Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལསཿ གདོན་འདུལ་ཁྲོས་མའི་ཞལ་ལུང་།
   
   
   
   
   
   
   
   


 
previousགཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལསཿ གདོན་འདུལ་ཁྲོས་མའི་ཞལ་ལུང་།next

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལསཿ གདོན་འདུལ་ཁྲོས་མའི་ཞལ་ལུང་།

༄༅། །གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལསཿ གདོན་འདུལ་ཁྲོས་མའི་ཞལ་ལུང་བཞུགས་སོ།

བྱང་ཆུབ་རྡོ་རྗེའི་བླ་མ་ལ། བཏུད་ནས་གཅོད་ཀྱི་ལས་ཚོགས་སུ། གདོན་འདུལ་ཁྲོས་མའི་ཞལ་ལུང་ཞེས། ཚིག་ཉུང་དོན་བསྡུས་འདི་བཞིན་སྤྲོ། དེ་ཡང་རྒྱུད་ལས། དྲག་སྤྱོད་རྩུབ་པའི་རྣལ་འབྱོར་ལས་སྣ་ཚོགས། མདོར་བསྡུས་འགུགས་བསྒྲལ་གཉིས་སུ་འདུ་ཞེས་གསུངས་པ་ལྟར། དང་པོ་ལའང་ལྔ་ལས། ཐོག་མར་བདག་ཉིད་ལྷར་གསལ་ཞིང་གཟུ་མགྲོན་འགུགས་པ་ནི། ཕཊཿ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས། །འགག་མེད་མཁའ་ལ་འཇའ་སྣང་བཞིན། །བདག་ཉིད་རྡོ་རྗེ་རྣལ་འབྱོར་མར། །གསལ་པའི་ཐུགས་ཀར་ཡེ་ཤེས་སེམས། །འཇིགས་བྱེད་ཆེན་མོ་ལས་འོད་འཕྲོས། །འཁོར་འདས་མགྲོན་རྣམས་སྤྱན་དྲངས་གྱུར། །གཉིས་པ་གཟུ་དཔང་གསོལ་བ་ནི། ཧོ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །མངོན་སྤྱོད་ལས་ཀྱིས་གདུལ་དཀའི་འགྲོ། །ཐར་བར་སྦྱོར་ལ་འཁོར་འདས་མགྲོན། །ཀུན་ནས་གཟུ་དཔང་རྒྱབ་རྟེན་མཛོད། །ཞི་རྒྱས་དབང་གིས་མ་ཐུལ་བའི། །ཉམས་པ་བདུན་གྱི་དགྲ་བགེགས་ལ། །ཨ་བྷི་ཙཪྱའི་ལས་སྦྱོར་ཞེས། རྒྱལ་བ་རྡོ་རྗེ་འཆང་གི་བཀའ། །དེས་ནི་བདག་ཅག་གསང་སྔགས་ཀྱི། །བསྟན་ལ་ཞུགས་པའི་དོན་འབྲས་སུ། །གདུལ་དཀའི་འགྲོ་རྣམས་སྒྲོལ་བ་ལས། །བསམ་བྱ་གཞན་ཞིག་མི་གནས་ཕྱིར། གཞི་དབྱིངས་འགྱུར་མེད་ཀུན་བཟང་མོའི། གཞི་སྣང་མཆེད་པའི་ཡེ་ཤེས་ལྔའི། དབྱིངས་ལས་དབང་བསྒྱུར་མཁའ་འགྲོའི་ཚོགས། རྒྱུད་ལྔའི་འགྲོ་སྒྲོལ་གྲོགས་ལ་བཞེངས། གསུམ་པ་དགོས་པ་ཁྱད་པར་ཅན་གྱི་རྒྱུ་མཚན་སྨོས་པ་ནི། ཧོ། དོན་ལ་ཡེ་ནས་གཉིས་མེད་ཀྱང་། །མ་རྟོགས་འཁྲུལ་པའི་ཤེས་ངོ་ལ། །སྣོད་བཅུད་བརྟན་གཡོ་སྐྱེ་འཇིགས་སོགས། །སྣང་ཞེན་ཆགས་པའི་རྟེན་དུ་གྲུབ། །དེར་བརྟེན་ལྷ་དང་འདྲེ་བགེགས་ཞེས། །མ་དག་གཞན་དབང་ལམ་སྣང་ཚོགས། །ཀུན་བརྟགས་གདོན་གྱི་ཆོ་འཕྲུལ་ཡིན། །དེ་རིང་བརྟུལ་ཞུགས་ལམ་སློང་ཕྱིར། །ཡོངས་གྲུབ་རྟོགས་པའི་འཕྲུལ་འཁོར་གྱིས། །ང་བདག་ལྷ་འདྲེ་ཨར་ལ་གཏད། །ཕཊཿ གཞི་བ་བྲུབ་ཁུང་བསྐྱེད་ཅིང་བླ་ཡི་འགུགས་པ་ལའང་རྒྱས་བསྡུས་གཉིས་ལས། སྔ་མ་ནི། ཨེ། ཀུན་བརྟགས་མ་རིག་ལས་བྱུང་གཟུང་འཛིན་དགྲ། །གཞན་དབང་སྐུ་གསུམ་ཀློང་དུ་གསོད་པའི་ཕྱིར། །ཡོངས་གྲུབ་རྣམ་ཐར་གསུམ་ལྡན་ཧོཾ་ཁུང་ནི། །རྒྱ་ཆེ་གཏིང་ཟབ་ཐར་མེད་གཤིན་རྗེའི་ཞལ། །ཐེག་རིམ་དགུ་ཡི་སྒོ་འཕར་དབྱེར་མེད་ནང་། །རང་བྱས་ལས་ཀྱི་རང་གཟུགས་དམྱལ་བའི་མེའི། །ཀློང་དུ་ཪྣྲྀ་ཏྲི་ཡོངས་གྱུར་ཉམས་བདུན་ལྡན། །བསྒྲལ་འོས་ཞིང་བཅུ་ཚང་བའི་དགྲ་དང་བགེགས། །འཆི་ལྟས་ཀུན་གྱིས་བཀྲག་མདངས་ཟད་པའི་རོ། །དབྱིངས་གནས་པྲེ་ཏ་ཀ་ཡི་བརྟུལ་ཞུགས་ཅན། །སྙིང་ནང་ཁྲག་གི་དྭངས་མའི་ཐིག་ལེའི་དབུས། །ཚེ་བསོད་ལྷག་མ་ཡོངས་འདུས་ཨཿདཀར་དང་། །རྣམ་ཤེས་ཪྣྲྀ་ཡིག་གསལ་བ་ལས་འོད་འཕྲོས། །ཐར་ལམ་གེགས་བྱེད་བསྟན་འགྲོར་འཚེ་བའི་རིགས། །ཁབ་ལེན་རྡོ་ཡིས་ལྕགས་ཀྱི་ཕྱེ་མ་བཞིན། །སྐད་ཅིག་དམིགས་པའི་རྟེན་དང་རོ་གཅིག་གྱུར། །ན་མོ། སྐྱེ་མེད་ཆོས་སྐུའི་ངོ་བོ་ཡུམ་ཆེན་མོ། །འགག་མེད་ལོངས་སྐུའི་བདག་ཉིད་བདག་མེད་མ། །ཟུག་འཇུག་རྡོ་རྗེའི་དབྱིངས་ཡུམ་ཝ་ར་ཧིའི། །རྣམ་རོལ་ཀཽ་སེང་དབང་ཕྱུག་བསྟན་མ་སོགས། །རྩ་གསུམ་ལྷ་ཡི་འཁོར་ལོ་ཌཱཀྐི་མར། །ཡོངས་ཤར་རྒྱལ་བ་རྒྱ་མཚོའི་དཔལ་ཡོན་དང་། །སྔགས་འཆང་བདག་གི་ལྷ་སྔགས་ཏིང་འཛིན་མཐུས། །བསྟན་དང་འགྲོ་ལ་འགལ་རྐྱེན་སྦྱོར་བའི་རིགས། །སྤྱི་དང་ཁྱད་པར་བསྲུང་བྱ་ལ་གནོད་པའི། །གདོན་ཚོགས་གཟུགས་བརྙན་འདི་ལ་ཁུག་ཅིག་ཛ༔ །ཞེས་དང་བསྡུ་ན། ཨེ། རྣམ་ཐར་གསུམ་གྱི་ཧོམ་ཁུང་ནང་། །ཀུན་རྫོབ་མཚན་མའི་མིང་གཟུགས་སུ། །མ་རིག་ལས་བྱུང་བདག་ལྟའི་དགྲའི། །བླ་ཡིད་དོན་དམ་བདེན་མཐུས་ཁུག །དེ་ལྟར་རྒྱས་བསྡུས་གང་ལ་ཡང་། ལྔ་པ་ཕྱག་རྒྱ་བཞིས་བདུད་བཞི་ཐོགས་མེད་འགུགས་པ་ནི་ལམ་འདིའི་ཁྱད་ཆོས་ཡིན་ཏེ། ཛཿ འགག་མེད་རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མས། །བྱམས་པ་ཚད་མེད་ལྟ་བའི་བརྟུལ་ཞུགས་ཀྱིས། །དགའ་བྲོད་རྟག་པར་ལྟ་བ་ལྷའི་བུའི་བདུད། །ཀློང་གྱུར་ཡེ་ཤེས་རྡོ་རྗེའི་ལྕགས་ཀྱུས་ཁུག །ཧཱུཾ། མཉམ་ཉིད་བདེ་བ་ཆེན་པོའི་མཁའ་འགྲོ་མས། །སྙིང་རྗེ་ཚད་མེད་སྒོམ་པའི་བརྟུལ་ཞུགས་ཀྱིས། །ཐོགས་མེད་ཆད་པར་ལྟ་བ་ཉོན་མོངས་བདུད། །འདའ་ཀ་ཡེ་ཤེས་རྡོ་རྗེའི་ཞགས་པས་ཆིངསཿ །བཾ་སྣ་ཚོགས་རྟོག་པ་པདྨ་མཁའ་འགྲོ་མས། །དགའ་བ་ཚད་མེད་སྤྱོད་པའི་བརྟུལ་ཞུགས་ཀྱིས། །ཐོགས་བཅས་བདུད་དུ་ལྟ་བ་ཕུང་པོའི་བདུད། །དབྱིངས་གྲོལ་ཡེ་ཤེས་རྡོ་རྗེའི་སྒྲོག་གིས་སྡོམས༔ །ཧོཿ བྱ་བ་ཡོངས་གྲུབ་ལས་ཀྱི་མཁའ་འགྲོ་མས། །བཏང་སྙོམས་ཚད་མེད་འབྲས་བུའི་བརྟུལ་ཞུགས་ཀྱིས༔ །སྙེམས་བྱེད་མཚན་མར་ལྟ་བ་འཆི་བདག་བདུད། །མཐའ་གྲོལ་ཡེ་ཤེས་རྡོ་རྗེའི་དྲིལ་བུས་སྣུན། །ཞེས་པའི་མཐར། ཛ༔ཧཱུཾ་བཾ་ཧོ་ཪྣྲྀ་ཏྲིཿཨཾ་གུ་ཤ་ཛཿ བརྒྱ་རྩ་སོགས་བཟླས། དང་པོ་ཡེ་ཤེས་དབྱིངས་བསྐུལ་ནི། ཨ། དོན་དམ་འདུས་མ་བྱས་ཀྱི་རང་གདངས་ལས། །ཀུན་རྫོབ་དགེ་བ་བཅུ་ཡི་རྣམ་འགྱུར་ཅན། །ཐབས་ཆེན་ཁྲོ་རྒྱལ་རྣམས་ཀྱི་གསང་བའི་ཡུམ། །རྡོ་རྗེ་སྒྲ་འབྱིན་སློགས་ཁྲོ་མོ་བཅུ། །མི་དགེ་དང་དུ་ལེན་པའི་སྡིག་ཅན་གདོན། །ས་བཅུའི་ཡོན་ཏན་འཐོབ་ཕྱིར་དབྱིངས་ནས་བསྐུལ། །གཉིས་པ་ཕོ་ཉ་སྒོས་བསྐུལ་ནི། ཛཿ དབྱིངས་ཀྱི་ཡེ་ཤེས་མཁའ་འགྲོའི་དམ་ཅན་མ། །ལས་མཁན་མ་མོ་བཅུ་གཉིས་འདིར་བྱོན་ལ། །དམིགས་བྱའི་སྐྱེ་མཆེད་བཅུ་གཉིས་གཞོམ་པ་དང་། །བདེན་དོན་ཡན་ལག་བཅུ་གཉིས་མངོན་གྱུར་མཛོད། །གསུམ་པ་ཐུན་དབབ་ཅིང་བསྒྲལ་བ་དངོས་ལའང་གཉིས་ལས། དང་པོ་ཤེས་རབ་སྟོང་ཉིད་ངང་དུ་གསོད་པའི་ལས་སྦྱོར་ནི། ཨཿ །གཤེད་གཞི་མཉམ་ཉིད་ཡངས་པའི་ཐང་ཆེན་པོར། །ལིང་སྣོད་ཆོས་དབྱིངས་སྒྲོམ་དུ་ཐོགས་མེད་ངང་། །སྟོང་ཉིད་ཡེ་ཤེས་རྡོ་རྗེས་བཀུག་པའི་བགེགས། །མྱོས་བྱེད་སོ་སོར་རྟོགས་པའི་དུག་ཐུན་དབབ། །སྲོག་རྩ་བྱ་བ་གྲུབ་པའི་རལ་གྲིས་གཏུབས། །མ་རིག་ཚོགས་པ་བརྒྱད་ཀྱི་གདུག་འདྲེའི་དཔུང་། །སྐྱེ་འགག་བྲལ་བ་ཟུར་གསུམ་ཕུར་བས་བསྒྲལ། །ཚེ་ཁྲུས་གཉིས་ཀྱིས་ཚོགས་གཉིས་ཡོངས་སུ་རྫོགས། །ཨ་ཨ་ཨཿ གཉིས་པ་ཐབས་མཆོག་སྙིང་རྗེའི་བདག་ཉིད་དམ་ཚིག་ཏུ་གསོད་པའི་ལས་སྦྱོར་ནི། ཕཊཿ མཚན་མ་རྫས་ཀྱི་སྲས་མཆོག་ཀི་ལཱ་ཡའི། །དབལ་རྩེ་ཧཱུཾ་དང་ཕཊ་ཀྱི་འཕྲོ་འདུ་ཡིས། །ཨ་ཡིག་བདག་ལ་དབབ་པས་ཚེ་བསོད་རྒྱས། །ཪྣྲྀཿཡིག་གནས་འགྱུར་ཡེ་ཤེས་ཕུང་པོ་ཉིད། །དཔལ་ཆེན་ཡབ་ལ་བསྟིམ་པའི་ཞུ་བདེའི་འགྲོས། །མཁའ་དབྱིངས་ཡེ་ཤེས་རྡོ་རྗེའི་སྲས་སུ་བསྐྲུན། །ཨ་ཪྣྲྀ་ཧཱུཾཿ ཕཊཿ ཕཊཿ ཕཊཿ ས་བཅད་བཞི་བ་ཞལ་བསྟབ་ནི། ཧོཿ དོན་གྱི་ཕག་མོ་རྡོ་རྗེ་བདག་མེད་མའིཿ །རྣམ་རོལ་གནས་དང་ཡུལ་གྱི་དཔའ་བོ་གིང་། །འཇིག་འདས་གཉིས་ལ་དབང་བསྒྱུར་མ་ཚོགས་ཀྱིས། །གཟུང་འཛིན་བདག་ལྟའི་དགྲ་བགེགས་ཡོངས་བསྒྲལ་ཤ། །ཆགས་ཆེན་ཁྲག་གིས་སྦགས་པའི་བཟའ་བཏུང་འདི། །གཉིས་མེད་ཡེ་ཤེས་རྩལ་གྱིས་དགྱེས་བཞེས་ལ། །སྙིང་རྗེའི་མཚོན་གྱིས་བསད་པའི་རྣམ་པར་ཤེས། །སྐྱེ་མེད་དབྱིངས་སུ་གསོ་བའི་ཕྲིན་ལས་སྒྲུབས། །སརྦ་ཌཱཀྐི་ས་མ་ཡ་མཾ་ས་རཀྟ་ཀོ་རོ་ཙ་ན་ཀེཾ་ནི་རི་ཏ་ཁ་ཧི། ལྔ་པ་སྨོན་ལམ་གྱི་རྒྱས་གདབ་པ་ནི། དེ་ལྟར་མཉམ་བཞག་རྟོགས་པས་བདག་བསྒྲལ་ནས། །རྗེས་ཐོབ་སྙིང་རྗེའི་རྩལ་གྱིས་གཞན་སྒྲོལ་བ། །རྡོ་རྗེའི་ལམ་གྱི་ཁྱད་པར་ཆོས་ཡིན་ཕྱིར། །འཚེངས་པ་ལྔའི་ཡོན་ཏན་མངོན་གྱུར་ཤོག །དེ་ལྟར་ཁྲོས་མའི་ཞལ་ལུང་གི། གདོན་འདུལ་གདུག་པ་ཚར་གཅོད་འདི། ཀླུ་སྒྲུབ་སྙིང་པོའི་ཡང་སྤྲུལ་གར། བྱང་ཆུབ་རྡོ་རྗེའི་ཞབས་པད་རྡུལ། གཙུག་ཏུ་སོན་པའི་སྔགས་ལམ་པ། ཨཱཪྱ་དྷེ་སབའི་ཡིད་ངོས་ལ། གང་ཤར་ཐོགས་མེད་ཚུལ་གྱིས་བྲིས། དེ་ཕྱིར་ཡམ་ཤུད་དམར་པོ་ཡིས། བཀའ་འདི་སྲུངས་ཤིག་ས་མ་ཡ། དགེ་བས་གདོན་ཚོགས་སངས་རྒྱས་ཤོག །ཡི་གེ་པ་ནི་བླ་མ་སངས་རྒྱས་སུ་མཐོང་བའི་སྔགས་རྒན་དྷརྨཱ་ས་རས་བགྱིས་པ་སྟེ་ཐོག་མཐའ་བར་གསུམ་དུ་དགེ་བར་གྱུར་ཅིག །བཀྲ་ཤིས་སོ།། །།


previousགཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལསཿ གདོན་འདུལ་ཁྲོས་མའི་ཞལ་ལུང་།next