Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
གཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི་སྙིང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་གསེར་འཁོར།
   
   
   
   
   
   


 
previousགཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི་སྙིང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་གསེར་འཁོར།next

གཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི་སྙིང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་གསེར་འཁོར།

༄༅། །གཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི་སྙིང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་གསེར་འཁོར་ཞེས་བྱ་བ་བཞུགསཿ

སྐྱེ་མེད་ཆོས་སྐུ་ཀུན་བཟང་ཡུམ་ཆེན་མོ། །འགག་མེད་ལོངས་སྐུ་ཕག་མོ་རིགས་ལྔ་ཡུམ། །གང་འདུལ་སྤྲུལ་སྐུ་མཚོ་རྒྱལ་ལབ་སྒྲོན་སོགས། །མ་རྒྱུད་མཁའ་འགྲོའི་ཡབ་གཅིག་བླ་མར་འདུད། །བདུད་བཞི་དབྱིངས་སུ་གཅོད་བྱེད་ལབ་སྒྲོན་མའི། །སྙིང་ཐིག་ཟབ་གནད་ལས་ཀྱང་ཆེས་ཟབ་དོན། །གཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི། །སྙིང་པོ་བྱེ་མར་ཐོན་པའི་གསེར་འདི་འོ། །དེ་ལ་གཅོད་ཀྱི་ཡར་གཞི་བཅའ་ཤོམ་སོགས། །སྤྲོས་པ་ཆེ་ཆུང་དང་བསྟུན་སོམ་ཉི་སྤངས། མར་གཞི་ནག་པོར་རི་སྣ་གསུམ་གྱི་རྡོ། །བླངས་ལ་སྒྱེད་པུའི་ཚུལ་བཙུགས་དེ་ཡི་ཁར། །ཁྲག་གིས་གྲུ་གསུམ་བྲིས་པའི་སླང་འཛུགས། །དེའི་ཁར་གྲི་གསུམ་ལྟག་པ་ཕྱིར་བསྟན་ནས། །ཧོམ་ཁུང་ཚུལ་དུ་བཞག་པའི་མཐའ་སྐོར་དུ། །འོག་གི་འདོན་ཆར་མཐུན་པའི་རྫས་རྣམས་དང་། །ཕུར་བུ་གཅིག་ཀྱང་གདན་ལ་བཙུགས་ཏེ་བཞག །དེ་ནས་ལིང་ག་བྲི་བ་ལ་རྒྱས་པར་ན་གཅོད་འདུལ་ལྟར་དང་། །བསྡུ་ན་ཤི་སྲི་ཤ་བའི་མགོ་ཅན་གྱི་སྙིང་དཀར་ནྲྀ་ཏྲི། །ཡན་ལག་བཞིར་ཛཿཧཱུཾ་བཾ་ཧོ་དང་ཞ་བཞི་བྲི། །ལིངྒའི་སྲོག་ཡིག་མཐར་གནོད་བྱེད་དུར་སྲི་དམ་སྲི་ཕོ་སྲི་མོ་སྲི་ཆུང་སྲི་གཞོན་སྲི་འགག་སྲི། མདའ་སྲི་མདུང་སྲི་སོགས་གང་ཡིན་ཁུག །མ་ར་ཡ་ཛ་ཛཿ ཞེས་སྒོས་ལིང་བྲི་ནུས་ན་དང་། མིན་ཀྱང་སྤྱི་ལིང་ལ་དེ་ལྟར་བྲིས་པས་ཆོག་གོ། ཤིན་ཏུ་བསྡུ་ན་ཤིང་བྱང་ལ་ནྲྀ་ཏྲི་ཛཿབྲིས་པ་དང་། ཟན་ལིང་ཙམ་གྱིས་རུང་ངོ་། ཅིའི་ཕྱིར་ན་གཅོད་ནི་དམིགས་པ་གཙོ་ཆེ་བས་ཕྱིར་རོ། དེ་ཡང་མཁའ་འགྲོའི་ཆོ་ག་གཞུང་བསྲངས་ལ་ཚོགས་ལྷག་ལ་མ་ཐུག་བར་བཏང་ལ། དེ་ནས། ཕཊཿ རང་ཉིད་སྐད་ཅིག་གིས་མ་ཅིག་ལབ་ཀྱི་སྒྲོན་མ་ཁྲོས་མ་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། སྤྱན་གཡས་གཡོན་ཉི་ཟླའི་འོད་ཟེར་འཕྲོ་བ། དབུས་མ་ལ་ཉི་ཟླ་སྤེལ་མའི་དཀྱིལ་འཁོར་གྱིས་སྲིད་གསུམ་གཟིགས་པ། དབུ་སྐྲ་ཕྱེད་བཅིངས་པའི་ཟར་བུ་ལ་ལྕགས་བསྲེག་གི་ཕུར་པ་རེ་རེས་བརྒྱན་པ། དུར་ཁྲོད་ཆས་ཀྱིས་བརྒྱན་ཞིང་ཞབས་གཡས་གཡོན་བསྐུམ་ཞིང་བརྐྱང་པས་རི་རབ་རྩེ་ནས་གནོན་ཞིང་། རྒྱ་མཚོ་གཏིང་ནས་དཀྲུགས་པ་སྤྱི་བོར་ཕག་ཞལ་ནག་པོའི་ངུར་སྒྲ་སྒྲོག་པས་སྡེ་བརྒྱད་བྲན་དུ་བཀོལ་བ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་ཕྱར་ཞིང་གཡོན་མི་རྐང་གི་གླིང་བུ་འབུད་པ། འཁོར་རང་འདྲའི་མཁའ་འགྲོ་འབུམ་གྱིས་བསྐོར་བའི་ནམ་མཁར་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་གཟུ་དང་དཔང་པོ་དྲང་ཤན་གྱི་ཚུལ་དུ་བཞུགས་པར་གྱུར། ཞེས་བསམས་ལ། ཀྱཻ་དགོངས་ཤིག་མཆོག་གསུམ་རྩ་གསུམ་ལྷ། །གསོན་ཅིག་བཀའ་སྲུང་དམ་ཅན་རྣམས། །ཉོན་ཅིག་ལྷ་སྲིན་དྲེགས་པ་ཅན། །ང་ནི་མ་ཉེས་དགྲ་འདྲེ་ལན། །ཐོག་མཐའ་བར་གསུམ་གང་དུ་ཡང་། །བདག་གི་སྒོ་གསུམ་མ་ཉེས་སོ། །མ་ཉེས་དཔང་དུ་ཁྱེད་རྣམས་བཞུགས། །དམ་ཉམས་དགྲ་གཤེད་སྡིག་ཅན་འདིས། །རྒྱལ་བསྟན་བཤིག་ཅིང་མཆོག་གསུམ་སྨད། །བླ་མར་བརྙས་ཤིང་སྔགས་ལ་གཤེ། །དམ་སྡོམ་ཁྱད་བསད་དགེ་བཅུ་བསྐྱུར། །མི་དགེ་བཅུ་སྤྱོད་འགྲོ་ལ་འཚེ། །ཁྱད་པར་བདག་དང་བསྲུང་བྱ་ཡི། །མི་ནོར་རྟ་ཕྱུགས་ཡོངས་ལ་འཚེ། །ཚེ་དཔལ་སྟོབས་འབྱོར་ཕུན་ཚོགས་ཕྲི། །ཐོས་བསམ་སྒོམ་ལ་བར་ཆོད་བརྩམས། །ཁྱོད་ཀྱིས་ངན་སྦྱོར་སྣ་ཚོགས་བྱས། །དེ་ཕྱིར་བསྒྲལ་བའི་ཞིང་དུ་གྱུར། །ཞིང་བཅུ་ཚང་བའི་དགྲ་གཤེད་ཁྱོད། །བསྒྲལ་བའི་ཆོ་ག་བྱེད་པ་འདི། །ངན་སོང་གནས་ནས་འདྲེན་པའི་རྟགས། །བསྒྲལ་ཆས་སྣ་ཚོགས་བཀྲམ་པ་འདི། །གང་འདུལ་ཕྲིན་ལས་འགྱེད་པའི་རྟགས། །སྣ་ཚོགས་རྫས་སྣ་བསགས་པ་འདི། །རྟེན་འབྲེལ་ཐབས་ལ་མཁས་པའི་རྟགས། །ཨེ་མ་གཤེད་པོ་སྙིང་རེ་རྗེ། །མི་དགེ་བཅུ་བོ་སྤྱད་སྤྱད་ནས། །ངན་སོང་གསུམ་དུ་ལྷུང་དོགས་ཀྱིས། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །བསྒྲལ་ནས་གྲོལ་བར་བྱ་བའི་ཕྱིར། །ལྷ་དང་སྲུང་མ་ཐམས་ཅད་ཀྱིས། །གསེར་སྐྱེམས་གཉན་པོ་འདི་གསོལ་ལ། །རྣལ་འབྱོར་བདག་གི་སྟོངས་གྲོགས་མཛོད། །ཅེས་བརྗོད་ལ་གཤེད་པོ་རྒྱབ་རྟེན་ཐམས་ཅད་དང་བྲལ་བར་བསམས་ལ། ཕཊ྄ཿ ཤར་མང་དུ་བྱའོ། དེ་ནས་འདུལ་ཆས་རྣམས། ཕཊ྄ཿ གཤེད་གཞི་མི་ལྤགས་ཀྱི་གཡང་གཞིས་ས་གཞི་ཁྱབ་པའི་སྟེང་དུ། གཤེད་རྡོ་མི་མགོའི་སྒྱེད་པོ་གསུམ་གྱི་ཁར། སླང་དམྱལ་བའི་ཟངས་དམར་ལྟར་ཁྲོ་ཆུ་ཁོལ་མས་གང་བ། གཤེད་སྒྲོ་མི་ལྤགས་ཀྱི་སྒྲོ་བ་རླུང་ཐུབ་པ། གཤེད་འབྲེང་རྒྱུ་མའི་ཞགས་པ་འདོམ་དགུ་བ། གཞན་ཡང་གཤེད་སྟྭར་ཁ་ཆེ། གཤེད་ཟོར་འགུག་མོ། མདའ་མདུང་གྲི་དང་རྔ་མ། ཐོ་བ་ཐུན་རྫས་ཕུར་པ་རྡུང་ཤ་ལག་པ་བཅས་མེ་འབར་ཞིང་ཚ་ཚ་འཕྲོ་བ་རེག་པ་ཙམ་གྱིས་རྡུལ་དུ་བརླག་པའི་ནུས་པ་དང་ལྡན་པར་གྱུར། ཞེས་བསམས་ལ། ཕཊ྄ཿ ལིང་ག་མི་དམིགས་པའི་ངང་ལས། གནོད་བྱེད་ཤི་འདྲེ་ཤི་སྲི་གང་ཡིན་པ་དེ་ཉིད་མྱ་ངན་གྱི་འདུག་སྟངས་ཅན། རྐང་ལག་ལྕགས་སུ་བཅུག་པ་བུ་ག་དགུ་ནས་ཁྲག་འཛག་པ། མདོག་སྔོ་ཞིང་མདངས་ཉམས་པ། གཅེར་བུ་ལྷགས་པས་གདུང་བ་བཞིན་འདར་ཕྲི་ལི་ལི་བྱེད་པ། དེའི་སྙིང་ཁའི་སྲོག་ཡིག་ལས་འོད་ཟེར་འཕྲོས་པས་ཟ་འདྲེ་ཤི་གཤེད་ཐམས་ཅད་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་ཐིམ་པར་གྱུར། ཕཊ྄ཿ ན་མོ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། མཆོག་གསུམ་རྩ་གསུམ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི༴ ཁྱད་པར་དུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡུམ་ཆེན་མོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི༴ ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི༴ ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་ཆེན་པོའི་མཐུ་སྟོབས་བྱིན་རླབས་ལ་བརྟེན་ནས། བསྟན་དང་བསྟན་འཛིན་གྱི་སྤྱི་དགྲ། རྣལ་འབྱོར་བདག་དང་བསྲུང་བྱའི་སྒོས་དགྲ། ཁྱད་པར་དུའང་བསྲུང་བྱ་རྣམས་ལ་ལན་ཆགས་དང་ཤ་འཁོན་མ་འཁོར་བའི་རིགས་སུ་གྱུར་བའི་གཤིན་པོ་རྣམས་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ཀྱིས་སྲོག་འཕྲོག་པ། གཤིན་པོའི་གནས་མི་བདེ་ཞིང་། གསོན་པོ་བཀྲ་མི་ཤིས་པར་བྱེད་པའི་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཚེ་ལེན་མདངས་འཕྲོག གསོན་བདུད་གཤིན་ལྕགས། ཆེ་སྲི་ཆུང་སྲི་དར་སྲི་སྒབ་འདྲེ་གནོད་པར་བྱེད་པ་ཐམས་ཅད་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། བར་གླིང་བཞི་གླིང་ཕྲན་བརྒྱད། ས་འོག་ས་སྟེང་ས་བླ་སྲིད་པ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་གཟུགས་ལིང་ག་མིང་བྱང་བུ་འདི་ལ་ཁུག་ཅིག བཛྲ་ཨཾ་གུ་ཤ་ཛཿ བཛྲ་པ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷནྡྷེ་ཧོ། བཛྲ་ཨ་ཝེ་ཤ་ཡ་ཨཿ ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་རྐང་དུང་དང་རྡོར་དྲིལ་དྲག་ཏུ་དཀྲོལ་ལོ། འགུགས་གཞུག་ལན་གསུམ་བྱས་ལ། ལིང་ག་བྱང་བུ་རྣམས་སྒྲོ་བར་བཅུག་ལ་གཤེད་འབྲེང་གིས་སེ་ཆིངས་མདུད་པ་བྱས་ལ་གཅོད་གཡོག་པས། སྟྭ་རེ་ཕྲག་པ་གཡས་སུ་ཕྱར། འབྲེང་བ་གྲུ་མོ་གཡོན་ལ་བསྐོན། ཟོར་བ་གཡོན་དུ་ཐོགས། ལག་པས་གཤེད་སྒྲོ་བཟུང་ནས་ལངས་ཏེ་འདུག་ལ། ཕྱོགས་སོ་སོར་ཁ་ཀྱུ་བཞིན། ཧཱུཾཿ ང་ནི་ཁྲོས་མ་ནག་མོའི་སྐུ། །སྲིད་གསུམ་འདུལ་བའི་མཐུ་མོ་ཆེ། །ཕག་ཞལ་གཟུགས་མེད་ཁམས་སུ་ངུར། །སྐུ་སྟོད་གཟུགས་ཁམས་གནས་སུ་འགྱིང་། །སྐུ་སྨད་འདོད་ཁམས་གནས་སུ་རོལ། །ཞབས་ཀྱིས་ངན་སོང་གསུམ་པོ་མནན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །སྤྲུལ་པའི་ཕོ་ཉས་སྟོང་གསུམ་གང་། །སྐུ་ལས་སྤྲུལ་བའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །དུང་གི་བུད་མེད་དཀར་མོས་བཅིབས། །ཡོན་ཏན་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །གསེར་གྱི་བུད་མེད་སེར་མོས་བཅིབས། །གསུང་ལས་སྤྲུལ་བའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །བྱུ་རུའི་བུད་མེད་དམར་མོས་བཅིབས། །ཕྲིན་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །གཡུ་ཡི་བུད་མེད་ལྗང་མོས་བཅིབས། །ཐུགས་ལས་སྤྲུལ་བའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །མཐིང་གི་བུད་མེད་སྔོན་མོས་བཅིབས། །སྤྲུལ་པའི་ཕོ་ཉ་མཁའ་འགྲོ་ལྔའི། །ཀླད་ན་བླ་བྱ་རང་མདོག་ལྡིང་། །རོལ་དུ་བླ་ཁྱི་རང་མདོག་ཁྲིད། །མཁའ་འགྲོ་སྡེ་ལྔ་སོ་སོ་ཡིས། །བླ་འཛིན་དྲྭ་བ་རྒྱབ་ཏུ་ཁུར། །གཤེད་སྟྭར་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུག་མོ་ལག་ན་ཐོགས། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །གཤེད་འབྲེང་འདོམ་དགུ་གྲུ་ལ་བསྐོན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི། །ཕྱོགས་རྣམས་ཀུན་ནས་ཁུག་ལ་ཤོག །མི་ལྤགས་གཡང་གཞིས་རྡོབས་ལ་ཤོག །གཤེད་སྟྭར་ཁ་ཆེས་རྒྱོབ་ལ་ཤོག །གཤེད་ཟོར་འགུག་མོས་ཟུངས་ལ་ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུགས། གཤེད་འབྲིང་འདོམ་དགུས་སྡོམས་ལ་ཤོག །བླ་འཛིན་དྲྭ་བས་དྲིལ་ལ་ཤོག །སྐད་ཅིག་ཉིད་ལ་འདིར་ཁུག་ཅིག །ༀ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས། གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཤི་སྲི་གསོན་བདུད་གཤིན་ལྕགས་ཐམས་ཅད་ནྲི་ཏྲི་ཨཾ་གུ་ཤ་ཛཿཛཿ ཕཊ྄ཿ ཕཊ྄ཿ ཕཊ྄ཿ དེ་ནས་བྱང་བུ་མ་ཁུག་པ་ཡོད་ན་དང་། མེད་ཀྱང་ཟན་ལིང་སྒྲོ་བར་བཅུག་ལ་ཁྱིམ་གྱི་སྒོ་ཁྱིམ་རྣམས་ཀུན་ལ་གཤེད་སྒྲོ་རྡེབ་ཅིང་འདི་སྐད་དོ། ཧཱུཾ་ང་ནི་ཁྲོས་མ་ནག་མོའི་སྐུ། །ཁམས་གསུམ་འདི་ན་ང་དབང་ཆེ། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཁྱོད་ལ་གབ་པའི་ཡུལ་མེད་ཅིང་། །ཁྱོད་ལ་སྐུང་བའི་ས་ཡང་མེད། །ཁྱོད་འབྱུང་ལྔའི་ཁམས་སུ་གབ་སྙམ་ཞིང་། ཁ་དོག་ལྔ་པོར་སྐུང་སྙམ་ན། །འབྱུང་ལྔ་ཡུམ་ཆེན་ལྔ་ཡིན་ཕྱིར། །དེ་ཡང་ང་ཡི་སྤྲུལ་པ་ཡིན། །མཁའ་འགྲོ་འབྱུང་ལྔའི་ཁམས་ལྟར་གཡོ། །རང་མདོག་མཁའ་འགྲོ་སྡེ་ལྔ་པོ། །ཁྲི་འབུམ་བྱེ་བ་ས་ཡའི་ཚོགས། །ཁྱེད་རྣམས་ཐུགས་དམ་དུས་ལ་བབ། །གཤེད་པོ་གབ་པའི་གབ་སྐུད་ཕུད། །ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས། །ཞགས་པ་འབར་བས་མགུལ་ནས་ཆིངས། །ལྕགས་སྒྲོག་འབར་བས་ཡན་ལག་སྡོམས། །དྲིལ་བུ་འབར་བས་མྱོས་སུ་ཆུགས། ལས་ཀྱི་རླུང་གིས་རྒྱབ་ནས་དེད། །བསྐལ་པའི་མུན་པས་མདུན་ནས་སུས། །གཟུགས་བརྙན་ལིང་ག་འདི་ལ་ཁུག །མིང་ཡིག་བྱང་བུ་འདི་ལ་སྟིམས། །རང་དབང་མེད་པར་འདིར་ཁུག་ཅིག །ཕཊ྄ཿ ཅེས་གབ་སྐུང་ཕུད་པར་བྱའོ། ད་དུང་མ་ཁུག་པ་འདུག་གམ་མིན་ཀྱང་ཟན་ལིང་དང་ཤོག་ལིང་བཅས་སྒྲོ་བར་བཅུག་ལ། གདོང་ཆེན་བཞིའི་འགུགས་བསྒྲལ་ནི། གཤེད་སྒྲོ་དེ་གཤེད་འབྲེང་གིས་བཀྱིགས་ལ་རུས་མི་གཅིག་པ་གཉིས་ཀྱིས་ཕར་འཐེན་ཚུར་འཐེན་བྱེད་ཅིང་ཕྱོགས་བཞིར་རྡེབ་བཅུག་ཅིང་། གདོང་ཆེན་རྣམས་ཀྱིས་ཕྱོགས་སོ་སོ་ནས་གཡང་གཞི་རྡེབ་བཞིན་དེད་བྱུང་བ། ལས་བྱེད་དམར་མོ་ཞགས་པ་འཛིན་པ་གཉིས་ཀྱིས་ཞགས་པ་འཕངས་པ་སྐེ་ལ་ཐེབས་ནས། ཕར་འཐེན་ཚུར་འཐེན་བྱས་པས་སྐད་ངན་ཙིར་ཙིར་འདོན་པར་བསམས་ལ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་བའི་སྲས། །མ་ཅིག་ཇོ་མོ་རྣལ་འབྱོར་མ། ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཡོངས་ཀྱི་རྒྱུད་གྲོལ་མ། །ཐུགས་དམ་བསྐུལ་ལོ་མཁའ་འགྲོའི་ཚོགས། །སངས་རྒྱས་མཁའ་འགྲོའི་དུས་ལ་བབ། །ཁྲོས་མ་ནག་མོའི་དུས་ལ༴ །དུར་ཁྲོད་བདག་མོའི་དུས་ལ༴ །མ་ཤར་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དཀར་མོ་ཆེན་མོ་སེང་གདོང་མ། །ཕྱོགས་བཞིར་སེང་གདོང་ལས་བཞིའི་མདོག །ཤར་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང་། །ཕྱག་གཡས་ཞིང་ཆེན་གཡང་གཞི་བརྡབས། །གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས། །ཤར་ཕྱོགས་མཁའ་འགྲོའི་དུས་ལ་བབ། །སྲོག་གཅོད་དབུགས་ལེན་འགུགས་པའི་དུས་ལ་བབ། །ཟ་འདྲེ་ཤི་གཤེད་འགུགས་པའི༴ །བཀུག་ནས་བསྒྲལ་བའི་དུས་ལ༴ །དུས་ལ་བབ་པོ་ས་མ་ཡ། ཕཊ྄ཿ ཧཱུཾ་ལྷོ་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སོར་མོ་ཆེན་མོ་སྟག་གདོང་མ། །ཕྱོགས་བཞིར་སྟག་གདོང་ལས་བཞིའི་མདོག །ལྷོ་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང་། །ཕྱག་གཡས་ཞིང་ཆེན་གཡང་གཞི་བརྡབས། །གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས། །ལྷོ་ཕྱོགས་མཁའ་འགྲོའི་དུས་ལ་བབ། །སྲོག་གཅོད་དབུགས་ལེན་འགུགས་པའི་དུས་ལ༴ །ཟ་འདྲེ་ཤི་གཤེད༴ བཀུག་ནས་བསྒྲལ་བའི༴ དུས་ལ་བབ་པོ་ས་མ་ཡ། ཕཊ྄ཿ ཧཱུཾ་ནུབ་ཕྱོགས་དུར་ཁྲོད་གཞལ་ཡས་ནས། པདྨ་རིགས་ཀྱི་མཁའ་འགྲོ་མ། །དམར་མོ་ཆེན་མོ་ཆུ་སྲིན་གདོང་། །ཕྱོགས་བཞིར་ཆུ་སྲིན་ལས་བཞིའི་མདོག །ནུབ་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང་། །ཕྱག་གཡས་ཞིང་ཆེན་གཡང་གཞི་བརྡབས། །གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས། །ནུབ་ཕྱོགས་མཁའ་འགྲོའི་དུས་ལ་བབ། །སྲོག་གཅོད་དབུགས་ལེན་འགུགས་པའི་དུས་ལ༴ །ཟ་འདྲེ་ཤི་གཤེད་འགུགས་པའི༴ །བཀུག་ནས་བསྒྲལ་བའི་དུས༴ །དུས་ལ་བབ་པོ༴ ཕཊ྄ཿ ཧཱུཾ་བྱང་ཕྱོགས་དུར་ཁྲོད་ཆེན་པོ་ནས། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །ལྗང་མོ་ཆེན་མོ་འབྲུག་གདོང་མ། །ཕྱོགས་བཞིར་འབྲུག་གདོང་ལས་བཞིའི་མདོག །བྱང་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང་། །ཕྱག་གཡས་ཞིང་ཆེན་གཡང་གཞི་བརྡབས། །གཡོན་པ་འགུགས་པའི་ལྕགས་ཀྱུ་བསྣམས། །བྱང་ཕྱོགས་མཁའ་འགྲོའི་དུས་ལ་བབ། །སྲོག་གཅོད་དབུགས་ལེན༴ །ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབ། །བཀུག་ནས་བསྒྲལ་བའི༴ །དུས་ལ་བབ་པོ༴ །ཕཊ྄ཿ ཕཊ྄ཿ །དེ་ནས་ཤིང་བྱང་ཟན ལིང་བཅས་སླ་ངར་བྱོས་ལ་བྲོས་ལམ་བཅད་པ་ནི། སྦྱིན་བདག་ཕོ་མོ་རྣམས་འདུལ་ཆས་བཟུང་ཞིང་སླ་ང་བསྐོར་བཞིན། ཧཱུཾ་ང་ནི་ཁྲོས་མ་ནག་མོའི་སྐུ། སྣང་སྲིད་ཐམས་ཅད་ང་ལས་བྱུང་། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །ཕྱོགས་བཞི་མཚམས་བཞི་སྟེང་འོག་སོགས། །གང་དུ་ཡང་ནི་མ་འབྲོས་ཞིག །གལ་ཏེ་འབྲོ་བར་སྙམ་ན་ཡང་། །དེར་བཞུགས་མཁའ་འགྲོའི་ལྷ་ཚོགས་རྣམས། །ཀུན་ཀྱང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ཕྱོགས་བཅུར་འབྲོ་ལམ་ཆོད། །ཧཱུཾ་ང་ནི་ཁྲོས་མ་ནག་མོ་ཡིན། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཉིན་མཚན་དུས་དྲུག་ནམ་དུ་ཡང་། །འབྲོ་འདོད་བསམ་སྦྱོར་མ་སྐྱེ་ཞིག །གལ་ཏེ་སྐྱེ་བར་གྱུར་ན་ཡང་། །ཉིན་མཚན་དུས་དྲུག་ལྷ་དྲུག་གིས། །གནོད་བྱེད་གཤེད་པོ་འབྲོ་ལམ་ཆོད། །ༀ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཧཱུཾ་ཕ྄ཊཿ ཕ྄ཊཿ ཕ྄ཊཿ ཅེས་འདུལ་ཆས་རྣམས་བརྒྱབ་ཏུ་བཅུག ཕཊཿ དྲག་ཏུ་བརྗོད་ཅིང་རྡ་དྲིལ་འཁྲོལ། དེ་ནས་བདེན་པའི་ཆོས་བཤད་པ་ནི། ཨེ་མ་སེམས་ཅན་སྙིང་རེ་རྗེ། །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །ངན་སོང་གསུམ་པོ་ཡ་རེ་དང་། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །གཞན་གནོད་འགོག་ཕྱིར་དྲག་པོས་བཏུལ། །ངན་སོང་གཅོད་ཕྱིར་ཧོམ་ལིང་བཅའ། །དམ་ལས་འདའ་དོགས་སྔགས་རྒྱས་བཅིངས། །ལོག་ལམ་འཁྱམ་དགོས་རྩང་གིས་བསྐོར། །ཟ་འདྲེ་ཤི་གཤེད་ལས་ངན་ཁྱོད། །ལིང་གདན་པད་ཟླའི་གདན་དུ་སྒོམས། །ཚོན་སྐུད་ཡེ་ཤེས་ལྔ་རུ་སྒོམས། །གྲུ་གསུམ་གཞལ་ཡས་ཁང་པར་སྒོམས། །རྩང་དམར་དཔའ་བོ་རྣལ་འབྱོར་སྒོམ། །དྲག་སྔགས་དབུ་མའི་ཆོས་སུ་སྒོམས། །ཐུན་རྫས་ལས་སྒྲིབ་དག་བྱེད་སྒོམས། །ཕུར་གདབ་སྐུ་གསུམ་འབྲས་ཐོབ་སྒོམས། །སྔོན་གྱི་ལས་ངན་གང་བསགས་ལ། །འཕྲལ་དུ་འགྱོད་སེམས་དྲག་པོའི་བློས། །ལུས་ངག་ཡིད་གསུམ་ཡོན་དུ་ཕུལ། །བསད་བཅད་མནན་པ་མ་ཡིན་ཏེ། །མ་རིག་འཁོར་བ་རྒྱུན་བཅད་ནས། །དག་པའི་ཞིང་དུ་བསྐྱལ་བ་ཡིན། །བྱམས་པ་མགོན་པོའི་བསྟན་པ་ལ། །ཁྱོད་ནི་བྱང་ཆུབ་ཐོབ་པར་ཤོག ཕཊ྄ཿ ཕཊ྄ཿ ཕཊ྄ཿ རྨི་ལམ་དུ་སྲོག་ཆགས་བཟུང་བ་བཀྱིགས་པ་ལྕགས་སུ་བླུགས་པ་སྟོར་བ་རྙེད་པ་རྣམས་གཤེད་ཁུག་རྟགས་དང་ལྷོང་ཚད་ཡིན་ནོ། དེ་ནས་ཕུར་པ་འདེབས་པ་ནི། ༀ་ཧཱུཾ་ཏྲཾཿཧྲཱིཿཨཱཿ མུཾ་ལཾ་མུཾཿཔྱཾཿཏཾཿ བདག་ཉིད་ཁྲོས་མའི་སྐུར་གསལ་ཕྱག་སོར་བཅུ། རིགས་ལྔ་སྟངས་དཔྱལ་བཅུར་གསལ་སྦྱོར་མཚམས་ནས། བྱང་སེམས་ཡི་གེ་ཧཱུཾ་མཐིང་འོད་ཞུ་བར། །སྲས་མཆོག་རྡོ་རྗེ་ཕུར་པ་ཁྲོ་རྔམ་འཇིགས། །སྐུ་སྨད་གནམ་ལྕགས་ཕུར་པ་ཟུར་གསུམ་དབལ། །གདེངས་པས་སྲིད་གསུམ་སྒྲོལ་ནུས་མཐུ་ལྡན་གྱུར། །ༀ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་གུརྣ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་རྒྱལ་བ་སྲས་བཅས་གསང་གསུམ་ཡོན་ཏན་དང་། །ཕྲིན་ལས་བྱིན་རླབས་ནུས་སྟོབས་མ་ལུས་པ། །ཕུར་པར་ཐིམ་པས་གཟི་འོད་བཀྲག་རྒྱས་གྱུར། ཞེས་བསམས་ལ། ཧཱུཾ་ཡིག་ལས་བྱུང་ཁྲོས་མ་མཐིང་ནག་འཇིགས། གྲི་ཐོད་འཛིན་ཞིང་སྐུ་སྨད་ཕུར་དབལ་རྣོ། གནོད་བྱེད་སྡིག་ཅན་སྙིང་ལ་མཱ་ར་ཡ། །དམ་ཉམས་གཤེད་པོ་ལས་ངན་སྡིག་ཅན་གྱི། །དབང་པོ་ལྔ་ལ་བཛྲ་ཀཱི་ལ་ཡ། །ཡན་ལག་བཞི་ལ་བཛྲ་ཀཱི་ལ་ཡ། །སྲོག་ཡིག་ཏྲི་ལ་བཛྲ་ཀཱི་ལ་ཡ། །སྟོབས་ནུས་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད། །ༀ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་ཟ་འདྲེ་ཤི་གཤེད་མཱ་ར་ཡ་ཧཱུཾ་ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་ཕུར་པ་སྲོག་ཡིག་ཏྲི་ལ་བཏབ་པས་མར་མེ་བསད་པ་ལྟར་སོང་བར་བསམས་ལ་ཁོའི་སེམས་ཉིད་ཨཱཿདཀར་པོའི་རྣམ་པས་ཕུར་པའི་ཁོང་སེང་ནས་བརྒྱུད་དེ་ཐོན་ཡུམ་ཆེན་མོའི་སྐུར་གྱུར་པར་བསྒོམ་ལ། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཡང་ཁོའི་ཚེ་བསོད་ནམས་ནྲྀཿཡིག་ལྗང་གུར་གྱུར་ནས་རང་ལ་ཐིམ་པས་བཀྲག་མདངས་རྒྱས་པར་བསྒོམ། ཕཊ྄ཿ ཕཊ྄ཿ ཕཊ྄ཿ དེ་ནས་གྲི་གུག་དང་ལྕགས་ཀྱུ་ཐོགས་ལ། །རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །ལས་བྱེད་དམར་མོའི་ཕྱག་གཡས་ཀྱིས། །གྲི་གུག་གཡོན་ན་ལྕགས་ཀྱུ་འཛིན། །ལས་ངན་གཤེད་པོ་དམ་ཉམས་འདི། །ལྕགས་ཀྱུས་ཟུངས་ལ་གྲི་གུག་གིས། །ཟ་འདྲེའི་གཟུགས་ཕུང་རྡུལ་དུ་རློགས། ཤ་ཁྲག་རུས་གསུམ་སིལ་བུར་ཐོངས། །ལྷག་མེད་ཚལ་པ་དུམ་བུར་གཏུབས། །ༀ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་གནོད་བྱེད་ཤི་གཤེད་ཐམས་ཅད་ད་ཧ་དཧ་མཱ་ར་ཡ་ཧཱུཾ་ཕཱཊཿ ཅེས་བརྗོད་ལ་འདུལ་ཆས་རྣམས་ལིངྒའི་སྟེང་དུ་བརྒྱབ་བཅུག་ལ། ཧཱུཾ་ཐུགས་རྗེ་ཁྲོས་མའི་བཀའ་ཉན་ནི། །རིགས་བཞིའི་མཁའ་འགྲོ་བྱེ་བ་འབུམ། །དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་རྒྱན་ཆ་སི་ལི་ལི། །རུས་པའི་རྒྱན་ཆ་ཁྲོ་ལོ་ལོ། །དར་གྱི་ཅོད་པཎ་པུ་རུ་རུ། །དུར་ཁྲོད་རྒྱན་ཆ་པུངས་སེ་པུང་། །ཕྱག་ན་མཚོན་ཆ་ཅིར་ཡང་སྤྲུལ། །དོན་ལ་སངས་རྒྱས་ཡིན་མོད་ཀྱང་། །མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །གཤེད་པོ་བསྒྲལ་བའི་དུས་ལ་བབ། །ཟ་འདྲེ་འདུལ་བའི་ཕྲིན་ལས་མཛོད། །ཧཱུཾ་སྔོན་གྱི་བསྐལ་བའི་དང་པོ་ལ། །བཅོམ་ལྡན་ཁྲོས་མ་ནག་མོ་དང་། །དཔའ་བོ་རྟ་མགྲིན་སྟངས་དཔྱལ་གྱིས། །རཱུ་ཏྲ་བསྒྲལ་བའི་ཕུང་པོ་ལས། །རང་གཤེད་དྲག་པོའི་འདུལ་ཆས་བྱུང་། །རཱུ་ཏྲའི་ཕྱི་ཡི་པགས་པ་དང་། །དོན་ལྔ་སྣོད་དྲུག་དབང་པོ་ལྔ། །ཤ་ཁྲག་རུས་པ་སོ་སེན་མོ། །དེ་རྣམས་སོ་སོའི་གཉེན་པོ་རུ། །འདུལ་ཆས་རྣམ་པ་སྣ་ཚོགས་བྱུང་། །རྣམ་པ་རྫས་སུ་གྲུབ་མོད་ཀྱང་། །ལྷ་སྔགས་ཏིང་འཛིན་ནུས་མཐུ་ཡིས། །གཤེད་པོ་བརླག་ནུས་རྫས་སུ་གྱུར། །ༀ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་སྲི་ཐམས་ཅད་ཧ་ན་ཧ་ན་པ་ཙ་པ་ཙ་དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་སྔགས་འདོན་བཞིན་རིམ་པར་བརྒྱབ། དེ་ཡང་ཆུར་ཤི་ན་དུག་ཆུའི་དབའ་རླབས། གྲིར་ཤི་ན་རལ་གྲིའི་ཆར། མདའ་ལ་མདའ་ཆར། འགག་གྲི་ལ་དུག་ཆར། དུག་ལ་དུག་ཞགས་སོགས་རང་གཤེད་གནད་ལ་དབབ་པའི་དམིགས་པ་དང་། དེ་ལ་ཕོ་གདོན་ལ་མེ་ཐུན། མོ་གདོན་ལ་ཁྲག་ཐུན། ཀླུ་གདོན་ལ་དུག་ཐུན་དུ་དམིགས་སོ། མཐར་འདུལ་ཆས་རྣམས་ཧོམ་ཁུང་གི་གཡས་གཡོན་དུ་བཞག །སླ་ང་ལིང་རོ་བཅས་མཆོད་གཡོག་པས་བསྟབ་ཚུལ་གྱིས་བཀྱགས་ལ། ཕྱོགས་བཞི་དབུས་ལྔའི་ལྷ་ཚོགས་ལ་བསྟབས་པས་ཟ་འདྲེའི་ཤ་ཁྲག་ཧབ་ཐོབ་ཏུ་ཟོས་པར་བསམས་ལ། ཧཱུཾ་མ་ཅིག་ཁྲོས་མ་ནག་མོ་དང་། །མཁའ་འགྲོ་སྡེ་བཞི་ཞལ་ཕྱེས་ཤིག །གདོན་དུག་ལྔ་བསྒྲལ་བའི་ཕུང་པོ་འདི། །མ་ཁྲོས་མ་ལྷ་ལྔའི་ཞལ་དུ་བསྟབས། །གཟུགས་ཤ་ཁྲག་རུས་པ་མཆོད་པར་བཞེས། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་དྲོངས། །ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ། །ༀ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཌཱཀྐི་ནི་ས་པཱ་རི་ཝ་ར་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ༴ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་རོལ་མོ་དང་བཅས་པས་བསྟབ་པར་བྱ་ཞིང་ཟན་ལིང་ཅུང་ཟད་དམར་གཏོར་དུ་བསྟབས། གཞན་ལིང་ག་བྱང་བུ་རྣམས་བྲུབ་ཁུང་དུ་བཅུག་ལ། ཕཊ྄ཿ གནོད་བྱེད་ཟ་འདྲེ་ཤི་གཤེད་མ་ལུས་པ། །ལྕགས་ཁང་གྲུ་གསུམ་འབར་བའི་ནང་ཚུད་ཅིང་། །གནམ་ལྕགས་ཙཀྲ་རྩིབས་བརྒྱད་ཁ་བཅད་སྟེང་། །མི་ལྤགས་གཡང་གཞི་མུན་པ་དགུ་འཐིབས་ཀྱིས། །གཡོགས་པས་ནམ་ཡང་ལྡང་ནུས་མེད་པར་གྱུར། །ཞེས་དང་། དེ་རྗེས་སླ་ང་འགེབ་སྟངས་རེར། ཕཊ྄ཿ རེ་སྦྲགས་ཏེ་ལན་དགུ་བལྡབ་པར་བྱའོ། ཧོམ་ཁུང་སྟེང་དུ་གདབ་ཕུར་འཛུགས་པ་དང་། དེ་སྟེང་མདའ་གསུམ་མཉྫིའི་ཚུལ་བཅིངས་པའི་ཁར། དམར་གཏོར་གཅིག་བཞག་དེ་ཉིད་ཁྲོས་མར་གསལ། ཕཊ྄ཿ བྲུབ་ཁུང་སྟེང་དུ་མ་ཅིག་ཁྲོས་ནག་མ། སྐུ་སྨད་ཕུར་པས་ཟ་འདྲེ་གཟིར་བར་གྱུར། ཞེས་ཕུར་པ་དང་གཏོར་མ་དབྱེར་མེད་ཁྲོས་མར་གསལ་ལོ། ནུབ་དང་པོ་ལ་དེ་ལྟར་དང་། ནུབ་གཞན་དུ་འདུལ་གཞུང་ཚར་རེ་འདོན་དགོས་ཀྱང་ཤོག་ལིང་དང་ཤིང་བྱང་རྣམས་ཧོམ་ཁུང་ནང་ཡོད་ལྟར་རང་སར་མི་སྒུལ་བར་བཞག་ཅིང་། གཤེད་ཕུད་སྐབས་ཟན་ལིང་སྒྲོ་བར་བཅུག་ཅིང་། རྡེབ་དགོས་ཀྱང་བྱང་བུ་ཡར་ཀྱུ་མར་ཀྱུ་བརྟགས་མི་དགོས། ཟན་ལིང་གཅིག་སླ་ངར་བཞག་ལ་བསྒྲལ་ནས་ཧོམ་སྟེང་གི་དམར་གཏོར་དུ་ཕུལ། སྒྲོ་བའི་ནང་གི་ཟན་ལིང་ཧོམ་ཁུང་དུ་བླུགས་ལ་ཁ་བཅད་དོ། དེ་ལྟར་ཞག་དུ་བྱེད་ལ་ཉིན་མཚན་དུས་དྲུག་ཏུ་འབད་དགོས་ཤིང་། དུས་དྲུག་ནི། ཐོ་རངས་དང་། ཉི་དྲོས། ཉིན་གུང་། དགོང་མོ། སྲོད། ནམ་གུང་དང་དྲུག་པོ་འདི་གདོན་འདུལ་བའི་དུས་ཡིན་པས་གལ་ཆེ་ཞེས་གསུངས་སོ། དེ་ནས་དམིགས་པ་གལ་ཆེན་ནི། ཕཊ྄ཿ བྲུབ་ཁུང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་ངར་དང་ལྡན་པ་གཡོན་དུ་དྲག་ཏུ་འཁོར་བས་ཟ་འདྲེ་ཤི་གཤེད་ཐམས་ཅད་དམར་མྱ་ལ་ལ་གཏུབས་པར་གྱུར། ཕཊ྄ཿ རང་ཉིད་ཁྲོས་མར་གྱུར། བེམ་ཤུན་སྟེང་དུ་ཤ་ཁྲག་སྤུངས་པ་གནོད་བྱེད་ཟ་འདྲེ་རྣམས་ཀྱིས་ཟོས་ཤིང་འཐུངས་པས་ལན་ཆགས་བྱང་བར་བསམ། ཡང་གཡང་གཞིའི་རྩ་བཞི་ནས་བསྡུས། ནམ་མཁར་ཕྱར་ནས་ལྕགས་བསྲེག་གི་ས་གཞིར་བརྡབས་པས་གཞོབ་ཐུལ་གྱིས་ཚིག་པར་བསྒོམ་ཁྲོ་ཆུའི་ཕ་བོང་ལའང་། དེ་ལྟར་བརྡབས་པས་སྐད་ངན་ཙིར་ཙིར་ཁས་བླངས་དམ་བཅས་སྲོག་སྙིང་ཕུལ་བར་བསམ། ཕཊ྄ཿ རང་ཉིད་ཁྲོས་མའི་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཐོག་དམར་འཕྲོ་བ་གནོད་བྱེད་ཟ་འདྲེ་ལ་བརྒྱབ་པས། ཕྱག་གཡོན་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གཉིས་ཤི་གཤེད་ཀྱི་སྟེང་དུ་གཡས་འཁོར་གཡོན་འཁོར་དྲག་ཏུ་བྱས་པས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་ཀྱི་ཤ་ཁྲག་རུས་གསུམ་སིལ་བུར་གཏུབ་པ་མཁའ་འགྲོ་མ་གྲངས་མེད་ཀྱིས་གསོལ་བར་གྱུར་བསམ། ཕཊ྄ཿ རང་ཉིད་ཁྲོས་མ་དམར་མོའི་གཙུག་ན་སྟག་ཞལ་ངར་སྒྲ་སྒྲོག་པའི་ཐུགས་ཀ་ནས་མཁའ་འགྲོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་གྲངས་མེད་འཕྲོས། གནོད་བྱེད་ཐམས་ཅད་བཀུག་ནས། ཧོམ་ཁུང་དུ་བཅུག་ནས་ཕོ་ཁ་སྦུབ་མོ་གན་རྐྱལ་དུ་བསྒྱེལ་བའི་སྙིང་གར་གནམ་ལྕགས་ཀྱི་ཙཀྲ་རྩིབས་བརྒྱད་གཡོན་དུ་དྲག་ཏུ་འཁོར་བས་ཤ་ཁྲག་རུས་གསུམ་དམར་ཉི་ལི་ལི་གཏུབ་པར་གྱུར། ཕཊ྄ཿ རང་ཉིད་ཁྲོས་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ནས་དཀར་མོ་ལྕགས་ཀྱུ་ཐོགས་པ། ལྷོ་ནས་སེར་མོ་གྲི་གུག་ཐོགས་པ། ནུབ་ནས་དམར་མོ་སོག་ལེ་ཐོགས་པ། བྱང་ནས་སྨུག་མོ་སྟག་གདོང་གྲི་གུག་ཐོགས་པ། མཚམས་བཞིར་མཁའ་འགྲོ་སྣ་ཚོགས་མདོག་དང་། སྟེང་ནས་ནག་མོ་གསེར་གྱི་རྡོ་རྗེར་ཐོག་སེར་འབེབས་པ། འོག་ནས་སྔོན་མོ་དྲེད་གདོང་སྤྱན་གཅིག་རླུང་གི་འཁོར་ལོ་འཛིན་པ་ཐམས་ཅད་ཀྱང་རུས་པའི་རྒྱན་ཅན་འབུམ་ཕྲག་འཕྲོས་ནས་གནོད་བྱེད་རྣམས་བཀུག་ནས་ལིང་ག་ལ་བསྟིམ་མོ། བདག་དང་བསྲུང་བྱའི་རིག་པ་ཨཱཿདམར་པོ་སྤྱི་བོའི་ཕ་ཅིག་དམ་པའི་ཐུགས་ཀར་བསྲེ། རང་དང་བསྲུང་བྱའི་ལུས་གདོན་ཤ་ཁྲག་བཅས་ཧོམ་ཁུང་དུ་འཕངས་པས་ཤ་ཁྲག་གི་རྒྱ་མཚོ་རུལ་བཙོག་ཏུ་གྱུར་ནས་གནོད་བྱེད་རྣམས་མྱོས་ཤིང་འཚུབས་ནས་སྐད་ངན་ཙིར་ཙིར་ཁས་བླང་དམ་བཅའ་བྱེད་པར་བསམ། ཚར་ཚད་བྱུང་ན་དཀར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར་ནས། ལོངས་སྤྱོད་བདེ་སྐྱིད་དང་ལྡན་པར་བསྒོམ། ཕཊ྄ཿ བདག་ཉིད་ཡུམ་ཆེན་མོས་གཡང་གཞི་བརྡབ་པས་ཟ་འདྲེ་ཐམས་ཅད་རང་དབང་མེད་པར་འདུས་པ་ལ། གཡང་གཞིའི་སྟེང་དུ་ཤ་ཁྲག་སྟོན་མོར་བྱིན་པས་བདག་ཡུམ་ཆེན་མོའི་གཟི་བརྗིད་མ་བཟོད་ནས་རང་དབང་མེད་པར་ཆོས་ལ་ཚུད་པར་བསམ་ཞིང་། སྡིག་པ་ཅི་ཡང་མི་བྱ་ཞིང་། ཞེས་སོགས་བརྗོད། ཕཊ྄ཿ རང་ཉིད་ཕ་དམ་པ་མཐིང་ནག་སྤྱན་གསུམ་མཆེ་བ་བཞི་གཙིགས་པ་དུར་ཁྲོད་ཆས་བརྒྱད་གསོལ་ཞིང་ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང་གཡོན་རྐང་གླིང་འབུད་པས་ནམ་མཁའ་གང་བ། མདུན་མཁར་བཾ་རོ་གསར་རྙིང་གི་ཁྲིར་རྗེ་བཙུན་མ་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ། གྲུ་མོ་གཡོན་དུ་ཟངས་ཞགས་བསྐོན་པ། གཡས་སུ་དུར་ཁྲོད་མཁའ་འགྲོ་ནག་མོ་ལྕགས་ཀྱུ་དང་། ཐོད་ཁྲག་ཐུགས་ཀར་འཛིན་པ། གཡོན་དུ་ལས་ཀྱི་མཁའ་འགྲོ་ལྗང་མོ་རལ་གྲི་དང་ཐོད་ཁྲག་ཐོགས་པ། དེ་གསུམ་ལ་འཁོར་དཔག་ཏུ་མེད་པས་བསྐོར་བ་ཕཊ྄ཿ བརྗོད་པས་འོད་ཟེར་ལྕགས་ཀྱུ་ལྟ་བུས་གནོད་བྱེད་རྣམས་བཀུག་ནས་མདུན་དུ་འཁོད་པ་ལ། དམ་པ་རྒྱ་གར་གྲངས་མེད་ཀྱིས་ཧ་སྒྲ་ཕཊ྄་སྒྲ་དི་རི་རི་བསྐོར་ནས་ཡོད་པ་ལ། སྙིང་རྗེ་ཚད་མེད་པས་ཤ་ཁྲག་གི་སྦྱིན་པ་དང་། ཡང་རང་གི་ཐུགས་ཀ་ནས་ཧཱུཾ་མཐིང་ནག་གྲངས་མེད་པ་འཕྲོས་པས་གནམ་ས་བར་སྣང་ས་རྡོ་རི་བྲག་ཐམས་ཅད་མཁའ་འགྲོ་ལྕགས་ཀྱུ་དང་བྷནྡྷ་འཛིན་པར་གྱུར་ནས། སྟོང་གསུམ་འཇིག་རྟེན་ཁམས་ཀྱི་ཚེ་བསོད་བཀྲག་མདངས་གཟི་བརྗིད་ཐམས་ཅད་དང་། འབྱུང་བའི་བཅུད་ཐམས་ཅད་བསྡུས་ནས་ཐོད་པའི་ནང་དུ་བསྟིམ་པ་བདུད་རྩིའི་རྣམ་པས་གང་ཞིང་། མཁའ་འགྲོ་མ་རྣམས་ཀྱང་གཅིག་ལ་གཅིག་ཐིམ་གྱི་མཐར་རང་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་རྒྱས་པར་བསྒོམ། ཕཊ྄ཿ རང་ཉིད་རྗེ་བཙུན་མ་དམར་མོའི་ཕྱག་གཡས་ཐུགས་རྗེའི་ལྕགས་ཀྱུའི་རྩེ་ནས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་དང་། ཁྱད་པར་གཉན་སའི་ལྷ་འདྲེ་དང་གནོད་བྱེད་དགྲ་འདྲེ་རྣམས་ཀྱི་ཚེ་དཔལ་བསོད་ནམས་བཀྲག་མདངས་གཟི་བརྗིད་ཐམས་ཅད་བསྡུས་ནས། རང་དང་ཕྱག་གཡོན་ཐོད་པ་ལྕང་ལོ་ཅན་དཔྲལ་བ་རང་ལ་བསྟན་པའི་ནང་དུ་འོད་ཀྱི་ཐིག་ལེ་དཀར་དམར་མཐིང་གསུམ་གྱི་རྣམ་པས་ཡོངས་སུ་གང་བས་འཆི་མེད་ཚེ་ཡི་དངོས་གྲུབ་སོགས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་མ་ལུས་པ་མྱུར་བ་ཉིད་དུ་ཐོབ་པར་བསམ་ཞིང་། རང་ཉིད་ཀྱི་གནས་ཁང་ཡང་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་གྱེན་བསླང་གི་ཚུལ་དུ་ཡོད་པ་ལས་དགོས་འདོད་ཀྱི་ལོངས་སྤྱོད་ཆར་ལྟར་བབས་ནས་ཕུན་སུམ་ཚོགས་པའི་དཔལ་ཡོན་ལ་རང་དབང་བསྒྱུར་བར་བསམ་མོ། དེས་གཅོད་པ་ལོངས་སྤྱོད་འཕེལ་ཞིང་ཚེ་རིང་བར་འགྱུར་རོ། འདིར་སྨྲས་པ། འཕགས་པའི་ཡུལ་གྱི་པཎ་ཆེན་སྨོན་ལམ་གྲུབ། །བོད་འདིར་མི་མོའི་ཚུལ་བཟུང་ལབ་སྒྲོན་མའི། །གཅོད་ཡུལ་གདམས་པ་གྲངས་མེད་མཆིས་རྣམས་ཀྱི། །ཕུལ་གྱུར་དཀར་གཅོད་ཞེས་གྲགས་ཨ་རཱ་གའི། །ལུགས་བཟང་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི། །སྙིང་པོ་འཛམ་བུའི་ཆུ་གཏེར་ལས་གྲུབ་པའི། །ཕྱོགས་ལས་རྣམ་རྒྱལ་འཁོར་ལོ་རིན་པོ་ཆེའི། །སྔགས་ཀྱི་འཁོར་ལོས་སྒྱུར་ལ་སྔོན་རྒྱུའི་ཆེད། །བྱང་སེམས་ཀུན་བཟང་གཞན་ཕན་གྱིས་སྤེལ་བཞིན། །ཀློང་ཆེན་འོད་གསལ་རྡོ་རྗེས་བྲིས་པའི་དགེས། །འགྲོ་རྣམས་བདེ་ཆེན་འགྱུར་མེད་ས་ཐོབ་ཤོག །།དགེའོ། དགེའོ། དགེའོ། །།


previousགཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི་སྙིང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་གསེར་འཁོར།next