Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
གཅོད་ཀྱི་དབང་སྡུད་ཟིལ་གནོན་རྡོ་རྗེའི་གད་མོ།
   
   
   
   
   
   
   
   
   
   


 
previousགཅོད་ཀྱི་དབང་སྡུད་ཟིལ་གནོན་རྡོ་རྗེའི་གད་མོ།next

གཅོད་ཀྱི་དབང་སྡུད་ཟིལ་གནོན་རྡོ་རྗེའི་གད་མོ།

༄༅། །གཅོད་ཀྱི་དབང་སྡུད་ཟིལ་གནོན་རྡོ་རྗེའི་གད་མོ་བཞུགས། །

ཟབ་དོན་བདུད་ཀྱི་གཅོད་ཡུལ་ལ་ཉེ་བར་མཁོ་བའི་འཁྲུལ་བའི་རྟོག་ཚོགས་དབང་དུ་སྡུད་ཅིང་། ཟིལ་གྱིས་གནོན་པའི་ཐབས་ཟབ་མོ་འདི་བཞིན་ལགས། དང་པོ་དུས་གསུམ་གྱི་རྟོག་ཚོགས་ཐད་ཀར་གཅོད་ཕྱིར། ཕཊཿ ཅེས་བརྗོད་ལ། དྲན་རིག་སོ་མ་ངར་དང་ལྡན་པའི་ངང་ནས། རང་ཉིད་སྐད་ཅིག་གིས་རྒྱ་མཚོ་ཆེན་པོ་ལ་གཟའ་སྐར་འཕྲལ་དུ་ཤར་བ་ལྟར། རང་ལུས་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་འདི་མ་ཡིན་པར་རང་བྱུང་རིག་པའི་རང་རྩལ་ལས་རང་ལུས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་ཕག་མོ་སྐུ་སྟོད་གཟུགས་མེད་ཀྱི་ཁམས་སུ་འགྱིང་བ། སྙིང་ག་ནས་ལྟེ་བའི་བར་གཟུགས་ཀྱི་ཁམས་ཡོངས་སུ་ཁྱབ་པ། སྐུ་སྨད་འདོད་ཁམས་ནས་ངན་སོང་གསུམ་པོའི་གནས་དང་བཅས་པ་འཇིགས་པར་བརྫིས་ནས་གཡོ་འགུལ་ཙམ་ཡང་མི་ནུས་པ། ཆོས་ཉིད་མི་འགྱུར་བའི་རྟགས་སུ་སྐུ་མདོག་མཐིང་ག ལོངས་སྤྱོད་རྫོགས་པའི་དཔལ་དང་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྒྱན་དང་ཆ་ལུགས་མ་ཚང་བ་མེད་པ། སྤྲུལ་སྐུས་གང་ལ་གང་འདུལ་གྱི་གདུལ་བྱ་ཐུགས་རྗེས་མི་གཏོང་བའི་ཕྱིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདུད་འདུལ་ཁྲོས་མ་ནག་མོ་མཐོང་ཞིང་ཐོས་པས་གཟུགས་ཅན་དང་གཟུགས་མེད་ཀྱི་འགྲོ་ཁམས་རྒྱ་མཚོ་སྐྲགས་ཤིང་འདར་ལ་དཔའ་འཁུམས་ནས་ཅི་བྱ་གཏོལ་མེད་ལ་ཐུག་ནས་འདར་ཕྲི་ལི་ལི་བྱེད་ནུས་པའི་བདག་ཉིད་ཅན་དུ་གྱུར་པ། དེ་ཡང་ཞལ་གཅིག་བཟོད་པར་དཀའ་བའི་ཁྲོ་མོའི་བཞིན་གཟུགས་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་། སྤྱན་གཡོན་པར་ཤེས་རབ་ཀྱི་རང་བཞིན་ཉི་མའི་འོད་ཟེར་བསྐལ་མེ་ལྟར་འབར་ཞིང་འཕྲོ་བ། གཡས་པར་ཐབས་ཀྱི་རང་བཞིན་ཟླ་བའི་འོད་ཟེར་དཀར་ལ་འཚེར་བ་དེ་བཞིན་དུ་འཕྲོ་བ། སྤྱན་དབུས་མར་ཐབས་ཤེས་གཉིས་སུ་མེད་པའི་འོད་ཟེར་དཀར་དམར་རབ་ཏུ་འཁྲུགས་པ་འབར་ཞིང་འཕྲོ་བ། དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་ཤིང་ལྷག་མ་གཙུག་གི་རྒྱན་དུ་བཅིངས་པའི་རྣ་ལྟག་གཡས་སུ་ཕག་ཞལ་ནག་པོས་ངུར་སྒྲ་སྒྲོག་པ། དབུས་ཞལ་རབ་ཏུ་གདངས་པས་སྲིད་ཁམས་མ་ལུས་ཡོངས་སུ་ཟ་བར་ནུས་ཤིང་ཚེམས་དང་མཆེ་བ་གངས་རི་ལྟར་གཙིགས་ཤིང་ལྗགས་གློག་དམར་ལྟར་འཁྱུགས་པ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་ཁྲག་གི་ཞམ་ཆུ་འབེབ་པ་ནམ་མཁའི་དབྱིངས་སུ་འཕྱར་ཞིང་གཡུག་པ་ཙམ་གྱིས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། གཡོན་མི་རྐང་གི་གླིང་བུ་སེང་ལྕམ་དཀར་མོའི་ང་རོ་ལས་ཀྱང་ལྷག་པ་བསྒྲགས་པས་གཟུགས་ཅན་གཟུགས་མེད་ཀྱི་འབྱུང་པོ་མཐུ་སྟོབས་ཀྱི་རྩལ་ལ་སྙེམས་པ་ཐམས་ཅད་སྔངས་སྐྲག་འདར་གསུམ་གྱིས་ཡིད་རྩ་ཁོལ་ཞིང་སྙིང་རྩ་འཁྲུགས་པ། ཞལ་ནས་ཧཱུཾ་ཧཱུཾ་དང་ཕཊ྄ཿཕཊ྄ཿ ཕེཾ་ཕེཾ་གྱི་སྒྲ་དྲག་པོ་འབྲུག་སྟོང་དུས་ག ཅིག་ཏུ་སྒྲོག་པའི་སྒྲ་ལྟ་བུ་བསྒྲགས་པས། འཇིག་རྟེན་གྱི་ཁམས་རྣམས་གཡོ་ཞིང་འགུལ་བར་བྱེད་ནུས་པ། རུས་པའི་རྒྱན་ཕྱག་རྒྱ་ལྔ་སོགས་ཁྲོ་མོའི་ཆས་ཐམས་ཅད་ཀྱིས་ཡོངས་སུ་སྤུད་ནས་རྔམ་ཞིང་འཇིགས་པར་བྱས་པ། འཆི་བདག་གཤིན་རྗེའི་དཔུང་ཚོགས་ཡང་འདར་ཞིང་ཡ་ང་བའི་གནས་ལ་འགོད་པར་བྱེད་པ། དེ་ལྟ་བུའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེན་མོ་ཁམས་གསུམ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བའི་ཐུགས་ཀ་ནས་ཚད་མེད་པ་བཞིའི་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པའི་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་འཇིག་རྟེན་གྱི་ཁམས་ཁྱབ་པ་སྤྲོས་པས། གནས་གདོན་ལུས་གདོན་གྱི་གཙོར་བྱས་ལོག་འདྲེན་འབྱུང་པོའི་ཚོགས་རྣམས་ན་བུན་འཐོར་རླུང་གིས་དེད་པའམ། ར་ལུག་སེར་བས་བདས་པ་ཇི་བཞིན་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་རང་མདུན་ལྕགས་ཁང་གྲུ་གསུམ་འབར་བའི་ནང་གི་དམིགས་རྟེན་མཚན་མ་རྫས་ཀྱི་ལིང་ག་སོགས་དང་དབྱེར་མེད་དུ་གྱུར་བར་བསམ་ཞིང་། གཡང་གཞི་རྡེབ་པ་དང་རྐང་གླིང་འབུད་ཅིང་ཕཊཿསྒྲ་དྲག་པོ་མང་དུ་སྒྲོག་པ་སོགས་བྱས་ནས་སླར་ཡང་འདི་ལྟར་རོ། ཧཱུཾ། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །གནས་ཀྱི་མཆོག་གྱུར་ཨོ་རྒྱན་གླིང་། །དྷུ་མ་ཐཱ་ལ་མཁའ་འགྲོའི་གྲོང་། །དུར་ཁྲོད་ཆེན་པོ་བརྒྱད་རྣམས་དང་། །ཡུལ་ཆེན་ཉེར་བཞི་གནས་སོ་གཉིས། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས། །མཁའ་འགྲོའི་གཙོ་མོ་ཝ་ར་ཧི། །ཡེ་ཤེས་འཇིག་རྟེན་མཁའ་འགྲོ་དང་། །དམ་ཚིག་ཤ་ཟ་མཁའ་འགྲོ་སོགས། །དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །མ་ལུས་ལུས་པ་མེད་པའི་འཁོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པར་མཛོད། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ མ་ཞིང་ཆེན་གཡང་གཞི་ཕྱོགས་བཞི་དང་། །མཚམས་བཞི་སྟེང་འོག་གཉིས་དང་བཅུར། །འཕྱར་ཞིང་གཡུགས་པས་ཕྱོགས་བཅུ་ཡི། །ལྷ་འདྲེ་འབྱུང་པོའི་ཚོགས་རྣམས་ཀུན། །དབང་དུ་སྡུད་ཅིང་ཟིལ་གྱིས་གནོན། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ སྣང་སྲིད་འཁོར་བའི་འགྲོ་བ་རྣམས། །མ་རིག་གསུམ་དང་རྐྱེན་བཞི་ཡིས། །འཁྲུལ་བའི་ས་བོན་བཏབ་པ་ཡིས། །རྣམ་རྟོག་མ་རིག་ཆེན་པོ་དེ། །འཁོར་བར་ལྟུང་བྱེད་རྒྱུ་ཡིན་པས། །དེ་ཡིས་ཕོ་གདོན་རྒྱལ་འགོང་དང་། །མོ་གདོན་བསེན་མོ་ཀླུ་གདོན་ཡང་། །ཐེའུ་རང་འགོང་པོའི་ཚོགས་རྣམས་བསྐྲུན། །དེ་སོགས་འཁོར་བའི་ལྷ་འདྲེ་ཀུན། །རང་བྱུང་རིག་པའི་རྩལ་ཆེན་གྱིས། །འཁྲུལ་པའི་རྟོག་ཚོགས་ལས་གྱུར་པའི། །ཉོན་མོངས་བརྒྱད་ཁྲི་དབང་དུ་སྡུས། །དབང་དུ་བསྡུས་ལ་ཟིལ་གྱིས་ནོན། །སླར་ཡང་ལྡང་མེད་ཀློང་དུ་སྟིམས། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཕྱི་ལྟར་སྣང་ཞིང་སྲིད་པའི་འཁྲུལ་སྣང་གིས། །ཀུན་ནས་ཀུན་ཏུ་བསྐྱེད་པའི་རྟོག་ཚོགས་དང་། །ནང་ལྟར་ང་བདག་འཛིན་པ་ལས་བྱུང་བའི། །ཕུང་པོ་ལྔ་ལ་ང་ཡིར་འཛིན་པའི་སེམས། །གསང་བ་གནས་ལུགས་དོན་ལ་རྟག་ལྟ་དང་། །ཆད་པར་ལྟ་སོགས་མཐའ་བརྒྱད་ལྟ་བ་དང་། །འཇིགས་ཚོགས་སུམ་བརྒྱ་དྲུག་ཅུ་ལས་གྱུར་པའི། །རྩ་བ་ཀུན་རྫོབ་དོན་དམ་གོ་ལྡོག་སྐྱོན། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ནད་དང་གདོན། །ཐམས་ཅད་དབང་དུ་སྡུས་ལ་ཟིལ་གྱིས་ནོན། །མ་ཅིག་ཡུམ་ཆེན་བཀའ་ལས་འདའ་མེད་གྱུར། །མདོར་ན་ཕན་བྱེད་ལྷ་དང་གནོད་བྱེད་འདྲེ། །དཀར་ནག་དགེ་དང་མི་དགེར་འཛིན་པའི་ཆོས། །ཐམས་ཅད་སྐྱེ་འགག་མེད་པའི་སྟོང་དབྱིངས་སུ། །ཟིལ་གྱིས་མནན་ནས་སྣང་མཆེད་ཐོབ་པའི་སྤྲིན། །མཁའ་དབྱིངས་གནས་ལུགས་ངང་དུ་འུབ་ཆུབ་གྱུར། ཕཊ྄ཿ ཕཊ྄ཿ ཕཊ྄ཿ དེ་ནས་གཅོད་གཞུང་གང་རུང་ལ་འཇུག་པ་ལག་ལེན་རྣམ་དག་གོ། ཞེས་གཅོད་ཀྱི་དབང་སྡུད་ཟིལ་གནོན་རྡོ་རྗེའི་གད་མོ་འདི་ནི་རང་སློབ་འཇིགས་མེད་མཆོག་ལྡན་གྱི་ངོར་བྱ་བྲལ། རྡོ་བླས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག དགེའོ། དགེའོ། དགེའོ།


previousགཅོད་ཀྱི་དབང་སྡུད་ཟིལ་གནོན་རྡོ་རྗེའི་གད་མོ།next