Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
ཡུམ་ཆེན་ཤེར་ཕྱིན་སྟོན་པ་བཅོམ་ལྡན་འདས་་་་
   
   
   
   


 
previousཡུམ་ཆེན་ཤེར་ཕྱིན་སྟོན་པ་བཅོམ་ལྡན་འདས་་་་next

ཡུམ་ཆེན་ཤེར་ཕྱིན་སྟོན་པ་བཅོམ་ལྡན་འདས་་་་

༄༅། །ན་མོ་གུ་རུ། ཡུམ་ཆེན་ཤེར་ཕྱིན་སྟོན་པ་བཅོམ་ལྡན་འདས། །འཇམ་དཔལ་སྨྲ་སེང་རྗེ་བཙུན་སྒྲོལ་མ་དང་། །བདེ་བའི་དངོས་གྲུབ་ཨཪྱ་དྷེ་ཝ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དམ་པ་སངས་རྒྱས་བསོད་ནམས་བླ་མ་དང་། །ལབ་ཀྱི་སྒྲོན་མ་རྒྱལ་བ་དོན་ཀུན་གྲུབ། །ཁུ་སྒོམ་ཆོས་སེང་དོལ་བ་ཟང་ཐལ་ལ། །གསོལ་བ་འདེབས་སོ༴ །རྒྱ་ནག་གཅེར་བུ་སངས་རྒྱས་རབ་སྟོན་དང་། །རྟོགས་ལྡན་དགེ་སློང་ཞེན་མེད་རས་པ་མཆོག །སངས་རྒྱས་སྟོན་པ་མཁས་གྲུབ་ཆོས་རྗེ་ལ། །གསོལ་བ༴ བཀྲ་ཤིས་མཚན་དང་རྡོ་རྗེའི་མཚན་ཅན་དང་། །ཀུན་དགའི་མཚན་དང་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ༴ རྒོད་ཕྲུག་རས་པ་དུར་ཁྲོད་རས་ཆེན་དང་། །སངས་རྒྱས་བློ་གྲོས་ཆོས་ཀྱི་བློ་གྲོས་དང་། །སྣ་ཚོགས་རང་གྲོལ་བསྟན་འཛིན་གྲགས་པ་ལ། །གསོལ་བ༴ མདོ་སྔགས་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ་དང་། །གཏེར་བདག་གླིང་པ་ལོ་ཆེན་དྷརྨ་ཤྲཱྀ། །འགྱུར་མེད་སྐལ་བཟང་འགྱུར་མེད་བསྟན་འཕེལ་ལ། །གསོལ་བ་འདེབས་སོ༴ བསྟན་འཛིན་ཆོས་རྒྱལ་ཀུན་བཟང་གཞན་ཕན་པ། །ཡི་དམ་ལྷ་ཚོགས་མ་དང་མཁའ་འགྲོ་མ། །མ་མགོན་ལྕམ་དྲལ་ཆོས་སྲུང་དམ་ཅན་ལ། །གསོལ་བ༴ གཅོད་ཡུལ་བརྒྱུད་པའི་བླ་མའི་ཚོགས་རྣམས་ཀྱིས། །བདག་གི་སྒོ་གསུམ་བྱིན་གྱིས་བརླབས་ནས་ཀྱང་། །གསང་གསུམ་མཐུ་ནུས་ཐོབ་པར་མཛད་དུ་གསོལ། །རང་དོན་ཀུན་ཟད་གཞན་དོན་འབད་མེད་འབྱུང་། །བདུད་བཞི་ཟིལ་གནོན་ས་ལམ་མཐར་ཕྱིན་ཅིང་། །མ་ཅིག་ཡུམ་ཆེན་དགོངས་དོན་མངོན་གྱུར་ནས། །རབ་འབྱམས་ཕྲིན་ལས་འཇུག་པ་མཐའ་ཡས་ཀྱིས། །མ་ལུས་འགྲོ་ཀུན་རྣམ་མཁྱེན་སར་འགོད་ཤོག །ཅེས་པའི་ཟབ་མོ་གཅོད་ཀྱི་དགོངས་དོན་ཇི་བཞིན་བརྒྱུད་པའི་གསོལ་འདེབས་དོན་བསྡུས་འདི་རྒྱལ་ཁམས་པ། ཀུན་བཟང་གཞན་ཕན་གྱིས་བྱང་ཕྱོགས་མཚོ་སྔོན་ནས་བྲིས་སོ། །དགེའོ། དགེའོ། དགེའོ།། །།


previousཡུམ་ཆེན་ཤེར་ཕྱིན་སྟོན་པ་བཅོམ་ལྡན་འདས་་་་next