Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
གཤིན་པོའི་སྡུག་བསྔལ་སྦྱོང་བྱེད་འདུལ་དཀར་གྱི་ཆོ་ག་བདུད་རྩི་བུམ་པའི་ཆུ་རྒྱུན།
   
   
   
   
   


 
previousགཤིན་པོའི་སྡུག་བསྔལ་སྦྱོང་བྱེད་འདུལ་དཀར་གྱི་ཆོ་ག་བདུད་རྩི་བུམ་པའི་ཆུ་རྒྱུན།next

གཤིན་པོའི་སྡུག་བསྔལ་སྦྱོང་བྱེད་འདུལ་དཀར་གྱི་ཆོ་ག་བདུད་རྩི་བུམ་པའི་ཆུ་རྒྱུན།

༄༅། །གཤིན་པོའི་སྡུག་བསྔལ་སྦྱོང་བྱེད་འདུལ་དཀར་གྱི་ཆོ་ག་བདུད་རྩི་བུམ་པའི་ཆུ་རྒྱུན་བཞུགས། །

རྣམ་ཀུན་མཆོག་ལྡན་ཀུན་བཟང་ཡུམ་ཆེན་མོ། །སྣང་སྟོང་ལྷུན་གྲུབ་བཛྲ་ཝཱ་ར་ཧི། །རྩལ་སྣང་འགག་མེད་མཚོ་རྒྱལ་ལབ་ཀྱི་སྒྲོན། །རྩ་བའི་བླ་མར་བཟླུམ་ཏེ་སྤྱི་བོས་མཆོད། །མ་ཅིག་མཁྱེན་གཉིས་ཡེ་ཤེས་ལྷ་ལམ་དུ། །ལེགས་ཤར་ཐབས་ཤེས་ཟུང་འཇུག་ཟླ་ཉིའི་གཟིས། །སྐལ་བཟང་སྙིང་གི་ཉིན་སྒོང་བཅིལ་པ་དང་། །ཆབས་ཅིག་རིམ་གཉིས་པད་ཚལ་བཞད་དེ་རྨད། །གང་དེའི་ཐུགས་རྗེའི་རོལ་རྩལ་རྒྱ་མཚོའི་རླབས། །དུས་ལས་ཡོལ་མིན་རྟག་འབྱུང་དངོས་གྲུབ་ཆབ། །གཤིན་པོའི་སྡུག་བསྔལ་ཐ་བ་རླན་བྱེད་པའི། །བདུད་རྩི་བུམ་པའི་ཆུ་རྒྱུན་འདི་ན་འབེབས། །དེ་ཡང་ཟ་འདྲེ་དང་ཚེ་འདས་གཉིས་བག་ཆགས་ཀྱི་དབང་གིས་འབྲལ་མེད་དུ་ཡོད་པ་སོ་སོར་ཕྱེ་ཐབས་ནི། གཞི་དཀར་པོའི་ཁར་རྡུལ་ཚོན་ནམ་རྩམ་པ་མཆོད་རྟེན་བང་རིམ་བཞི་བ། བུམ་པ་ཏོག་དང་བཅས་པ་བྲིས་ལ། སྨྱུག་རྒོད་དམ་མདའ་ལ་གཤིན་པོའི་བྱང་བུ་བྲིས་པ་བཏགས་པའོ། མིན་ཀྱང་ནྲིཿཡིག་མིང་བཅས་བྲིས་པ་ལ། མེ་ལོང་དར་འཕན་བཅས་པ་དང་ཚེ་འདས་ཀྱི་ལུས་ལ་འབྱར་བའི་རྫས་གཅིག་ཀྱང་བཏགས། ཕྱེ་མར་ཇ་ཆང་སོགས་གསུར་བསྔོའི་རྫས་དང་། བླ་གླུད་ངར་མི་ཆངས་བུས་བསྐོར་བ་དང་། ཅོག་ལྡོག་ཏིང་ལོ་ཆངས་བུ་གང་རུང་སྣོད་གཅིག་ཏུ་བཤམས། རྫས་གང་རུང་ལ་པདྨ་འདབ་བརྒྱད་ཀྱི་གཟུགས་བཅས་པར་མིང་བྱང་བཙུགས། མཆོད་རྟེན་གདན་ཁྲི་འོག་མའི་སྟེང་དེར་བཞག་ལ། ཕཊ྄ཿ རང་ཉིད་སྐད་ཅིག་ཁྲོས་མ་དམར་ནག་འཇིགས། །ཞལ་གཅིག་ཕག་ཞལ་མཐིང་ག་གཙུག་ན་རྔམ། །ཕྱག་གཡས་ཐོད་རྒོད་འབར་བ་དགུ་ཕྱར་ཞིང་། །གཡོན་པ་ཐོད་ཁྲག་རྫུ་འཕྲུལ་དྲག་རྩལ་ལྡན། །སྐུ་ཡི་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས། །ཟ་འདྲེ་བཀུག་ནས་ལྕགས་ཁང་ལིང་གར་བསྟིམ། །ཕྱི་རོལ་མཁའ་འགྲོ་འབུམ་གྱི་གུར་ཁང་ནང་། །ཚུད་པའི་བྲོས་དབང་མེད་ཅིང་སྟོབས་ཉམས་གྱུར། །ཕཊ྄ཿ ཕྱག་གཡས་གནམ་ལྕགས་ཐོག་འཕངས་ཟ་འདྲེ་བརླགས། ཕཊ྄ཿ རང་ལུས་གསེར་གྱི་མཆོད་རྟེན་དཔལ་ཡོན་ལྡན། །བང་རིམ་བཞི་པར་རིགས་དྲུག་མཚན་ཉིད་ཚང་། །བུམ་པར་ཨཱཿཡིག་དཀར་པོ་ཡོངས་གྱུར་ལས། །རང་ཉིད་ཁྲོས་མ་དཀར་མོ་ཞི་འཛུམ་བཞད། །ཕྱག་གཡས་ཡེ་ཤེས་བུམ་པར་བདུད་རྩིའི་རྒྱུན། །བབས་པས་གཤིན་པོའི་སྡིག་སྒྲིབ་འཁྲུད་བྱེད་ཅིང་། །ཕྱག་གཡོན་བྱམས་པའི་མཆིལ་བས་ཚེ་འདས་འདྲེན། །ཕྱོགས་མདོག་མཁའ་འགྲོ་སྡེ་བཞིའི་འཁོར་གྱིས་བསྐོར། །རང་གི་དཔྲལ་བར་རྣམ་སྣང་མགྲིན་པ་རུ། །སྣང་མཐའ་ལྟེ་བར་རིན་འབྱུང་གསང་གནས་སུ། །དོན་གྲུབ་དབུ་རྒྱན་ལ་ནི་མི་བསྐྱོད་པ། །ལྔ་ག་སོ་སོའི་ཡུམ་བཅས་རྒྱན་ཆ་ལུགས། །མ་ཚང་མེད་པའི་དཔལ་ཡོན་ཕུན་ཚོགས་གྱུར། །རང་རང་ཐུགས་ཀའི་ས་བོན་འདི་ལྟ་སྟེ། །ༀ་ཨཱཿཧཱུྃ་དང་སྭཱ་ཧཱ་ལྔ་པོ་དང་། །ཡུམ་ལྔའི་ཐུགས་ཀར་ཨ་ཧ་རི་ནི་ས། །དེ་རྣམས་ལས་ནི་འོད་འཕྲོས་ཡེ་ཤེས་པ། །སྤྱན་འདྲེན་གཉིས་སུ་མེད་པར་ཐིམ་པར་གྱུར། །ཨརྒྷཾ་ནས་ཤཔྟའི་བར་བརྗོད་ལ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། སོགས༴ ཕཊ྄ཿ ཟ་འདྲེ་ཤི་གཤེད་མཆོད་རྟེན་འོག་ཏུ་མནན། །བསྲུང་བྱ་ཐམས་ཅད་མཆོད་རྟེན་བུམ་པ་རུ། །ཚུད་ནས་མཁའ་འགྲོ་སྡེ་བཞིས་བསྲུང་བར་གྱུར། ཕཊ྄ཿ རང་གི་ཕྱག་གཡོན་བྱམས་པའི་ལྕགས་ཀྱུ་ལས། །ཐུགས་རྗེ་འོད་ཟེར་གློག་ཞགས་ལྟར་འཕྲོས་པས། །ཚེ་འདས་སྐད་ཅིག་ཙམ་གྱིས་བཀུག་པར་གྱུར། །ཞེས་བསམ་ཚེ་འདས་ཉིད་ལ་ཆོས་འདི་འཆད། ཀྱེ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ང་ནི་ཡེ་ཤེས་མཁའ་འགྲོ་མ། །ཆོས་སྐུ་རྒྱལ་བ་ཡུམ་ཆེན་ཡིན། །རིགས་ལྔའི་སངས་རྒྱས་སྐུ་ལ་རྫོགས། །མཁའ་འགྲོ་སྡེ་བཞིའི་འཁོར་གྱིས་བསྐོར། །ཕ་རོལ་ཕྱིན་བཅུའི་དོན་དང་ལྡན། །རྒྱལ་བ་སྲས་བཅས་ཕྲིན་ལས་བདག །ཁྱོད་རང་འཇིགས་སྐྱོབ་བསུ་མ་ཡིན། །མཆོག་གསུམ་རྩ་གསུམ་བདེན་མཐུ་དང་། །སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །ཚེ་འདས་གནས་འདིར་མྱུར་དུ་ཁུག །ཨ་ཧ་རི་ནི་ས་ནྲཱིཿ བཛྲ་ཨ་གུ་ཤ་ཛ་ཛཿ ལྕགས་ཀྱུའི་ཕྱག་རྒྱས་འགུགས། ཕཊ྄ཿ བརྗོད་ཅིང་ཚེ་འདས་བག་ཕེབས་བསམ། ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །གཟུགས་བརྙན་མིང་བྱང་མེ་ལོང་བཅས། །ཚེ་འདས་ཁྱོད་ཀྱི་སྒོ་གསུམ་རྟེན། །འཕན་དར་མདའ་སྨྱུག་གདུགས་དང་གདན། །ཚེ་འདས་ཁྱོད་ཀྱི་ཉེར་སྤྱོད་རྫས། །རྟེན་འདི་རྣམས་ལ་རྟེན་ཆོས་ལ། །དད་གུས་མོས་པས་བག་ཕེབས་ནས། །ཡེངས་མེད་ངང་ནས་ཆོས་འདིར་གསོན། །ཀྱཻ་མ་སེམས་ཅན་སྙིང་རེ་རྗེ། །འཁོར་བའི་གནས་ངན་ཡུན་རིང་ལ། །རྒྱལ་བའི་ཐུགས་རྗེ་དྲན་པར་གྱིས། །ལས་ངན་རྒྱ་མཚོ་གཏིང་ཟབ་ལ། །དད་བརྩོན་གྲུ་གཟིངས་དྲན་པར་གྱིས། །སྲིད་པའི་འཁོར་ལོ་དབང་ཆེན་ལ། །རྟེན་འབྲེལ་བསླུ་མེད་དྲན་པར་གྱིས། །ལོག་པའི་རྣམ་ཤེས་ཤུགས་དྲག་ལ། །བཀའ་དང་དམ་ཚིག་དྲན་པར༴ འཁྲུལ་བའི་བག་ཆགས་སྤངས་དཀའ་ལ། །ཆོས་ཉིད་བདེན་པ་དྲན༴ །དམྱལ་བའི་སྡུག་བསྔལ་བཟོད་དཀའ་ལ། །ཚད་མེད་གོ་ཆ་དྲན་པར༴ །རྒྱུ་དྲུག་གནས་སུ་འཁྱམས་པ་ལ། ཕ་རོལ་ཕྱིན་དྲུག་དྲན༴ །མི་དགེ་བཅུ་པོའི་སྡིག་བགྱིས་ལ། །དགེ་བ་བཅུ་བོ་དྲན༴ །ལུས་བརྗེས་ཕུང་པོ་ཉོན་མོངས་ལ། །རྒྱལ་བའི་སྐུ་མཆོག་དྲན་པར་གྱིས། །ཡུམ་ཆེན་རྒྱལ་བའི་དཀྱིལ་འཁོར་ལ། །དད་པའི་ཡིད་ཀྱིས་སྐྱབས་གསོལ་ཅིག །ཨ་ཧ་རི་ནི་ས་ས་མ་ཡ་ཏིཥྛ་ལྷནཿ ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་མིང་བྱང་ལ་བསྟིམས་ནས་ཚེ་འདས་དངོས་སུ་གསལ། རིན་པོ་ཆེའི་སྣོད་དུ་གླུད་གཏོར་འདོད་ཡོན་ལྔ་ལྡན་འདི་ཉིད་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། ཚེ་འདས་འདི་ཉིད་ལ་སྔོན་གྱི་ལན་ཆགས་དང་ད་ལྟ་བླ་ཡིད་རྣམ་ཤེས་ལ་བདག་ཏུ་འཛིན་པའི་གནོད་བྱེད་ཟ་འདྲེ་ཤི་གཤེད་ཚེ་འདས་སུ་བརྫུས་ནས་གསོན་པོར་གནོད་པའི་རིགས་སུ་གྱུར་པ་རྣམས་ལ་བསྔོའོ། བསྔོས་ཤིང་སྦྱིན་པས་ལན་ཆགས་བྱང་བུ་ལོན་འཁོར་ཤ་འཁོན་དག་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ལྡན་པར་གྱུར་ཅིག ཅེས་དང་། ཨཱ་ཀ་རོ་བརྗོད་ལ། ཧཱུཾ་ང་ནི་ཡེ་ཤེས་ཁྲོས་མ་ཡིན། །ཉོན་ཅིག་ཟ་འདྲེ་ཤི་གཤེད་རྣམས། །གཤིན་གྱི་བླ་གླུད་གཏོར་མ་འདི། །ལོངས་ལ་ཚེ་ལས་འདས་པ་འདི། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློོད་ལ་མནན་པ་ཁྱོག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཧཱུཾ་ཕྱོགས་བཞི་མཚམས་བཞི་སྟེང་འོག་ན། །གནས་པའི་དྲི་ཟ་གཤིན་རྗེ་ཀླུ། །གནོད་སྦྱིན་མེ་ལྷ་སྲིན་པོ་དང་། །རླུང་ལྷ་དབང་ལྡན་ལྷ་དང་ནི། །ས་བདག་སྡེ་བརྒྱད་ཡུལ་ལྷ་དང་། །མདོར་ན་སྣང་སྲིད་ལྷ་འདྲེ་ཀུན། །གཤིན་གྱི་བླ་གླུད་གཏོར་མ་འདི། །ལོངས་ལ་ཚེ་ལས་འདས་པ་འདི། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཧཱུཾ་ང་ནི་ཁྲོས་ནག་དྲག་མོ་སྟེ། །ཚེ་འདས་འདི་ལ་གནོད་བྱེད་རྣམས། །བླ་གླུད་གཏོར་མ་འདི་ཁྱེར་ལ། །སོ་སོ་རང་རང་གནས་སུ་དེངས། །གལ་ཏེ་བཀའ་ལས་འདས་གྱུར་ན། །ལས་ཀྱི་མཁའ་འགྲོས་སྙིང་ཁྲག་རྣམས། །འཐུངས་ནས་དམྱལ་བའི་སྡུག་བསྔལ་མྱོང་། །དེ་བས་མ་འདུག་གཞན་དུ་དེངས། །ༀ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་གནོད་བྱེད་གཤིན་ལྕགས་བླ་ཁྱེར་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་བརྗོད་རོལ་མོ་དང་བཅས་པས། བླ་གླུད་ཕྱིར་དོར། ཚེ་འདས་ཀྱི་མཚན་བྱང་མཆོད་རྟེན་བང་རིམ་བཞིའི། འོག་མར་བཞག་ལ་འདི་སྐད་དོ། ཧཱུཾ་བདག་ལུས་གསེར་གྱི་མཆོད་རྟེན་གྱི། །ཞབས་སུ་ཟ་འདྲེ་ཤི་གཤེད་མནན། །མཆོད་རྟེན་བང་རིམ་བཞི་པོ་ལ། །མས་རིམ་ཇི་བཞིན་འོག་མ་ལ། །རླུང་གི་འཁོར་ལོ་རྩིབས་དགུ་དང་། །དེ་སྟེང་མེ་འཁོར་རྩིབས་གསུམ་དང་། །དེའི་སྟེང་ཆུ་འཁོར་རྩིབས་གསུམ་པ། །དེའི་སྟེང་ས་འཁོར་རྩིབས་བཞི་གསལ། །འཁོར་ལོ་བཞི་པོའི་གདན་སྟེང་དུ། །ཚེ་འདས་ཞེ་སྡང་སེར་སྣ་དང་། །གཏི་མུག་འདོད་ཆགས་བཞི་པོ་ཡི། །རྒྱུ་དང་འབྲས་བུའི་ས་བོན་རྟེན། །དུ་པྲེ་དྲི་དང་ནྲྀཿཡིག་བཞི། །ནག་སེར་སྔོ་དང་ལྗང་བའི་མདངས། །དེ་དག་ཡོངས་སུ་གྱུར་པ་ལས། །ངན་སོང་གསུམ་པོ་མི་དང་བཞི། །སོ་སོའི་རིགས་ཀྱི་འཁོར་དང་བཅས། །མ་ལུས་ལུས་པ་མེད་པར་གསལ། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཉོན་མོངས་ཞེ་སྡང་སེར་སྣ་དང་། །གཏི་མུག་འདོད་ཆགས་ལས་དབང་གིས། །ངན་སོང་གསུམ་དང་མིའི་གནས་སུ། །སྐྱེ་བར་སྲིད་ཀྱང་སྐྱོབ་བྱེད་ལྷ། །མ་ཅིག་ང་ཡི་དབུ་གཙུག་དང་། །ལྟེ་བ་དཔྲལ་བ་མགྲིན་པ་རུ། །བཅོམ་ལྡན་མི་བསྐྱོད་རིན་འབྱུང་དང་། །རྣམ་སྣང་འོད་ཟེར་མཐའ་ཡས་རྣམས། །རིམ་བཞིན་སྐུ་མདོག་མཐིང་ག་དང་། །གསེར་དང་དུང་དང་པད་རག་མདོག །ས་གནོན་མཉམ་བཞག་སྐྱིལ་ཀྲུང་བཞུགས། །ཡུམ་ཆེན་མ་ཀཱི་སངས་རྒྱས་སྤྱན། །དབྱིངས་ཕྱུག་ན་བཟའ་དཀར་མོ་འཁྲིལ། །ཡབ་ཡུམ་ལོངས་སྐུའི་མཚན་དཔེས་བརྒྱན། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །རྒྱལ་བ་རིགས་བཞིར་ཕྱག་འཚོལ་ལ། །དད་མོས་དྲག་པོས་སྐྱབས་ཞུས་དང་། །བཅོམ་ལྡན་ཐུགས་རྗེའི་འོད་ཟེར་གྱིས། །ངན་སོང་གསུམ་དང་མི་ཡུལ་གྱི། །སྒྲིབ་ཚོགས་ཀུན་སྦྱངས་སྟོང་པར་འགྱུར། །ཧཱུཾ་བཛྲ་དྷྲིགཿ སྭཱ་རཏྣ་དྷྲིགཿ ༀ་ཛི་ན་ཛིགཿ ཨཾ་ཨ་རོ་ལྀཀཿ ཨ་ཧ་རི་ནི་ས་ཚེ་འདས་ཀྱི་ཉོན་མོངས་པ་ཞེ་སྡང་དང་སེར་སྣ་གཏི་མུག་འདོད་ཆགས་རྣམས་ཀྱི་སྡིག་སྒྲིབ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཕཊ྄ཿ ཕཊ྄ཿ ཕཊ྄ཿ སྐབས་འདིར་ཟས་བསྔོ་བྱ་བ་ནི། གསུར་རྫས་གྱ་ནོམ་པར་བཤམས་ཏེ། ཕཊ྄ཿ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཟས་གོས་ལོངས་སྤྱོད་བཟའ་བཏུང་ཕུན་སུམ་ཚོགས་པ་འཛད་པ་མེད་པའི་གཏེར་དུ་གྱུར། ཞེས་བསམས་ལ། ན་མཿ སརྦ་ཏ་ཐཱ་ག་ཏོ་བྷྱོ་བྷི་ཤྭ༴ སོགས། ཁམས་གསུམ་དག་པའི་ཞིང་། །སྲིད་གསུམ་ཐུགས་རྗེའི་མགྲོན། །མ་ལུས་ཁྱབ་པའི་ཟས། །ཆོས་ཉིད་ནུས་པའི་མཐུས་འདོད་ཡོན་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །ཅེས་དང་། སྲིད་པ་པར་མ་དོར་ཉམ་ང་བའི་འཕྲང་ལ་སྐྱབས་དང་སྐྱོབ་པ་མེད་པ། མགོན་དང་དཔུང་གཉེན་མེད་པ། །སྔོན་གྱི་བསགས་རྒྱབ་མེད་པ། །དགེ་བའི་ར་མདའ་ཉུང་བ། །མིང་བཞི་འདུས་པའི་ཕུང་པོ། །ཚོར་བ་སྡུག་བསྔལ་གྱི་རང་བཞིན། །འཇིགས་སྐྲག་འཁྲུལ་སྣང་གིས་མནར་བ། །འཁྱག་ལྟོག་སྐོམ་གསུམ་གྱིས་གདུང་བ། །ཚེ་ཚད་ལ་ངེས་པ་མེད་པ། །བྱ་སྒྲོ་རླུང་གིས་བཏེགས་པ་བཞིན། །གར་འགྲོ་རང་དབང་དང་བྲལ་པའི། །བར་དོའི་སེམས་ཅན་ཆྒཻ་མོའི་ཐོག་དྲངས་བར་དོར་འཁྱམས་པའི་འགྲོ་བ་ཐམས་ཅད་ཀྱི་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ། ཡིད་ཀྱི་ཡུལ་དུ་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྣང་བ་མཆོག་དང་འབྲལ་བ་མེད་བཞིན། བཟའ་བ་རི་རབ་བཏུང་བ་རྒྱ་མཚོ་ན་བཟའ་ལྷོ་སྤྲིན་ཙམ་ལ་ཆགས་མེད་ཞེན་མེད་ཀྱི་ངང་ནས་ལོངས་སྤྱོད་པའི་སྐལ་བ་དང་ལྡན་བཞིན་འཕགས་པ་སྤྱན་རས་གཟིགས་དང་བྱང་ཆུབ་སེམས་དཔའི་སྒྲིབ་པ་རྣམ་སེལ་མཐོང་། བར་དོ་ལ་བར་དོ་ཡིན་པར་ངོ་ཤེས་འཁྲུལ་སྣང་རྒྱས་ཐེབས། བླ་མ་དང་དཀོན་མཆོག་ཡི་དམ་དང་ལྟ་བ་རྗེས་སུ་དྲན་ནས་ལས་ངན་པའི་སྒྲིབ་པ་སྐད་ཅིག་ལ་དག་ནས་རིག་པ་ལ་རང་དབང་ཐོབ་བདེ་བ་ཅན་དང་པདྨ་བཀོད་ལ་སོགས་པའི་ཞིང་ཁམས་ཁྱད་པར་ཅན་རྣམས་བགྲོད་ནུས་པར་གྱུར་ཅིག །ཅེས་དང་། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༴ སོགས༴ ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཞེས་འདོད་ཡོན་བསྔོས་ལ། ཚེ་འདས་ཞེ་སྡང་སེར་སྣ་དང་། །གཏི་མུག་འདོད་ཆགས་སྒྲིབ་པ་དག །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་ཡི་སྡུག་བསྔལ་ཡོངས་སུ་ཞི། །བཟོད་དང་བསམ་གཏན་ཤེས་རབ་དང་། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྣམས་རྫོགས། །རྣམ་ཤེས་ཚོར་བ་གཟུགས་འདུ་ཤེས། །དག་བྱེད་དབྱིག་འཛིན་ནམ་མཁའ་མས། །དངོས་འཛིན་དྲི་མ་རབ་དག་ནས། །བཅོམ་ལྡན་མི་བསྐྱོད་རིན་འབྱུང་དང་། །རྣམ་སྣང་དཔག་མེད་སྐུ་ཐོབ་ཤོག །མ་ཅིག་ཐུགས་རྗེའི་ལྕགས་ཀྱུ་ཡིས། །མཆོད་རྟེན་བང་རིམ་བཞིར་བགྲོད་ནས། །བུམ་པའི་ལྟོ་བར་དྲངས་ནས་སླར། །ངན་སོང་གསུམ་དང་མི་རྣམས་ཀྱི། །སྐྱེ་སྒོ་བཅད་པར་མཛད་དུ་གསོལ། །དེ་ནས་མཚན་བྱང་བུམ་སྨད་དང་། དབུ་རྩེའི་སྟེང་དུ་རིམ་བཞིན་སྤོས། བུམ་མཐིལ་གསེར་འཁོར་རྩིབས་བརྒྱད་དང་། །དབུ་རྩེར་རྩིབས་བརྒྱད་སྔོ་སྐྱའི་སྟེང་། །འོག་མར་སུ་ཡིག་གཉིས་དང་ནི། །སྟེང་མར་ཨ་ཡིག་དཀར་པོ་ནི། །ཕྲག་དོག་དང་ནི་ང་རྒྱལ་གྱི། །ས་བོན་ཡིག་འབྲུ་ཡོངས་གྱུར་ལས། །ལྷ་མ་ཡིན་དང་ཁམས་གསུམ་ལྷ། །མ་ལུས་མཚོར་སྣང་གཟུགས་བཞིན་གསལ། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཕྲག་དོག་དང་ནི་ང་རྒྱལ་གྱི། །དབང་གིས་གནས་རིགས་དེ་གཉིས་སུ། །སྐྱེས་ཀྱང་ཡུམ་ཆེན་གསང་གནས་དང་། །ཆོས་ཀྱི་འཁོར་ལོ་དོན་གྲུབ་དང་། །རྡོར་སེམས་གཉིས་པོ་རང་རང་གི། །ཡུམ་དང་འཁྲིལ་ཞིང་ལོངས་སྐུ་ཡི། །མཚན་དང་དཔེ་བྱད་ཡོངས་སུ་རྫོགས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །རྒྱལ་བ་ཟུང་དེར་ཕྱག་འཚོལ་ལ། །རྣམ་གསུམ་དད་པས་སྐྱབས་ཞུས་དང་། །བཅོམ་ལྡན་ཐུགས་རྗེའི་འོད་ཟེར་གྱིས། །འཁོར་གནས་གཉིས་རེ་སྟོང་པར་སྦྱངས། །ཧ་པྲ་ཛྙཱ་དྷྲིག ༀ་བཛྲ་ས་ཏྭ་ཧཱུཾ། ཨ་ཧ་རི་ནི་ས་ཚེ་ལས་འདས་པའི་ཕྲག་དོག་དང་ང་རྒྱལ་གྱི་ལས་སྒྲིབ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཚེ་ལས་འདས་པའི་ཕྲག་དོག་དང་། །ང་རྒྱལ་གྱི་ནི་སྒྲིབ་པ་དག །འཐབ་རྩོད་ཕམ་ལྟུང་སྡུག་བསྔལ་ཞི། །བསམ་གཏན་བརྩོན་འགྲུས་ཕར་ཕྱིན་རྫོགས། །འདུ་བྱེད་དང་ནི་རླུང་གི་ཁམས། །ཡིད་ཆོས་ཁམས་ཟུང་རྣམ་དག་ནས། །དོན་གྲུབ་རྡོར་སེམས་སྐུ་ཐོབ་ཤོག །ཉི་མ་དེ་རིང་ཕྱིན་ཆད་དུ། །ལྷ་མ་ཡིན་དང་ཁམས་གསུམ་ལྷའི། །སྐྱེ་སྒོ་ཆོད་ནས་འཚང་རྒྱ་ཤོག །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཚེ་འདས་ཀྱི་སྟེང་གི་ནམ་མཁར་དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ་མ་ཅིག་ལབ་སྒྲོན་མ་སྐུ་མདོག་དུང་ལྟར་དཀར་བ་ཟླ་བའི་གདན་ལ་སྐུ་གར་སྟབས་ལིང་ལིང་། ཕྱག་དྷར་དྲིལ་སིལ་སིལ་གསུང་སྙན་པའི་དབྱངས་ཀྱིས་རིགས་ཀྱི་བུ་ཡར་ཤོག །དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འགྲོའོ། དགའ་འོ་སྐྱིད་དོ། གསུངས་པར་གྱུར། ཀྱཻ་མ་ཚེ་འདས་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །འཇིག་རྟེན་འདི་ནས་ཕ་རོལ་སོང་། །སྣང་མིན་བར་དོའི་མཚམས་ན་ཡོད། །བསམ་པ་ཙམ་གྱིས་སྟོང་གསུམ་འཁོར། །ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན། །ཉི་ཟླར་གྲིབ་མ་རྐང་རྗེས་མེད། །གནས་ལ་ངེས་མེད་ཀུན་ཏུ་འཁྱམས། །གྲོགས་ནི་གཤིན་གསོན་ཅིར་ཡང་འགྲོགས། །ཟས་ནི་བསྔོས་པ་ཙམ་གྱིས་ཚིམ། །ཆུ་བྲག་རྩིག་པར་ཐོགས་པ་མེད། །བར་དོ་ཡིན་ནོ་རིགས་ཀྱི་བུ། །ཁྱོད་ཉིད་གཅིག་པུར་ཤི་བ་མིན། །ཐམས་ཅད་འཆི་བའི་ཆོས་ཅན་ལ། །མ་སྡུག་མ་བསྔལ་རིགས་ཀྱི་བུ། །སྒྲ་འོད་ཟེར་དང་རྒྱོབ་སོད་སྒྲ། །ཐམས་ཅད་རང་སྣང་འཁྲུལ་བ་ཡིན། །ལོགས་ནས་བྱུང་བ་གཅིག་ཀྱང་མེད། །མ་འཇིགས་མ་སྐྲག་རིགས་ཀྱི་བུ། །ཁྲག་འཐུང་ཁྲོ་བོ་མགོ་བརྙན་ཚོགས། །འུར་སྒྲ་ཆེམས་སྒྲ་མཚོན་ཆའི་ཆར། །ཐམས་ཅད་ཡི་དམ་བསུ་མ་ཡིན། །མ་སྔངས་མ་འབྲོ་རིགས་ཀྱི་བུ། །འཁོར་བའི་གནས་ལ་བདེ་བ་མེད། །ཡུལ་དང་ཞིང་ཁང་ནོར་རྫས་དང་། །གཉེན་དང་ཉེ་དུ་རང་གཞན་རྣམས། །སྒྱུ་མ་རྨི་ལམ་ཇི་བཞིན་དུ། །མི་རྟག་བྲལ་བའི་ཆོས་ཅན་ཡིན། །རྟག་པར་གནས་པ་གཅིག་ཀྱང་མེད། །མ་ཆགས་མ་ཞེན་རིགས་ཀྱི་བུ། །ཁྱོད་ལ་ཤ་ཁྲག་ལུས་པོ་མེད། །ཡིད་ལུས་མིང་བཞི་ཙམ་ལ་བརྟེན། །བར་དོའི་རྣམ་པར་ཤེས་པ་དེ། །འོད་ཀྱི་ཐིག་ལེ་ལྕོག་སྒོང་ཙམ། །ཡི་གེ་ཨཱཿཡིས་མཚན་པར་བསྒོམ། །མ་ཅིག་ལབ་སྒྲོན་ཐུགས་ཀ་རུ། །ཐེ་ཚོམ་མེད་པར་རྒྱངས་ཀྱིས་འཕོས། །དབྱེ་བ་མེད་པར་ཁྲིགས་སེ་འདྲེས། །མ་ཅིག་དཔག་ཆེན་མདའ་འཕང་བཞིན། །བདེ་བ་ཅན་གྱི་ཞིང་དུ་གཤེགས། །མེ་ཏོག་པདྨའི་སྦུབས་སུ་ཐིམ། །པདྨ་གྱེས་པའི་ཟེའུ་འབྲུ་ལ། །བརྫུས་ཏེ་སྤྲུལ་སྐུ་ཐོབ་པར་ཤོག །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཞེས་རྣམ་ཤེས་སྤར་རོ། རང་སེམས་ཁྲོས་མ་དང་རང་ལུས་གསེར་གྱི་མཆོད་རྟེན་གཉིས་ཀ་མི་དམིགས་པར་གྱུར། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་གཞི་མ་བསྡུའོ། དེ་ལྟར་དུས་དྲུག་སོགས་ལ་བརྩོན་པ་བསྐྱེད་དེ་ནན་ཏན་བྱས་ན་ཟ་འདྲེ་ཐུལ་རྟགས་གཅན་གཟན་འཕར་སྤྱང་དོམ་དྲེད་གླ་བ་སྲེག་པ་དུར་བྱ་གདོན་རིགས་རྣམས་བསད་མནན་བཅིངས་ས་རྒྱལ་ཁ་ཐོབ་པ་དངོས་གྲུབ་སྟེར་བ་ཁས་ལེན་བྱས་པ་སོགས་ཚར་ཚད་བྱུང་ན་མེ་མཆོད་རྒྱས་པ་ལོགས་ནས་བྱུང་བ་ལྟར་བྱ་ཞིང་། བསྡུ་ན་སྟེགས་བུ་རྡོ་ལེབ་ལ་རྡུལ་ཚོན་ནམ་ཕྱེ་བཙགས་སོལ་བའི་མེ་ཐབ་གྲུ་གསུམ་རཾཿཡིག་གིས་མཚན་པ་བྲིས། སྟེང་དུ་ཚེར་མའི་ཧོམ་གྲུ་གསུམ་བརྩིགས་ལ་མེ་སྦར་ཏེ། ཕཊ྄ཿ མདུན་དུ་གྲུ་གསུམ་དམར་ནག་མེ་འབར་བའི། །དབུས་སུ་ཡུམ་ཆེན་མཁའ་འགྲོ་སྐུ་མདོག་དམར། །ཕྱག་གཉིས་གྲི་ཐོད་ཁཱ་ཊྭཱཾ་མཆན་བཅུག་ནས། །ཞབས་གཉིས་གར་སྟབས་བཞུགས་པའི་ཕྱོགས་བཞི་རུ། །རིགས་བཞིའི་མཁའ་འགྲོ་གཙོ་མོ་ཅི་ལྟ་བུ། །གཙོ་འཁོར་ལྔ་བོའི་སྤྱི་གཙུག་ཕག་ཞལ་རྔམ། །ཉི་ཟླའི་སྤྱན་བགྲད་གནམ་སའི་ཞལ་གདངས་པའི། །ནང་ནས་བསྐལ་མེ་རབ་དུ་འབར་བའི་ཀློང་། །དམ་ཡེ་དབྱེར་མེད་འདྲེས་པའི་སྟོབས་ལྡན་གྱུར། །དེ་ཡི་སྟེང་ཕྱོགས་ནམ་མཁར་ཁྲོས་ནག་མ། །ཉི་མ་འབུམ་ལས་ལྷག་པའི་གཟི་འོད་འབར། །དེ་ལྟར་གསལ་བའི་ཐུགས་གསང་དབྱིངས་ཆེན་ནས། །ལས་བྱེད་མཁའ་འགྲོ་དཔག་མེད་གློག་ཞགས་ལྟར། །འཕྲོས་ནས་ཟ་འདྲེ་ཤི་གཤེད་གནོད་བྱེད་ཀུན། །རང་དབང་མེད་པར་བཀུག་ནས་ཡེ་ཤེས་ཀྱི། །མཁའ་འགྲོའི་ཞལ་གྱི་མེ་དཔུང་འབར་ཀློང་དུ། །མེ་ལྕེར་སྦྲང་བུ་འཕྲད་བཞིན་བསྲེགས་པར་གྱུར། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཧཱུཾ་དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །དམར་ནག་མེ་དཔུང་ཀློང་ནས་འགྱིང་། །སྤྱན་བགྲད་ཞལ་གདངས་མཆེ་བ་གཙིགས། །གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་བསྣམས། །གར་སྟབས་དུར་ཁྲོད་ཆས་ཀྱིས་བརྒྱན། །རང་འདྲ་རིགས་བཞིའི་མཁའ་འགྲོས་བསྐོར། །ཕག་ཞལ་ངུར་སྒྲས་ཁམས་གསུམ་གཡོ། །ཞལ་ནས་བསྐལ་བའི་མེ་ཆེན་འབར། །གནོད་བྱེད་ཟ་འདྲེ་ཤི་གཤེད་རྣམས། །ཞལ་དུ་བསྟབ་པོ་ཛྭ་ལ་རཾ། །སྟོང་པ་ཉིད་ཀྱི་ངང་དུ་བསྲེགས། །གཏི་མུག་ལས་གྱུར་གདོན་དང་བགེགས། །སངས་རྒྱས་མཁའ་འགྲོའི་ཞལ་དུ་བསྟབ། །ཞལ་དུ་བསྟབས་སོ་ཛྭ་ལ་རམ། །ཆོས་དབྱིངས་ཡེ་ཤེས་ངང་དུ་བསྲེག །ཞེ་སྡང་ལས་གྱུར་གདོན་དང་བགེགས། །རྡོ་རྗེ་མཁའ་འགྲོའི་ཞལ་དུ་བསྟབས། །ཞལ་དུ་བསྟབ་པོ༴ མེ་ལོང་ཡེ་ཤེས་ངང་དུ་བསྲེག །ང་རྒྱལ་ལས་གྱུར་གདོན་དང༴ རིན་ཆེན་མཁའ་འགྲོའི་ཞལ་དུ༴ ཞལ་དུ་བསྟབས་སོ༴ མཉམ་ཉིད་ཡེ་ཤེས་ངང་དུ་བསྲེགས། །འདོད་ཆགས་ལས་གྱུར་གདོན་དང་བགེགས། །པདྨ་མཁའ་འགྲོའི་ཞལ་དུ་བསྟབ། །ཞལ་དུ་བསྟབ་པོ་ཛྭ་ལ་རཾ། །སོར་རྟོགག་ཡེ་ཤེས་ངང་དུ༴ ཕྲག་དོག་ལས་གྱུར་གདོན་དང་བགེགས། །ལས་ཀྱི་མཁའ་འགྲོའི་ཞལ་དུ༴ ཞལ་དུ་བསྟབ་པོ༴ བྱ་གྲུབ་ཡེ་ཤེས་ངང་དུ་བསྲེགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་ཧོཾ་ཁུང་ནང་གི་ཤིང་བྱང་ཟན་ལིང་རྩང་ཕུར་ཐམས་ཅད་བསྲེགས་པ་དང་ཆབས་གཅིག །བཾ་ཧ་རི་ནི་ས་ཛྭ་ལ་རཾ་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ྄ཿ མནན་པ་མི་བྱེད་ན་ཤོག་ལིང་བསྲེག་གོ། མནན་པ་བྱེད་ན་ཤོག་ལིང་བཞག །ཚེ་འདས་ཀྱི་མིང་བྱང་མེར་བསྲེགས་ཤིང་། ཧཱུཾ་མ་ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་ཡིས། ཡེ་ཤེས་ལྔ་ཡི་མེ་སྦར་ཞིང་། །སྣང་ཞིང་སྲིད་པའི་འཇིག་རྟེན་གྱི། །མ་དག་འཁྲུལ་སྣང་ཐམས་ཅད་བསྲེག །སྣོད་བཅུད་ཐམས་ཅད་འོད་དུ་ཞུ། །ཡུམ་ཆེན་ལྔ་ཡི་སྐུ་ལ་ཐིམ། །ལྔ་པོ་འོད་ཞུ་བཾ་ཡིག་དམར། །བཾ་ཡིག་བདག་ཉིད་ཁྲོས་མར་གྱུར། །ཁྲོས་མ་འོད་ཞུ་ནམ་མཁར་ཐིམ། །ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ། །སེམས་ཀྱིས་གར་ཁྱབ་ཆོས་སྐུས་ཁྱབ། །ཆོས་སྐུ་ཡུམ་ཆེན་ཕ་རོལ་ཕྱིན། །འཁོར་འདས་ཀུན་ཁྱབ་བདེ་ཆེན་ངང་། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་དམིགས་མེད་དུ་བཞག་གོ། ཐལ་སོལ་མ་ཎིའི་རྡོ་མཁར་འོག་གམ། ལམ་རྒྱ་གྲམ་དུ་བླུགས་མནན་པ་བྱེད་ན་ལིང་ག་གཅན་ཐོད་མཛོ་རྭ་སོགས་རང་ནོར་མིན་པའི་ར་ཅོར་བཅུག་ལ། རི་སྣ་སོགས་ལྷ་འདྲེ་གཉན་པོ་གནས་སར་གྲུ་གསུམ་བརྐོས་པའི་གཏིང་དུ་བཅུག་ལ་བྲན་ནས། ཕཊ྄ཿ རང་ཉིད་སྐད་ཅིག་ཁྲོས་མ་ནག་མོ་ཡི། །སྐུར་གསལ་ཕྱག་གཡས་གྲི་ཁུག་སར་བརྒྱབ་པས། །ས་གཞི་གས་པའི་ནང་ནས་ཆུ་གཏེར་མཚོ། །རབ་འཇིགས་དུས་མཐའི་ཆུ་ཀློང་མངོན་སུམ་བཞིན། །གསལ་བའི་ནང་དུ་གནམ་ལྕགས་ཁང་སྒྲོམ་ནི། །རབ་འཇིགས་མེ་འབར་གཏིང་རུམ་འཆོར་མེད་དུ། །གནོད་བྱེད་ཟ་འདྲེ་ཤི་སྲི་ཡོངས་ཚུད་གྱུར། །ཞེས་བསམ་འགུགས་པ་རྒྱས་བསྡུས་ཅི་མང་བྱས་མཐར། ས་རིམ་དགུའི་གཡོགས་སྟེང་དུ་སྡིགས་མཛུབ་ཀྱིས་འཁོར་ལོ་རྩིབས་བརྒྱད་བྲིས་ལ་དེར་བསམས་ལ། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ གནམ་ས་གནམ་ལྕགས་འཁོར་ལོ་རྩིབས་སྟོང་ཟུང་། རྒྱུན་ཆད་མེད་པར་འཁོར་བའི་བར་དག་ཏུ། །གནོད་བྱེད་རྡུལ་ཕྲན་ཇི་བཞིན་བརླག་པར་གྱུར། །ཞེས་བསམས་ལྷ་འདྲེ་འབོད་པ་འདི་བཞིན་བྱ། འོ་ཡུལ་ཕྱོགས་འདི་དང་རྒྱལ་ཁམས་སྤྱིར་གནས་པའི། །སྟོབས་རྩལ་ལྡན་པའི་ལྷ་འདྲེ་ཁྱེད་རྣམས་ལ། །གནོད་བྱེད་ཟ་འདྲེ་ཤི་གཤེད་གཏད་པ་ཡིན། །གཏད་བཞིན་ཟུངས་ཤིག་ཆིངས་ཤིག་མ་ཤོར་ཅིག །ཁྱེད་ཅག་རྣམས་ལ་མཐུ་རྩལ་ནུས་པའི་སྟོབས། །ཅི་འདུག་བལྟ་ཞིང་རེ་འོ་མ་བསླུ་ཞིག །གལ་ཏེ་ཟ་འདྲེ་ཤི་གཤེད་ཤོར་གྱུར་ན། ནམ་མཁའ་གདན་བཏིང་ས་གཞི་གདུགས་ལྟར་ཕུབ། །རི་ཆེན་རྦབ་བསྒྲིལ་རི་ཆུང་ཚོགས་ཕོར་འཕེན། །མཛེ་ཤའི་ཐང་བརྡལ་མཛེ་ཁྲག་རྒྱ་མཚོར་བསྐྱིལ། །དཀར་དམར་ཐབ་རློག་ཁྱེད་རྣམས་རྩད་ནས་གཅོད། །དེ་ཕྱིར་དེ་ལ་མ་ཐུག་བག་ཡོད་ཀྱིས། །བཅོལ་བའི་ལས་འདི་མ་གཡེལ་གདུག་འདྲེ་རྣམས། །མ་བཏང་འཆོར་མེད་ཞགས་པས་ཆིངས་ཤིག་སྡོམས། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ དེ་ལྟར་རྐང་པས་བཅགས་ཤིང་བྲོ་མནན་རྒྱས་པ་བྱའོ། ཧཱུཾ་ཕྱོགས་བཞི་དབུས་དང་ལྔ་པོ་ན། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་པོ། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རྒྱ་གྲམ་གར་སྟབས་ལྡན། །གདོན་དུག་ལྔ་ཡེ་ཤེས་ལྔའི་དབྱིངས་སུ། །མནན་ནོ་འཁོར་བར་ལྡོག་མེད་མཛོད། །ༀ་ལཾ། ཨ་ལཾ་ཧཱུཾ་ལཾ་སྭཱ་ལཾ་ཧཱ་ལཾ། གནོད་བྱེད་ཐམས་ཅད་སྟཾ་བྷ་ཡ་ནན། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ མནན་པའི་སྟེང་དུ་རྡོ་བརྩིགས་ཤིང་། རེ་ཚལ་བཅུག་ལ་ནན་དུ་མནན། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ལྕགས་ཁང་སྟེང་དུ་གནམ་ལྕགས་ཀྱི། །མཆོད་རྟེན་བང་རིམ་དགུ་ལྡན་པ། །མུན་པ་རབ་འཐིབ་ཆེ་ལ་བརྗིད། །སྲ་བརྟན་གཡོ་འགུལ་བྲལ་བ་ཡིས། །མནན་ནོ་ནམ་ཡང་ལྡང་མེད་གྱུར། །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་མནན་ལ་ཕྱི་མིག་མི་ལྟ་བར་འོང་ངོ་། དེ་ཡང་ཚར་ཚད་བྱུང་ན་མནན་པ་མི་དགོས་སོ། དེ་ནས་ཡོན་བདག་གི་ཁྱིམ་དུ་འོང་རྒྱུ་ཡིན་ན། གཏང་རག་གི་ཚོགས་མཆོད་བྱ། རང་ཁྱིམ་དུ་ལྡོག་རྒྱུ་ལ་ས་མཚམས་གཉན་སར་ཁལ་ཕོག་ལ་དབང་སྡུད་དཀར་དམར་འགྱེད་སོགས་བསྡུས་ཙམ་བྱས་ལ་མཐར། འོ། ས་ཆ་འདིར་གནས་ལྷ་འདྲེ་སྟོབས་ལྡན་རྣམས། །ང་ཡི་རྗེས་སུ་འགབ་འདྲེ་ཟ་འདྲེ་དང་། །ལྟོག་འགོང་དབུལ་སྲི་འབྱུང་པོ་འབྲང་སྲིད་ན། །མ་བཏང་དམ་དུ་ཟུངས་ལ་རྡུལ་དུ་རློགས། །ཁྱེད་ཚོགས་ནུས་མཐུ་ཅི་འདུག་ངས་བལྟའོ། །ཅེས་བརྗོད་ལ་ཚུར་ཅུང་ཟད་ཕྱིན་ནས་ཐོ་བརྩིགས་སར་ཚེར་ལྕག་བཙུགས་ལ། ཕཊ྄ཿ ཡེ་ཤེས་བྱ་ཁྱུང་འཇིགས་རུང་དྲག་ཤུལ་རྔམ། །ཞལ་ཕྱིར་ཕྱོགས་ནས་གནོད་བྱེད་ཟ་འདྲེ་ཡི། །རྒྱུ་ལམ་བཅད་ནས་ཝ་སྤྲེལ་སེང་གེ་ལ། །ཉེས་མི་ནུས་བཞིན་གནོད་སེམས་ཞི་བར་གྱུར། །ཞེས་བསམས་དམིགས་བྲལ་ངང་ནས་ཁྱིམ་དུ་འོང་། དེ་ལྟར་བྱས་པས་ཟ་འདྲེ་རྗེས་འབྲང་ཁོག །སྨྲས་པ། རྣམ་མང་དུར་གཅོད་འོ་མའི་རྒྱ་མཚོ་གང་། །བསྲུབས་པའི་སྙིང་པོའི་ཡང་བཅུད་འདུལ་དཀར་ནོར། །སྲིད་པའི་ཉེར་ལེན་དུཿཁས་དུབ་པའི་འགྲོར། །ཐར་བའི་སྲོག་གི་གསོས་སུ་སྦྱིན་ནོ་ཀྱེེ། །གཅོད་ཡུལ་བརྒྱུད་པའི་དགོངས་དོན་བདུད་རྩིའི་ཆུས། །ཡོངས་གཏམས་བྱང་ཆུབ་སེམས་ཀྱི་བུམ་པ་བཟང་། །འདི་ཀོ་སྦྱོང་བྱེད་ཆོ་གའི་རྣལ་འབྱོར་ཅན། །སྔགས་འཆང་དྲང་སྲོང་ཚོགས་ཀྱི་ཕྱག་ཆར་འོས། །བདུད་བཞིའི་སྤྲོས་པ་ཆོད་པས་མི་འཇི༷གས་ཤིང་། །ཐོགས་མེ༷ད་རྒྱལ་གསུང་སྨྲ་ལ་བསྙེངས་མན་པར། །འབད་མེད་ཕྲིན༷་ལ༷ས་གདུལ་བྱའི་དཔལ་འབར་བ། །ཀུན༷་བཟ༷ང་གཞན་ལ་ཕ༷ན་དེས་ལེགས་པར་སྦྱར། །བསྐུལ་ཞིང་ཡི་གེའི་བྱེད་པོ་རང་ཉིད་ཀྱི། །སློབ་བུ་ཀློང་ཆེན་འོད་གསལ་རྡོ་རྗེ་ཡིས། །བྲིས་པ་འདིས་ཀྱང་མཐའ་ཡས་འགྲོ་བ་ཀུན། །བྱང་ཆུབ་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


previousགཤིན་པོའི་སྡུག་བསྔལ་སྦྱོང་བྱེད་འདུལ་དཀར་གྱི་ཆོ་ག་བདུད་རྩི་བུམ་པའི་ཆུ་རྒྱུན།next