Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
མ་ཅིག་ལབ་ཀྱི་སྒྲོན་མའི་གཅོད་གཞུང་གི་ཆ་ལག་ལས་བཞི་ལྷུན་གྲུབ་ཀྱི་སྦྱིན་སྲེག་གི་ཆོ་ག
   
   
   
   
   
   
   
   
   
   
   


 
no previousམ་ཅིག་ལབ་ཀྱི་སྒྲོན་མའི་གཅོད་གཞུང་གི་ཆ་ལག་ལས་བཞི་ལྷུན་གྲུབ་ཀྱི་སྦྱིན་སྲེག་གི་ཆོ་གnext

མ་ཅིག་ལབ་ཀྱི་སྒྲོན་མའི་གཅོད་གཞུང་གི་ཆ་ལག་ལས་བཞི་ལྷུན་གྲུབ་ཀྱི་སྦྱིན་སྲེག་གི་ཆོ་ག

༄༅། །མ་ཅིག་ལབ་ཀྱི་སྒྲོན་མའི་གཅོད་གཞུང་གི་ཆ་ལག་ལས་བཞི་ལྷུན་གྲུབ་ཀྱི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་བཞུགས་པ་བི་ཛ་ཧ་རྃས།

ཡུམ་ཆེན་ཀུན་ཏུ་བཟང་མོ་ཝཱ་ར་ཧི། །རིགས་ལྔ་མཁའ་འགྲོ་ཛྙཱ་ན་ས་ར་ཛ། །སྨོན་ལམ་གྲུབ་པའི་ཟློས་གར་ལབ་སྒྲོན་མརཿ །དད་གུས་མོས་པས་ལན་བརྒྱར་ཕྱག་འཚལ་ནས། །གཅོད་ཀྱི་མེ་མཆོད་ཀརྨ་ཆགས་མེད་ཀྱི། །གཞུང་བཞིན་ཚིག་ཉུང་དོན་བསྡུས་སྙིང་པོའི་བཅུད། །ལས་བཞི་ལྷུན་གྲུབ་ཡིད་བཞིན་དབང་སྔོན་མཆོག །སྐལ་བཟང་རྗེས་འཇུག་རྣམས་ཀྱི་སྤྱི་བོར་ངོམ། །དེ་ལ་ཡང་མ་ཅིག་ལབ་ཀྱི་སྒྲོན་མའི་གཅོད་གཞུང་གི་ཆ་ལག་ལས་བཞི་ལྷུན་གྲུབ་ཀྱི་སྦྱིན་བསྲེག་གི་ཆོ་ག་འདི་ལ་དོན་གསུམ་གྱིས་སྟོན་ཏེ། །སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། དང་པོ་ལའང་སྦྱིན་བསྲེག་གི་དཀྱིལ་འཁོར་ནི་ས་སྟེགས་མདའ་གང་ལས་མི་ཆུང་བར། དཀར་རྩི་སོགས་ཀྱིས་མདོག་བསྒྱུར་ལ། དཀར་གཏོར་བཤམས་ཤིང་། ཕཊཿ ཅེས་བརྗོད་པས་རང་གི་སྙིང་ཁར་རྣམ་ཤེས་ཀྱི་ངོ་བོ་ཕག་མོ་མཐིང་ནག་གཅིག་གསལ་བ་དེ་དབུ་མའི་ལམ་ནས་ཚངས་བུའི་བུ་གར་ཐོན་འཕྲལ་ཁྲོས་མ་ནག་མོ་འཇིག་རྟེན་གྱི་ཁམས་གང་བ་ཙམ་དུ་གྱུར་ནས་ས་བདག་དང་ལྷ་འདྲེའི་ཚོགས་རྣམས་ཟིལ་གྱིས་གནོན་པར་གྱུར། བསྲུང་བྱ་རྣམས་ཀྱི་རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་ཐིག་ལེར་གྱུར་པ་དབུ་མའི་ལམ་ནས་བརྒྱུད་དེ་རང་གི་ཐུགས་ཀར་ཐིམ་པར་གྱུར། བདག་དང་བསྲུང་བྱ་རྣམས་ཀྱི་ཤ་ཁྲག་དང་དབྱེར་མེད་པར་དཀར་གསུམ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཕཊཿ མཐོ་སྲིད་རྩེ་ནས་མནར་མེད་ཡན་ཆད་ཀྱི་ལོ་དང་ཟླ་བ་ཞག་ཟ་མ་དུས་ཚོད་ལ་དབང་བྱེད་པའི་ས་བདག་ཀླུ་གཉན་གྱི་ཚོགས་མ་ལུས་པ་རྣམས་ལ། བདག་ལུས་ཞུ་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་དབྱེར་མེད་པའི་དཀར་གསུམ་ལས་གྲུབ་པའི་གཏོར་མ་འདི་བཞེས་ལ། བདག་གི་སྦྱིན་སྲེག་གི་ལས་སྒྲུབ་པ་ལ་ཀོ་ལོང་རུ་ང་ཕྲག་དོག་མ་བྱེད་པར། ས་འདི་གཡོར་ལ་ཁྱེད་རྣམས་བདེ་བའི་ས་གཞན་དུ་སྤོས་ཤིག གལ་ཏེ་མ་སྤོས་ན་ཁྱེད་ཅག་ལ་ཐབ་གཞོབ་ཀྱི་གནོད་པ་བྱུང་ན། ལེ་ལན་ལུས་གདོན་དཔྱོད་དོན་སོགས་དགྲ་བགེགས་རྣམས་ལ་ཆོད་ཅིག ༀ་སརྦ་ལོ་ཀ་པཱ་ལ་སྲི་ཐི་དི་ཝི་ས་པཱ་རི་ཝ་ར་ཨེ་དམ་བྷ་ལིང་ཏ་ཁཱ་ཧི་གཙྪཿ ཕཊཿ ཕཊཿ ཕཊཿ ཅེས་གཏོར་མ་འབུལ། དེ་ནས་ཐིག་སྐུད་ཚོན་རྣམས་མདུན་དུ་བཤམས། ཕཊཿ མདུན་གྱི་རྫས་རྣམས་ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་སྐུར་གསལ་བ་ལས་འོག་མིན་ནས་དེ་འདྲ་བའི་ཡེ་ཤེས་པ་བྱོན་ནས་དབྱེར་མེད་དུ་ཐིམ་པར་གྱུར་པ་འོད་དུ་ཞུ་ནས་ཐིག་ཚོན་གྱི་རྣམ་པར་གྱུར། ༀ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ ཕཊཿ ཕཊཿ ཕཊཿ དེ་ནས་ཐིག་ཆེན་མཐོང་བརྒྱུད་ལྟར་གསལ་བར་གདབ་ལ། རྒྱས་ན་སྦྱིན་བསྲེག་གི་གཞུང་ལྟར་དང་། བསྡུ་ན་ཆོས་འབྱུང་ཟུར་དྲུག་པའི་ལྟེ་བར་འདབ་བཞི་ཕྱོགས་མདོག་བྲིས་པས་ཆོག་གོ། དེའི་སྟེང་དུ་ཤིང་ནག་གང་རུང་གིས་ཆོས་འབྱུང་ཟུར་དྲུག་བརྩིགས་ལ། མེ་དར་ཡང་འཇུགས། རང་ཉིད་དཔྱོད་བར་དགྲ་ཡོད་ན་དེ་ཕྱོགས་དང་། མིན་ན་དགྲ་ཕྱོགས་སུ་ཁ་ཀྱུ་བའི་མོས་པ་དང་བཅས་ཏེ། རང་གི་གཡས་སུ་གཞི་དཀར་པོའི་སྟེང་ཁྲོས་མའི་གཏོར་མ་ཆེ་བ་གཅིག་དང་། མེ་ལྷའི་གཏོར་མ་ཆུང་བ་གཅིག་གཉིས་ཀ་ཟུར་གསུམ་ཤ་རྒྱན་ཅན། ཉེར་སྤྱོད་ལྔ་ནང་མཆོད་བཅས། གཡོན་ཕྱོགས་སུ་གཞི་ནག་པོ་ལ་སྐྱེར་ཤིང་སོགས་གང་འོས་ཀྱི་ཡམ་ཤིང་སོར་བརྒྱད་པ་བརྒྱ་རྩ། ལིང་གཟུགས་ཀྱང་དེ་མཉམ་ཤ་ཁྲག་གིས་སྦགས་པ། ཡུངས་དཀར་ནས་སྲན་མ་བཅས་བཤམས། མདུན་དུ་མར་ཁུ་དགང་གཟར་བླུགས་བཅས་དང་ཕྱོགས་བཞིར་སྣོད་གཙང་ནང་དུ་མཆོད་པ་ཆ་བཞི་དང་། དེའི་ཕྱོགས་བཞིར་ལས་བཞིའི་དབྱིབས་ཅན་གྱི་གཏོར་མ་རང་མདོག་བཞི་དང་། ཤར་དུ་ཏིལ་དང་གྲོ་སྨན་རྣམས་དང་། ལྷོར་འབྲས་སོ་བ་ཞོ་ཟན་ལ་ཟས་སྣ་ཚོགས་བཏབ་པ་རྣམས་དང་། ནུབ་ཏུ་སྲན་མ་ནས་མེ་ཏོག་སྣ་ཚོགས་པ། བྱང་དུ་ཀུ་ཤ་ཤིང་ཐོག་སྣ་ཚོགས་བུར་བ་དང་། གྲོ་མ་མངར་གསུམ་ཇ་ཕུད་རྣམས་བཤམས་ལ། རང་ཉིད་གདན་ལ་འདུག་ནས་སྔགས་ཆས་གྱོན། རྒྱས་པར་ཤོག་ལིང་ཆེ་བ་དང་ཟན་ལིང་བརྒྱ་རྩ་བརྒྱད། མིན་ཀྱང་དམིགས་རྟེན་གང་རུང་ཙམ་གྱིས་ཆོག་གོ། དང་པོ་ལིངྒར་ཁྲག་གིས་བྲན་ལ། ཕཊཿ རང་ཉིད་སྐད་ཅིག་གིས་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་ཐོད་བསྣམས་ཤིང་ཁ་ཊྭཱཾ་ག་ལ་འཁྱུད་ནས་གར་བྱེད་པ། དུར་ཁྲོད་ཆས་བརྒྱད་གསོལ་ཞིང་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གྱུར། ན་མོ། གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། མཆོག་གསུམ་རྩ་གསུམ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཁྱད་པར་དུ་ཡང་ཡི་དམ་ཁྲོས་མ་ལྷ་ལྔ་སོགས་དཔའ་བོ་མཁའ་འགྲོ་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང་། ཆོས་ཅན་བསླུ་བ་མེད་པའི་བདེན་པ་ཆེན་པོའི་མཐུ་སྟོབས་བྱིན་རླབས་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་བདག་ཅག་དཔོན་སློབ་བསྲུང་བྱ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་ལོག་པར་འདྲེན་པའི་རིགས་སུ་གྱུར་པ་ཐམས་ཅད་གཟུགས་ལིངྒ་འདི་ལ་མྱུར་དུ་ཁུག་ཅིག །ཧ་རི་ནི་ས་གནོད་བྱེད་དགྲ་བགེགས་ཨ་ཀཪྵ་ཡ་ཛཿ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པ་ཤ་ཧཱུྃ། བཛྲ་སྥོ་ཊ་བྃ། བཛྲ་གྷནྚེ་ཧོ། ཏྲི་ཛཿཧཱུྃ་བྃ་ཧོཿ ཕཊཿཕཊཿ འགུགས་པ་ཅི་ནུས་ལྡབ་ལ་གྲི་གུག་གམ་གྲི་བཟུང་ལ། ཧཱུྃ། ང་ནི་ཁྲོས་མ་ནག་མོ་སྟེ། །སྐུ་ཡིས་ས་གསུམ་གནས་ཀུན་ཁྱབ། །གར་དགུའི་ཉམས་ཀྱིས་ཁམས་གསུམ་དང་། །སྲིད་གསུམ་ལྷ་འདྲེ་དབང་དུ་བསྡུས། །སྲིད་རྩེ་ནས་བཟུང་མནར་མེད་ཡན། །འཇིགས་ཤིང་སྐྲགས་ལ་དཔའ་ཡང་ཞུམ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་གིས། །འཇིག་རྟེན་ལྷ་འདྲེ་བསྔངས་ཤིང་བརྒྱལ། །གསུང་གི་ང་རོ་འབྲུག་ལྟར་སྒྲོགས། །བྱམས་བརྩེའི་ཐུགས་ཀྱིས་ཞེ་སྡང་གཅོད། །དམ་ཉམས་རཱུ་ཏྲ་འབྱུང་པོའི་ཚོགས། སྡུག་བསྔལ་ཕུང་པོ་ལུས་རྟེན་གཟུགས། །ཏིལ་འབྲུ་ཙམ་དུ་གཏུབ་པར་མཛོད། །མཱ་ར་ཡ་ཡི་དུས་ལ་བབ། ཨ་ཧ་རི་ནི་ས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་ཕཊཿ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་ཕཊཿ ཕཊཿ ཕཊཿ ཕཊཿ ཅེས་ཤོག་ལིང་དང་ལིང་ག་ཆེ་ཆུང་གང་ཡོད་གཏུབས་ཁྲག་ཐིགས་བླུགས་སྣོད་གཅིག་ཏུ་བཞག་པ་དང་བསྲེག་རྫས་རྣམས་ལ་ནང་མཆོད་བྲན་ནས། ༀ་ཀརྨ་ཊཀྐི་ནི་ཧཱུྃ་ཕཊཿ ༀ་སྭཱ་བྷ་ཝ༴ སོགས་ནས། སྟོང་པའི་ངང་ལས་བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོར་གྱུར། དེའི་ཕྱོགས་བཞིར་ལས་བཞིར་འོས་པའི་སྣོད་དཀར་སེར་དམར་ནག་བཞིའི་ནང་དུ་ལས་བཞི་སོ་སོའི་རྫས་ཡོ་བྱད་མ་ཚང་བ་མེད་པ་རང་རང་གི་ལས་འགྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཕཊཿ ཕཊཿ རྡོར་དྲིལ་དང་བཅས་དགང་བླུགས་དངོས་སམ་ཕྱག་རྒྱས་རེག་ལ། ༀ་ཨཱཿཧཱུྃཿ ཋ་ཋ་ཋ་ཋ་ཋ་ཋཿ ༀ་ཨཱཿཧཱུྃ་སྭཱ་ཧཱཿ ཅེས་པས་མི་གཙང་བའི་དྲི་མ་དག་པར་བསམ། ༀ་ཤྲྀ་སྭཱ་ཧཱ། ཡམ་ཤིང་དང་། དེ་བཞིིན་དུ་ༀ་ཨཱཿསྭཱ་ཧཱཿ མར་ཁུ་དང་། ༀ་ཛིཾ་སྭཱ་ཧཱཿ ༀ་ཀུ་རུ་ཀུ་རུ་སྭཱ་ཧཱཿ འབྲུ་རྣམས་ལ་རེག་གོ། རྡོར་དྲིལ་བཅས་པ་དཔྱོད་སྟབས་ཀྱིས་ཐབ་ལ་གཡས་སྐོར་བྱ་ཞིང་། ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། སྐལ་ལྡན་ཡོངས་ཀྱི་རྒྱུད་གྲོལ་མ། མ་མི་མངོན་དབྱིངས་ནས་འདིར་འདིར་གཤེགས་ལ། ས་འདི་ལ་བྱིན་གྱིས་རླབས་ཏུ་གསོལ། ཨོ་རྒྱན་ཡུལ་གྱི་ཕྱོགས་བཞི་ན། རིམ་བཞིན་གཏུམ་དྲག་དུར་ཁྲོད་དང་། གད་རྒྱང་སྒྲོགས་དང་པདྨ་འཁྱིལ། ཀི་ལ་སྒྲོགས་པའི་དུར་ཁྲོད་ཡོད། །དབུས་ན་གསང་ཆེན་རབ་འཇིགས་ཏེ། །ལས་བཞི་དང་ནི་ལས་རྣམས་སྤྱི། །ཐམས་ཅད་ལྷུན་གྲུབ་ས་གཞི་ཡོད། །རང་བྱུང་མེ་ཆེན་དེ་ན་འབར། །རིགས་ལྔའི་མཁའ་འགྲོ་འདུ་བའི་གནས། །དོ་ནུབ་མེ་མཆོད་ས་གཞི་འདི། །མཁའ་འགྲོའི་གནས་ལྔར་བྱིན་གྱིས་རློབས། ས་གཞི་འདི་ལ་ཕྲག་དོག་མ་བྱེད་ཅིག །དེ་ནས་ལག་ཏུ་ཤིང་མགལ་ཆུང་ལྔའམ་གཅིག་ཁྱེར་ཏེ་འདོན་ཚིག་དང་མཚུངས་པའི་ཤིང་དུ་བསམས་ལ་གཡས་སྐོར་བྱེད་བཞིན། ཧཱུྃ་མཚམས་བཞི་དབུས་དང་ལྔ་པོ་རུ། རིགས་ལྔའི་མཁའ་འགྲོ་གཙོ་འཁོར་རྣམས། སྐུ་མདོག་དཀར་སེར་དམར་ལྗང་མཐིང་། ཙནྡན་དཀར་པོ་ཡུངས་ཤིང་སེར། ཙནྡན་དམར་པོ་སང་སྐྱེར་ཤིང་། བྱང་ཆུབ་ཤིང་དང་དཔག་བསམ་ཤིང་། །རང་རང་གནས་ནས་ཤིང་ཐུས་ལ། །ཞི་རྒྱས་དབང་དྲག་ཡེ་ཤེས་མེ། །ཐོགས་མེད་འབར་ཞིང་ལྷུན་གྲུབ་མཛོད། །བྱང་ཆུབ་ཐོབ་པའི་ལས་སྒྲུབས་ཤིག །ཅེས་དང་ཀུ་ཤའི་ཆུན་པོ་ཐོགས་ལ། ཧཱུྃ། ཀུ་ཤ་འདི་ནི་གཙང་ཞིང་དགེ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། དཀོན་མཆོག་གསུམ་པོ་མཉེས་བྱེད་པ། ས་ལས་སྐྱེས་པ་འདབ་མའི་སྙིང་། བདག་གི་བགེགས་རྣམས་ཐམས་ཅད་ནི། ཞི་ཞིང་མེད་པར་མཛད་དུ་གསོལ། ༀ་བཛྲ་སརྦ༴ ཞེས་ཁ་ཁྱེར་དུ་བཀོད་དབུས་སུ་རྒྱ་གྲམ་གཅིག་བཞག དེ་ནས་མེ་ལྕེ་སྡེ་ལྔའམ་གཅིག་ཐོགས། ཧཱུྃ་ཕྱོགས་བཞི་དབུས་ལྔ་མཁའ་འགྲོའི་ཕོ་བྲང་ན། བུད་མེད་དཀར་སེར་དམར་ལྗང་མཐིང་གའི་མདོག །རང་རང་རིགས་ཀྱི་སྦུད་མཆུ་མཛེས་པར་ལྡན། །ཕྱག་ན་རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་འཁོར་ལོ་མེ་འབར་ཕྱག་མཚན་བསྣམས། །ཁ་བརྒྱས་མེ་འབུད་ལག་བརྒྱས་འགལ་པ་བསྒུལ། །རིགས་ལྔའི་མཁའ་འགྲོས་ཡེ་ཤེས་ལྔ་ཡི་མེ། །ཐོགས་མེད་སྦོར་ལ་ལས་རྣམས་ལྷུན་གྲུབ་མཛོད། ཧ་རི་ནི་ས་ཨཿ ཤིནྟཾ་པུཥྚཾ་ཝ་ཤཾ་མ་ར་ཡ་ཛྙཱ་ན་ཛྭ་ལ་རཾ། མེད་དར་ལྔའམ་གཅིག་གཡུག་ཅིང་བསྐོར་བ་བྱ་ཞིང་། ཧཱུྃ་ཡེ་ཤེས་ལྔ་ཡི་མེ་དཔུང་འབར་བ་འདི། །དུར་ཁྲོད་མེ་ཡི་མཆོད་པ་མ་རྫོགས་བར། །མེ་ལྕེ་ཕྱོགས་བཞི་དབུས་ལྔར་མ་འཕྲོ་ཞིག །འཕྲོས་པར་གྱུར་ན་དེར་གནས་ལྷ་རྣམས་འཚིག །དེ་ཕྱིར་སྣ་ཚོགས་མེ་དར་འདི་ཡིས་གཡོབ། །བདག་གི་བསམ་པའི་དོན་རྣམས་འགྲུབ་པར་མཛོད། ༀ་ཨཱཿཧཱུྃཿ ཞེས་གཡབ་པོ། འདི་ལ་མེ་པྲ་བརྟགས་མི་དགོས་སོ། ༀ་ཀརྨ་ཊཀྐི་ནི་ཧཱུྃ་ཕཊཿ ༀ་སྭཱ་བྷ་ཝ༴ སོགས་ནས། སྟོང་པའི་ངང་ལས་མེ་རི་རྡོ་ར་བཅས་དང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་དྲག་པོའི་མེ་ཐབ་གྲུ་གསུམ་ནག་པོ་ཁ་ཁྱེར་ལ་རལ་གྲིས་མཚན་པ། དེའི་ནང་དུ་རྒྱས་པའི་མེ་ཐབ་སེར་པོ་གྲུ་བཞི། དེའི་ནང་དུ་ཞི་བའི་མེ་ཐབ་དཀར་པོ་ཟླུམ་པོ། དེའི་ནང་དུ་དབང་གི་མེ་ཐབ་དམར་པོ་ཟླ་གམ་དེ་དག་གི་ཁ་ཁྱེར་ལ་རིམ་བཞིན་རིན་ཆེན་རྡོ་རྗེ་པདྨ་རྣམས་ཀྱིས་མཚན་པ། དེའི་ནང་དུ་ཆོས་འབྱུང་དམར་པོ་ཟུར་དྲུག་པ། རྩ་བ་ཐུར་དུ་ཟུག་པ་ཁ་གདངས་གྱེན་དུ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ་རམ་དམར་ནག་ལས་མེ་ལྷ་ཨགྞེ་རཱ་ཛ་དམར་པོ་ཞལ་གཅིག་སྤྱན་གསུམ་ཨག་ཚོམ་འཕྱང་བ། ཕྱག་བཞིའི་གཡས་རིལ་བ་དང་བ་དན་གཡོན་རྩེ་གསུམ་དང་བགྲང་ཕྲེང་འཛིན་པ། ཚངས་སྐུད་དཀར་པོ་འཆང་བ་དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་ཁམ་པའི་སྟེང་ན་ཕྱེད་སྐྱིལ་གྱིས་བཞུགས་པའི་ལྟོ་བ་ཡངས་ཤིང་། རྒྱ་ཆེ་བའི་དབུས་སུ་ཆོས་འབྱུང་ཟུར་དྲུག་པ་གདན་ཐབ་ཀྱི་དབུས་ན་སྣ་ཚོགས་པད་ཉི་རོའི་གདན་ལ་ཨ། མཐིང་ནག་དང་ཧ་རི་ནི་ས་ཡོངས་སུ་གྱུར་པ་ལས། ངོ་བོ་མ་ཅིག་ལབ་སྒྲོན་རྣམ་པ་ཁྲོས་མ་རིགས་ལྔར་གྱུར་པ་ནི། དབུས་སུ་བདུད་འདུལ་ཁྲོས་མ་ནག་མོའི་ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་ཕྱར་བ་གཡོན་ཐོད་ཁྲག་དང་གྲུ་མོ་ཁ་ཊྭཱཾ་ག་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ། དེའི་ཤར་དུ་བདེ་ཆེན་དཀར་མོ། ལྷོར་རིན་ཆེན་དོན་འགྲུབ། ནུབ་ཏུ་དམར་མོ་སྒྲ་སྒྲོགས། བྱང་དུ་སྣ་ཚོགས་མཐར་ཕྱིན། བཞི་གའང་རིམ་བཞིན་ཕྱག་གཡས་པ་རྣམས་ན་འཁོར་ལོ་དང་རིན་ཆེན་པདྨ་རྒྱ་གྲམ་རྣམས་ཀྱིས་མཚན་པའི་གྲི་གུག་དང་། གཡོན་ཐོད་ཁྲག་ཐོགས་ཤིང་ཁ་ཊྭཱཾ་ག་ལ་འཁྱུད་པ། ཞབས་བརྐྱང་བསྐུམ་གཙོ་མོ་དང་ཚུལ་མཐུན་པ། ཐམས་ཅད་ཀྱང་ཞལ་གཅིག་སྤྱན་གསུམ་སྤྱི་གཙུག་རལ་བའི་རྩེ་ན་ཕག་ཞལ་རང་མདོག་དང་མཚུངས་པ་གྱེན་དུ་ངུར་བ། རུས་པའི་རྒྱན་དྲུག་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ། ལྷ་རྣམས་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་ཞལ་རབ་ཏུ་གདངས་པའི་ནང་ནས་མེ་འབར་བའི་གནས་གསུམ་ཡི་གེ་གསུམ་དང་། ཁྲོས་མ་རིགས་ལྔའི་ཐུགས་ཀར་ཨ་ཧ་རི་ནི་ས་མེ་ལྷའི་ཐུགས་ཀར་རམ། དེ་རྣམས་ལས་འོད་ཟེར་འཕྲོས་པས་རང་རང་གི་གནས་ནས་ཡེ་ཤེས་པ་དང་འཇིག་རྟེན་གྱི་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། བསམ་ལ། བཛྲ་ས་མ་ཡ་ཛཿ ཧཱུྃ་སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། །ཨོ་རྒྱན་ཡུལ་གྱི་ཕྱོགས་བཞིའི་དུར་ཁྲོད་ནས། །དབྱིངས་ཀྱི་མཁའ་འགྲོ་གཙོ་འཁོར་རྣམ་ལྔ་ལ། །མཁའ་འགྲོ་འབུམ་གྱིས་བསྐོར་བ་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་རྣམས་གནས་འདིར་གཤེགས་ཙ་ན། །རིན་ཆེན་རུས་རྒྱན་དབུ་སྐྲ་ཐོར་ཚུགས་མཛེས། །རོལ་མོ་སིལ་སྙན་གླུ་ལེན་གར་སྟབས་ལྡན། །ཧཱུཾ་ཕཊ་སྒྲ་སྒྲོགས་བྱིན་རླབ་དངོས་གྲུབ་རྫོགས། །བདག་སོགས་བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། ༀ། ཚུར་བྱོན་ཚུར་བྱོན་འབྱུང་བ་ཆེ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྒྲུབ་པ། །ཐུགས་རྗེ་སེམས་ཅན་དོན་གྱི་ཕྱིར། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོ། བཛྲ་ཊཀྐི་ནི་ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཏྲི་ཤ་ཡ་ཧོ། ཨེ་ཨ་ར་ལི་ཕཻཾ་ཕཻཾ། ༀ་ཌཱཀྐི་ཧཱུྃ་ཛཿ ཧཱུྃ་དབྱིངས་ཀྱི་མེ་ལྷ་མཁའ་འགྲོ་རིགས་ལྔ་དང་། །འཇིག་རྟེན་མེ་ལྷ་ཨགྣེ་རཱ་ཛ་སོགས། །ཡེ་ཤེས་འཇིག་རྟེན་མེ་ལྷའི་ཚོགས་རྣམས་ཀུན། །མེ་འབར་གདན་ལ་གཉིས་མེད་བརྟན་པར་བཞུགས། །བཛྲ་ཌཱཀྐི་ནི་ཨགྣེ་དྷེ་ཝ་ས་མ་ཡ་ཏིཥྛ་ལྷན། དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །ཆུ་ལྷག་ཡར་ལུད་མེ་ལྷར་རྣམ་སྣང་དང་། །མཁའ་འགྲོ་ལྔ་ལ་རིགས་ལྔས་དབུ་བརྒྱན་གྱུར། །ༀ་ཧཱུྃ་ཏྲྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུཾ། ཧཱུྃ་དུག་ལྔ་གནས་དག་ཡེ་ཤེས་ལྔ་ཡི་ངང་། །ཁྲོས་མ་རིགས་ལྔའི་སྐུ་ལ་ཕྱག་འཚལ་ལོ། །ཧཱུྃ་ཕྱི་མཆོད་ཉེར་སྤྱོད་བདུན་དང་རྫས་རྟགས་བརྒྱད། །འདོད་ལྔའི་ལོངས་སྤྱོད་སྦྱོར་སྒྲོལ་སྨན་རག་གཏོར། །ཕྱི་ནང་གསང་མཆོད་དཔག་མེད་ཅི་མཆིས་ཀུན། །ཡེ་ཤེས་འཇིག་རྟེན་མེ་ལྷར་འབུལ་གྱིས་བཞེས། །རབ་འབྱམས་ཕྲིན་ལས་མ་ལུས་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ། །ཨ་ཧ་རི་ནི་ས་ཨགྣེ་དྷེ་ཝ་ཨརྒྷཾ། སོགས། ཤབྟ་གྷནྡྷེ་ར་ས་སྤཪྴེ་སརྦ་པཉྩ་རཀྟ་བ་ལིང་ཏ་མ་ཧཱ་སུ་ཁ་ས་མ་ཡ་ཧཱུྃ། མེ་ལྷ་ཁྱོད་ཉིད་མེ་འབར་བ་དང་ལྷན་ཅིག་བཞུགས་ནས་སྲེག་བླུགས་ཀྱི་རྫས་འདི་རྣམས་ཆུད་མི་ཟ་བར་ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་ཞལ་དུ་འབུལ་བས་ཕྲིན་ལས་དམ་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། དགང་བླུགས་ཀྱི་ཁར་ཧཱུྃ་དང་མེ་ལྷའི་ལྗགས་རཾ་ཡིག་གིས་མཚན་པས་བསྲེག་རྫས་བདུད་རྩིའི་རང་བཞིན་ཅན་གསོལ་ཞིང་ཚིམས་ནས་མཉེས་པར་གྱུར། བསམ་ཨ་ཧ་རི་ནི་ས་ཨགྣེ་དྷེ་ཝ་བྷོ་དྷི་པྲྀཀྵ་ཡེ་གཟི་བརྗིད་ཕུན་སུམ་ཚོགས་པ་སརྦ་སིདྡྷི་སྭཱཧཱ། བརྒྱ་རྩའམ་ཉེར་གཅིག་རེས་ཆོག་མར་ཁུ་ལ་དགང་བླུགས་ཡོད་དམ་མིན་ཡང་དམིགས་པས་ཕུལ་ལ། ཨ་ཧ་རི་ནི་ས་ཨགྣེ་དྷེ་ཝ་ཨགྣེ་འབྱོར་བ་ཕུན་སུམ་ཚོགས་པ་སརྦ་སིདྡྷི་སྭཱཧཱ། གོང་ལྟར་རོ། དེ་ནས་ལིང་ག་ཤ་དུམ་ཧོཾ་གཟར་རི་དང་རང་གི་ལག་པ་གཙང་མར་བཀྲུས་ཏེ་ཕུལ་ཡང་རུང་ལ་གོང་ལྟར་ཡང་ཁྲག་ཆུ་ཆང་གསུམ་གྱིས་བྲན་པ་བཞིན་ཕུལ་ལ། ལྷ་རྣམས་ཞལ་ཤིན་ཏུ་གདངས་པའི་ནང་དུ་གནོད་བྱེད་ཐམས་ཅད་རྐང་མཐིལ་སྐྱ་ལྷག་ལྷག་སོང་ནས་རྣམ་ཤེས་ཆོས་ཉིད་ཀྱི་ངང་དུ་ཐིམ་ནས་སངས་རྒྱས་པར་བསྒོམ་ལ། ཧཱུྃ་དྲང་སྲོང་ཆེན་པོ་མེ་ལྷ་ཡི། །སྔོན་གྱི་དམ་བཅས་མནའ་དོར་བ། །ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ནི་མེ་ལ་གནས། །སྦྱིན་སྲེག་མཆོད་པ་འདི་བཞེས་ལ། །ལས་ཀུན་འགྲུབ་པའི་གྲོགས་མཛོད་ཅིག །ༀ་ཨགྣེ་དྷེ་ཝ་གནོད་བྱེད་གདོན་བགེགས་སརྦ་མ་ར་ཡ་ཛྭ་ལ་རཾ་ཁཱ་ཧི། ཅེས་ལིངྒ་བདུན་འབུལ། མེ་ལྷའི་ཐུགས་ལས་སྤྲུལ་པའི་མེ་ལྷ་གཅིག །བྱོན་ནས་ལྟོ་བར་བཞུགས་པའི་ལྷ་རྣམས་ལ། མཆོད་རྫས་ཕུལ་བའི་ཕྱག་ཚང་མཛད་པར་གྱུར། ༀ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་གནོད་བྱེད་གདོན་བགེགས་སརྦ་མ་ར་ཡ་ཛྭ་ལ་རཾ་ཁཱ་ཧི། ཞེས་བརྒྱ་རྩ་འབུལ། ཞི་བ་གཙོ་ཆེ་ན་ཉེར་གཅིག་གིས་ཆོག །ༀ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་སརྦ་ཨརྠ་སིདྡྷི་ཡེ་གནོད་བྱེད་གདོན་བགེགས་སརྦ་མ་ར་ཡ་ཧཱུྃ་ཕཊ་སྭཱཧཱ། ཡུངས་ཀར་གོང་བཞིན་འབུལ། ༀ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་བཛྲ་མ་ཧཱ་བ་ལ་ཡེ་གནོད་བྱེད་གདོན་བགེགས་ཐམས་ཅད་ཀྱི་སྟོབས་སརྦ་མ་ར་ཡ་ཧཱུྃ་ཕཊ་སྭཱཧཱ། ཞེས་སྲན་མ་འབུལ། ༀ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་མ་ཧཱ་བྷེ་ག་ཡེ་གནོད་བྱེད་གདོན་བགེགས་ཐམས་ཅད་ཀྱི་ཤུགས་མ་ར་ཡ་ཧཱུྃ་ཕཊཿསྭཱཧཱ། ཞེས་པས་ནས་འབུལ། དེ་ནས་གཏོར་མ་ཆེ་བ་དེར་བདུད་རྩིས་བྲན་ལ་བཟུང་བཅུག་ལ། ཨ་ལས་བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་གཏོར་མ་གདོན་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རང་བཞིན་དུ་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿསྭཱ་ཧཱཿ ༀ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་ཨེ་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་ལན་གསུམ། བསྟོད་པ་ནི། ཧཱུཾ་དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་ཅན། ལབས་ཀྱི་སྒྲོན་མ་ཁྲོས་མ་རྣལ་འབྱོར་མ། །གནས་ཡུལ་དུར་ཁྲོད་མཁའ་འགྲོའི་སྤྲུལ་གཞི་མཆོག །འབུམ་ཕྲག་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་རོལ་ནི། །སྐུ་གསུམ་ཞིང་གི་མཁའ་འགྲོའི་ཚོགས་རྣམས་དང་། །དབྱེར་མེད་ཕྲིན་ལས་མཛད་པ་མཁའ་དང་མཉམ། །འཁོར་འདས་ཡོང་ལ་དབང་བསྒྱུར་ཁྱོད་ལ་བསྟོད། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །འབར་བ་མེ་ཡི་མཆོད་པ་འདི་བཞེས་ལ། །གནོད་བྱེད་གདོན་བགེགས་འབྱུང་པོ་ཚར་ཆོད་ཅིག །བཅོལ་པའི་ཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། གཏོར་མ་ཆེ་ན་རྩེ་མེ་ནང་དུ་མཆོད། ཆུང་ན་ཐམས་ཅད་འཕངས་ལ། ཕཊཿ སྒྲ་དྲག་པོ་དང་བཅས་ཌར་དྲིལ་དཀྲོལ་ལོ། དེ་ནས་བདེ་ཆེན་དཀར་མོའི་ཞལ་ཅུང་ཟད་གདངས་པའི་ནང་དུ་ཞི་བའི་བསྲེག་རྫས་རྣམས་མཐེབ་མཛུབ་ཀྱིས་འབུལ་བཞིན། ༀ་བཛྲ་ཌཱཀྐི་ནི་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། ཏིལ་ལམ་ཡུངས་ཞི་འབུལ། སྡིག་པ་སྦྱོང་ན་བརྒྱ་རྩ་བརྒྱད་དང་། གཞན་ལ་ཉེར་བདུན་ཙམ། ཧ་བཛྲ་ཌཱཀྐི་ནི་ཨེ་ཥ་དྷི་བཛྲ་ཀསྨ་རི་ནད་སརྦ་ཤིནྟཾ་ཀུ་རུ་ཡེ་སྭཱཧཱཿ ཞེས་སྨན་སྣ་ཚོགས་འབུལ། གྲོ་ལ་སྨན་བཏབ་གོང་དང་འདྲ། དེ་ནས་གཏོར་མ་ཟླུམ་པོ་འོ་མས་བྲན་པ་བཟུང་ནས། བྷྲུཾཿལས་དངུལ་གྱི་སྣོད་དུ་གཏོར་མ་དཀར་གསུམ་མངར་གསུམ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ༀ་ཨཱཿཧཱུྃ་ཧ་བཛྲ་ཌཱཀྐི་ནི་ཨེ་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ གསུམ། ཧཱུཾ་ཧཱུཾ། ཧ་ལས་བྱུང་བའི་བདེ་ཆེན་དཀར་མོ་ནི། ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སྐུ། ཞི་བའི་ལས་མཛད་རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས། བདེ་ཆེན་དཀར་མོའི་སྐུ་ལ་ཕྱག་འཚལ་བསྟོད། དམ་རྫས་དཀར་གསུམ་བརྒྱན་པའི་གཏོར་མ་དང་། འབར་བ་མེ་ཡི་མཆོད་པ་འདི་བཞེས་ལ། སྡིག་སྒྲིབ་ནད་གདོན་འཇིགས་བརྒྱད་ཞི་བར་མཛོད། བཅོལ་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད། ཅེས་འབུལ། ཕཊཿ སྒྲ་དལ་ཞིང་འཇམ་པར་བརྗོད་ལ་ཌ་དྲིལ་བྱའོ། དེ་ནས་བསྲེག་རྫས་སེར་མོ་དོན་འགྲུབ་ཀྱི་ཞལ་དུ་འབུལ་བའི་དམིགས་པ་གོང་ལྟར་རོ། རི་རཏྣ་ཌཱཀྐི་སརྦ་སམ་བྷ་དེ་བདེ་ལེེགས་ཕུན་སུམ་ཚོགས་པ་སརྦ་པཥྚིཾ་ཀུ་རུ་ༀཿ ཞོ་ཟན་ལ་ཟས་སྣ་ཚོགས་བཏབ་པ་བསོད་ནམས་འཕེལ་བར་འདོད་ན་སྔ་མ་བཞིན་ནོ། རི་རཏྣ་ཌཱཀྐི་ནི་བཛྲ་ཨ་ཡུ་ཥེ། ཚེ་ཕུན་སུམ་ཚོགས་པ་སརྦ་པུཥྚཾ་ཀུ་རུ་ༀཿ དུར་བ་འབུལ། ཚེ་འཕེལ་བར་འདོད་ན་འདི་མང་བར་བྱའོ། རི་རཏྣ། ཌཱཀྐི་ནི་བཛྲ་བི་ཛ་ཡེ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་སརྦ་པུཥྚཾ་ཀུ་རུ་ༀཿ སོ་བ་ཕུལ། ནོར་དང་ཞིང་གི་རིམ་གྲོར་འདི་མང་བར་འབུལ་ལོ། རི་རཏྣ་ཌཱཀྐི་ནི་བཛྲ་པུཥྚ་ཡེ་བསོད་ནམས་ཕུན་སུམ་ཚོགས་པ་སརྦ་པུཥྚཾ་ཀུ་རུ་ༀཿ ཞེས་འབྲས་འབུལ། དེ་ནས་གཏོར་མ་གྲུ་བཞི་ལ་བདུད་རྩི་བྲན་ལ། བྷྲུཾཿ ལས་རིན་པོ་ཆེ་གསེར་གྱི་སྣོད་དུ་ཟས་ཕུན་སུམ་ཚོགས་པའི་གཏོར་མ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པར་གྱུར། ༀ་བཛྲ་སྥ་ར་ཎ་ཁཾ། རི་རཏྣ་ཌཱཀྐི་ནི་ཨེ་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་ཧཱུཾ་ཧཱུཾ། རི་ལས་བྱུང་བའི་སེར་མོ་དོན་འགྲུབ་ནི། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ། །རྒྱས་པའི་ལས་མཛད་རིན་ཆེན་རྣམ་འབྱོར་མ། །རིན་ཆེན་མཁའ་འགྲོ་སེར་མོ་འབུམ་དང་བཅས། །སེར་མོ་དོན་གྲུབ་སྐུ་ལ་ཕྱག་འཚལ་བསྟོད། །དམ་རྫས་ཟས་སྣ་ཚོགས་པའི་གཏོར་མ་དང་། །འབར་བ་མེ་ཡི་མཆོད་པ་འདི་བཞེས་ལ། །ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་སྤེལ། །བཅོལ་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད། །ཅེས་གཏོར་མའི་རྩེ་མེ་ནང་དུ་འབུལ། ལྷག་མ་དངོས་གྲུབ་ཏུ་རོལ། ཕཊཿ སྒྲ་ཆེ་ཞིང་ལྷོད་འབོལ་དང་བཅས། གོང་བཞིན་དར་མོ་སྒྲ་སྒྲོགས་ཀྱི་ཞལ་དུ་ཕུལ་བའི་གསོ་འདུན་དང་བཅས་ཏེ། ནི་པདྨ་ཌཱཀྐི་ནི་བཛྲ་མ་ཧཱ་བ་ལ་ཡེ་སྟོབས་ཕུན་སུམ་ཚོགས་པ་སརྦ་པ་ཤཾ་ཀུ་རུ་ཧོ། ཞེས་སྲན་མ་འབུལ། ནི་པདྨ་ཌཱཀྐི་ནི་མ་ཧཱ་བེ་ག་ཡེ་ཤུགས་ཕུན་སུམ་ཚོགས་པ་སརྦ་པ་ཤཾ་ཀུ་རུ་ཧོ། ནས་གྲངས་ཅི་རིགས་འབུལ། ནི་པདྨ་ཌཱཀྐི་ནི་བཛྲ་པུཥྤེ་ཁ་དོག་དང་གཟི་བརྗིད་ཕུན་སུམ་ཚོགས་པ་སརྦ་པ་ཤཾ་ཀུ་རུ་ཧོ། མེ་ཏོག་སྣ་ཚོགས་འབུལ། དེ་ནས་གཏོར་མ་ཟླ་གམ་ཆང་གིས་བྲན་ལ་བཟུང་བཅུག་ལ། བྷྲུཾ་ལས་ཟས་ཀྱི་སྣོད་དུ་ཆང་སྣ་ཚོགས་དང་ལྡན་པའི་གཏོར་མ་བདུད་རྩིའི་རང་བཞིན་དུ་གྱུར། ༀ་སརྦ་པཉྩ་ཨཱཿཧཱུྃ། ནི་པདྨ་ཌཱཀྐི་ནི་ཨེ་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཧཱུཾ་ཧཱུཾ། ནི་ལས་བྱུང་བའི་དམར་མོ་སྒྲ་སྒྲོགས་ནི། །འདོད་ཆགས་རྣམ་དག་སོར་རྟོགས་ཡེ་ཤེས་སྐུ། །དབང་གི་ལས་མཛད་པདྨ་རྣལ་འབྱོར་མ། །པདྨ་མཁའ་འགྲོ་དམར་མོ་འབུམ་དང་བཅས། །དམར་མོ་སྒྲ་སྒྲོགས་སྐུ་ལ་ཕྱག་འཚལ་བསྟོད། །དམ་རྫས་ཆང་སྣ་ཚོགས་པའི་གཏོར་མ་དང་། །འབར་བ་མེ་ཡི་མཆོད་པ་འདི་བཞེས་ལ། །ཁམས་གསུམ་སྲིད་གསུམ་སྣང་བ་དབང་དུ་བསྡུད། །བཅོལ་བའི་ཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། །ཅེས་གཏོར་མ་ཕུལ་ལོ། ཕཊཿ སྒྲ་སྐད་སྙན་འགྱུར་དབྱངས་སུ་བརྗོད། ཡང་བསྲེེག་རྫས་རྣམས་སྣ་ཚོགས་མཐར་ཕྱིན་གྱི་ཞལ་དུ་དམིགས་པ་གོང་ལྟར་བྱས་ལ། ས་ཀརྨ་ཌཱཀྐི་ནི་ཤྲྀ་བ་ཡེ་རིགས་རྒྱུད་ཕུན་སུམ་ཚོགས་པ་སརྦ་སིདྡྷི་སྭཱཧཱ། ཤིང་ཏོག་སྣ་ཚོགས་འབུལ། རིགས་རྒྱུད་ལ་ནི་འདི་གཙོ་ཆེ། ས་ཀརྨ་ཌཱཀྐི་ནི་བཛྲ་མ་ལེ་པུཥྚ་ཡེ་ཤེས་རབ་ཕུན་སུམ་ཚོགས་པ། སརྦ་སིདྡྷི་སྭཱཧཱ། ཞེས་ཐུད་དམ་ཆུར་བ་གྲོ་མ་འབུལ། འདི་དྲག་པོ་གཙོ་ཆེ་ཕྱིར་དཀར་གསུམ་མེད་ཀྱང་རུང་། ས་ཀརྨ་ཌཱཀྐི་ནི་ཝསྟྲ་ཡེ། རྒྱན་དང་གོས་ཕུན་སུམ་ཚོགས་པ་སརྦ་སིདྡྷི་སྭཱཧཱ། གོས་དར་རས་སོགས་འབུལ། ས་ཀརྨ་ཌཱཀྐི་ནི་ཏ་བུ་ལ་ཡེ། བཀྲ་ཤིས་ཕུན་སུམ་ཚོགས་པ་སརྦ་སིདྡྷི་སྭཱ་ཧཱ། ཇ་ཕུད་འབུལ། ས་ཀརྨ་ཌཱཀྐི་ནི་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྲུང་བ་ཕུན་སུམ་ཚོགས་པ་སརྦ་སིདྡྷི་སྭཱཧཱ། ཀུ་ཤ་འབུལ་སྲུང་རིམ་ལ་འདི་མང་འཇུག་གོ། །དེ་ནས་གཏོར་མ་ཟུར་གསུམ་དེར་ཁྲག་ཆང་གིས་བྲན་ནས་བཟུང་བཅུག་ལ། ཨ་ཡིག་ལས་ཐོད་པའི་སྣོད་དུ་ཤ་སྣ་ཚོགས་ཀྱི་གཏོར་མ་བདུད་རྩིའི་རང་བཞིན་དུ་གྱུར། ༀ་མ་ཧཱ་མཾ་ས་ཨ་ཧཱུཾ། ས་ཀརྨ་ཌཱཀྐི་ནི་ཨེ་དམ་བྷ་ལིང་ཏ༴ སོགས། ཧཱུཾ་ཧཱུཾ། ས་ལས་བྱུང་བའི་སྣ་ཚོགས་མཐར་ཕྱིན་མ། །ཕྲག་དོག་རྣམ་དག་ནན་ཏན་ཡེ་ཤེས་སྐུ། །དྲག་པོའི་ལས་མཛད་ལས་ཀྱི་རྣལ་འབྱོར་མ། །ལས་ཀྱི་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས། །སྣ་ཚོགས་མཐར་ཕྱིན་སྐུ་ལ་ཕྱག་འཚལ་བསྟོད། །དམ་རྫས་ཤ་སྣ་ཚང་བའི་གཏོར་མ་དང་། །འབར་བ་མེ་ཡི་མཆོད་པ་འདི་བཞེས་ལ། །དངོས་གྲུབ་ཕྲིན་ལས་སྣ་ཚོགས་མྱུར་དུ་སྒྲུབས། །བཅོལ་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད། །ཅེས་གཏོར་མ་མེར་ཕུལ། ཕཊཿ སྒྲ་ཆེ་ཆུང་རིང་ཐུང་མང་དུ་བརྗོད། དེ་ནས་མེ་ལྷའི་གཏོར་མར་མར་ཁུས་བྲན་ལ་སྦྱིན་བདག་གིས་ཐབ་གཡོན་ངོས་སུ་བཟུང་ལ། བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་སྣ་ཚོགས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ༴ སོགས་གསུམ། ༀ་ཨག་ནེ་ཡེ་དྷེ་ཝ་ཨེ་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། འདི་མན་དེར་ཚོགས་པ་ཀུན་གྱིས་རྗེས་ཟློས་བྱེད་སྲོལ་འདུག དམ་རྫས་གཏོར་མ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྙན་པ་དང་། །ལོངས་སྤྱོད་རྒྱ་ཆེན་འཕེལ་བ་དང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །དགེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འ གྲུབ་ཤོག །ཚིག་རྗེས་མ་ལན་གསུམ་བརྗོད་ལ་མེ་ནང་དུ་ཕུལ། ཕཊཿ མང་དུ་བརྗོད། དེ་ནས་སྦྱིན་བདག་རྣམས་མདུན་དུ་འཁོད་ལ་མེ་ཞགས་བརྒྱབ་རྫས་མཐོང་བརྒྱུད་བཞིན་ལག་ཏུ་ཐོགས་ལ། ཁྲོས་མ་རིགས་ལྔའི་སྐུ་ལས་མེ་དཔུང་བཟོད་པར་དཀའ་བ་འཕྲོ་བར་བསྒོམས་ལ། ད་ཁྱོད་རང་རྣམས་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིག ངེད་ཅག་རྣམས་ཐ་མལ་དུ་མི་སེམས་པར་དུར་ཁྲོད་མེ་དཔུང་འབར་བའི་ཀློང་དཀྱིལ་དུ་མ་ཡུམ་ཆེན་ཁྲོས་མ་རིགས་ལྔར་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་མེ་དཔུང་། ཁ་དོག་ལྔ་ལྡན་དུས་མཐའི་མེ་བཞིན་འབར་བའི་རྩེ་མོ་ལས་ལས་བྱེད་ཀྱི་མཁའ་འགྲོ་དམེ་བ་བརྩེགས་པ་སྐུ་མདོག་དམར་ནག་ལག་ན་མེའི་མཚོན་ཆ་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་བར་དུ་གཅོད་པར་བྱེད་པའི་ཕྱི་ནང་གསང་གསུམ་གྱི་གདོན་བགེགས་སྲི་ངན་འབྱུང་པོའི་ཚོགས་རྣམས་རྣམ་སྨིན་གྱི་ལུས་རྟེན་དང་བཅས་པ་བྱ་སྒྲོ་མེས་ཚིག་པའམ་མེ་ལྕེའི་ཁའི་སྦྲང་བུ་བཞིན་ཚིག་པའི་མོས་འདུན་རྩེ་གཅིག་ཏུ་གྱིས་ཤིག ཧཱུྃ། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་དུར་ཁྲོད་དང་། །ནུབ་ཕྱོགས་པདྨ་རིགས་ཀྱི་དུར་ཁྲོད་དང་། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་དུར་ཁྲོད་དང་། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་དུར་ཁྲོད་དང་། །དབུས་ཕྱོགས་དེ་བཞིན་རིགས་ཀྱི་དུར་ཁྲོད་ཆེ། །རིགས་ལྔ་མཁའ་འགྲོའི་ཞིང་ཁམས་འཇིགས་རུང་ནས། །ཡེ་ཤེས་ལྔ་ཡི་མེ་དཔུང་འབར་བ་འདི། །ལན་ཅིག་གནོད་བྱེད་འདྲེ་གདོན་སྟེང་དུ་འཕྲོ། །མེ་ལྕེ་སྣ་ལྔའི་ཟེར་གྱིས་སྟོང་གསུམ་གང་། །ཡེ་ཤེས་མཁའ་འགྲོའི་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚ་ཚ་སྐར་ལྟར་འཁྲུགས། །མཁའ་འགྲོ་སྡེ་ལྔའི་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་ལ། །རབ་འབྱམས་ཕྲིན་ལས་འགྲུབ་པའི་ལས་མཛོད་ཅིག །བདག་ལ་མཆོག་ཐུན་དངོས་གྲུབ་ཀུན་སྩོལ་ཅིག ས་ཀརྨ་ཌཱཀྐི་ནི། ནི་པདྨ་ཌཱཀྐི་ནི། རི་རཏྣ་ཌཱཀྐི་ནི། ཧ་བཛྲ་ཌཱཀྐི་ནི། ༀ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་གནོད་བྱེད་ཨུ་ཙ་ཏ་ཡ་ཛྭ་ལ་རཾ། ཞེས་བརྗོད་ཅིང་། ཕཊཿ སྒྲ་དྲག་པོ་དང་བཅས་ཏེ་རླུང་ངར་མེ་གདང་དང་ལྡན་པས་མེ་ཞགས་བརྒྱབ་པོ། དེ་ནས་ཁྱིམ་གྱི་ནང་དང་དུད་འགྲོའི་ལྷས་མལ་སོགས་ལ་མེ་ཐོ་ཁ་ཤས་འཇོག་པར་བྱས་ལ་འདི་སྐད་དོ། ཧཱུྃ་དུག་ལྔ་འཇོམས་པའི་མེ་དཔུང་བཟོད་དཀའ་བ། །སྟེང་འོག་བར་གསུམ་ཀུན་དུ་ཡོངས་མཆེད་པའི། །ཁ་དོག་སྣ་ཚོགས་དཔག་མེད་ཆོ་འཕྲུལ་འབར། །ཁྲོ་བོ་སྨེ་བརྩེགས་ཧཱུྃ་དང་ཕཊཿསྒྲོགས་པས། །གནོད་བྱེད་འདྲེ་གདོན་བྱུར་གསུམ་ལྷག་མེད་གཞོམ། །གནོད་ཅིང་འཚེ་བར་བྱེད་པའི་དགྲ་འདྲེ་དཔུང་། །རྩྭ་ཕུང་མེས་བསྲེགས་ཇི་བཞིན་ཐལ་བར་རློགས། །ཨ་ཧ་རི་ནི་ས་ༀ་གྷར་ཁཾ་ཙིར་ཁཾ་བྷི་མ་ལེ་ཨུ་ཙ་མ་ཀྲོ་ཏ་ཧཱུྃ་ཕཊཿ གནོད་བྱེད་སརྦ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊཿ ཞེས་མེ་ཞགས་གང་དགོས་བརྒྱབ་རྗེས། འགལ་དུམ་འབར་འཕྲོ་ཐམས་ཅད་ཐབ་ཏུ་བཅུག་ལ། དེ་ནས་ཐབ་ཀྱི་གཡས་བསྐོར་ཏེ་ཌ་དྲིལ་དང་བཅས་བྲོ་བརྡུང་འདི་བཞིན་བྱ་སྟེ། ཧཱུཾ་ཕྱོགས་བཞི་དབུས་ལྔའི་ས་གཞི་ལ། །མཁའ་འགྲོ་སྡེ་ལྔས་བྲོ་བརྡུངས་པས། །ཡེ་ཤེས་མཁའ་འགྲོས་བྲོ་དཔོན་དང་། །ལས་བྱེད་མཁའ་འགྲོས་བྲོ་གར་མཛོད། །དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །དཔའ་མོའི་གླུ་ལེན་ཀྱུ་རུ་རུ། །མཁའ་འགྲོའི་བརྡའ་སྐད་སངས་སེ་སང་། །དཔའ་བོའི་ཤུགས་གླུ་ཀྱུ་རུ་རུ། །བྲོ་ར་ཟུར་དྲུག་ལྷུན་གྲུབ་དང་། །ཞི་རྒྱས་དབང་དང་དྲག་པོ་ཡི། །དབྱིབས་དང་རྣམ་འགྱུར་ཚུལ་བསྐོར་བས། །མཆོག་ཐུན་ལས་བཞི་འགྲུབ་པའི་བྲོ། །ཞབས་གཉིས་བསྐུམ་ཞིང་བརྐྱང་བ་ནི། །མཐའ་གཉིས་དབང་སྡུད་ཟིལ་གནོན་བྲོ། །མཉམ་ཉིད་ངང་དུ་བརྡུངས་པས་ན། །རབ་འབྱམས་ཕྲིན་ལས་འགྲུབ་གྱུར་ཅིག །ༀ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཛྙཱ་ན་སིདྡྷི་ཤིནྟཾ་པུཥྚཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊཿ ཅེས་བྲོ་བརྡུངས་མེ་ལྷའི་ལྷག་མ་ནི། རྒྱས་པའི་གཏོར་མ་མཛོད་དུ་སྦ་བ་དང་། འཇིག་རྟེན་པའི་གཏོར་མ་ཕྱིའི་མི་ལ་མི་སྦྱིན། གཞན་རྣམས་ཚོགས་དང་ཆབས་ཅིག་བསྲེས་ཏེ་ཐམས་ཅད་ལ་སྟེར་བཞིན་བཀྲ་ཤིས་བརྗོད་པ་འདི་བཞིན་བྱའོ། ཧཱུྃ། རྩ་བརྒྱུད་བླ་མའི་དཔལ་ཡོན་ལེགས་བྱིན་པའི། །རྟག་ཏུ་ཡེ་ཤེས་ཐུགས་རྗེས་ལེགས་གཟིགས་པའི། །སེམས་ཀྱི་གནས་ལུགས་ཆོས་སྐུར་ངོ་སྤྲོད་པའི། །བྱིན་རླབས་མཆོག་གི་བཀྲ་ཤིས་དེང་འདིར་ཤོག །མ་ཅིག་ཁྲོས་མ་ནག་མོས་ལེགས་བྱིན་པའི། །གསང་སྔགས་བདུད་གཅོད་ཟབ་མོའི་ཆོ་ག་ལ། །སྒོ་གསུམ་འགལ་སྤོང་མཐུན་པ་ཀུན་འགྲུབ་པའི། །འཇིགས་མེད་དངོས་གྲུབ་མཆོག་གི་བཀྲ་ཤིས་ཤོག །ཡེ་ཤེས་མཁའ་འགྲོ་རིགས་བཞིས་ལེགས་བྱིན་པའི། །ཞི་རྒྱས་དབང་དྲག་ལས་རྣམས་མཐར་ཕྱིན་ནས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་འབྲས་སྨིན་ཅིང་། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །སྣོད་ཀྱི་འཇིག་རྟེན་གཡོ་མེད་རྟག་བརྟན་ཅིང་། །བཅུད་ཀྱི་སེམས་ཅན་རྫོགས་ལྡན་དཔལ་ལ་སྤྱོད། །སྐྱེ་དགུ་ཐམས་ཅད་འཕྲལ་ཕུགས་བདེ་སྐྱིད་ལྡན། །ལུགས་ཟུང་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་ཅི་རིགས་བྱའོ། དེ་ནས་རྗེས་ཆོག་ནི། ཨ་ཧ་རི་ནི་ས་ཨགྣེ་ཡེ་ཨརྒྷཾ༴ ནས། ཤབྟ་པྲ་ཏི་ཙྪ་ཡེ་སྭཱཧཱ། གང་གྲུབ་བརྗོད། བསྲེག་རྫས་ལྷག་མ་རྣམས་མེ་ནང་དུ་བཏབ་པོ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་ལྡན་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀྐིའི་དབང་བསྐུར་བས། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་མཛད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ༀ་མ་འབྱོར་པ་དང་ཉམས་པ་དང་། སོགས། ༀ་བཛྲ་སཏྭ་ས་མ་ཡ༴ སོགས། ༀ་ཁྱེད་ཀྱིས་སེམས་ཅན༴ སོགས། མེ་ལྷ་ཡེ་ཤེས་པ་ས་ཁྲོས་མ་ལྷ་ལྔ་ཨོ་རྒྱན་གྱི་གནས་སུ་གཤེགས། །འཇིག་རྟེན་པའི་མེ་ལྷ་ཤར་ལྷོའི་མཚམས་སུ་གཤེགས་པར་གྱུར། ཨ་ཧ་རི་ནི་ས་ཨགྣེ་བཛྲ་མུཿ དམ་ཚིག་པའི་མགྲོན་ལྔ་བདག་ཉིད་ལ་ཐིམ། མེ་ལྷ་དམ་ཚིག་པ་མེ་འབར་རང་བཞིན་དུ་གྱུར། དགེ་བ་འདི་ཡི་མྱུར་དུ་བདག ཆོས་སྐུ་ཡུམ་ཆེན་འགྲུབ༴ ཤོག རྗེས་ཀྱི་བྱ་བ་རྣམ་དག་གཞུང་བཞིན་དཔྱིས་ཕྱིན་པར་བྱའོ། ཞེས་པ་འདི་ཉིད་སྒོམ་ཆེན་ཆོས་དབྱིངས་བླ་མ་ཀརྨ་ངོར་བ་ཨོ་རྒྱན་བསྟན་འཛིན་སོགས་དད་ལྡན་འགས་བསྐུལ་དོན་རྣལ་འབྱོར་བ་ཀུན་བཟང་གཞན་ཕན་གྱིས་སྤེལ་བའི་ཡི་གེ་པ་ནི་ཀུན་བཟང་ཉི་མས་བགྱིས་པའི་དགེ་བས་རྗེས་འཇུག་རྣམས་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། དགེའོ། དགེའོ།། །།


no previousམ་ཅིག་ལབ་ཀྱི་སྒྲོན་མའི་གཅོད་གཞུང་གི་ཆ་ལག་ལས་བཞི་ལྷུན་གྲུབ་ཀྱི་སྦྱིན་སྲེག་གི་ཆོ་གnext