སོགས། །གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞག །སྐབས་དེར་སློབ་མ་གྲུབ་པའི་ཁྱུ་མཆོག་ཀྱང་། །སྔ་ཐོག་རྗེ་འབངས་ཉི་ཤུ་རྩ་གཅིག་དང་། །ཕྱིས་སུ་རྗེ་འབངས་ཉེར་ལྔ་ཐུགས་སྲས་དགུ། །གཏེར་ཆོས་རྣམས་ལ་གསལ་ཞིང་གྲགས་ལྟར་ལགས། །བཀའ་མ་ལྟར་ན་དེ་དག་རྣམས་ཀྱི་སྟེང་། །ཡེར་བར་འོད་ལུས་གྲུབ་པའི་གྲུབ་ཐོབ་ནི། །བརྒྱད་ཅུ་དང་ནི་དཔལ་ཆེན་ཆུ་བོ་རིར། །སྒོམ་ཆེན་བརྒྱ་དང་བརྒྱད་ཡོད་རོང་ཟོམ་བཞེད། །དེ་ཙམ་གྱིས་ནི་ཟད་པར་མི་འགྱུར་ཏེ། །སློབ་དཔོན་དངོས་སློབ་བསམ་གྱིས་མི་ཁྱབ་ཀྱང་། །ཕག་མོ་གྲུ་པའི་ཡང་མེས་ཡིན་པ་ལ། །ཨེ་མོ་བྱང་ཆུབ་འབྲེ་སྐོལ་བྱ་བ་དེ། །སློབ་དཔོན་ཆེན་པོའི་དངོས་སློབ་གྲུབ་ཐོབ་ཡིན། །དེ་དང་གྲུབ་ཐོབ་ཆེན་པོ་ཨོ་རྒྱན་པའི། །ཡང་མེས་བྱང་ཆུབ་གཞོན་ནུ་ཞེས་བྱ་བ། །ཁམས་ཀྱི་དབྱར་མོ་ཐང་ལ་བྱོན་པ་དེ། །སློབ་དཔོན་ཆེན་པོའི་དངོས་སློབ་གྲུབ་ཐོབ་ཡིན། །མདོར་ན་སློབ་དཔོན་ཆེན་པོའི་སློབ་རྒྱུད་རིགས། །སྔོན་ཡང་མང་བྱོན་སླད་ཀྱང་རྒྱུན་མི་འཆད། །དེ་ལས་གཞན་ཡང་ཉང་རིགས་ལས་འཁྲུངས་པའི། དེ་བཞིན་གཤེགས་པ་རྟ་མགྲིན་གྲུབ་ཐོབ་དང་། །སྔགས་འཆང་མཆོག་རབ་གཞོན་ནུ་ཞེས་བྱ་བ། །ཁོང་ལ་སློབ་དཔོན་པདྨས་གནང་བ་ཡི། །འཕྲུལ་འཁོར་རྩ་འགྲེལ་ལ་སོགས་མན་ངག་ཀྱང་། །ཟབ་མོ་མང་ཞིག་ཡོད་ཅེས་གསུངས་པ་བཞིན། །གུ་རུ་ཆོས་ཀྱི་དབང་ཕྱུག་ཡང་མེས་ཀྱང་། །དབང་རྗེ་བཙན་ཁྲོམ་བྱ་བ་དེ་ཡིན་སྐད། །དེ་དུས་སྙེགས་བོན་སྣ་རིང་བྱ་བ་ཡིས། རྒྱལ་པོར་ཐོག་ཕབ་སྒུགས་སྡོད་ཚད་བཙུགས་པར། །དབང་རྗེ་ན་རོ་ཕོ་བྲང་ཡང་ཐོག་ཏུ། །ང་ཡི་གདན་ཐོགས་གསུངས་བཞིན་བྱས་པ་ལ། །དེ་ཡི་གནངས་ཉིན་ཐོག་མདའ་བདུན་ཕབས་པས། །ཕྱག་མཛུབ་ལ་དཀྲིས་བོན་པོར་ཕར་འཕངས་པས། །བོན་པོ་ཡ་བོར་དང་བཅས་ཤི་ཞེས་གྲགས། །སྤྱིར་ཡང་མྱང་བན་ཤ་མི་གོ་ཆ་དང་། །རླངས་བུ་སེ་བོ་པ་ཞེས་རྫུ་འཕྲུལ་ཅན། །མཁར་ཆེན་དཔལ་གྱི་དབང་ཕྱུག་ཅེས་བྱ་དང་། །རྫུ་འཕྲུལ་སྟོབས་ཀྱིས་ཤུག་སྡོང་རྩ་བ་ནས། །བཏོན་ཞིང་ཁུར་ནས་ཙན་ཐང་ལྷ་ཁང་གི། །ཀ་བར་འཛུགས་མཁན་དགེ་བསྙེན་ངམ་སེ་དང་། །ངབ་མི་བྱང་ཆུབ་རྒྱལ་སྲས་ངམ་འབྲེ་ཞེས། །ཨ་ཙར་ས་ལེ་ཡར་ལུང་སྨན་སྤྲོ་ཡི། །ངབ་མི་ཅན་ཙོང་ལྕེ་བན་རྒྱ་མཚོར་གྲགས། །འབྲོ་མི་ཤེས་རབ་གྲགས་དང་ས་སྐྱ་པའི། །ཡང་མེས་འཁོན་རྒྱུད་ཀླུ་དབང་སྲུང་བ་སོགས། །བོད་ཀྱི་ཆེ་དགུ་གཉན་དགུ་ཐམས་ཅད་ཀྱི། །ཡབ་མེས་ཀུན་ཀྱང་སློབ་དཔོན་པདྨ་ཡི། །དངོས་སློབ་ཡིན་པར་སུས་ཀྱང་རྒོལ་དཀའ་ན། །སློབ་དཔོན་བོད་དུ་ཡུན་རིང་བཞུགས་པ་ཡི། །གཏན་ཚིགས་ཚད་མ་དེ་ལས་གཞན་མི་དགོས། །དེ་ནས་སློབ་དཔོན་པདྨ་འབྱུང་གནས་གང་། །ལྷོ་ན་ནུབ་སྲིན་པོའི་ཡུལ་དུ་འབྱོན་དགོངས་ནས། །སྲིན་པོའི་ཡུལ་གྱི་ཆགས་ཚུལ་བཀོད་པ་བསྟན། །རྔ་ཡབ་གླིང་ཞེས་སོག་ཁ་ནང་བསྟན་དཔེ། །གླིང་བཞི་གླིང་ཕྲན་གླིང་ཆུང་ཡོངས་བསྡོམས་པར། །ཉི་ཤུ་རྩ་གཉིས་རྣམ་གྲངས་ཡོད་པ་ལ། །དབུས་སུ་ཤ་ཁྲག་ཟ་བྱེད་གླིང་ཞེས་པར། །གྲོང་ཚོ་བྱེ་བ་དགུ་ཡོད་དེ་ཡི་དབུས། །བྱང་ཤར་དང་ནི་ཉེ་བའི་ས་དག་ན། །མུ་ལེ་འཕྲུལ་གྱི་མེ་ལོང་བྱ་བའི་མཚོ། །མཚོ་མཇུག་ཕྱོགས་བཞིར་འབབ་པ་གཅིག་ཡོད་པའི། །དབུས་སུ་ཟངས་མདོག་དཔལ་གྱི་རི་བོ་ཞེས། །ཆུ་ནས་དཔངས་སུ་རྒྱང་གྲག་ཉི་ཤུ་དང་། །འཁོར་ཡུག་རྒྱང་གྲགས་དྲུག་ཅུ་ཡོད་པ་ཡི། །རི་དེའི་རྩེ་ན་སྲིན་པོའི་གྲོང་ཁྱེར་ཡོད། །དེ་ལ་དབང་བྱེད་སྲིན་པོའི་རྒྱལ་པོ་དེ། ཐུགས་རྗེའི་སྟོབས་ཀྱིས་གནས་སྤར་སློབ་དཔོན་ཉིད། །སྲིན་པོའི་རྒྱལ་པོའི་མངོན་རྟོགས་ཇི་བཞིན་པར། །སྤྲུལ་པས་སྲིན་པོའི་ཚོགས་རྣམས་འདི་སྐད་ཟློ། །འོ་ཅག་རྣམས་ཀྱི་རྒྱལ་པོ་ཆེན་པོ་འདི། །སྔོན་ལས་གཟུགས་དང་གཟི་བརྗིད་ཆེ་ཞེས་ཟེར། །དེ་དུས་སྲིན་པོ་རྣམས་དང་ལྷ་མ་སྲིན། །སྡེ་བརྒྱད་ཚོགས་རྣམས་བསྡུས་ཏེ་སྔར་ལས་ཀྱང་། །འཕགས་པའི་ཕོ་བྲང་བཀོད་པ་རྒྱ་ཆེན་པོ། །རྒྱ་སྲང་མིག་མང་རིས་སུ་ཡོད་པ་ལ། །ལྕགས་རི་རིམ་པ་བདུན་གྱིས་བསྐོར་བ་ཡི། །ནང་མ་གསུམ་ལ་ཕྱོགས་རེར་རྟ་བབས་ཀྱང་། །གསུམ་གསུམ་དག་དང་ལྡན་པའི་བཅུ་གཉིས་རེ། །ཡོད་ཅིང་ལྕགས་རི་བདུན་དང་ལྕོག་བརྒྱད་ལ། །སྲིན་པོའི་ཐོད་པ་ཁོ་ནས་བརྩིགས་པ་ཡི། རྒྱ་སྒོ་ཆེན་པོ་སུམ་ཅུ་རྩ་གཉིས་བཙུགས། །ཕོ་བྲང་ཆེན་པོ་དེ་ཡི་མཐའ་སྐོར་ལ། །ཕྱོགས་བཞི་མཚམས་བརྒྱད་དག་ན་སྲིན་པོ་ཡི། གྲོང་ཁྱེར་མང་ཡོད་ཚོགས་ཁང་ཆེན་པོ་བཞི། །སྤྲུལ་ཞིང་དེ་དག་རྣམས་ཀྱི་དོན་མཛད་ཅིང་། །ཤར་ཕྱོགས་ཞི་བ་ཆོས་ཀྱི་ཚོགས་ཁང་དུ། །སློབ་དཔོན་པཎྜི་ཏ་ཡི་ཆ་བྱད་ཀྱིས། །སྡེ་སྣོད་གསུམ་གྱི་ཆོས་རྣམས་མ་ལུས་འཆད། །ལྷོ་ཕྱོགས་རྒྱས་པ་ལོངས་སྤྱོད་ཚོགས་ཁང་དུ། །སློབ་དཔོན་ཚེ་དཔག་མེད་ཀྱི་སྐུར་བསྒྱུར་ཏེ། །རྒྱུད་སྡེ་རྒྱ་མཚོ་རབ་འབྱམས་ཆོས་སྟོན་ཏོ། །ནུབ་ཕྱོགས་པདྨ་དབང་གི་ཚོགས་ཁང་དུ། །སློབ་དཔོན་པདྨ་རྟ་འགྲིན་སྐུར་བཞེངས་ནས། །དབང་སྡུད་དང་ནི་གསང་སྔགས་མ་རྒྱུད་སྟོན། །བྱང་ཕྱོགས་སྦྱོར་སྒྲོལ་ཕྲིན་ལས་ཚོགས་ཁང་ན། །སློབ་དཔོན་པདྨ་གུ་རུ་དྲག་པོ་ཡི། །སྐུར་བཞེངས་ཁྲིམས་གཉིས་ལས་འགལ་སྲིན་ཚོགས་སྒྲོལ། །དབུས་ཀྱི་ཕོ་བྲང་ཆེན་པོ་གང་ཞེ་ན། །པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ། །ཐོག་རིམ་གསུམ་དང་ལྡན་པའི་འོག་ཁང་ན། །རཏྣའི་ཁྲི་དང་སྲིན་པོ་བསྒྱེལ་བའི་སྟེང་། །སློབ་དཔོན་ཁྲོ་བོར་བཞེངས་པའི་སྐུ་ཡི་ཚད། །སྲིན་པོ་ལས་ནི་སུམ་འགྱུར་གྱིས་ཆེ་ཞིང་། །སྐུ་ལ་ཟ་འོག་དམར་སྨུག་བེར་གསོལ་ཞིང་། །མན་དྲི་དམར་པོས་ཐོད་བཅིངས་སེང་སླག་མནབས། །སྐུ་ལས་མེ་འབར་འཇིགས་སུ་རུང་བར་བཞུགས། །ཡུམ་ཆེན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡང་། །ཁྲོ་མོའི་རྣམ་པར་བསྒྱུར་ནས་བཞུགས་པའི་འཁོར། །རིག་འཛིན་འབུམ་ཕྲག་ལྔ་དང་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྡེ་བརྒྱད་འཁོར་གྱིས་བསྐོར་བ་ཡོད། །བར་ཁང་དང་ནི་སྟེང་ཁང་འཁོར་དེ་བཞིན། །དེ་ཡང་བར་ཁང་གུ་རུ་མཚན་བརྒྱད་དང་། །སྟེང་ཁང་ཐོད་ཕྲེང་རིགས་ལྔ་དང་བཅས་བཞུགས། །གྲོང་ཁྱེར་དེ་ཡི་ཤར་ཕྱོགས་རྡོ་ཐང་ན། །ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོ་འབབ། །ལྷོ་ན་ཙན་དན་ནགས་དང་འབྲས་ལྡན་ཤིང་། །ཡོད་ཅིང་ནུབ་ན་ཉམས་དགའི་སྐྱེད་ཚལ་ཡོད། །བྱང་ན་རཏྣའི་བྲག་གི་མཆོད་རྟེན་ཡང་། །རང་བྱུང་མང་པོས་གཏམས་པ་ངོ་མཚར་ཡོད། །ས་ཕྱོགས་ཀུན་ཀྱང་མེ་ཏོག་སྣ་ཚོགས་ཀྱིས། །མཛེས་ཤིང་ཡིད་དུ་འོང་བས་ཁྱབ་པ་ཡོད། །གླིང་དེའི་ཤར་སྟོད་ཛཱ་ཏིའི་ནགས་ཚལ་ན། །སྲིན་པོའི་གྲོང་ཁྱེར་འབུམ་ཚོ་ཉེར་གཅིག་ཡོད། །སྲིན་པོ་ལྷ་ལས་བབ་པའི་རིགས་ཅན་ཞེས། །མཁའ་ལ་འཕུར་ནུས་རྫུ་འཕྲུལ་ལྡན་པ་ཡོད། །གཅན་གཟན་ཤ་དང་ཛཱ་ཏིའི་འབྲས་བུ་ཟ། །དེ་ན་སློབ་དཔོན་ཆེན་པོའི་རྣམ་འཕྲུལ་ནི། །དེ་ཝ་རཱ་ཛ་ཞེས་པས་རྗེ་མཛད་དེ། །སྒྱུ་འཕྲུལ་ཆོས་སྒོ་ཕྱེས་ནས་འགྲོ་དོན་མཛད། །གླིང་དེའི་ཤར་སྨད་ན་བུན་འཐིབས་ཞེས་ན། །གྲོང་ཁྱེར་བྱེ་བ་ཕྲག་གསུམ་ཡོད་པ་ཡོང་། །སྲིན་པོ་དྲི་འཛིན་ཀུན་ཏུ་རྒྱུ་ཞེས་པའི། །རིགས་ཅན་ཡིན་ཕྱིར་ཁྲག་གི་དྲི་ཚོར་ན། །སྐད་ཅིག་ཙམ་གྱིས་རྒྱང་གྲགས་བཅོ་བརྒྱད་རེར། །སླེབ་པར་ནུས་པའི་མྱུར་མགྱོགས་ཤུགས་དང་ལྡན། །ཤ་ཆེན་ཁྲག་ཆེན་སོགས་ལ་ལོངས་སུ་སྤྱོད། །དེ་ན་སྨྲ་བའི་སེང་གེ་ཞེས་བྱ་བའི། །རྒྱལ་པོར་སྤྲུལ་ནས་འཇམ་དཔལ་སྐུའི་སྒོ་ནས། །ཆོས་སྒོ་ཕྱེས་བཞིན་འགྲོ་དོན་རྒྱ་ཆེན་མཛད། །རྔ་ཡབ་གླིང་དེའི་ལྷོ་ཡི་ཕྱོགས་སུ་ནི། །ཟང་ཐལ་ཀེང་རུས་བརྩེགས་པའི་གླིང་བྱ་བ། །གྲོང་ཁྱེར་བྱེ་བ་བཅུ་དྲུག་གྲངས་ལྡན་པར། །སྲིན་པོ་གྲུལ་བུམ་ཕོ་ཉའི་རིགས་ཅན་ཞེས། །ལག་པ་བརྒྱ་སྟོང་ཡོད་པས་མཚོན་ཆ་འདེབས། །རི་དྭགས་ཤ་དང་བམ་རོར་ལོངས་སྤྱོད་བྱེད། །དེ་ན་སྲིན་རྒྱལ་ཐོད་པའི་ཕྲེང་བ་ཅན། །ཞེས་བྱས་མ་མོ་དང་ནི་གཤིན་རྗེ་ཡི། །ཆོས་སྟོན་མཛད་ཅིང་འགྲོ་ལ་ཕན་བདེ་སྤེལ། །རྔ་ཡབ་གླིང་དེའི་ནུབ་སྟོད་ཤ་མཁར་ཞེས། །སྲིན་གླིང་དེ་ན་གྲོང་ཁྱེར་གྲངས་ཀ་ཡང་། །འབུམ་ཚོ་ཉི་ཤུ་རྩ་དགུ་ཚང་བ་ཡོད། །ཐམས་ཅད་ནད་ཉུང་དུག་གིས་ཚུགས་པ་མིན། །ཟས་སུ་ས་བདག་ཀླུ་གཉན་ཕྲུ་གུ་རྣམས། །བརྐུས་ཏེ་ཟས་སུ་ལོངས་སྤྱོད་བྱེད་པ་ཡིན། །དེ་ན་ཁྱུང་ཆེན་འབར་བ་ཞེས་བྱ་བའི། །རྒྱལ་པོར་སྤྲུལ་ཏེ་ཕྱག་རྒྱ་ཆེན་པོ་ཡི། །ཆོས་ཀྱི་སྒོ་ནས་འགྲོ་དོན་རྒྱ་ཆེན་མཛད། །རྔ་ཡབ་གླིང་དེའི་ནུབ་ཀྱི་སྨད་དག་ན། །ཁྲག་མཚོ་ཁོལ་མ་ཞེས་བྱའི་གླིང་ཡོད་པར། །གྲོང་ཁྱེར་བྱེ་བ་གཉིས་ཀྱི་གྲངས་དང་ལྡན། །མེ་ཏོག་དང་ནི་ཆུར་གནས་སེམས་ཅན་ཟ། །དེར་གནས་སྲིན་པོ་ཆུ་ལ་བྱིང་བ་མིན། །དེ་རུ་གཏུམ་པོ་མེ་དབལ་ཞེས་བྱ་བའི། །རྒྱལ་པོར་སྤྲུལ་ནས་སྤྱན་རས་གཟིགས་དབང་གི །ཆོས་སྒོ་ཕྱེས་ནས་སེམས་ཅན་དོན་མཛད་དོ། །རྔ་ཡབ་དེ་ཡི་བྱང་ན་ནོར་བུའི་གླིང་། །ཞེས་པར་གྲོང་ཁྱེར་བྱེ་བ་གཅིག་ཡོད་དེ། །ནོར་བུར་བཟའ་བཏུང་འབྱུང་དང་ཤ་ཁྲག་ཟ། །དེ་རུ་ལག་ན་རྡོ་རྗེ་ཞེས་བྱ་བའི། །རྒྱལ་པོར་སྤྲུལ་ནས་ཆོས་དང་དྲག་སྔགས་དང་། །བསྟན་སྲུང་སྒོ་ནས་འགྲོ་བའི་དོན་མཛད་དོ། །རྔ་ཡབ་གླིང་དེའི་ཤར་ལྷོ་འབར་བའི་གླིང་། །ཞེས་བྱ་དེ་ན་སྲིན་པོ་གློག་ཕྲེང་རིགས། །ཡོད་ཅིང་འབྲི་གཡག་ར་ལུག་ལོངས་སྤྱོད་བྱེད། །དེ་རུ་ཟིལ་གནོན་མེ་འོད་ཅེས་བྱ་བའི། །རྒྱལ་པོར་སྤྲུལ་ནས་མ་མོའི་རྒྱུད་ལུང་གི། །ཆོས་ཀྱིས་དེར་གནས་འགྲོ་བའི་དོན་མཛད་དོ། །རྔ་ཡབ་གླིང་དེའི་ལྷོ་ནུབ་རཀྵི་གླིང་། །ཞེས་བྱར་སྲིན་པོ་ལངྐ་མགྲིན་བཅུའི་རིགས། །ཟས་སུ་མི་རྟ་ཁྱི་གསུམ་བརྐུས་ནས་ཟ། །གླིང་དེར་གྲོང་ཁྱེར་འབུམ་ཚོ་དྲུག་ཡོད་པར། །རཀྴ་ཐོད་ཕྲེང་ཞེས་བྱའི་རྒྱལ་པོ་རུ། །སྤྲུལ་ནས་ཁྱབ་འཇུག་འཇུག་པ་བཅུ་བརྩམས་ཏེ། །བླ་མེད་དུས་འཁོར་ཆོས་སྟོན་འགྲོ་དོན་མཛད། །རྔ་ཡབ་གླིང་དེའི་ནུབ་བྱང་ཕྱོགས་སུ་ནི། །རླུང་ནག་འཁྲུགས་པའི་གླིང་ཞེས་བྱ་བ་ན། །གྲོང་ཁྱེར་འབུམ་ཚོ་གསུམ་ཡོད་སྲིན་པོ་ཡང་། །ཀརྟི་ཀ་ཡི་རིགས་ཡིན་གཡང་ས་རུ། །ལྷུང་ཡང་འཆི་བར་མི་ནུས་དེ་དག་གིས། །སེམས་ཅན་སྣ་ཚོགས་ཤ་ཁྲག་ཟས་སུ་རོལ། །དེ་རུ་སེང་གེ་སྒྲ་སྒྲོགས་ཞེས་བྱ་བའི། །རྒྱལ་པོར་སྤྲུལ་ནས་འཇིག་རྟེན་མཆོད་བསྟོད་ཀྱི། །ཆོས་སྒོ་ཕྱེས་ནས་སེམས་ཅན་དོན་མཛད་དོ། །རྔ་ཡབ་གླིང་དེའི་བྱང་ཤར་མཚམས་སུ་ནི། །མུན་ནག་འཁྲུགས་པའི་གླིང་ཞེས་བྱ་བ་ན། །གྲོང་ཁྱེར་འབུམ་ཚོ་ཉི་ཤུ་རྩ་གཅིག་ཡོད། །གླིང་དེ་ཕལ་ཆེར་སྲིན་པོ་མི་སྲུན་སོགས། །ཡིན་བཞིན་འགྲོ་བའི་བླ་ཚེ་སྲོག་དབུགས་ཟ། །དེ་ན་སློབ་དཔོན་སྤྲུལ་པའི་རྒྱལ་པོ་ནི། །གཙུག་ན་མེ་འབར་ཞེས་བྱའི་རྒྱལ་པོ་ཡིས། །དམོད་པ་དྲག་སྔགས་སྒོ་ནས་འགྲོ་དོན་མཛད། །དེ་རྣམས་དབུས་ན་ཤ་ཁྲག་ཟ་བྱེད་ཀྱི། །གླིང་ནི་གྲོང་ཁྱེར་བྱེ་བ་དགུ་ཡི་ནི། །སྲིན་པོ་ཐམས་ཅད་སློབ་དཔོན་སྐུ་དངོས་ཀྱིས། །སྣ་ཚོགས་རྫུ་འཕྲུལ་སྒོ་ནས་འདུལ་བྱེད་ཅིང་། །ཕྱིང་གསང་བའི་ཆོས་ཀྱི་སྒོར་བཅུག་ནས། །ཕྱི་ནང་ཆད་འཛམ་བུའི་གླིང་གི་སྐྱེ་འགྲོ་རྣམས། །སྲིན་པོས་གནོད་ཅིང་འཚེ་བ་མེད་པར་མཛད། །མདོར་ན་ཁམས་གསུམ་འཁོར་བ་མ་སྟོང་བར། །བཞུགས་ནས་འགྲོ་དོན་ཡིད་བཞིན་ནོར་བུ་ལྟར། །མཛད་མོད་བོད་འདིར་མཐའ་དམག་ལྷགས་ནས་ཀྱང་། །འདུལ་བའི་བསྟན་པ་ནུབ་པར་བྱས་གྱུར་ཀྱང་། །དེ་རྗེས་སྔགས་བསྟན་གོས་དཀར་གྱོན་པའི་ཚོགས། །མང་དུ་འབྱུང་ཞིང་དེ་དག་ཁྲོད་དུ་ཡང་། །གུ་རུའི་སྤྲུལ་པ་རེ་རེ་འབྱུང་ངེས་ཤིང་། སྐལ་ལྡན་ལ་ལ་འོད་ལུས་གྲུས་ནས་ཀྱང་། །ཚེ་ལོ་བཅུ་པའི་བར་དུ་གསང་སྔགས་སྟོན། །དེ་ནས་བསྐལ་པ་ཡར་འཕེལ་དུས་སུ་ནི། །ཚད་མེད་བཞི་དང་དགེ་བཅུའི་ཆོས་བསྟན་པས། །མི་རྣམས་བསོད་ནམས་ཡར་འཕེལ་རིགས་གཟུགས་དང་། །ཚེ་དང་འབྱོར་པ་ལོངས་སྤྱོད་གོང་འཕེལ་འགྲོ། །དེ་ནས་ཚེ་ལོ་བརྒྱད་ཁྲིར་བབ་དུས་སུ། །རྒྱལ་བ་བྱམས་པ་འཇིག་རྟེན་ཁམས་བྱོན་ཚེ། །དེ་དུས་སློབ་དཔོན་མ་ཧཱ་གུ་རུ་ཉིད། །རྒྱལ་སྲས་འགྲོ་བ་ཀུན་འདུལ་ཞེས་པ་རུ། །གྱུར་ཏེ་གདུལ་བྱ་དབང་པོ་རབ་རྣམས་ལ། །གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར། །གཞན་ཡང་ལོངས་སྐུ་སྤྱན་རས་གཟིགས་དབང་ཕྱུག །གང་ལ་གང་འདུལ་གཟུགས་སུ་སྤྲུལ་མཛད་ཅིང་། །སྤྲུལ་སྐུ་བསྐལ་བཟང་སངས་རྒྱས་སྟོང་རྩ་ཡི། །སྦྱིན་བདག་འཁོར་ལོས་སྒྱུར་རྒྱལ་སྟོང་ལ་སོགས། །སློབ་དཔོན་ཆེན་པོའི་རྣམ་འཕྲུལ་ཁོ་ན་ཡིན། །བརྗོད་པའི་མཐར་འདས་རྫོགས་པའི་སྐབས་མེད་དོ། །དེ་ནས་བོད་ཀྱི་རྗེ་འབངས་སྤྱི་དང་ནི། །ཁྱད་པར་ལྷ་སྲས་མུ་ཏིག་བཙད་པོ་ཡིས། །སློབ་དཔོན་ཆེན་པོར་ཞུ་བ་འདི་བཞིན་ཕུལ། །སྤྲུལ་པའི་སྐུ་མཆོག་སློབ་དཔོན་ཆེན་པོ་ལགས། །བདག་ཅག་རྣམས་ནི་མཐའ་འཁོབ་བོད་ཀྱི་མི། །ཆོས་མེད་མི་དགེ་དག་ལ་སྤྱོད་པ་མང་། །སྔོན་བྱོན་རྒྱལ་པོ་སྲོང་བཙན་སྒམ་པོ་ནི། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པའི་ཕྱིར། །ར་ས་འཕྲུལ་སྣང་ར་མོ་ཆེ་ལ་སོགས། །མཐའ་འདུལ་ཡང་འདུལ་གཙུག་ལག་བརྒྱ་རྩ་བརྒྱད། །བཞེངས་ཤིང་དམ་ཆོས་འགའ་ཞིག་བོད་དུ་བསྒྱུར། །དེ་རྗེས་འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་གིས། །མཁན་སློབ་རྣམ་གཉིས་ལ་སོགས་འཕགས་ཡུལ་གྱི། པཎ་གྲུབ་མང་པོ་སྤྱན་དྲངས་བསམ་ཡས་སོགས། །གཙུག་ལག་ཁང་ཆེན་མང་བཞེངས་མདོ་སྔགས་ཆོས། །བོད་དུ་བསྒྱུར་ནས་སྨིན་ཅིང་གྲོལ་བྱས་པས། །སྐུ་དྲིན་གཞན་ལས་འཕགས་སོ་བཀའ་དྲིན་ཅན། །ད་ནི་ཡབ་རྗེ་རྒྱལ་པོ་དགུང་དུ་གཤེགས། །སློབ་དཔོན་སྲིན་པོ་འདུལ་དུ་བྱོན་གྱུར་ཚེ། །བོད་ཁམས་མུན་པའི་གླིང་དུ་སོང་གྱུར་པས། །ཐམས་ཅད་སྐྱབས་མགོན་མེད་པར་འགྲོ་ངེས་ན། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །བོད་ཁམས་འདུལ་བའི་ལྷ་སྐལ་ཡིན་པའི་ཕྱིར། །ལྷ་མཆོག་གང་གི་གདམས་པ་ཁྱད་པར་ཅན། །འགྲོ་བ་རིགས་དྲུག་གཡང་ས་ཆོད་པ་དང་། །ཐར་པ་དང་ནི་རྣམ་མཁྱེན་ལམ་མཆོག་ལ། །འཇུག་ཐབས་ཆོ་ག་ཟབ་མོ་གནང་བར་ཞུ། །ཞུས་པས་སློབ་དཔོན་ཆེན་པོས་འདི་སྐད་གསུངས། །བོད་ཀྱི་རྗེ་འབངས་ཐམས་ཅད་ལེགས་གསོན་དང་། །གངས་ཅན་བོད་ཀྱི་རྒྱལ་ཁམས་འདི་ཉིད་ལ། །ཤཱཀྱ་ཐུབ་པའི་ཞབས་ཀྱིས་མ་བཅགས་ཤིང་། །གདུལ་བྱའི་མི་མེད་དུད་འགྲོའི་གླིང་ཡིན་ཕྱིར། །དེ་ཡང་སྟོན་པ་མྱ་ངན་འདའ་ཀ་རུ། །འཕགས་མཆོག་སྤྱན་རས་གཟིགས་དབང་ལུང་བསྟན་ཅིང་། །བྱིན་གྱིས་བརླབས་ནས་སྤྱན་རས་གཟིགས་དབང་གི། །ཐུགས་སྤྲུལ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ། །གཉིས་ཀ་བོད་དུ་བཏང་ནས་ཐབས་ཤེས་ཀྱི། །རྟེན་འབྲེལ་བསྒྲིགས་ནས་ཚུལ་མཐོང་སྐྱེ་བོ་ཡི། །སྣང་ངོར་ཕ་མའི་སྒྱུ་འཕྲུལ་ལས་བྱུང་བའི། །རིགས་ཀྱི་མྱུ་གུ་དྲུག་སྨིན་དེ་དག་ལ། །མི་བུ་རུས་དྲུག་ཅེས་སུ་ཡོངས་གྲགས་པར། །མཆད་པ་བོད་རྣམས་སྤྱི་ཡི་ཁུངས་ཡིན་སྐད། །དོན་ལ་ཕ་མ་དེ་གཉིས་གཞན་མིན་ཏེ། །སྤྱན་རས་གཟིགས་དང་སྒྲོལ་མ་དངོས་ཡིན་ཕྱིར། །དེ་མིན་གཞན་གྱིས་བོད་ཁམས་འདུལ་བར་དཀའ། །དེ་ཕྱིར་དེ་ཡི་གདམས་པ་ཞུས་པ་ལེགས། །ཞེས་གསུངས་གདམས་པ་འདི་བཞིན་བཀའ་བསྩལ་ཏོ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །རིགས་དྲུག་འགྲོ་ལ་ཐུགས་རྗེ་རྒྱུན་ཆད་མེད། །དེ་ཡང་སེམས་ཅན་ལ་དམིགས་སྙིང་རྗེ་ནི། །རིགས་དྲུག་འགྲོ་ལ་བུ་གཅིག་མ་བཞིན་དུ། །ནམ་ཡང་ཐུགས་རྗེས་གཏོང་བ་མ་ཡིན་ཏེ། །སྡུག་བསྔལ་བསལ་ཞིང་བདེ་ཆེན་ལམ་ལ་འདྲེན། །ཆོས་ལ་དམིགས་པའི་སྙིང་རྗེ་འདི་བཞིན་ཏེ། །ཨོཾ་མ་ཎི་པདྨེ་ཧཱུཾ། །ཞེས་པའི་ཡིག་དྲུག་འཁོར་བ་དོང་སྤྲུག་འདི། །ཡིག་འབྲུ་དྲུག་གིས་འགྲོ་དྲུག་སྡུག་བསྔལ་སྦྱོང་། །དེ་ཡང་ཁྱེད་ཅག་རྗེ་འབངས་ཐམས་ཅད་ཀུན། །དགེ་བཅུ་སྤྱོད་པས་མཐོ་རིས་ལྷར་སྐྱེས་ཀྱང་། །དེ་ཡང་སྡུག་བསྔལ་གསུམ་ལས་མ་འདས་ཕྱིར། །ཕམ་ལྟུང་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། །དེ་ཡང་འཆི་ལྟས་རྣམ་པ་ལྔ་བྱུང་འོག། །ཤི་བས་མི་ཆོག་ངན་སོང་གནས་སྐྱེས་ནས། །སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དགོས་ཀྱང་། །ཐུགས་རྗེ་ཆེན་པོའི་མཐུ་ཡིས་སྐྱོབ་པར་ངེས། །དེ་བཞིན་ཕྲག་དོག་དང་ནི་འཐབ་རྩོད་ཀྱིས། །ལས་ཀྱི་རྣམ་པར་སྨིན་པ་དབང་བཙན་ནས། །ལྷ་མ་ཡིན་གྱི་གནས་སུ་སྐྱེ་གྱུར་ན། །ལྷ་རྣམས་བསོད་ནམས་ཆེ་བར་ཕྲག་དོག་ནས། །ཡང་ཡང་རྩོད་ཅིང་རང་གི་སྡེ་རིས་ལའང་། །བར་མེད་འཁྲུགས་ཤིང་རྩོད་པའི་རྒྱུ་འབྲས་ཀྱིས། །ངན་སོང་གསུམ་དུ་སྐྱེས་པའི་སྡུག་བསྔལ་དབལ། །སྤྱན་རས་གཟིགས་ཀྱི་མཐུ་ཡིས་སྐྱོབ་པར་ངེས། །མི་རུ་སྐྱེས་ཀྱང་སྐྱེ་རྒ་ན་འཆི་དང་། །དགྲ་དང་འཕྲད་དོགས་གཉེན་དང་འབྲལ་གྱི་དོགས། །འདོད་པ་ཐོག་ཏུ་མི་ཁེལ་མི་འདོད་རྐྱེན། །ཐོག་ཏུ་བབས་ཤིང་སྡུག་བསྔལ་གསུམ་གྱིས་གདུང་། །དེ་སོགས་མི་ཡི་སྡུག་བསྔལ་བསམ་འདས་ཀྱང་། །སྤྱན་རས་གཟིགས་ཀྱི་མཐུ་ཡིས་སྐྱོབ་པར་ངེས། །ངན་སོང་གསུམ་གྱི་དང་པོ་བྱོལ་སོང་དུ། །སྐྱེས་ན་བྱིང་གནས་པ་དང་ཁ་འཐོར་བ། །བྱིང་གནས་ཕྱི་ཡི་རྒྱ་མཚོ་ཆེན་པོ་སོགས། །ས་དང་ཆུ་ཡི་སྟེང་དུ་བྱིང་གྱུར་ཅིང་། །བལྟར་མི་མངོན་ཡང་བསམ་པའི་ཡུལ་ལས་འདས། །ཁ་འཐོར་བ་ནི་མཐོ་རིས་གནས་གསུམ་ན། །ཡོད་ཅིང་དེ་ཡང་འདབ་ཆགས་སྡེར་ཆགས་དང་། །རྨིག་ཟླུམ་རྨིག་པ་ཁ་བྲག་ལྟོ་འགྲོ་སོགས། །དུད་འགྲོ་སྤྱི་ལ་རྨོངས་པའི་སྡུག་བསྔལ་དང་། །བྱེ་བྲག་བཀོལ་སྤྱོད་སྡུག་བསྔལ་དཔག་ཏུ་མེད། །དེ་དག་མཐུ་ཆེན་གཞན་གྱིས་མི་སྐྱོབ་སྟེ། །སྤྱན་རས་གཟིགས་ཀྱི་མཐུ་ཡིས་སྐྱོབ་པར་ངེས། །ཡི་དགས་ཡུལ་དུ་སྐྱེས་ཀྱང་སྡུག་བསྔལ་གྱི། །རང་བཞིན་ཉིད་ལས་བདེ་བའི་གོ་སྐབས་དབེན། །ཡི་དྭགས་སྤྱི་ལ་དབྱེ་ན་རྣམ་གཉིས་ཏེ། །བྱིང་གནས་དང་ནི་མཁའ་རྒྱུ་གཉིས་ཡིན་ནོ། །དེ་ལས་ཕྱི་སྒྲིབ་དང་ནི་ནང་སྒྲིབ་ཅན། །སྒོས་ཁུར་སྒྲིབ་པ་ཅན་དང་མེ་ལྕེ་ཡི། །འཁོར་ལོ་ཅན་དང་རྣམ་པ་བཞིར་དབྱེ་བ། །རགས་པ་ཙམ་སྟེ་ཕྲ་ཞིབ་དེ་ལས་མང་། །ཡི་དྭགས་ཡུལ་དུ་སྐྱེ་བའི་རྒྱུ་རྐྱེན་ནི། །སྤྱིར་ན་ཆགས་ཞེན་གཉིས་པོ་རྒྱུ་ཡིན་ལ། །ཡར་མཆོད་མར་སྦྱིན་སེར་སྣས་བཅིངས་པའི་རྐྱེན། །དེ་ཡི་མཐུ་ལས་ཡི་དྭགས་ལུས་གྱུར་ཚེ། །བཟའ་བཏུང་འདོད་ཀྱང་དང་པོ་མི་རྙེད་ཅིང་། །བར་དུ་སྤྱོད་དབང་མེད་ཅིང་ཁར་མི་ཚུད། །ཐ་མ་ཁོང་པར་སོང་ཡང་མེ་རུ་འབར། །ལུས་ལ་ཤ་མེད་རིད་ཅིང་སྐམ་གྱུར་ལ། །བཀྲེས་སྐོམ་སྡུག་བསྔལ་ལ་སོགས་དཔག་ཏུ་མེད། །དེ་ཡང་མཁའ་ལ་རྒུ་བའི་ཡི་དྭགས་ནི། །འབྱུང་པོ་མི་མིན་བགེགས་རིགས་ལོག་འདྲེན་ཚོགས། །བསམ་སྦྱོར་གཉིས་ཀ་གཞན་ལ་གནོད་པའི་རིགས། །སྔོན་ལས་མ་ཟད་བར་དུ་སྡུག་བསྔལ་བ། །སྤྱན་རས་གཟིགས་ཀྱི་མཐུ་ཡིས་སྐྱོབ་པར་ངེས། །སེམས་ཅན་དམྱལ་བའི་གནས་སུ་སྐྱེས་ན་ཡང་། །ཚ་དམྱལ་བརྒྱད་དང་གྲང་དམྱལ་རྣམ་པ་བརྒྱད། །ཉི་ཚེ་ཉེ་འཁོར་གཉིས་དང་བཅོ་བརྒྱད་པོ། །སྔོན་གྱི་ལས་ངན་བག་ཆགས་མ་ཟད་པར། །ཚ་གྲངས་སྡུག་བསྔལ་བཟོད་གླགས་མེད་པར་མྱོང་། །དེ་ཉིད་སྐྱོབ་པའི་མཐུ་སྟོབས་ནུས་པ་ཅན། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཡིན་ཕྱིར་དེ་ཡི་སྒོམ་བཟླས་གལ་ཆེ་འོ། །དེ་ཡང་དམིགས་པ་མེད་པའི་སྙིང་རྗེ་ནི། །བདག་གཞན་གཉིས་སུ་འཛིན་པའི་བློ་བྲལ་བཞིན། །འཁོར་གསུམ་མི་དམིགས་སྙིང་རྗེ་ལྡན་པ་ཡིན། །ཨོཾ་མ་ཎི༴ །འབྲུ་དྲུག་ནུས་པས་རིགས་དྲུག་གཡང་ས་གཅོད། །འཁོར་བའི་གནས་ངན་སྟོང་ནས་ཀ་དག་སྟེ། །སངས་རྒྱས་ཞིང་དུ་འདྲེན་པར་ནུས་པ་ཡི། །ཐུགས་རྗེ་ཆེན་པོའི་ཡང་སྙིང་འབྲུ་དྲུག་ཡིན། །རྗེ་འབངས་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །ཐུགས་རྗེ་ཆེན་པོའི་ཡང་སྙིང་འབྲུ་དྲུག་འདི། །ལན་གཅིག་བརྗོད་པའི་བསོད་ནམས་གྲངས་ཚད་ནི། །ཀུ་མུ་ཏ་ཡི་ས་བོན་འཕེལ་སྟོབས་དང་། །དེ་བཞིན་ཏིལ་འབྲུ་གཅིག་ལས་མང་འཕེལ་བའི། །གྲངས་དང་ཚད་ནི་བཟུང་བར་ནུས་མོད་ཀྱང་། །ཡི་གེ་དྲུག་པའི་ཕན་ཡོན་བསམ་མི་ནུས། །དེ་བཞིན་བ་ཚྭ་ཅན་གྱི་རྒྱ་མཚོ་ལ། །ཆུ་བོ་ཆུ་བྲན་མང་དུ་བབས་པ་ཡི། །ཐིགས་པ་རེ་རེ་བགྲང་བར་ནུས་མོད་ཀྱང་། །ཡིག་དྲུག་བཟླས་པའི་ཕན་ཡོན་བརྗོད་ལས་འདས། །ཡིད་བཞིན་ནོར་བུར་གསོལ་བ་བཏབ་ནས་སུ། །བཅུ་གཉིས་ལོ་ལ་ཆར་ཆེན་བབས་པའི་འབྲུ། །བགྲང་བར་ནུས་ཀྱང་ཡིག་དྲུག་ཕན་ཡོན་ཚད། །སུས་ཀྱང་བགྲང་བར་མི་ནུས་ངལ་བའི་རྒྱུ། །དུད་འགྲོར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི། །སྤུ་ཉག་གང་ཡོད་བགྲང་བར་ནུས་མོད་ཀྱི། །ཡིག་དྲུག་ཕན་ཡོན་བརྗོད་པར་ག་ལ་ནུས། །ཨོཾ་མ་ཎི༴ །ཡི་གེ་དྲུག་པ་རྡོ་རྗེ་སྙིང་པོ་འདི། །ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡིན་པའི་ཕྱིར། །རྡོ་རྗེ་ལྕགས་ཀྱི་རི་བོ་སྲ་མཁྲེགས་ལྡན། །ཀ་ཤི་ཀ་ཡི་རས་ཀྱིས་བསྐལ་པ་རེར། །ལན་རེ་ཕྱིས་ཀྱང་འཛད་པར་འགྱུར་མོད་ཀྱང་། །ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་ནི། །ཟད་པའི་མཐའ་ལ་ཐུག་པར་མི་འགྱུར་རོ། །དེ་ཡང་འཇིག་རྟེན་ཁམས་འདིར་མཆོད་པའི་ཚོགས། །དཔག་མེད་བཤམས་ཏེ་རྒྱལ་རྣམས་མཆོད་པ་ལས། །ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་ཆེ། །ཨོཾ་མ་ཎི༴ ཞེས་པའི་ཐུགས་རྗེ་ཆེན་པོའི་ཡང་སྙིང་འདི། །ཞག་པོ་རེ་ལ་བརྒྱ་རྩ་བཟླས་གྱུར་ན། །ཕྱི་མ་ངན་སོང་གསུམ་དུ་སྐྱེ་མི་འགྱུར། །ཉིན་རེ་ལན་གྲངས་ཉི་ཤུ་རྩ་གཅིག་རེ། །བཟླས་ན་ཡིད་གཞུངས་ཐོས་འཛིན་དབྱངས་སྙན་ཞིང་། །ཆོས་རྣམས་ཀུན་གྱི་དོན་ལ་མཁས་པར་འགྱུར། །ཞག་རེའི་ནང་དུ་བདུན་རེ་མ་ཆགས་ན། །སྡིག་སྒྲིབ་ཀུན་སྦྱོང་སྤྱན་རས་གཟིགས་དབང་དང་། །ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་འགྱུར། །ཡི་གེ་དྲུག་པའི་ཡོན་ཏན་ཇི་བཞིན་དུ། །དུས་གསུམ་རྒྱལ་བས་ཀྱང་ནི་བརྗོད་མི་ནུས། །ཅིའི་ཕྱིར་ཞེ་ན་འཕགས་པ་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་མངའ་བདག་མཆོག །ཡིན་ཕྱིར་དད་གུས་མོས་པ་ཆེན་པོ་ཡི། །ཡིད་གཉིས་ཐེ་ཚམ་མེད་ན་དངོས་གྲུབ་འཐོབ། །འདི་ལས་ཟབ་པའི་ཆོས་གཞན་དུས་གསུམ་གྱི། །སངས་རྒྱས་སུས་ཀྱང་མ་གསུང་ངེས་གྱུར་ན། །པདྨ་འབྱུང་གནས་བདག་ཀྱང་དེ་ལྟར་སྨྲ། །པདྨ་འབྱུང་གནས་བདག་ནི་ད་འགྲོ་བས། །ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི། །རྗེ་འབངས་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །དེ་ནས་སློབ་དཔོན་ཆེན་པོ་པད་འབྱུང་ཉིད། །ལྷོ་ནུབ་སྲིན་པོ་འདུལ་དུ་བྱོན་པ་ལ། །བོད་ཀྱི་རྗེ་འབངས་སློབ་བུའི་ཚོགས་རྣམས་ཀྱིས། །སྐྱེལ་མ་བྱས་ཏེ་བཤུལ་ལམ་རིམ་བགྲོད་པར། །མང་ཡུལ་གུང་ཐང་ལ་ཁར་ཕྱིན་པའི་ཚེ། །སློབ་དཔོན་ཞལ་ནས་ང་འགྲོ་གསུངས་མ་ཐག །ཀུན་གྱི་ཁོང་སྙིང་བཏོན་བཞིན་སྡུག་བསྔལ་གྱི། །ཚོར་བ་དྲག་པོས་གདུང་བས་ལ་ལ་བརྒྱལ། །ལ་ལ་རེངས་ཤིང་ལ་ལ་འགྱེལ་བ་དང་། །ཁ་སྦུབ་སྐྲ་འབལ་བྲང་རྡུང་འགྲེ་ལྡོག་ངུ། །མཆི་མས་མིག་གང་སྐད་མི་ཐོན་པར་ལུས། །ཇེ་ཞིག་ལྟར་ཏེ་སྐྱེལ་མའི་ཚོགས་རྣམས་ལ། །སློབ་དཔོན་ཆེན་པོས་ཞལ་ཆེམས་མགུར་འདི་གསུངས། །ད་ལྟ་ཁྱེད་རྣམས་སྨྲེ་སྔགས་འདོན་མི་འཚལ། །ཁྱེད་ཅག་ལུས་སེམས་བདེ་བའི་གནས་སྐབས་འདིར། །ང་འགྲོ་ལྷོ་ནུབ་སྲིན་པོ་འདུལ་དུ་འགྲོ། །ད་ལྟའི་དུས་འདིར་སྲོན་པོ་མ་བཏུལ་ན། །འཛམ་བུ་གླིང་པ་སྲིན་པོས་སྟོང་བར་བྱེད། །དེ་ཕྱིར་བདག་ནི་སྲིན་པོ་འདུལ་དུ་འགྲོ། །ཁྱེད་ཅག་བོད་རྣམས་སྐུ་ཁམས་ཅི་བདེར་བཞུགས། །ཞེས་གསུངས་མོད་ལ་ནམ་མཁའི་སྤྲིན་གསེབ་ནས། །ཤུགས་ལྡན་རྟ་མཆོག་རིན་པོ་ཆེ་བྱུང་བར། །སློབ་དཔོན་དེ་སྟེང་སྐྱིལ་ཀྲུང་གིས་བཞུགས་པར། །ལྷ་དང་ལྷ་མོས་མཆོད་སྤྲིན་རྒྱ་མཚོ་དང་། །གླུ་གར་རོལ་མོས་བསྟོད་བསྔགས་མང་བརྗོད་ཚེ། །སློབ་དཔོན་ཞལ་ནས་རྡོ་རྗེའི་མགུར་འདི་གསུངས། །རྗེ་བླ་མ་ཡི་དམ་མཁའ་འགྲོ་གསུམ། །སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས། །བདག་ཨུ་རྒྱན་པདྨ་འབྱུང་གནས་ནི། །འཛམ་གླིང་འཇིག་རྟེན་འདི་རུ་ཕྱིན། །བསྡུ་བ་རྣམ་བཞིའི་ཕྲིན་ལས་ཀྱིས། །གདུལ་བྱ་སྨིན་གྲོལ་རྫོགས་པར་བྱས། །ད་ནི་རྒྱ་གར་ཡུལ་དུ་འགྲོ། །འགྲོ་བའི་འགྲོ་ལུགས་འདི་ལྟར་ལགས། །ང་སྨྲ་བསམ་བརྗོད་འདས་རྣལ་འབྱོར་པ། །མཐའ་བྲལ་ལྟ་བའི་ཐང་ལ་འགྲོ། །ལྟ་བའི་ཐང་ལ་འགྲོ་ཙ་ན། །སྣང་སྲིད་ཆོས་སྐུར་ཁྱེར་ནས་འགྲོ། །ང་སྣང་སྟོང་འོད་གསལ་རྣལ་འབྱོར་པ། །བདེ་སྟོང་སྒོམ་པའི་ཐང་ལ་འགྲོ། །སྒོམ་པའི་ཐང་ལ་འགྲོ་ཙམ་གྱིས། །མཉམ་བཞག་རྗེས་ཐོབ་མེད་པར་འགྲོ། །ང་སྣང་བ་རང་བྱུང་རྣལ་འབྱོར་པ། །ཤུགས་འབྱུང་སྤྱོད་པའི་ཐང་ལ་འགྲོ། །སྤྱོད་པའི་ཐང་ལ་འགྲོ་ཙ་ན། །རོ་སྙོམས་བླང་དོར་མེད་པར་འགྲོ། །ང་མ་བཅོས་རང་བྱུང་རྣལ་འབྱོར་པ། །ལྷུན་གྲུབ་འབྲས་བུའི་ཐང་ལ་འགྲོ། །འབྲས་བུའི་ཐང་ལ་འགྲོ་ཙ་ན། །རེ་དོགས་གཉིས་དང་བྲལ་ནས་འགྲོ། །དེ་མཁའ་སྤྱོད་ཐང་ལ་འགྲོ་ལུགས་ཡིན། །ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས། །ང་སྨྲ་བསམ་བརྗོད་འདས་རྣལ་འབྱོར་པ། །མཐའ་བྲལ་ལྟ་བའི་ལམ་ལ་འགྲོ། །ལྟ་བའི་ལམ་ལ་འགྲོ་ཙ་ན། །ཉིན་མཚན་སྒོམ་དུ་མེད་པར་འགྲོ། །ང་སྣང་སྟོང་འོད་གསལ་རྣལ་འབྱོར་པ། །བདེ་སྟོང་སྒོམ་པའི་ས་ལ་འགྲོ། །སྒོམ་པའི་ས་ལ་ཕྱིན་ཙ་ན། །བྱིང་རྒོད་གཉིས་དང་བྲལ་ནས་འགྲོ། །ང་སྣང་བ་རང་གྲོལ་རྣལ་འབྱོར་པ། །ཤུགས་འབྱུང་སྤྱོད་པའི་ལ་ལ་འགྲོ། །སྤྱོ་པའི་ལ་ལ་ཕྱིན་ཙ་ན། །ཐམས་ཅད་མཁྱེན་པའི་ས་བོན་འདེབས། །ང་མ་བཅོས་རང་བྱུང་རྣལ་འབྱོར་པ། །ལྷུན་གྲུབ་འབྲས་བུའི་ལ་ལ་འགྲོ། །འབྲས་བུའི་ལ་ལ་ཕྱིན་ཙ་ན། །རྟོགས་པ་མངོན་གྱུར་སངས་རྒྱས་ལགས། །སྒོམ་པའི་ལ་རུ་འགྲོ་ལུགས་ཡིན། །ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས། །ང་སྨྲ་བསམ་བརྗོད་འདས་རྣལ་འབྱོར་པ། །མཐའ་བྲལ་ལྟ་བའི་ཐུར་དུ་འགྲོ། །ལྟ་བའི་ཐུར་དུ་འགྲོ་ཙ་ན། །ཆོས་ཉིད་སྐྱེ་མེད་ངང་ལ་གནས། །སྣང་བ་འོད་གསལ་རྣལ་འབྱོར་པ། །བདེ་སྟོང་སྒོམ་པའི་ཐུར་དུ་འགྲོ་ཙ་ན། །སྒོམ་མེད་ཡེངས་མེད་ངང་ལ་གནས། །ང་སྣང་བ་རང་གྲོལ་རྣལ་འབྱོར་པ། །ཤུགས་འབྱུང་སྤྱོད་པའི་ཐུར་དུ་འགྲོ། །སྤྱོད་པའི་ཐུར་དུ་འགྲོ་ཙ་ན། །བདེ་གཤེགས་བཀའ་ལུང་བཞིན་དུ་བྱེད། །ང་མ་བཅོས་རང་བྱུང་རྣལ་འབྱོར་པ། །ལྷུན་གྲུབ་འབྲས་བུའི་ཐུར་དུ་འགྲོ། །འབྲས་བུའི་ཐུར་དུ་འགྲོ་ཙ་ན། །རང་རྒྱུད་དག་པའི་སངས་རྒྱས་ལགས། །སྒོམ་པའི་ཐུར་དུ་འགྲོ་ལུགས་ཡིན། །ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས། །ང་སྨྲ་བསམ་བརྗོད་འདས་རྣལ་འབྱོར་པ། །མཐའ་བྲལ་ལྟ་བའི་གནས་སུ་འགྲོ། །ལྟ་བའི་གནས་སུ་ཕྱིན་ཙ་ན། །འཁོར་བ་མྱང་འདས་རང་བཞིན་ལགས། །ང་སྣང་སྟོང་འོད་གསལ་རྣལ་འབྱོར་པ། །བདེ་སྟོང་སྒོམ་པའི་གནས་སུ་འགྲོ། །སྒོམ་པའི་གནས་སུ་ཕྱིན་ཙ་ན། །རྣམ་རྟོག་ཡེ་ཤེས་རང་བཞིན་ལགས། །ང་སྣང་བ་རང་གྲོལ་རྣལ་འབྱོར་པ། །ཤུགས་འབྱུང་སྤྱོད་པའི་གནས་སུ་འགྲོ། །སྤྱོད་པའི་གནས་སུ་ཕྱིན་ཙ་ན། །སྣང་སྲིད་དཀྱིལ་འཁོར་རང་བཞིན་ལགས། །ང་མ་བཅོས་རང་བྱུང་རྣལ་འབྱོར་པ། །ལྷུན་གྲུབ་འབྲས་བུའི་གནས་སུ་འགྲོ། །འབྲས་བུའི་གནས་སུ་ཕྱིན་ཙ་ན། །ཐམས་ཅད་སངས་རྒྱས་རང་བཞིན་ལགས། །དེ་ལྟར་སྒོམ་པའི་གནས་ལུགས་སོ། །ང་འགྲོ་སྲིན་པོའི་ཡུལ་དུ་འགྲོ། །སྲིན་པོའི་ཡུལ་དུ་ཕྱིན་ཙ་ན། །མཐུ་དང་རྫུ་འཕྲུལ་སྟོན་པ་ལགས། །ང་འགྲོ་སྲིན་པོའི་ཡུལ་དུ་འགྲོ། །སེམས་ཅན་བདེ་ལ་བཀོད་དུ་འགྲོ། །སྲིན་པོ་ཆོས་ལ་འཛུད་དུ་འགྲོ། །བོད་ཀྱི་མངའ་བདག་འཁོར་སློབ་རྣམས། །ཡུན་དུ་སྐུ་ཁམས་ཅི་བདེར་བཞུགས། །ང་སྐྱེ་འཆི་མེད་པའི་སྐུ་ཐོབ་པས། །མི་བདེ་བ་ཡི་སྡུག་བསྔལ་མེད། །སྙིང་རྗེ་རྒྱུན་ཆད་མེད་པ་ཡིས། །དད་གུས་མོས་པས་གསོལ་བ་ཐོབ། །ང་དང་ཡང་ཡང་མཇལ་ཏེ་མཆི། །དེ་འདྲའི་དགོངས་པ་རྟོགས་ཙ་ན། །འཁོར་བ་སྤང་དུ་མེད་པ་ཡིན། །མྱང་འདས་སྒྲུབ་ཏུ་མེད་པ་ཡིན། །འཁོར་འདས་དབྱེར་མེད་ཆོས་ཀྱི་སྐུ། །སངས་རྒྱས་དགོངས་པ་དེ་ལ་ཟེར། །དོན་རྟོགས་པར་གྱིས་ཤིག་སྐལ་ལྡན་ཀུན། །སློབ་དཔོན་ཆེན་པོས་དེ་ལྟར་མགུར་གསུངས་པས། །རྗེ་འབངས་ཐམས་ཅད་སྔོན་ལས་སྡུག་བསྔལ་གྱུར། །དེ་ནས་རྗེ་previous hit འབངས་ཡོན་བདག་མཆོག་དམན་ཀུན། །སྙིང་ནས་འབྲལ་མི next hit་ཕོད་པའི་དད་པ་ཡིས། །ཕྱག་དང་བསྐོར་བ་མང་དུ་བྱས་གྱུར་ནས། །ངེད་ཅག་ཅིས་ཀྱང་ཕྱག་ཕྱིར་འཁྲིད་པར་ཞུ། །ཞུས་པའི་ལན་དུ་གུ་རུས་མགུར་འདི་གསུངས། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །སྐྱབས་གནས་གསུམ་ལ་སྐྱབས་སུ་མཆི། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །རྩ་བ་གསུམ་ལ་གསོལ་བ་འདེབས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སྐུ་གསུམ་རྒྱལ་བས་བྱིན་གྱིས་རློབས། །ཉོན་ཅིག་བོད་ཀྱི་རྗེ་འབངས་རྣམས། །ཆོས་དཔེ་དོན་འབྲེལ་བའི་གླུ་གཅིག་ལེན། །བྱ་རྒོད་གནམ་འཕང་གཅོད་པ་དེ། །འདོད་པའི་དབང་གིས་གཟན་ལ་འབབ། །རྙི་ལ་ཟིན་པ་མ་ཚོར་རམ། །སེང་གེ་གངས་ལ་འགྱིང་པ་དེ། །འདོད་པའི་དབང་གིས་གངས་ཟུར་འགྲིམ། །བུ་ཡུག་འཚུབས་པ་མ་ཚོར་རམ། །ཙནྡན་ནགས་ཀྱི་རི་བཀྲ་སྟག །འདོད་པའི་དབང་གིས་གངས་ཟུར་འགྲིམ། །བུ་ཡུག་འཚུབས་པ་མ་ཚོར་རམ། །གྱུར་ལྕམ་ཆབ་ལ་འཕྱོ་བ་དེ། །འདོད་པའི་དབང་གིས་གཟན་ལ་སྡོད། །རྒྱ་ལ་ཟིན་པ་མ་ཚོར་རམ། །རང་སེམས་ཡེ་ནས་སངས་རྒྱས་ཏེ། །འདོད་པའི་དབང་གིས་གཞན་དུ་ཚོལ། །འཁོར་བར་འཁྱམས་པ་མ་ཚོར་རམ། །མི་ལུས་རིན་ཆེན་ཐོབ་དུས་འདིར། །འཇིག་རྟེན་འཁོར་བར་གཡེང་སྐྱོན་གྱིས། །མི་ཚེ་ཟད་པ་མ་ཚོར་རམ། །ཡང་གསོན་དང་བོད་ཀྱི་རྗེ་previous hit འབངས་རྣམས། །མི next hit་མང་པོའི་འདུ་འཛི་བྱུང་ཙ་ན། །རང་ལུས་དགོན་པའི་གདམས་ངག་བདོག །སེམས་ཡེངས་པ་ཆོད་ན་ང་ཕྱིར་འདོང་། །ཤེས་པ་ཕྱི་རུ་ཤོར་ཙ་ན། །སྣང་བ་ལམ་འཁྱེར་གདམས་ངག་བདོག། ཕྱི་སྣང་བ་ཆོམ་ན་ང་ཕྱིར་ཤོག །ནང་དྲན་པ་སྣ་ཚོགས་སྐྱེས་ཙ་ན། །སྤྲུལ་སྐུ་ཐུག་ཕྲད་གདམས་ངག་བདོག །སེམས་སྣ་ཚོགས་བསྐྱུང་ན་ང་ཕྱིར་ཤོག །སྒོམ་བྱིང་རྒོད་རྨུགས་པ་བྱུང་ཙ་ན། །གསེར་འགྱུར་རྩི་ཡི་གདམས་ངག་བདོག །སྒོམ་ནུས་པ་ཡོད་ན་ང་ཕྱིར་འདོང་། །མཉམ་བཞག་རྗེས་ཐོབ་བྱུང་ཙ་ན། །མུན་སྣང་མར་མེའི་གདམས་ངག་བདོག །ཉམས་ཏིང་འཛིན་སྐྱེ་ན་ང་ཕྱིར་འདོང་། །ལུས་ལ་ཞེན་པ་བྱུང་ཙ་ན། །ཆགས་མེད་ཞེན་མེད་གདམས་ངག་བདོག །ཕ་ཡུལ་སྤང་ན་ང་ཕྱིར་འདོང་། །གཞན་ལུས་ཕྱག་རྒྱ་བསྟེན་ཙ་ན། །ཕོ་ཉ་ལམ་འཁྱེར་གདམས་ངག་བདོག །ལམ་ཉེ་བར་འདོད་ན་ང་ཕྱིར་ཤོག །རང་ལུས་ཐབས་ལྡན་སྒོམ་ཙ་ན། །བཙན་ཐབས་བདེ་དྲོད་གདམས་ངག་བདོག །བདེ་སྟོང་སྒོམ་ན་ང་ཕྱིར་ཤོག །གཏི་མུག་གཉིད་ཀྱིས་ནོན་ཙ་ན། །རྨི་ལམ་འོད་གསལ་གདམས་ངག་བདོག ཉོན་མོངས་ལམ་དུ་ཁྱེར་ན་ང་ཕྱིར་ཤོག །སྨོན་ལམ་གྱི་དབང་བཞི་ནོད་ཙ་ན། །བུམ་པ་གང་བྱོའི་གདམས་ངག་བདོག །རྒྱུད་སྨིན་པར་འདོད་ན་ང་ཕྱིར་འདོང་། །དབྱིངས་ཀྱི་རྣལ་འབྱོར་སྒོམ་ཙ་ན། །རང་ལུས་དཀྱིལ་འཁོར་གདམས་ངག་བདོག །ལམ་བསྐྱེད་རྫོགས་སྒོམ་ན་ང་ཕྱིར་ཤོག །མི་སྐྱེ་བོའི་ཡ་ག་བྱུང་ཙམ་ན། །བྲག་ཆ་སྒྲ་ཡི་གདམས་ངག་བདོག །མི་ཁར་འཇིགས་ན་ང་ཕྱིར་ཤོག །སྡང་བའི་དགྲ་དང་ཕྲད་ཙ་ན། །ལག་ལེན་བཟོད་པའི་གདམས་ངག་བདོག །སྡང་དགྲར་འཇིགས་ན་ང་ཕྱིར་ཤོག །ཉེ་དུ་གཉེན་གྱིས་གཙེས་ཙ་ན། །འཁོར་བ་རྩད་གཅོད་གདམས་ངག་བདོག །ཉེ་དུ་སྤོང་ན་ང་ཕྱིར་ཤོག །བུ་སློབ་ཡོན་བདག་གིས་གཙེས་ན། །ཆགས་ཞེན་རང་གྲོལ་གདམས་ངག་བདོག །ལྟོས་བཅས་སྤོང་ན་ང་ཕྱིར་འདོང་། །ཕྱི་འདོད་ཡོན་ལྔ་ལ་ཞེན་ཙ་ན། །ཆུ་སྐྱར་ཉ་ཁྱེར་གདམས་ངག་བདོག །ཚེ་འདིའི་བྱ་བ་སྤོང་ན་ང་ཕྱིར་ཤོག །འབྱུང་བཞིའི་ནད་ཀྱིས་ཉེན་ཙ་ན། །སྒྱུ་ལུས་རོ་སྙོམས་གདམས་ངག་བདོག །ལུས་ན་ཚར་འཇིགས་ན་ང་ཕྱིར་ཤོག །འཆི་ཁར་གནད་གཅོད་བྱུང་ཙ་ན། །རིག་པ་རྟེན་མེད་གདམས་ངག་བདོག །བར་དོར་འཇིགས་ན་ང་ཕྱིར་འདོང་། །འཁོར་བའི་རྒྱུ་རྐྱེན་མ་ཆོད་ན། །འགྲོ་དྲུག་སྒོ་འགག་གདམས་ངག་བདོག །རིགས་དྲུག་གཡང་ས་ཆོད་ན་ང་ཕྱིར་ཤོག །དགོངས་སམ་རྗེ་previous hit འབངས་བུ་སློབ་རྣམས། །དད་པ་གཏིང་ནས་མ་སྐྱེས་ན། །ངེས་འབྱུང་ཡེ་ཤེས་མི next hit་འཆར་རོ། །ངེས་འབྱུང་ཡེ་ཤེས་མ་སྐྱེ་ན། །བླ་མའི་གདམས་ངག་མི་འཕྲད་དོ། །བླ་མའི་གདམས་ངག་མ་འཕྲད་ན། །རང་སེམས་སངས་རྒྱས་མི་མཐོང་ངོ་། །དད་མོས་གུས་པ་ཆེན་པོ་ཡིས། །བླ་མའི་གདམས་ངག་ཉམས་སུ་ལོངས། །ང་སྐྱེ་འཆི་གཉིས་དང་བྲལ་བ་ལགས། །འགྲོ་དང་མི་འགྲོ་ང་ལ་མེད། །ཡེ་ཤེས་ཐུགས་ལ་རྒྱུན་ཆད་མེད། །རང་སེམས་ཡིད་བཞིན་ནོར་བུ་ལ། །བདེ་སྡུག་རྟོག་པ་ང་ལ་མེད། །སྤྱི་གཙུག་རྒྱན་དུ་བསྒོམས་གྱུར་ན། །ཉེ་དང་རིང་བ་ང་ལ་མེད། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ། །གདོས་དང་བཅས་པ་ང་ལ་མེད། །དེ་ལྟར་སོམས་ལ་མོས་གུས་གྱིས། །ང་རྫུ་འཕྲུལ་སྟོབས་ཀྱིས་འགྲོ་བ་ལ། །ཁྱེད་གདོས་བཅས་ཅན་གྱིས་རྗེས་མི་སླེབས། །རྟག་ཏུ་གསོལ་འདེབས་རེམ་ལ་གྱིས། །རྒྱུན་ཆད་མེད་པར་མཇལ་བར་མཆི། །ཞེས་གསུངས་མོད་ལ་ཉི་ཟེར་དང་འགྲོགས་ཏེ། །སྐད་ཅིག་ཡུད་ཀྱིས་མཁའ་ལ་འཕུར་ནས་སུ། །ལྷོ་ནུབ་མཚམས་ནས་ཚུར་ལ་ཞལ་ཕྱོགས་ཏེ། །བྱམས་པ་ཚད་མེད་འོད་ཟེར་འཕྲོ་འདུ་ཡིས། །གདུལ་བྱ་དེ་དག་སངས་རྒྱས་ས་ལ་བཀོད། །སློབ་དཔོན་འདོད་དགུར་བསྒྱུར་བའི་མཐུ་གྲུབ་པས། །སྐད་ཅིག་ཉིད་ལ་རྒྱ་གར་ལྷོ་ཕྱོགས་ནས། །ནུབ་གྱི་ཕྱོགས་སུ་རྒྱ་མཚོ་གྲུས་བརྒལ་ཏེ། །ཕྱིན་པའི་ས་ན་ཌཱ་མི་ཌོ་དྭི་པ། །ཞེས་བྱའི་གླིང་ཆུང་ཞིག་ཡོད་སྔོན་དུས་སུ། །སྲིན་པོ་དང་ནི་མཁའ་འགྲོ་མ་རྣམས་ཀུན། །ནམ་མཁར་ལྡིང་ཞིང་འགྲོ་བས་གང་བའི་ཕྱིར། །མིང་ཡང་དེ་སྐད་ཅེས་སུ་གྲགས་ཞེས་ཟེར། །འབྱུང་པོ་མིར་བརྫུས་སྐྱེས་པ་ཕོ་དང་ནི། །བུད་མེད་རྣམས་ནི་རིག་སྔགས་སྣ་ཚོགས་པས། །ངན་ཐབས་བྱེད་ལ་གདུག་པའི་མཁའ་འགྲོ་འམ། །སྔགས་འཆང་མ་ཞེས་སྒྱུ་འཕྲུལ་སྣ་ཚོགས་སྟོན། །སློབ་དཔོན་ཡུལ་དེར་ཐོག་མར་བྱོན་ནས་སུ། །གླིང་དེའི་བདག་མོ་བུད་མེད་སྔགས་འཆང་མ། །དྲུག་ཅུ་རྩ་བཞི་རྒྱལ་པོའི་བཙུན་མོ་རུ། །ཡོད་པ་དེ་ཀུན་ཐུགས་རྗེའི་མཐུས་བཀུག་ནས། །སྔགས་དང་ཕྱག་རྒྱས་གཟིར་ཞིང་བཏུལ་ནས་ཀྱང་། །གཙོ་མོ་གཞན་རྣམས་བསྡུ་རུ་བཅུག་ནས་སུ། །དམ་བཞག་དང་པོ་མཛད་པའི་སྐབས་དེ་རུ། །ཡུལ་གྱི་གྲོང་ཁྱེར་དག་ཏུ་ཕེབས་པ་ན། །དེར་གནས་སྔགས་འཆང་མ་རྣམས་ཀུན་གྱིས་ནི། །འཛམ་བུ་གླིང་གི་མི་རྣམས་ཕལ་མོ་ཆེ། །ཟ་བར་གཟིགས་པས་དེ་ཀུན་དབང་མེད་དུ། །བཀུག་ནས་བསྡིགས་པས་དེ་རྣམས་འབྲོས་ཤོམ་ཚེ། །ཡན་ལག་བཞི་ལ་ཕུར་བུ་བཏབ་ནས་སུ། །ཕྱིན་ཆད་གཞན་ལ་མི་གནོད་ཐ་ཚིག་བོར། །སེམས་བསྐྱེད་ཕོག་ཅིང་དམ་བཞག་གཉིས་པ་མཛད། །ཡང་ཅིག་དུས་གཞན་ཞིག་ལ་སློབ་དཔོན་ཉིད། །ཡུལ་དེར་ཕྱིན་པས་མགྲོན་ཁང་ཞིག་ཏུ་ནི། །བུད་མེད་མང་པོས་ཡོལ་གོར་ཆུ་རྐོལ་བར། །འདུག་པ་དེ་རྣམས་ཇེ་ཞིག་ལྟར་ཏེ་ན། །ལ་ལ་ཁྲག་དང་ལ་ལ་ཚིལ་དང་ནི། །ལ་ལ་ཐིག་ལེ་ཤ་དང་མར་ཁུ་དང་། །དེ་བཞིན་བུ་རམ་འབྲས་ཆན་ཆང་སོགས་སུ། །གྱུར་བར་གཟིགས་ནས་དེ་རྣམས་ལ་དྲིས་པས། །སློབ་དཔོན་ཡིན་པ་ཤེས་པར་མ་གྱུར་ནས། །འདི་དག་འཛམ་བུ་གླིང་གི་མི་རྣམས་ཀྱི། །ལུས་དང་ཟས་བཅུད་བཀུག་པ་ཡིན་ཞེས་ཟེར། །དེ་ལ་སློབ་དཔོན་ཞལ་ནས་ཁྱེད་རྣམས་ཀྱིས། །སློབ་དཔོན་དྲུང་དུ་མནའ་བོར་མི་དྲན་ནམ། །གསུངས་པས་ཁོང་རྣམས་ན་རེ་ངེད་ཅག་གི །དཔོན་མོས་མནའ་བོར་བདེན་ཡང་གཞན་མ་ཚོས། །མནའ་མ་བོར་ཞེས་ཞུས་པས་སྐབས་དེ་རུ། །སྔོན་གྱི་ཕུག་པ་དེ་གར་སྔགས་འཆང་མ། །དཔོན་གཡོག་དབང་དུ་བསྡུས་པའི་གྲངས་ལ་ནི། །འབུམ་ཕྲག་བཅུ་གཉིས་བྱུང་བ་དེ་ཀུན་གྱི། །སྲོག་སྔགས་ཕྲོགས་ཤིང་བྲན་བཀོལ་སྒྲུབ་ཐབས་བླངས། །གཙོ་བོའི་ཚོགས་རྣམས་དལ་བཅུག་གཡོག་རྣམས་ཀྱང་། །སེམས་བསྐྱེད་བསླབ་སྡོམ་ཕོག་ནས་མནའ་དམ་བསྒགས །གཙོ་འཁོར་ཐམས་ཅད་དམ་བཅའ་གསུམ་ལ་བཀོད། །གཞན་ཡང་ཡུལ་དེའི་མི་མ་ཡིན་རྣམས་བཏུལ། །མི་རྣམས་འདུལ་བར་དགོངས་ཏེ་རྒྱལ་པོ་ཡི། །ཕོ་ལྷ་ཡི་དྭགས་པཪྤཱ་རེ་ཞེས་པ། །མཐུ་རྩལ་ཆེ་བ་ཡོད་པ་དམ་འོག་བཅུག །རྒྱལ་པོའི་བཙུན་མོ་རྣམས་ཀྱང་དཀྱིལ་འཁོར་ལྷ། །མཆོད་པའི་ཆེད་དུ་གཟུངས་མར་བཀུག་པ་ལ། །རྒྱལ་པོ་ཁྲོས་ནས་དམག་གི་དཔུང་ཚོགས་བཅས། །བྱུང་བར་སློབ་དཔོན་ཆེན་པོའི་ཡུངས་དཀར་རྫས། །གཏོར་བས་གོ་མཚོན་མ་ལུས་ཚིག་གྱུར་ཏེ། །དམག་མི་ཐམས་ཅད་ལུས་རེངས་ངག་ལྐུགས་ཤིང་། །སེམས་མྱོས་དྲན་པ་སྟོར་ནས་ཤིར་ཐུག་ཚེ། །སྐྱེ་བོ་གཞན་དག་གསོལ་བ་བཏབ་པའི་ངོར། །སློབ་དཔོན་ཆེན་པོས་བུམ་པའི་ཆུས་བཀྲུས་པར། །སྐད་ཅིག་དེ་ལ་སོར་ཆུད་བདེ་བར་གྱུར། །དེ་ནས་རྒྱལ་པོ་འཁོར་དང་བཅས་རྣམས་ཀྱིས། །སློབ་དཔོན་ཞབས་ལ་ཕྱག་འཚལ་གསོལ་བཏབ་བཞིན། །བཀའ་བཞིན་སྒྲུབ་ཅེས་ཁས་བླངས་དམ་མནོས་ཚེ། །སངས་རྒྱས་བསྟན་པ་ཚུགས་ཞེས་བཀའ་བསྩལ་བར། །བིདྷ་ཨརྡྷ་སུ་དྷཱ་ཞེས་བྱ་བའི། །གཙུག་ལག་ཁང་གསུམ་བཞེངས་པ་གྲུབ་འཕྲལ་དུ། །སློབ་དཔོན་ཆེན་པོས་རབ་ཏུ་གནས་པར་མཛད། །མ་ག་དྷ་ནས་སྡེ་སྣོད་གསུམ་མཁྱེན་པའི། །མཁན་པོ་སྤྱན་དྲངས་བཤད་སྒྲུབ་དར་རྒྱས་མཛད། །སློབ་དཔོན་ཉིད་ཀྱིས་རྒྱལ་པོ་འཁོར་བཅས་ལ། །གདམས་པ་མང་གསུངས་ཁྱད་པར་སྐལ་ལྡན་རབ། །དྲུག་ལ་རྒྱུད་དྲུག་བཤད་བཞིན་ཉམས་བླངས་པས། །དྲུག་པོ་གྲུབ་པ་ཐོབ་ཅིང་དོན་གཉིས་གྲུབ། །ཡུལ་དེའི་ས་ཆ་ཁོལ་བུ་མང་པོ་རུ། །ལྷ་ཁང་མང་བཞེངས་ལོ་གྲངས་བཅུ་གཉིས་སུ། །བཞུགས་མཐར་བླ་གོས་གཤོག་པའི་ཚུལ་མཛད་དེ། །ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་ཞེས་ཟེར། །ཡུལ་དེར་དམ་བཞག་དང་པོ་མཛད་པའི་ཚེ། །མེ་ཐབ་བྲག་ལས་བཅོས་པ་ཡོད་ཅེས་དང་། །གཉིས་པའི་སྐབས་སུ་རིག་སྔགས་འཆང་མ་ཚོར། །ཕུར་བུ་སྟོང་ཕྲག་བཏབ་པའི་རྗེས་ཡོད་སྐད། །ཕུར་བུ་གཞན་རྣམས་ད་ལྟ་མེད་ན་ཡང་། །ཕུར་བུ་གཅིག་ནི་མ་འོངས་སྤྱོད་ཡུལ་རྟེན། །རྫས་ཀྱི་དངོས་པོ་འདི་ཡིན་མ་ངེས་བཞིན། །མི་ཡི་ལུས་བོངས་སུམ་འགྱུར་ཙམ་ཞིག་ནི། །ད་ལྟ་ཡོད་ཅེས་ཟེར་བ་དོན་ལ་གནས། །གླིང་དེར་སློབ་དཔོན་ལུགས་ཀྱི་སྔགས་གཞུང་རྣམས། །དར་བར་ཡོད་ཅིང་ཁྱད་པར་དགྱེས་རྡོར་དང་། །བདེ་མཆོག་དབང་དང་རྒྱུད་བཤད་མང་དུ་ཞུས། །ཕུར་པ་དང་ནི་ཁྲོ་བཅུའི་རྒྱུད་དང་ནི། །རྟ་མགྲིན་ཡང་དག་མ་མོའི་སྐོར་ལ་སོགས། །རྒྱ་གར་དུ་ཡང་མ་གྲགས་རྒྱུད་མང་པོ། །བཞུགས་ཤིང་སློབ་དཔོན་ཆེན་པོའི་བཀའ་སྲོལ་གཞུང་། །རྒྱུད་སྡེ་བཞི་ཡི་ཉན་བཤད་སྒོམ་གསུམ་པོ། །ད་ལྟའི་བར་དུ་ཤིན་ཏུ་དར་བར་ཡོད། །དེ་ཙམ་དུ་ཡང་མ་ཟད་བསྐྱེད་རིམ་གྱི། །བཀའ་རྣམས་སློབ་དཔོན་ཆེན་པོ་འདི་ཉིད་ལ། །ཀ་མ་རུ་པ་རཏྣ་ཤཱི་ལས་ཞུས། །དེ་ཡིས་ཀ་ཡསྠ་བྲིདྡྷ་ལ་གདམས། །འདི་ཡིས་དགྱེས་པ་རྡོ་རྗེའི་འགྲེལ་པ་ནི། །ཁ་སྦྱོར་དྲི་མེད་མཛད་པ་ཡིན་ཞེས་ཟེར། །དེ་ཡི་རིམ་བཞིན་དུར་ཧ་རི་དང་ནི། །རྡོ་རྗེ་གདན་ས་ཆེ་བ་འབྲིང་བ་དང་། །དེ་ནས་སློབ་དཔོན་ཨབྷྱཱ་ཀ་ར་ནི། །སློབ་མའི་ཚོགས་དང་བཅས་ལས་བྱུང་ཞེས་གྲགས། །དེ་བཞིན་ལས་ཀྱི་ཕྱག་རྒྱའི་བཀའ་སྲོལ་ཡང་། །སློབ་དཔོན་འདི་ཡིས་ཀུ་པཱ་ལི་པ་ཡང་། །ཆེ་བར་གནང་བཞིན་དེ་ཡིས་ཆུང་བ་ལ། །གནང་བར་སློབ་དཔོན་ཨ་སི་ཏ་གྷ་ནས། །ཞུས་ཤིང་དེ་ལ་ཡེ་ཤེས་བཤེས་གཉེན་གྱིས། །ཞུས་ནས་རིམ་པ་བཞིན་དུ་བྱུང་བ་ཡང་། །སློབ་དཔོན་ཆེན་པོའི་རྗེས་འབྲངས་ཡིན་པར་ངེས། །དེ་ནས་བོད་ཀྱི་རྗེ་འབངས་འཁོར་བཅས་རྣམས། །རང་གི་ཡུལ་དུ་ཕྱིར་ལ་ལྡོག་གྱུར་ཀྱང་། །རྔ་མོ་རྔེའུ་སྟོར་བཞིན་སྡུག་བསྔལ་དང་། །མ་གཅིག་བུ་གཅིག་འབྲལ་བའི་མྱ་ངན་བཞིན། །ཐམས་ཅད་སྡུག་བསྔལ་ཚོར་བས་གདུང་བར་གྱུར། །དེ་ཚེ་ལྷ་སྲས་མུ་ཏིག་བཙད་པོ་ཡིས། །བློན་འབངས་ཐམས་ཅད་བསྡུས་ནས་བཀའ་བསྩལ་ཏོ། །བདག་གི་ཡབ་རྗེ་རྒྱལ་པོ་དགུང་དུ་གཤེགས། །ཀུན་ཀྱི་སྐྱབས་གནས་སློབ་དཔོན་བཞུད་པ་ལ། །གཞན་གྱིས་བྱ་ཐབས་ཅི་ཡང་མེད་གྱུར་ན། །སློབ་དཔོན་གསུངས་བཞིན་ཡབ་རྗེའི་རྣམ་ཐར་ཆོས། །ཉམས་པར་previous hit མི་བྱ་འཛིན་སྐྱོང་སྤེལ་གསུམ་བགྱིད། །རང་རེ་རྗེ་འབངས next hit་ཀུན་ཀྱིས་རང་སྐལ་ཆོས། །ཉམས་སུ་བླངས་ཤིང་སྒྲུབ་ལ་ནན་ཏན་འཚལ། །དེ་ལས་ཉམས་པར་གྱུར་ན་དམ་ཉམས་པས། །སྐྱོན་སུན་བྱུང་ལ་ཡོན་ཏན་ཕུན་ཚོགས་མཛོད། །དེ་ལྟར་མཛད་ན་སློབ་དཔོན་རྗེས་འབྲང་ཀུན། །ཕྱིར་མི་ལྡོག་པའི་ས་མཆོག་ཐོབ་གྱུར་ནས། །རིག་པ་འཛིན་པའི་འབྲས་བཟང་སྨིན་པ་ཡིན། །རྒྱལ་བ་གཉིས་པ་པདྨ་ཀཱ་ར་ཡི། །རྣམ་ཐར་དགོས་འདོད་རེ་སྐོང་ཡིད་བཞིན་དབང་། །སྐལ་བཟང་རྗེས་འཇུག་ཡོངས་ཀྱི་གཙུག་གི་རྒྱན། །འདི་ཀོ་རྣམ་དག་དད་པ་བསྐྱེད་པའི་རྒྱུ། །བྱེའུའི་རླབས་ཀྱིས་ནམ་མཁའི་མཐའ་འཚོལ་དང་། །རྒྱ་མཚོའི་གཏིང་མཐའ་མཛུབ་མོས་འཚོལ་བ་བཞིན། །གང་གི་ཡོན་ཏན་ཕྲིན་ལས་དཔག་དཀའི་གནས། །སུས་ཀྱང་འདི་ཞེས་ཚད་བཟུང་གོ་སྐབས་དབེན། །འོན་ཀྱང་སུ་ཡིས་མཐོང་ངམ་ཐོས་ཀྱང་རུང་། །དད་ཅིང་གུས་རྣམས་སངས་རྒྱས་སར་སྦྱོར་ལ། །མི་དད་རྣམས་ཀྱང་འཁོར་བ་མཐའ་ཅན་དུ། །འགྱུར་ཕྱིར་བདག་གི་ལྷག་བསམ་རྣམ་དག་གིས། །བཀོད་འདི་རང་གི་ངན་རྟོག་ཁོ་ན་ཡིས། །མ་ཡིན་ཉང་རིགས་རལ་པའི་ཅོད་པན་ཅན། །གང་དེའི་གཏེར་བྱོན་སློབ་དཔོན་སྐྱེས་རབས་གཞུང་། །དྲི་མ་མེད་པ་ཉིད་ལ་གཞི་བྱས་ནས། །མཁས་པ་སོག་བཟློག་པ་ཡིས་བཞེད་གཞུང་དང་། །བསྟུན་ནས་རང་གི་རྟོགས་ཚུལ་ཇི་བཞིན་དུ། །བྲིས་ཀྱང་འདྲེན་བྱེད་གཟུགས་དང་འཁོན་སྐྱོན་གྱིས། །རྩོམ་ཚིག་གཞན་གྱི་ངག་ནས་བླངས་པ་ཙམ། །དཀའ་བ་དང་དུ་བླངས་ནས་སྤེལ་བའི་དོན། །བགྲང་བྱས་དུབ་ཅིང་སྔོན་ལས་ནད་སྨིན་པའི། །སྐབས་ཤིག་སློབ་དཔོན་རྣམ་ཐར་འདི་འདྲ་ཞིག །འབྲི་དགོས་རྟེན་འབྲེལ་བྱུང་བ་དེ་ནས་བཟུང་། །ཇི་བཞིན་ལག་ཏུ་མ་བླང་སྐབས་ཡན་དུ། །ཁམས་འདུས་ལྟ་བུའི་སྣང་བ་འགྱུར་སྐྱོན་གྱིས། །བྲིས་འདིར་བློ་ངན་དྲི་མ་མ་མཆིས་པས། །ཕན་ཡོན་དགེ་བ་བག་ཙམ་ཡོད་དམ་སྙམ། །དེ་ཕྱིར་འདི་བྲིས་དགེ་བ་དལ་འགྲོའི་རྒྱུན། །སྲིད་དང་ཉན་རང་ལམ་དུ་མི་འཕྱན་ཞིང་། །རང་དོན་ཞི་བདེའི་རྫིང་བུར་མི་བསྐྱིལ་བར། །རྣམ་མཁྱེན་རྒྱ་མཚོར་རོ་གཅིག་འདྲེས་པར་སྨོན། །ཞེས་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་དགོས་འདོད་རེ་སྐོང་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་འདི་ཉིད་དད་དང་ཐོས་བསམ་སྒོམ་པའི་ཕུལ་གྱུར་རིག་འཛིན་ཆེན་པོ་ངག་དབང་བསླབ་གསུམ་གྱི་ཡང་སྲིད་དུ་ཡིད་ཆེས་ཐོབ་པ་མགོ་ལོག་སྤྲུལ་སྐུ་ཐུགས་མཆོག་རྡོ་རྗེས་རྟེན་འབྲེལ་གྱི་སྒོ་འཕར་དང་པོ་ཕྱེས་ཐོག་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པའི་རྣམ་གསུམ་དད་པ་དང་མོས་གུས་མཆོག་དང་ལྡན་ཞིང་ཐོས་བསམ་ལ་སྦྱང་བ་མི་དམན་པ་རང་ཉིད་ཀྱི་ཉེ་གནས་དང་སློབ་མའི་དྭངས་མར་གྱུར་པ་ཨ་བྷྱེ་དྷརྨཱ་ཀིརྟིས་མཁྱེན་རབ་ཀྱི་བདག་པོ་འཇམ་པའི་དབྱངས་ཀྱི་སྐུ་གཟུགས་བྱིན་ལྡན་དང་ལྷ་གོས་སོགས་ཀྱི་མཎྜལ་དང་བཅས་ཏེ་རྣམ་པར་ཐར་པའི་གཞུང་འདི་འདྲ་ཞིག་རྩོམ་དགོས་ཀྱི་ནན་བསྐུལ་ཐོག་དད་ལྡན་སློབ་མ་དུ་མས་ཀྱང་གསོལ་བ་བཏབ་ངོར་མཁས་འདོད་དང་གྲགས་འདོད་ཀྱི་བློ་ངན་དང་མ་འདྲེས་ཁུལ་གྱིས་དམ་པ་གསུམ་གྱི་བསམ་སྦྱོར་དང་ལྡན་པའི་ངང་ནས་༧བྱ་བྲལ་ཀུན་བཟང་གཞན་ཕན་ནམ་༧་འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར་དུ་འབོད་པས་བགྲང་བྱ་བདུན་ཅུ་རྩ་གསུམ་ལོན་དུས་ཉིང་འཁྲུལ་གྱི་རྟེན་འབྲེལ་བཟོད་པར་མ་ནུས་ཏེ་མེ་གླང་ཟླ་བ་བཞི་པའི་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་སུ་རྫོགས་པར་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་དད་དམ་ཐོས་པའི་བག་ཆགས་བཟང་པོ་ཅན་འཇིགས་མེད་ལྷག་བསམ་གྱིས་བྲིས་པའི་དགེ་བས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་གཞུང་འདི་ཉིད་ལ་བཟང་ངན་གྱི་འབྲེལ་པ་ཐོགས་ཚད་རྣམས་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཚད་མེད་ཐུགས་རྗེས་འཛིན་པའི་རྒྱུར་གྱུར་ཅིག་གུ དགེའོ། །དགེའོ། །དགེའོ། །།


no previousཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་དགོས་འདོད་རེ་སྐོང་ཡིད་བཞིན་དབང་གི་རྒྱལ་པོ།next