Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
གཅོད་ཡུལ་མཁན་འགྲོའི་གད་རྒྱངས་ལསཿ རིགས་དྲུག་གནས་འདྲེན་བྱང་ཆུབ་ལམ་བཟང་།
   
   
   
   
   
   
   


 
previousགཅོད་ཡུལ་མཁན་འགྲོའི་གད་རྒྱངས་ལསཿ རིགས་དྲུག་གནས་འདྲེན་བྱང་ཆུབ་ལམ་བཟང་།next

གཅོད་ཡུལ་མཁན་འགྲོའི་གད་རྒྱངས་ལསཿ རིགས་དྲུག་གནས་འདྲེན་བྱང་ཆུབ་ལམ་བཟང་།

༄༅། །གཅོད་ཡུལ་མཁན་འགྲོའི་གད་རྒྱངས་ལསཿ རིགས་དྲུག་གནས་འདྲེན་བྱང་ཆུབ་ལམ་བཟང་བཞུགསཿ

མངོན་པར་བྱང༵་ཆུབ༵་མཆོག་གི་སྐུ། །དཔལ་ལྡན་བླ༵་མ༵ར་མགོས་བཏུད་ནས། །གདོན་འདུལ་ཁྲོས་མའི་ཞལ་ལུང་གི། །ཟུར་རྒྱན་བྱང་ཆུབ་ལམ་བཟང་ནི། །སྟོང་ཉིད་ཡེ་ཤེས་ཁྱབ་གདལ་ཀློང་། །སྙིང་རྗེའི་རང་གདངས་གསལ་ལ་དྭངས། །འགྲོ་ཀུན་ཕ་མར་ཤེས་པའི་བློས། །ཚིག་དོན་དྲན་པས་འདི་སྐད་དོ། །བསྐྱེད་པ་ནི། ཨཿ བསམ་བརྗོད་བྲལ་བའི་ངང་ཉིད་ལས། །མ་འགག་རྩལ་སྣང་ལྷག་པའི་ལྷ། །ཟག་བྲལ་བདེ་ཆེན་རྡོ་རྗེའི་སྐུ། །དམ་ཚིག་ཡེ་ཤེས་གཉིས་སུ་མེད། །སྣང་སྟོང་སྒྱུ་མའི་སྐུར་སྣང་བའི། །མིང་བྱང་བསྐྱེད་པ་ནི། མདུན་དུ་སྲིད་པ་འཕོ་འགྱུར་གྱི། །འཁྲུལ་བར་སྤྱོད་པའི་ཡིད་ཀྱི་ལུས། །བར་མ་དོ་རུ་འཕྱན་པའི་འགྲོ། །རྣམ་ཤེས་མིང་གཟུགས་དབྱེར་མེད་གྱུར། །བདེན་བརྗོད་ནི། ན་མོ། རིན་ཆེན་གསུམ་དང་རྒྱུ་འབྲས་རྟེན་འབྲེལ་དང་། །རྒྱལ་དང་དེ་སྲས་དཀྱིལ་འཁོར་འཁོར་ལོ་ཡི། །ལྷ་སྔགས་ཏིང་འཛིན་སྙིང་རྗེའི་སྟོབས་ཤུགས་ཀྱིས། །ཚེ་འདས་རྣམ་ཤེས་ཁུག་ཅིག་ཛཿཧཱུཾ་ཨཱ། །དྲན་དང་ཤེས་བཞིན་དད་པས་ཏིཥྛ་ལྷན། །བགེགས་གཏོར་ནི། གཟུང་འཛིན་ལོག་པར་རྟོག་པའི་རྐྱེན་སྣང་ལས། །ཤར་ཞིང་ཐར་བ་བྱང་ཆུབ་གེགས་བྱེད་པ། །ཀུན་བཏགས་གདོན་བགེགས་གཤེད་བྱེད་འབྱུང་པོའི་ཚོགས། །གཏོར་མས་ཚིམས་ཤིང་རང་སར་བཛྲ་མུཿ །སརྦ་བྷུ་ཏ་གཙྪ། སྲུང་འཁོར་ནི། ཡེ་ཤེས་ལྔ་ལྡན་འཇའ་འོད་གུར་ཁྱིམ་ཀློང་། །རང་ཤར་རྒྱལ་བའི་ཞིང་གི་བཀོད་པ་རུ། །བདེར་གནས་བག་ཕེབས་དགའ་མགུ་རངས་པའི་སེམས། །འདུན་པ་་རྩེ་གཅིག་ཡིད་ཀྱིས་གནས་པར་གྱུར། སྡིག་པ་སྦྱོང་བ་ནི། ཐོག་མེད་དུས་ནས་ལས་ངན་དབང་གྱུར་པའི། །སྡིག་ལྟུང་ཉེས་སྒྲིབ་ཡི་གེ་ཀཾ་ནག་པོ། །སྙིང་གར་ཤར་བ་རླུང་གིས་ཕྱིར་གཞོལ་ཏེ། །ཚངས་གྲངས་སྦྱོར་བས་རང་བཞིན་རྣམ་པར་དག །ༀ་སརྦ་པཱ་པཾ་ད་ཧ་ན་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། རིགས་དྲུག་གནས་འདྲེན་ནི། བག་ཆགས་ལས་ཀྱི་རྐྱེན་སྣང་ལས་གྲུབ་པའི། །རིགས་དྲུག་སྲིད་པའི་རང་གཟུགས་གྲོང་ཁྱེར་དྲུག །ཨ་ཪྣྲྀ་སུ་ཏྲི་པྲེ་དུ་ལས་འཕྲུལ་བའི། །བག་ཆགས་རྐྱེན་སྣང་ཉམ་ངའི་གནས་སུ་ཤར། །རང་ཉིད་ལྷག་པའི་ལྷ་ཡི་གནས་དྲུག་ཏུ། །ཆོས་ཉིད་རིག་པའི་རྩལ་སྣང་ཡེ་ཤེས་དྲུག །རྒྱལ་བ་རིགས་དྲུག་ལོངས་སྐུ་མཚན་དཔེར་རྫོགས། །ཐབས་ཤེས་དབྱིངས་སྦྱོར་བདེ་སྟོང་འདུ་འབྲལ་མེད། །ཐུགས་རྗེའི་རང་རྩལ་ཐུབ་དྲུག་སྤྲུལ་པའི་སྐུ། །མར་མེ་གཅིག་ལས་གཉིས་སུ་མཆེད་པ་ལྟར། །འཕྲོས་པའི་སྐུ་ལས་བདུད་རྩིའི་སྤྲིན་ཆར་གཡོས། །འདི་ནི་ཕ་རོལ་ཕྱིན་དྲུག་དག་བྱེད་རྒྱུན། །བག་ཆགས་དྲུག་སྦྱངས་རིགས་དྲུག་འཁོར་བ་སྟོང་། །ཡེ་ཤེས་རྡོ་རྗེའི་གོ་འཕང་མངོན་གྱུར་ནས། །ཞིང་ཁམས་རྒྱ་མཚོར་དབུགས་འབྱིན་ཐོབ་པར་ཤོག །ཆོས་བཤེད་པ་ནི། ཀྱཻ་མ། ཉོན་ཅིག་སྐལ་ལྡན་ཚེ་འདས་རིགས་ཀྱི་བུ། །རང་རིག་དྲི་བྲལ་ཡེ་སངས་རྒྱས་པའི་ངང་། །མཉམ་པར་བཞག་པས་ཆོས་སྐུའི་རང་ཞལ་མཐོང་། །ཀུན་བརྟག་མ་རིག་གདོན་རྐྱེན་དབྱིངས་སུ་སྒྲོལ། །གཞན་དབང་འཁྲུལ་པའི་སྒྲིབ་གཉིས་རང་སར་དག །ཡོངས་གྲུབ་བདེ་གཤེགས་གཞོན་ནུ་བུམ་སྐུར་མཇལ། །བདེ་ཆེན་ཡེ་ཤེས་འཁོར་ལོར་དབང་བསྒྱུར་ཤོག །ཟས་གཏད་ནི། ཨེ་མ། རྟོག་ཚོགས་སྲེད་པའི་ཡུལ་སྣང་དུ། །འདོད་ཡོན་ལོངས་སྤྱོད་རྒྱན་དུ་ཤར། །ཞེན་བྲལ་སྒྱུ་མར་རོལ་པའི་མདངས། །སྣང་ངོར་ཟག་མེད་བདེ་བར་རོལ། །སརྦ་པཱུ་ཙ་ཧོ། འཕོ་བ་ནི། །ཆོས་ཅན་སྲིད་པའི་སྒྱུ་ལུས་དག་པའི་སྐུར། །ཆོས་ཉིད་ཡེ་ཤེས་བདེ་སྟོང་ལྷན་སྐྱེས་ངང་། །རང་བཞིན་རྣམ་དག་འདུས་མ་བྱས་དབྱིངས་སུ། །དབྱེར་མེད་ཐུགས་ཀྱི་ཐིག་ལེའི་ཀློང་དུ་ཨ། ཕཊཿ ཕཊཿ ཕཊཿ སྨོན་ལམ་ནི། རྣམ་དག་བསམ་པ་དག་པའི་ས་བོན་ལས། །བདེན་གཉིས་བསླུ་མེད་སྨོན་ལམ་དག་པའི་མཐུས། །མར་གྱུར་སྲིད་པའི་གནས་ལ་འཕྱན་པའི་འགྲོ། །ཐམས་ཅད་རྡོ་རྗེ་འཛིན་དབང་མངོན་འགྱུར་ཤོག །གྲུབ་པའི་དབང་ཕྱུག་ཀུན་བཟང་གཞན་ཕན་གྱི། བྱིན་བརླབས་འཕོ་བ་གྲོང་ཞུགས་ཨཪྱ་དེར། གསུང་གི་བདུད་རྩིའི་འོད་དཀར་སྙིང་ལ་སིམ། ངག་དབང་འཇིགས་མེད་ཐུགས་ཀྱི་ཀུ་མུ་ཏ། དབྱངས་ཅན་དགྱེས་པའི་ཟླ་བ་ཤར་དེས་སྤེལ། གནས་མཆོག་ཀཿཐོག་སེང་གེའི་སྤྱི་བོར་རྒྱལ། ཐོག་མཐའ་བར་དུ་དགེ་ཞིབ་ཛ་ཡནྟུ། དགེའོ། དགེའོ། དགེའོ།། །།


previousགཅོད་ཡུལ་མཁན་འགྲོའི་གད་རྒྱངས་ལསཿ རིགས་དྲུག་གནས་འདྲེན་བྱང་ཆུབ་ལམ་བཟང་།next