Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་ཉམས་སུ་བླང་ཆོག་ཏུ་བཀོད་པ་ཆུ་བོ་གཅིག་འདྲེས་བདུད་རྩིའི་རྒྱ་མཚོ།
   
   
   


 
previousགཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་ཉམས་སུ་བླང་ཆོག་ཏུ་བཀོད་པ་ཆུ་བོ་གཅིག་འདྲེས་བདུད་རྩིའི་རྒྱ་མཚོ།next

གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་ཉམས་སུ་བླང་ཆོག་ཏུ་བཀོད་པ་ཆུ་བོ་གཅིག་འདྲེས་བདུད་རྩིའི་རྒྱ་མཚོ།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ཐེམ་མེད་སྐོར་ལསཿ གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་ཉམས་སུ་བླང་ཆོག་ཏུ་བཀོད་པ་ཆུ་བོ་གཅིག་འདྲེས་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ་བཞུགསཿ

ན་མོ་པྲ་ཛྙཱ་པཱ་ར་མི་ཏ་ཡེ། མཁྱེན༷་རབ་རྒྱལ་བ་ཀུན་དང་མཉམ་ཡང་རྒྱལ་ཀུན་སྐྱབས་སུ་བརྟེན་ནས་རྒྱལ་གསུང་ཇི་བཞིན་ཉམས་བླངས་མཐུས། རྒྱལ་ཀུན་གསུང་གི་གསང་བའི་དེ་ཉིད་ཇི་བཞིན་གཟིགས་ནས་བྱམས་བརྩེ༷འི་ཐུགས་ཀྱིས་གཞན་ལ་འདོམས་མཛད་རྗེ། རྒྱལ་བ་ཀློང་ཆེན་པ་དེ་སླར་ཡང་ཟློས་པའི་གར་བསྒྱུར་རྫོགས་ཆེན་བསྟན་པའི་མུན་སེལ་འོ༷ད་སྟོང་དལ། རྒྱལ་ཀུན་ཕྲིན་ལས་ཚ་ཟེ༷ར་སྐལ་བཟང་པད་མོར་ཤར་ཚེ་གདུལ་བྱའི་རྐང་དྲུག་དགའ་བར་མཛད་དེར་འདུད། གང་གི་བཀའ་དྲིན་ཡིད་བཞིན་དབང་། །བདེ་ཆེན་འཁོར་ལོར་བཀོད་བཞིན་དུ། །ཡིད་གཉིས་བྲལ་བས་གསོལ་བཏབ་མཐུས། །ཆོས་རྣམས་ཀུན་གྱི་དེ་ཉིད་རིག །དེ་ཕྱིར་ཕྱག་རྫོགས་དབུ་མ་ཞི་གཅོད་སོགས། །ཀུན་ལ་འབྲེལ་བ་བཞག་ཅིང་མཉན་བསམ་དང་། །སྨིན་གྲོལ་ནོད་བཞིན་ཇི་ལྟར་སྦྱངས་འབྲས་ཀྱིས། །འདི་འདྲའི་ཕྱག་ལེན་འབྲི་བའི་སྤོབས་པ་ཐོབ། །དེ་སླད་སྤྲུལ་སྐུ་ལབ་སྒྲོན་མའི། །གཅོད་གཞུང་དགོས་འདོད་སྣ་ཚོགས་གཟུགས། །ཕུང་པོ་མཆོད་སྦྱིན་བདུད་རྩིའི་མཚོར། །གསལ་བར་བྱས་འདིར་བལྟ་བར་བྱོས། །དེ་ལའང་སྦྱོར་དངོས་རྗེས་གསུམ་གྱི། །དང་པོ་ཕྱི་པའི་གྲུབ་མཐའ་ལས། །ཁྱད་པར་འཕགས་ཕྱིར་སྐྱབས་འགྲོའི་ཆེད། །ཚོགས་ཞིང་སྒྲུབ་ཚུལ་འདི་བཞིན་ཏེ། །དུས་གསུམ་རྟོག་ཚོགས་གཅོད་ཕྱིར་དུ། །ཕཊ྄ཿ བརྗོད་དྲན་རིག་སོ་མའི་ངང་། ཕྱོགས་མཚམས་སྟེང་འོག་ལས་འདས་རང་སྣང་མཁར། །ཐབས་ཤེས་ཉི་ཟླ་མ་ཆགས་པདྨའི་སྟེང་། །རྣམ་ཀུན་མཆོག་ལྡན་ཆོས་སྐུ་ཡུམ་ཆེན་དང་། །དབྱེར་མེད་རྡོ་རྗེ་ཕག་མོ་ལབ་སྒྲོན་མ། །ག་བུར་རྡུལ་བརྩེགས་ལྷུན་པོ་བསིལ་ཟེར་གྱིས། །ལན་བརྒྱར་འཁྱུད་ལྟའི་ལང་ཚོའི་དཔལ་ཡོན་མཛེས། །ཕྱག་གཡས་ཌ་རུ་ས་སྙིང་ཞུན་མས་སྤུད། །གཡོན་ཕྱག་རིན་ཆེན་གཉིས་པའི་དྲིལ་བུ་འཁྲོལ། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་སྤུད། །སྐུ་གསུམ་མཚོན་ཕྱིར་འདྲེན་བྱེད་རྩེ་མོ་ཡིས། །མདུན་མཁར་རབ་གཟིགས་ཁམས་གསུམ་ཟིལ་གྱིས་གནོན། །སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་གཡོ་མེད་བཞུགས། །དབུ་སྐྱེས་ལྕང་ལོ་བདེ་ཆེན་འཁོར་ལོར་བཅིངས། །ལྷག་མ་ཐུར་གྲོལ་སྐུ་རྒྱབ་ཁེབས་པར་སྤུད། །དེ་ལྟར་གསལ་བའི་སྤྱི་བོའི་གཙུག་ནས་སུ། །མས་རིམ་ཇི་བཞིན་སྟོན་མཆོག་ལྷ་མིའི་མགོན། །གཡས་སུ་གྲུབ་པའི་ཁྱུ་མཆོག་དམ་པ་རྗེ། །གྲུབ་ཐོབ་རྒྱ་མཚོ་ལྟ་བུའི་དབུས་ན་རོལ། །གཡོན་ན་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་པོ། །རང་རང་རིགས་ཀྱི་འཁོར་ཚོགས་དུ་མས་བསྐོར། །དེ་སྟེང་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོ། །དེ་སྟེང་དབྱིངས་སྣང་ལོངས་སྐུ་སྟངས་དཔྱལ་འཁོར། །མདུན་མཁར་རྗེ་བཙུན་ཨཱཪྱ་ཏཱ་རེ་མ། །གཞན་ཡང་རྩ་གསུམ་ཆོས་སྲུང་དཀར་སྐྱོང་བཅས། །མཁའ་དབྱིངས་ཆུ་འཛིན་ཕུང་པོས་ཡོངས་གང་བཞིན། །མཁྱེན་བརྩེ་ནུས་པའི་དཔལ་ཡོན་བླ་ན་མེད། །དེ་ལྟར་གསལ་བའི་འོག་ཕྱོགས་ས་སྤྱོད་དེར། །འགྲོ་བ་རིགས་དྲུག་བར་དོའི་ཡིད་ལུས་བཅས། །གཏན་པ་བྲལ་བའི་སྟོན་མོར་ཁྲོམ་ཚོགས་བཞིན། །མཆོག་དམན་མགྲོན་རྣམས་ལྷག་མེད་འདུས་པར་གྱུར། །ཞེས་པས་ཚོགས་ཞིང་མགྲོན་བཅས་སེམས་ཉིད་ཀྱི། རོལ་རྩལ་ལས་གཞན་བདག་བཟུང་སྐྱོན་བྲལ་བཞིན། རྣམ་གསུམ་དད་པའི་ལམ་གྱི་སྐྱབས་འགྲོ་ནི། མ་ཅིག་སྤྲུལ་སྐུའི་བཀའ་བཞིན་འདི་ལྟར་བྱས། །ན་མོ་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང་། །གནས་གདོན་ལུས་གདོན་གཙོར་བྱས་པའི། །མཁའ་མཉམ་གྱི་འགྲོ་བ་སེམས་ཅན་ཀུན། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོན་མ་ཁྱེད་ལ་སྐྱབས་སུ་མཆི། །རང་རིག་ཡེ་ཤེས་སྟོན་མཛད་པ། །བླ་མ་རྣམས་ལ༴ དངོས་གྲུབ་ངེས་པར་སྟེར་མཛད་པ། །ཡི་དམ་ལྷ་ལ་སྐྱབས་སུ༴ བར་ཆད་ཐམས་ཅད་སེལ་མཛད་པ། །མཁའ་འགྲོའི་ཚོགས་ལ༴ སྤང་རྟོགས་ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམས་ལ༴ ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་པའི་ཆོས་ལ༴ །གང་ལ་ཕུལ་ན་དོན་ཆེ་བ། །དགེ་འདུན་རྣམས་ལ༴ གཞོན་ནུའི་ཚུལ་འཛིན་ཡོན་ཏན་ལྡན། །འཇམ་དཔལ་དབྱངས་ལ༴ སྙིང་རྗེས་ངེས་པར་རྒྱུད་གང་བ། །སྤྱན་རས་གཟིགས་ལ༴ མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན་ལ༴ ཇི་སྲིད་སྙིང་པོ་བྱང་ཆུབ་བར། །ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། །ཁྱེད་རྣམས་ལ་ནི་གསོལ་བ་འདེབས། །ཁྱེད་རྣམས་ལ་ནི་རྟེན་བཙའ་འོ། །དགེ་དེས་སེམས་ཅན་བདེ་གྱུར་ཅིག །གཉིས་པ་ཉན་རང་གཞན་དོན་མི་གཉེར་ཡང་། །བྱང་ཆུབ་སེམས་དཔས་རང་དོན་བསྒྲུབ་ན་སྐྱོན། །དེ་ཕྱིར་ཉན་རང་ལ་སོགས་དམན་ལམ་ལས། །སྐྱོབ་ཕྱིར་ཐེག་པ་ཆེན་པོའི་ལམ་མཆོག་འདིར། །ངེས་པར་སློབ་འདོད་སེམས་ཀྱི་ཚད་མེད་བཞིའི། །རྗོད་བྱེད་རྗེས་སུ་བརྗོད་བྱ་འབྲང་བཞིན་དུ། །ལམ་ལྔའི་སྙིང་པོ་སེམས་བསྐྱེད་འདི་བཞིན་བྱ། ཕཊ྄ཿ སྲིད་ཁམས་རྒྱ་མཚོ་བདེ་དང་མི་འབྲལ་ཞིང་། །དེ་ཀུན་སྡུག་བསྔལ་རྒྱུ་འབྲས་དང་བྲལ་ནས། །བདེ་ཆེན་འགྱུར་མེད་དཔལ་ལ་ལོངས་སྤྱོད་བཞིན། །ཐམས་ཅད་ཉེ་རང་ཆགས་སྡང་བྲལ་གྱུར་ཅིག །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཕཊ྄ཿ ལན་བཞི་བརྗོད་པས་ཚད་མེད་རྣམ་བཞིར་སྦྱོར། གསུམ་པ་སེམས་བསྐྱེད་དངོས་ལའང་སྨོན་འཇུག་གཉིས། དང་པོ་སྨོན་པའི་སེམས་བསྐྱེད་འདི་ལྟ་སྟེ། ཕཊ྄ཿ བདག་གིས་འགྲོ་རྣམས་མ་ཅིག་ཡུམ་ཆེན་གྱི། གོ་འཕང་མཆོག་ལ་མྱུར་དུ་འགོད་པར་བགྱི། ལན་གསུམ་ལྡབ་ཅིང་སྨོན་སེམས་མ་སྐྱེས་བར། ཕཊ྄ཿ བརྗོད་སྨོན་སེམས་སྔོན་འགྲོའི་འཇུག་པ་ནི། ཕཊ྄ཿ བདག་གིས་འགྲོ་རྣམས་མ་ཅིག་ཡུམ་ཆེན་མོའི། །གོ་འཕང་མཆོག་ལ་འགོད་ཕྱིར་བདུད་གཅོད་ལམ། །ཕར་ཕྱིན་དྲུག་གི་ཚུལ་གྱིས་ཉམས་བླངས་ནས། །སྲིད་པ་ཇི་སྲིད་འགྲོ་དོན་བྱེད་སེམས་བསྐྱེད། །དེ་ལྟར་མ་སྐྱེས་བར་དུ་ཕཊ྄ཿབརྗོད་དོ། །བཞི་པ་མཆོད་པའི་ཡན་ལག་ལ་ཡང་གཉིས། །ཕྱི་སྣོད་ནང་བཅུད་མཎྜལ་འབུལ་འདུན་དང་། །དེ་དག་ཡོ་བྱད་འདོད་ཡོན་ཅི་མཆིས་ཀུན། །ཚོགས་ཞིང་ལྷ་ལ་འབུལ་བ་རྣམ་གཉིས་སོ། །དེ་ལས་དང་པོ་དམིགས་འདོན་ཟུང་འཇུག་ངང་། ཕཊ྄ཿ ཅེས་བརྗོད་པས་རང་སེམས་ངོ་བོ་དེ། །མཁའ་འགྲོ་མར་གྱུར་རང་ལུས་བེམ་རོ་ཡི། །པགས་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་། །མགོ་བོ་རི་རྒྱལ་ལྷུན་པོ་མཚན་ཉིད་རྫོགས། །ཡན་ལག་ཉིང་ལག་གླིང་བཞི་གླིང་ཕྲན་བཅས། །མིག་གཉིས་ཉི་ཟླའི་དཀྱིལ་འཁོར་དཔལ་ཡོན་ལྡན། །ཤ་ཁྲག་རུས་པ་སྐྲ་སེན་བ་སྤུ་བཅས། །ལྷ་མིའི་འདོད་ཡོན་ལོངས་སྤྱོད་དཔག་མེད་རྫས། །ཞིང་ཁམས་མུ་མཐའ་མེད་པར་བཀོད་པ་འདི། །གཅོད་ཡུལ་བརྒྱུད་པའི་ཆུ་འགོ་སངས་རྒྱས་དང་། །བྱང་སེམས་བླ་མ་ཡི་དམ་མཁའ་འགྲོར་བཅས། །མཆོད་འོས་ཚོགས་ཞིང་དཀྱིལ་འཁོར་ལྷ་ཚོགས་ལ། །འབུལ་ལོ་ཚོགས་གཉིས་རབ་རྫོགས་སྒྲིབ་གཉིས་བྱང་། །དམ་པ་སྐུ་གཉིས་ཐོབ་པའི་རྒྱུར་གྱུར་ཅིག །དེ་ལྟར་དམིགས་པ་མ་ཟིན་བར་དུ་ནི། ཕཊ྄ཿ ཅེས་བརྗོད་རྗེས་གནས་ལུགས་ངང་དུ་བཞག །བཞག་ཅེས་བྱ་བ་འཇོག་མཁན་བྲལ་བ་ཡིན། །གཉིས་པ་ཕྱི་ནང་གསང་བའི་མཆོད་འབུལ་ནི། །དམིགས་འདོན་ཡ་བྲལ་མ་སོང་ངང་ཉིད་ནས། ཕཊ྄ཿ རབ་འབྱམས་རྒྱ་མཚོའི་ཞིང་གི་ཕྱི་སྣོད་ཀྱི། །འཇིག་རྟེན་ཁམས་ལས་བྱུང་བའི་མཆོད་པའི་རྫས། །ལྷ་ཆེན་ཚངས་པའི་སྤྱོད་ཡུལ་ལས་གྱུར་དང་། །ཕྱི་རྒྱུད་གསུམ་ལས་གསུང་པའི་ཡོ་བྱད་ཚོགས། །བློ་ཡིས་བླངས་ཏེ་ཚོགས་ཞིང་ལྷ་ལ་འབུལ། །ཚོགས་གཉིས་རབ་རྫོགས་སྐུ་གཉིས་མངོན་གྱུར་མཛོད། །དམིགས་པ་མ་ཟིན་བར་དུ་ཕཊ྄ཿབརྗོད་དོ། །ནང་དང་གསང་བའི་མཆོད་འབུལ་འདི་བཞིན་ནོ། ཕཊ྄ཿ ནང་བཅུད་འགྲོ་བའི་ཕུང་ཁམས་སྐྱེ་མཆེད་ལས། །བྱུང་བའི་གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས། །ཐབས་ཤེས་ཟུང་འཇུག་སྦྱོར་དང་གཉིས་འཛིན་བསྒྲལ། །སྣང་སྟོང་གསལ་སྟོང་གྲག་སྟོང་ལ་སོགས་པ། །དངོས་འཛིན་ཞེན་པ་བྲལ་བའི་མཆོད་པ་ཡང་། །འབུལ་བྱ་འབུལ་བྱེད་བྲལ་བའི་ངང་ནས་འབུལ། །ས་བཅུ་ལམ་ལྔའི་འབྲས་བཟང་མངོན་གྱུར་མཛོད། ཕཊ྄ཿ ལྔ་པ་ཕྱག་འཚལ་བ་ཡི་ཡན་ལག་ནི། ཕཊ྄ཿ བདག་ལུས་ཞིང་རྡུལ་མཉམ་པའི་གྲངས་སྙེད་ཀྱིས། །ཐལ་མོ་སྤྱི་མགྲིན་སྙིང་ཁའི་གནས་རྣམས་སུ། །བཞག་ནས་སྒོ་གསུམ་གུས་པའི་མོས་སྟོབས་ཀྱིས། །གཅོད་ཡུལ་བརྒྱུད་པའི་བླ་མར་ཕྱག་འཚལ་ལོ། ཕཊ྄ཿ བརྗོད་དམིགས་པ་སྔ་ཕྱིའི་མཚམས་སྦྱོར་བྱ། དྲུག་པ་བཤགས་པའི་ཡན་ལག་འདི་བཞིན་ཏེ། ཕཊ྄ཿ སྲོག་གཅོད་རྐུ་འཕྲོག་ལོག་པར་གཡེམ་པ་དང་། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བ། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སོགས། །སྒོ་གསུམ་མི་དགེའི་ལས་བགྱིས་མཐོལ་ལོ་བཤགས། ཕཊ྄ཿ བརྗོད་སྡིག་ཚོགས་ཆུ་ལ་གཟུགས་བྲིས་ལྟར། འཇུག་ལྡོག་སྒྱུ་མའི་འཕྲུལ་བཞིན་རང་གྲོལ་བལྟ། བདུན་པ་དགེ་རྩར་རྗེས་སུ་ཡི་རང་བ། ཕཊ྄ཿ རྒྱལ་དང་དེ་སྲས་རྣམས་ཀྱིས་བསྟན་འགྲོའི་དོན། །དཔག་མེད་མཛད་དང་བསྟན་འཛིན་སྡེ་ཚོགས་ཀྱིས། །བསྟན་པ་འཛིན་སྐྱོང་སྤེལ་བའི་རྣམ་དཀར་དང་། །འགྲོ་ཀུན་དགེ་ཚོགས་ཀུན་ལ་རྗེས་ཡི་རང་། ཕཊ྄ཿ བརྗོད་རྟོག་པའི་འཕྲོ་འདུ་རྒྱུན་གཅོད་བྱ། བརྒྱད་པ་ཆོས་འཁོར་བསྐོར་ཞིང་བསྟན་འཛིན་རྣམས། མྱ་ངན་མི་འདར་གསོལ་བ་གདབ་པ་ནི། ཕཊ྄ཿ རྒྱལ་བ་སྲས་བཅས་ཞི་བདེར་མི་གཞོལ་བར། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །སྲིད་མཐའི་བར་དུ་མྱ་ངན་མི་འདའ་བར། །བསྟན་འགྲོར་ཕན་བདེ་སྤེལ་ཕྱིར་བཞུགས་གསོལ་འདེབས། །དགེ་དེས་འགྲོ་རྣམས་སངས་རྒྱས་ཐོབ་གྱུར་ཅིག ཕཊ྄ཿ སྒྲ་དམིགས་པ་མ་ཟིན་བར་དུ་བརྗོད། དེ་ཚེ་ཆོས་ཅན་ཆོས་ཉིད་ཀློང་དུ་སྦ། །དེ་ལྟར་སྔོན་འགྲོའི་རིམ་པ་གྲུབ་ནས་སུ། །སྤྱི་དོན་གཉིས་པ་ལ་ཡང་གསུམ་ཡིན་ཏེ། །དང་པོ་སྙིང་ནས་གསོལ་བ་འདི་ལྟར་གདབ། ཕཊ྄ཿ གནས་རང་སྣང་བདེ་ཆེན་འཁོར་ལོའི་དབྱིངས། །རྒྱུས་མ་བསྐྱེད་རྐྱེན་གྱིས་མི་འཇིག་པའི། །དཔལ་ཡོན་ཏན་ཕུན་ཚོགས་དཀྱིལ་འཁོར་ན། །མ་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོ། །མགོན་ཤཱཀ་ཐུབ་འཇམ་དཔལ་སྨྲ་སེང་དང་། །རྗེ་བཙུན་སྒྲོལ་མ་བདེ་བའི་དངོས་གྲུབ་དང་། །ཨཱཪྱ་དྷེ་ཝ་དམ་པ་རྒྱ་གར་བ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་བདག་མེད་གཉིས་ཀྱི་དོན་རྟོགས་ནས། །མ་ཡུམ་ཆེན་དགོངས་དོན་མངོན་གྱུར་མཛོད། ཕཊ྄ཿ སྐྱོ་སྟོན་ཁུ་དབོན་ཨ་མ་ལབ་ཀྱི་སྒྲོན། །རྒྱལ་བ་དོན་འགྲུབ་ཁུ་སྒོམ་ཆོས་སེང་བ། །དོལ་བ་ཟང་ཐལ་རྒྱ་ནག་གཅེར་བུ་པ། །སངས་རྒྱས་རབ་སྟོན་རྟོགས་ལྡན་དགེ་སློང་ཞབས། །བདག་གསོལ་བ༴ ཆོས་བདག་མེད༴ མ་ཡུམ་ཆེན༴ ཕཊ྄ཿ ཞེན་མེད་རས་པ་སངས་རྒྱས་སྟོན་པ་དང་། །ཆོས་ཀྱི་རྗེ་དང་བཀྲ་ཤིས་བཛྲ་མཚན། །ཀུན་དགའ་ཆོས་ཀྱི་རྒྱ་མཚོ་རྒོད་རས་པ། །དུར་ཁྲོད་རས་ཆེན་བྷུནྡྷ་ཆོས་བློ་ཟུང་། །བདག་གསོལ༴ ཆོས་བདག་མེད༴ མ་ཡུམ་ཆེན༴ ཕཊ྄ཿ སྣ་ཚོགས་རང་གྲོལ་བསྟན་འཛིན་གྲགས་པ་དང་། །མདོ་སྔགས་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ་རྗེ། །འགྱུར་མེད་རྡོ་རྗེ་རིན་ཆེན་རྣམ་རྒྱལ་བ། །ཀུན་བཟང་རྣམ་རྒྱལ་བསྟན་འཛིན་ཆོས་རྒྱལ་སོགས། །བདག་གསོལ་བ༴ ཆོས་བདག་མེད༴ མ་ཡུམ་ཆེན༴ ཕཊ྄ཿ ཁྱད་པར་ཕ་བརྒྱུད་མ་བརྒྱུད་སྲས་རྒྱུད་དང་། །བཀའ་བརྒྱུད་སྒྲུབ་བརྒྱུད་དབང་བསྐུར་ལུང་ནོད་སོགས། །བྱིན་རླབས་བཀའ་བབ་རྩ་བའི་བླ་མ་རྗེ། །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་བཅས། །བདག་གསོལ་བ༴ ཆོས་བདག་མེད༴ མ་ཡུམ་ཆེན་དགོངས་དོན་མངོན་གྱུར་མཛོད། ཕཊ྄ཿ ཅེས་བརྗོད་ལ་ཚོགས་ཞིང་གི། དགོངས་ཀློང་མཁའ་དང་རང་སེམས་བསྲེ། བསྲེ་ཞེས་བྱ་བ་གཉིས་འཛིན་ཡིན། གཉིས་མེད་རྟོགས་ཚེ་གཅིག་ཀྱང་སྟོར། དེ་ཚེ་དབང་བསྐུར་བྱིན་རླབས་ཐོབ། གཉིས་པ་བདུད་རྩི་དབབ་པ་དང་། ཆབས་ཅིག་ནད་གདོན་སྒྲིབ་སྦྱོང་ནི། ཕཊ྄ཿ ཚོགས་ཞིང་དཀྱིལ་འཁོར་ལྷ་རྣམས་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནི། །འོད་ཀྱི་རྣམ་པས་བདུད་རྩིའི་རྒྱུན། །བདག་དང་བསྲུང་བྱའི་སྤྱི་བོ་ནས། །ཞུགས་པས་ནད་གདོན་སྡིག་སྒྲིབ་ཀུན། །ལྷག་མེད་བཀྲུས་པའི་ཁྲུས་ཁུ་ཡིས། །ས་གཞིའི་ཁམས་ཀུན་ཡོངས་གང་བཞིན། །འཆི་བདག་གཤིན་རྗེའི་ཁར་སོང་བས། །དུས་མིན་འཆི་བ་བཟློག་པར་གྱུར། །ཞེས་མོས། ཕཊ྄ཿ བརྗོད་དམིགས་འདོན་བསྦྲགས། གསུམ་པ་གཅོད་ཀྱི་དགོངས་དོན་འགྱེད་ཆེན་བཞིའི། དང་པོ་ཡེངས་མེད་ང་ནས་དཀར་འགྱེད་བྱ། ཕཊ྄ཿ རང་ལུས་གཞོན་དར་ལང་ཚོ་ཕུན་ཚོགས་ལྡན། །རང་སེམས་རྣལ་འབྱོར་དམར་མོ་གྲི་ཐོད་བསྣམས། །གཡོན་བསྐུམ་གཡས་བསྐྱང་ཞབས་གཉིས་གར་སྟབས་མཛད། །གཅེར་བུ་སྐྲ་བཀྲོལ་འོད་ལུས་ཐོགས་བྲལ་ཞིག །དབུ་མའི་ལམ་ནས་སྐར་མདའ་རྒྱུག་བཞིན་ཐོན། ཕཊ྄ཿ སེམས་བྲལ་བེམ་པོ་ཡིད་འོང་མཛེས་པ་དེ། །མགོ་བོ་ཚུར་བསྟན་རྐང་པ་ཕྱིར་བརྐྱངས་ཏེ། །རང་མདུན་དོག་སར་དུར་ཁྲོད་རོ་བཞིན་དུ། །གན་རྐྱལ་ལ་གནས་མངོན་སུམ་ཇི་བཞིན་གྱུར། ཕཊ྄ཿ རང་སེམས་ཡོ་གིའི་ཕྱག་གཡས་གྲི་གུག་གིས། །བེཾ་པོའི་སྨིན་མཚམས་ནས་བཟུང་ཐོད་པ་བྲེགས། །གཡོན་ཕྱག་གིས་བླངས་མདུན་དེར་མི་མགོ་ཡི། །སྒྱེད་པུ་རི་བོའི་དཔེར་འོས་གསུམ་གྱི་ཁར། །ཐོད་པ་བཙུགས་པས་འཇིག་རྟེན་ཁམས་གང་གྱུར། ཕཊ྄ཿ ཐོད་པ་བཀོག་པའི་བེམ་རོ་དེ་ཉིད་ཀྱང་། །གྲི་གུག་གིས་གཏུབ་ཐོད་པའི་ནང་དེར་བླུགས། །ༀ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར་བ་དང་། །ཚོགས་ཞིང་སྐུ་ལས་བདུད་རྩིའི་རྒྱུན་བབས་ནས། །ཐོད་པའི་བདུད་རྩིར་ཐིམ་པས་བདུད་རྩིའི་མཚོ། །དཀར་དམར་མདངས་ལྡན་དྲི་ཞིམ་རོ་མངར་བའི། །མཆོག་དམན་མགྲོན་རིགས་མཉེས་པའི་དཔལ་ལྡན་གྱུར། །ཅེས་བསམ་དེ་ལྟར་དམིགས་པ་མ་ཟིན་བར། ཕཊ྄ཿ བརྗོད་མཆོད་སྦྱིན་ལས་ལ་འཇུག་པ་ནི། ཕཊ྄ཿ རང་རིག་ལས་བྱེད་རྡོ་རྗེ་རྣལ་འབྱོར་མའི། །ཐུགས་ལས་སྤྲུལ་བའི་མཁའ་འགྲོ་གྲངས་མེད་ཀྱིས། །ཐོད་པའི་བདུད་རྩིར་བཅུས་ཤིང་ལྷ་ཚོགས་མཆོད། ཕཊ྄ཿ མས་མགྲོན་རྣམས་ལ་བདུད་རྩི་ཐོད་པ་ཡིས། །བཅུས་ཤིང་གཏོར་བས་ཆང་སྲེད་ལྡན་པའི་མིས། །ཆང་ལ་སྤྱོད་བཞིན་བཏུང་བས་མཉེས་ཚིམས་གྱུར། །ཅེས་བསམ། ཕཊ྄ཿ བརྗོད་དམིགས་པས་གཞུར་ལ་དྲངས། ཡར་མར་མཆོད་སྦྱིན་མགྲོན་ལ་འདི་ལྟར་བསྟབ། ཕཊ྄ཿ གཅོད་ཡུལ་བརྒྱུད་པའི་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྱི་དང་ནི། །བྱེ་བྲག་ཕ་བརྒྱུད་མ་བརྒྱུད་སྲས་བརྒྱུད་དང་། །བཀའ་བརྒྱུད་སྒྲུབ་བརྒྱུད་དབང་བསྐུར་རྒྱུད་བཤད་དང་། །རྗེས་གནང་བྱིན་རླབས་ལུང་དང་བཀའ་གཏད་ཀྱི། །དྲིན་ཐོབ་བླ་མ་དམ་པའི་ཚོགས་རྣམས་དང་། །ཡི་དམ་ཞི་དང་ཁྲོ་བོའི་དཀྱིལ་འཁོར་ལྷ། །དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སོགས། །སྲི་ཞུའི་ཡུལ་གྱུར་མཆོག་གསུམ་རྩ་གསུམ་ལྷར། །བདག་ལུས་ཞུ་བའི་ཚོགས་མཆོད་རྒྱ་མཚོའི་སྤྲིན། །འབུལ་ལོ་དགྱེས་པར་བཞེས་ལ་བདག་སོགས་འགྲོའི། །ཚོགས་གཉིས་རབ་རྫོགས་སྒྲིབ་གཉིས་ཡོངས་དག་ནས། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་ཐོབ་མཛོད། ཕཊ྄ཿ བདག་ལུས་ཞུ་བའི་བདུད་རྩི་དགོས་འབྱུང་གཏེར། །གང་ལ་གང་འདོད་དེ་ལ་དེར་མཐུན་རྫས། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་མདུན་བསྟར་བཞིན། །དཔག་ཡས་ནམ་མཁའི་ཁམས་ཀུན་ཡོངས་གང་འདི། །ཚངས་དབང་བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་དང་དཔལ་མགོན་བདུན་ཅུ་ལྔ། །མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལ། །འབུལ་ལོ་དགྱེས་པར་མཛོད་ལ་བདག་སོགས་འགྲོའི། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཕུན་ཚོགས་ནས། །བཀྲ་ཤིས་བདེ་སྐྱིད་དཔལ་དང་མི་འབྲལ་མཛོད། ཕཊ྄ཿ ཁྱད་པར་གནས་པོ་ཆེན་པོ་ཡུལ་འདི་ཡི། །གཉུག་གནས་གཙོ་འཁོར་ཆེ་ཕྲ་ཐམས་ཅད་དང་། །སྟོང་གསུམ་གཞི་བདག་དུས་གསུམ་ཕ་མ་དང་། །ཁམས་གསུམ་སེམས་ཅན་རིགས་དྲུག་མཁའ་མཉམ་འགྲོ། །སྙིང་རྗེའི་ཡུལ་དུ་གྱུར་པ་ཐམས་ཅད་ལ། །འབུལ་ལོ་མཉེས་པར་མཛོད་ལ་བདག་སོགས་འགྲོའི། །སྒོ་གསུམ་ཉེས་པའི་ཚོགས་རྣམས་བཟོད་མཛད་ནས། །མངོན་མཐོའི་དཔལ་ཡོན་ཕུན་སུམ་ཚོགས་པ་དང་། །བུ་ལོན་ལན་ཆགས་ཤ་འཁོན་ཀུན་བྱང་ནས། །ཕན་ཚུན་བྱམས་བརྩེའི་གནས་ལ་འདུན་གྱུར་ཅིག །ཕཊ྄ཿ མཆོད་དང་སྦྱིན་པའི་ལྷགས་མར་རེ་བ་ཡི། །ཁས་ཞན་དབང་ཆུང་གཟུགས་ངན་གཟི་བརྗིད་ལོད། །དབང་པོ་མ་ཚང་འབྱུང་པོའི་ཚོགས་གྲལ་དུ། །འོང་མ་ནུས་དང་གློ་བུར་ལྷག་པའི་མགྲོན། །ཀུན་ལ་རང་རང་དབང་སྐལ་དང་མཐུན་པའི། །འདོད་དགུའི་རྫས་སུ་བསྒྱུར་ཏེ་འབུལ་བར་བགྱི། ཕཊ྄ཿ ཐམས་ཅད་བདེ་ལྡན་སྡུག་བསྔལ་ཀུན་བྲལ་ནས། །མཐར་ཐུག་སངས་རྒྱས་འགྲུབ་པའི་མཐུ་ཐོབ་མཛོད། །ཕཊ྄ཿ དེ་ལྟར་མཆོད་སྦྱིན་འཁོར་གསུམ་མི་དམིགས་ངང་། །སྣང་ལ་རང་བཞིན་མེད་པའི་དོན་ལ་སྦྱོར། །གཉིས་པ་དམར་འགྱེད་ལམ་དུ་ལོངས་པའི་ཕྱིར། །བཀའ་བརྒྱུད་བླ་མར་གསོལ་བ་གདབ་པ་ནི། །ཚོགས་ཞིང་གསལ་གདབ་ཁྱེད་ཤེས་བློ་བཀལ་ཏེ། །སྒོ་གསུམ་གུས་པས་གསོལ་བ་འདི་བཞིན་གདབ། །ཨེ་མ་ཧོ། ངོ་མཚར་རྨད་བྱུང་བདེ་ཆེན་འཁོར་ལོ་ན། །རྒྱལ་ཡུམ་ཤེར་ཕྱིན་ཤཱཀ་ཐུབ་འཇམ་པའི་དབྱངས། །འཕགས་པ་ལྷ་དང་དམ་པ་ལབ་སྒྲོན་མ། །ཁམ་བུ་ཡ་ལེ་གྲུབ་ཆེན་ཡེ་ཤེས་འབར། །གནམ་མཚོ་བ་དང་རང་བྱུང་གཡུང་སྟོན་ཞབས། །རོལ་བའི་རྡོ་རྗེ་དར་རྒྱལ་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པ་རཏྣ་བྷ་ཏྲ་དང་། །མཐོང་བ་དོན་ལྡན་ཀུན་མཁྱེན་འཇམ་དཔལ་བཟང་། །དཔལ་འབྱོར་དོན་གྲུབ་ཆོས་གྲགས་རྒྱ་མཚོ་དང་། །དབང་ཕྱུག་རྡོ་རྗེ་གར་དབང་ཆོས་ཉིད་ཞབས། །སངས་རྒྱས་མཉན་པ་འཇིགས་མེད་མི་བསྐྱོད་བཟང་། །དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེ་དང་། །ཆོས་ཀྱི་དབང་ཕྱུག་ཀུན་དགའ་རྣམ་རྒྱལ་ཞབས། །ཀརྨ་ཆགས་མེད་སྡོང་ཉ་བསམ་གཏན་པ། །གཅོད་རྒོད་མ་དང་དཀོན་མཆོག་བཀྲ་ཤིས་ཞབས། །བརྒྱུད་ཚུལ་གཞན་ལས་གཅོད་རྒོད་མ་དང་ནི། །པདྨ་ཆོས་དབྱིངས་ཀུན་བཟང་གཞན་ཕན་རྗེ། །ཁྱད་པར་བརྒྱུད་ཚུལ་ཀུན་འདུས་རིན་པོ་ཆེ། །གྲུབ་གཉིས་ཉི་མ་འགྱུར་མེད་ཆོས་ཀྱི་རྗེ། །གཅོད་ཡུལ་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་སྒོ་གསུམ་བྱིན་གྱིས་རློབས། །རེ་དོགས་ཆགས་སྡང་དགའ་སྡུག་གཙང་བ ཙོག་སོགས། །གཉིས་སུ་འཛིན་པའི་རྣམ་རྟོག་ཀུན་ཟད་ནས། །མ་ཅིག་ཡུམ་ཆེན་དགོངས་དོན་མངོན་གྱུར་མཛོད། །ཕཊ྄ཿ ཅེས་མང་བརྗོད་ཚོགས་ཞིང་ལྷ་རྣམས་ཀྱི། །ཐུགས་དང་རང་སེམས་དབྱེར་མེད་བསྲེ་བར་བྱ། །དམར་འགྱེད་དངོས་ཀྱི་དམིགས་པ་འདི་ལྟ་སྟེ། །ཕཊ྄ཿ རང་ལུས་ལང་ཚོའི་དཔལ་ཡོན་ཕུན་སུམ་ཚོགས། །རང་སེམས་རྣལ་འབྱོར་མར་གྱུར་ནམ་མཁར་ཐོན། །རང་ལུས་སྟོང་གསུམ་ཁྱབ་པའི་བམ་རོ་དེ། །ཆེ་ཞིང་ཚོ་ལ་མཛེས་ཤིང་ཡིད་དུ་འོང་། །དུར་ཁྲོད་རོ་བཞིན་བདག་མེད་ལིང་ངེར་འགྱེལ། །ཕཊ྄ཿ རང་རིག་རྣལ་འབྱོར་དམར་མོས་གྲི་གུག་གིས། །བེམ་པོ་བསྒྲལ་ནས་པགས་པ་བཏང་བའི་སྟེང་། །ཡན་ལག་ཉིང་ལག་ཕྱི་ཤ་ནང་རོལ་བཀྲམ། །ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་དང་། །རྐང་དང་ལྷ་བ་ཀླད་ཞག་ལྦུ་ཕྲེང་འཁྲིགས། །འཇིག་རྟེན་ཁམས་ཀུན་གང་བའི་རྫས་སུ་གྱུར། །དམིགས་པ་མ་ཟིན་བར་དུ་ཕཊ྄ཿབརྗོད་ཅིང་། །སྐད་གདངས་ང་རོས་ལྷ་འདྲེ་འདི་བཞིན་འབོད། འཻ། བགེགས་ཀྱི་གཙོ་བོ་གདོན་ཆེན་བཅོ་བརྒྱད་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་ལ་སོགས་ནས། །རྒྱལ་བསེན་གཟའ་ཀླུ་རྒྱུ་སྐར་ས་བདག་བཙན། །བདུད་གཤིན་འགོང་ཐོལ་གྲི་བོ་གྲི་མོར་བཅས། །སྲིད་པའི་རྩེ་མན་ན་རཀ་དམྱལ་བ་ཡན། །ནམ་མཁའི་ལྷ་མན་ས་འོག་ལྟོ་འཕྱེ་ཡན། །མཐོ་བ་བཻ་ཧར་རྒྱལ་པོ་མན་ཆད་དང་། །དམའ་བ་ཡུལ་འདྲེ་ས་སྲིན་ཡན་ཆད་ཀྱི། །སྣང་སྲིད་ལྷ་འདྲེ་ཐམས་ཅད་འདིར་འདུས་ཤིག །ཕཊ྄ཿ འཻ། ཁྱད་པར་གཉན་ཁྲོད་འདིར་གནས་ལྷ་འདྲེའི་རིགས། །ལྷ་བདུད་བཙན་དང་གཟའ་ཀླུ་གཉན་དང་སྲིན། །ཕོ་མོ་མ་ནིང་ཚོགས་ཀུན་འདིར་འདུས་ཤིག །ཁྱད་པར་བསྲུང་བྱ་འདི་ལ་གནོད་བྱེད་པའི། །རྒྱལ་བསེན་གྲི་བོ་གྲི་མོ་ཤི་གསོན་འདྲེ། །དུས་གསུམ་འདྲེར་གྱུར་ཟ་འདྲེ་ཤི་གཤེད་དང་། །ཁ་ཡི་དབུགས་འཕྲོག་ཁོང་པའི་སྲོག་གཅོད་པའི། །བདུད་དང་ལོག་འདྲེན་མ་ལུས་འདིར་འདུས་ཤིག །ཅེས་པ་འབོད་སྐད་དྲག་པོས་བོས་ཙམ་གྱིས། །མདུན་དེར་ཁྲོམ་ཚོགས་ཇི་བཞིན་འདུས་པར་བསམ། ཕཊ྄ཿ བརྗོད་མགྲོན་ལ་ལུས་ཚོགས་འདི་བཞིན་འབུལ། འཻ། བདག་ལུས་ཆེ་ཚོ་བཀྲག་མདངས་རབ་རྒྱས་པའི། །སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་ཀྱི། །དབང་པོ་རྣམ་ལྔ་དོན་ལྔ་སྣོད་དྲུག་སོགས། །ཕྱི་ཤ་ནང་རོལ་ཚིལ་བུ་ལྷ་བ་དང་། །ཤ་ཁྲག་རུས་གསུམ་ཆུ་སེར་སེན་མོ་སོ། །སྐྲ་དང་ཁ་སྤུ་ཀླད་པ་ཀླད་རྒྱ་རྐང་། །ཚེ་སྲོག་བཀྲག་མདངས་སོ་རྙིལ་ཁམས་ལ་སོགས། །ལྷ་འདྲེ་ཁྱེད་རང་རྣམས་ལ་ཕངས་མེད་བློས། །སྟེར་བ་ཡིན་པས་དགའ་བའི་སེམས་ཀྱིས་ལོངས། །གསོལ་ཅིག་རོལ་ཅིག་སྣོམས་ཤིག་དགྱེས་པར་མཛོད། །སྤྱིར་སེམས་ཅན་ཡོངས་ཀྱི་དོན་དུ་འབུལ། །སྒོས་ཕ་མ་དང་བླ་མའི་གླུད་དུ་བསྔོ། །ཡང་སྒོས་ལྷ་འདྲེའི་ཚོགས་ལ་གཟེན་དུ་སྟེར། །དོན་དེ་ཕྱིར་སྐད་ཅིག་ཡུད་ཙམ་ལ། །འདི་ཟོ་ཞིག་རོལ་ཅིག་དགྱེས་པར་མཛོད། །ལུས་བྲམ་ཟེ་སྐྱེ་བདུན་ཤ་ཁྲག་ཏུ། །བྱིན་གྱིས་བརླབས་ནས་ཕུལ་བའི་མཐུ་ནུས་ཀྱིས། །ཁྱེད་རྣམས་འཁོར་བ་མཐོ་དམན་ལས་ཐར་ནས། །རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་མཛོད། །ཅེས་པས་མགྲོན་རྣམས་སོ་སོའི་བསམ་པ་དང་། །མཐུན་པའི་ཤ་ཁྲག་རུས་པ་ནང་རོལ་སོགས། །མགྲོན་རྣམས་ཀུན་གྱིས་ཧབ་ཐོབ་བྱས་ནས་སུ། །ཟོས་འཐུང་ཁྱེར་བས་འཕྲལ་ཚིམ་ཕན་བདེའི་རྒྱུར། །གྱུར་ནས་དགའ་བདེའི་དཔལ་ལ་ལོངས་སྤྱོད་གྱུར། །དམིགས་པ་མ་ཟིན་བར་དུ་ཕཊ྄ཿབརྗོད་དོ། །ཕཊ྄ཿ དམར་སྟོན་ལྷག་མ་ཁས་ཞན་དབང་ཆུང་བའི། །ཉམ་ཆུང་འབྱུང་པོ་རྣམས་དང་གློ་བུར་དུ། །ལྷགས་པའི་མགྲོན་རིགས་རྣམས་ལ་འདོད་དགུ་ཡི། །རྫས་སུ་བསྒྱུར་ཏེ་འབུལ་བ་འདི་བཞེས་ལ། །དགའ་མགུ་ཡི་རང་ཕན་བདེའི་བློ་སྐྱེས་ནས། །མཐར་ཐུག་ཡུམ་ཆེན་གོ་འཕང་ཐོབ་པར་ཤོག །ཚིག་རྗེས་དོན་འབྲང་། ཕཊ྄ཿ བརྗོད་རྟོག་ཚོགས་གཅོད། དེ་ལྟར་དཀར་དམར་འགྱེད་ཆེན་གཉིས་སོང་ནས། སྤྲོས་ལ་དགའ་ན་ཀརྨ་ཨ་རཱ་གའི། གཞུང་བཞིན་དཀར་འགྱེད་འ ཁྱེར་བདེ་འདི་ལྟར་རོ། ཕཊ྄ཿ རང་རིག་རང་ལུས་ནས་ཐོན་ཌཱཀྐི་དཀར། །རང་ལུས་དཀར་གསུམ་ལས་གྲུབ་བཟའ་བཏུང་རིགས། །ངོ་བོ་བདུད་རྩི་རྣམ་པ་མར་ཐུད་ཕྲུམ། །འོ་ཞོ་མངར་གསུམ་གྱིས་སྦགས་མཆོད་པའི་རྫས། །རི་ལྟར་ལྷུན་མཐོ་མཚོ་ལྟར་རྒྱ་དཔངས་ཆེ། །མཛེས་ཤིང་ཡིད་འོང་དྲི་ཞིམ་རོ་མངར་ལྡན། །འདི་ཉིད་མཆོད་ཅིང་སྦྱིན་པའི་ཡུལ་མཆོག་དམན། །མཐོ་སྟེ་མཆོག་གསུམ་རྩ་གསུམ་ཞི་དང་ཁྲོ། །དཔའ་བོ་དཔའ་མོ་ཆོས་སྐྱོང་དམ་ཅན་སྡེ། །འདས་དང་མ་འདས་ལྷ་དང་དཀར་སྐྱོང་རིགས། །མཆོད་དོ་འབུལ་ལོ་དཀར་མཆོད་བདུད་རྩི་བཞེས། །དགྱེས་པར་མཛོད་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཕཊ྄ཿ དམའ་སྟེ་དམྱལ་གནས་འོག་མ་ཡན་ཆད་ཀྱི། །རིགས་དྲུག་འགྲོ་བ་སྤྱི་དང་ཁྱད་པར་དུ། །སྡུག་བསྔལ་དུ་མས་གཟིར་བའི་ཉམ་ཐག་འགྲོ། །མ་ལུས་དཀར་འགྱེད་བདུད་རྩིའི་རྒྱ་མཚོ་འདི། །འཐུངས་ཤིག་ཚིམ་པར་རོལ་ཅིག་དགྱེས་མཛོད་ལ། །ཀུན་ཀྱང་བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆར། །མཐོང་ངམ་ཐོས་སམ་དྲན་ནམ་རེག་ཙམ་གྱིས། །སྲིད་ཁམས་འགྲོ་བའི་སྡུག་བསྔལ་ཡོངས་བྱང་ནས། །གནས་སྐབས་ཡུམ་ཆེན་གདུལ་བྱར་འགྱུར་བ་དང་། །མཐར་ཐུག་རྣམ་ཀུན་མཆོག་ལྡན་ལ་འགོད་མཛོད། །ཕཊ྄ཿ ཅེས་དམིགས་པ་མ་ཟིན་བར་དུ་བརྗོད། །དེ་དང་རྗེས་འབྲེལ་བདེ་སྡུག་གཏོང་ལེན་གྱི། །དམིགས་པ་འདི་ནི་ཤིན་ཏུ་གལ་ཆེ་བས། །ཡང་ཡང་བསྐྱར་ཞིང་ཉམས་སུ་བླང་བ་གནད། །སྟོང་ཉིད་རྒྱུ་འབྲས་ཡ་བྲལ་མ་སོང་བཞིན། །ཕཊ྄ཿ བདག་གི་དུས་གསུམ་བསགས་པའི་རྣམ་དཀར་དགེ། །ནང་འབྱུང་རླུང་གི་རྒྱུ་བ་དང་འགྲོགས་ཏེ། །ཡོངས་ཀྱི་འགྲོ་བའི་རྒྱུད་ལ་ཐིམ་གྱུར་ནས། །སྡུག་བསྔལ་ཀུན་བྲལ་བདེ་ཆེན་མཆོག་ཐོབ་གྱུར། །ཕཊ྄ཿ བརྗོད་དྲི་བཞོན་ཕྱིར་རྒྱུ་དང་འགྲོགས་ཏེ། །རང་གི་བདེ་དགེ་འགྲོ་ལ་སྦྱིན་པ་ཡང་། །འོད་དཀར་རྣམ་པས་ལྷག་མེད་ཐིམ་བསམ་ནས། །སླར་ཡང་འགྲོ་བའི་རྒྱུད་ཀྱི་མི་དགེའི་ལས། །འབྲས་བུ་ངན་སོང་གསུམ་སོགས་རིགས་དྲུག་གི། །སྡུག་བསྔལ་རྒྱུ་བཅས་ལས་རླུང་ནང་ལྡོག་དང་། །འགྲོགས་ཏེ་རང་གི་སྒོ་གསུམ་ལ་ཐིམ་པས། །འགྲོ་རྣམས་སྡུག་བསྔལ་དང་བྲལ་བདེ་ལྡན་གྱུརཿ །ཅེས་བསམས། ཕཊ྄ཿ བརྗོད་རེ་དོགས་བྲལ་བར་བཞག །ཁྱད་པར་དགོས་འདོད་ཀུན་འབྱུང་མཆོད་སྦྱིན་གྱིས། །མཆོག་དམན་མགྲོན་ལ་དྲང་སྲོང་སྟོན་མོ་བཞིན། །ཆེ་ཆུང་དྲག་ཞན་མེད་པར་སྟོབ་པ་ནི། ཕཊ྄ཿ རང་རིག་རྣལ་འབྱོར་དམར་མོ་ནམ་མཁར་འཕགས། །རང་ལུས་འཆི་མེད་ལྗོན་པས་སྟོང་གསུམ་ཁྱབ། །དེ་ཉིད་བྱང་ཆུབ་སེམས་ཀྱི་བསེར་བུ་ཡིས། །རབ་ཏུ་བསྐྱོད་པས་ལྗོན་པའི་ལོ་འབྲས་ལས། །མཆོད་ཡུལ་མཉེས་བྱེད་ལྷ་མིའི་ཡོ་བྱད་རྫས། །དཔག་མེད་ཀུན་ཏུ་བཟང་པོའི་མཆོད་རྫས་བཞིན། །སྦྱིན་ཡུལ་ཚིམ་བྱེད་ཟས་ནོར་ལོངས་སྤྱོད་གཏེར། །ནམ་མཁའ་མཛོད་ཀྱི་དཔལ་ཡོན་མངོན་གྱུར་ཆར། །སྟོང་གསུམ་འཇིག་རྟེན་ཁེངས་ནུས་ཡོངས་བབས་མཐུས། །མཆོད་ཡུལ་མཉེས་བྱས་ཚོགས་ཆེན་རྣམ་གཉིས་རྫོགས། །མཆོག་དང་ཐུན་མོང་དངོས་གྲུབ་ཡོངས་ཐོབ་ཅིང་། །སྦྱིན་ཡུལ་ཀུན་ཚིམ་ལན་ཆགས་བུ་ལོན་བྱང་། །ཁྱད་པར་གཟུགས་ཅན་གཟུགས་མེད་ལོག་སྦྱོར་རིགས། །བདག་ལུས་འདོད་ཡོན་ལྔ་ལྡན་ལོངས་སྤྱོད་དུ། །ཚིམ་པར་མཛོད་ལ་གནོད་སེམས་གདུག་རྩུབ་དང་། །སྡང་སེམས་དྲག་ཤུལ་བསམ་སྦྱོར་ཞི་བར་མཛོད། །ཅེས་བརྗོད་དོན་བསམ། ཕཊ྄ཿ ཀྱིས་སྣང་སེམས་བསྲེ། བསྲེས་ནས་འདྲེས་རྒྱུ་མེད་པར་རྡོ་རུས་གཏུག །དམར་འགྱེད་བྱེ་བྲག་དམིགས་ཀྱིས་བསལ་བ་ནི། ཕཊཿ ཅེས་བརྗོད་པས་རང་རིག་རྣལ་འབྱོར་མས། །ཕྱག་གཡས་རལ་གྲིས་རང་ལུས་གང་ན་བ། །ཁོལ་བུར་བཀོག་ནས་གནོད་བྱེད་གདོན་བགེགས་ལ། །དགའ་བཞིན་སྦྱིན་པས་གནོད་འཚེ་དང་བྲལ་གྱུར། །ཕཊ྄ཿ བརྗོད་དོན་བསམ་ན་ཡུལ་མི་འཚོལ་བཞིན། །ན་ཚ་མྱོང་མཁན་ཡོད་མེད་རྡོ་རུས་གཏུག །གཞན་ཡང་ལུས་སྤྱི་རིལ་བོར་གནོད་བྱེད་ལ། །ལྟོས་པ་མེད་བཞིན་འབུལ་ཚུལ་འདི་ལྟ་སྟེ། ཕཊ྄ཿ རང་རིག་རྣལ་འབྱོར་མར་གྱུར་ནམ་མཁར་འཕགས། །རང་ལུས་ས་གཞི་ཁྱབ་པའི་བམ་གྱུར་པར། །སྦྱིན་ཡུལ་མགྲོན་རྣམས་མི་རོར་བྱ་རྒོད་བཞིན། །གྲངས་མེད་འཚུབས་ཤིང་ཧབ་ཐོབ་ཚུལ་གྱིས་རོལ། །སྐད་ཅིག་ཙམ་གྱིས་ལྷག་མེད་ཟོས་པར་གྱུར། །དེ་དོན་བསམ་བཞིན། ཕཊ྄ཿ བརྗོད་དམིགས་མེད་བཞག །དེ་མཐར་གོང་བཞིན་བདེ་སྡུག་གཏོང་ལེན་བྱ། །གསུམ་པ་ནག་འགྱེད་སྔོན་དུ་གསོལ་འདེབས་ནི། །སླར་ཡང་མདུན་གྱི་ཚོགས་ཞིང་གསལ་བཏབ་ནས། །སྒོ་གསུམ་གུས་པས་གསོལ་བ་འདི་བཞིན་གདབ། །ཨེ་མ་ཧོ། མགོན་རྒྱལ་བ་ཐམས་ཅད་བསྐྱེད་མཛད་པ། །མ་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །དཔལ་རྣམ་འདྲེན་བཞི་པ་ཤཀྱའི་ཏོག །ཡོངས་འགྲོ་རྣམས་སྲིད་མཚོར་སྒྲོལ་མཛད་མ། །དེ་མི་མོའི་རྫུར་ཞུགས་མཚོ་རྒྱལ་ཡུམ། །མགོན་རྒྱལ་ཀུན་ཡབ་ཅིག་འཇམ་དཔལ་དབྱངས། །དཔལ་ཨཱཪྱ་དྷེ་ཝ་མུ་སྟེགས་བདུད། །ཕ་དམ་པ་རྒྱ་གར་བྷོ་ཊའི་རྒྱན། །སྔགས་རྙིང་མ་པུཎྱེ་གུ་རུའི་མཚན། །སྔོན་འདས་པའི་དུས་བྱོན་སྨོན་ལམ་གྲུབ། །སླར་བྷོ་ཊར་སྲིད་བཟུང་ལབ་སྒྲོན་མ། །དེའི་བརྒྱུད་འཛིན་ཇི་སྙེད་བྱོན་རྣམས་དང་། །ཡུམ་ཤེར་ཕྱིན་དགོངས་དོན་མངོན་གྱུར་བའི། །དཔལ་ངག་གི་དབང་པོ་ཀློང་ཆེན་པ། །གང་ཟློས་པའི་གར་བསྒྱུར་མཁྱེན་བརྩེའི་ལྷ། །དཔལ་པདྨ་བིདྱ་དྷཱ་རའི་ཞབས། །ཆོས་སྔ་འགྱུར་མངའ་བདག་གཏེར་བདག་གླིང་། །གཅུང་ལོ་ཆེན་དྷརྨ་ཤྲྀ་ཞེས། །ཆོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི། །དོན་བཀའ་བབ་བྱིན་རླབས་བརྒྱུད་པའི་སྡེ། །བདག་རྣམ་གསུམ་དད་པལྔ་གསོལ་བཏབ་མཐུས། །བདུད་རྣམ་བཞི་དབྱིངས་སུ་ཆོད་པ་དང་། །དགྲ་བདག་གཉིས་ངོ་བོར་གྲོལ་ནས་སུ། །ཆོས་བདག་མེད་དགོངས་དོན་མཐར་ཕྱིན་མཛོད། །ཕཊ྄ཿ བརྗོད་བདག་མེད་དོན་ལ་མཉམ་པར་བཞག །ནག་འགྱེད་དངོས་ནི་དམིགས་འདོན་ཟུང་འཇུག་ངང་། ཕཊ྄ཿ སྐད་ཅིག་དྲན་རྫོགས་སྟོང་གསུམ་བྷནྡྷའི་སྣོད། །དེ་ནང་བདག་དང་བསྲུང་བྱ་རྣམས་གནས་པའི། །མདུན་མཁར་བཞུགས་པའི་ཚོགས་ཞིང་ལྷ་ཚོགས་ཀྱི། །སྐུ་ལས་ཟག་མེད་བདུད་རྩིའི་རྒྱུན་བབལྔ་པ། །སྤྱི་བོ་ནས་ཞུགས་ལུས་སྤྱིའི་ཕྱི་ནང་ཀུན། །རབ་ཏུ་བཀྲུས་ཤིང་བཤལ་བའི་ནད་དང་གདོན། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་རྣམས་ཀུན། །དུད་ཁུ་སོལ་ཁུའི་རྣམ་པས་རྐང་མཐིལ་དང་། །བཤང་གཅིའི་ལམ་ནས་ཤྭ་འུད་རྒྱུག་བཞིན་དུ། །བྱུང་ཞིང་ཐོད་པའི་སྣོད་དུ་ཡོངས་འཁྱིལ་བ། །མདོག་ནག་དྲི་ཞིམ་རོ་མངར་རྒྱ་མཚོ་ཆེ། །ༀ་ཨཱཿཧཱུཾ་གིས་ཡེ་ཤེས་བདུད་རྩིར་བསྒྱུར། །ༀ་ཨཱཿཧཱུྃ། ཞེས་མང་དུ་བརྗོད་པའི་མཐར། ཕཊ྄ཿ བདག་དང་བསྲུང་བྱའི་ཚེ་སྲོག་སྟོབས་འབྱོར་ལ། །གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་རྣམས། །ནད་གདོན་སྡིག་སྒྲིབ་བཀྲུས་པའི་ཁུ་བ་འདི། །ལྷག་མེད་འཐུངས་ཤིག་སྐོམ་གདུང་ལྡན་པའི་མིས། །བཏུང་བ་མྱུར་དུ་སྤྱོད་བཞིན་འདི་བཞེས་ཤིག །འདི་ཉིད་མཐོང་ངམ་ཐོས་སམ་དྲན་ནམ་རེག །དེ་དག་སྡིག་བྲལ་དགེ་སེམས་མཆོག་ཐོབ་ནས། །མཐོང་ཐོས་དྲན་རེག་འགྲོ་ལ་སྨན་ནུས་ཤོག །དམིགས་པ་ཡང་ཡང་བསྐྱར་ཞིང་། ཕཊ྄ཿ བརྗོད་དོ། བཞི་པ་ཁྲ་བོ་འགྱེད་པའི་སྔོན་དུ་ནི། རྩ་བརྒྱུད་བླ་མར་གསོལ་བ་གདབ་པ་ཡང་། སྔོན་བཞིན་ཚོགས་ཞིང་ལྷ་ཚོགས་གསལ་བཏབ་ལ། སྒོ་གསུམ་གུས་པས་གསོལ་བ་འདི་བཞིན་གདབ། ཨེ་མ་ཧོ། ངོ་བོ་ཀ་དག་བདེ་ཆེན་འགྱུར་མེད་ཡབ། །མཆོག་ཏུ་མི་འགྱུར་ཡུམ་ཆེན་ཀུན་བཟང་མོ། །སྟངས་དཔྱལ་གཉིས་ལས་ལེགས་མཆེད་མདོ་སྔགས་སྤྱིིའི། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །འཁོར་ལོ་དང་པོའི་དགོངས་དོན་བདེན་བཞིའི་ཆོས། །གདུལ་བྱ་དངོས་པོར་ཞེན་རྣམས་ཁ་དྲངས་ཕྱིར། །འཁོར་ལོ་གཉིས་པ་མཚན་ཉིད་མེད་པའི་ཆོས། །གདུལ་བྱ་བདེན་འཛིན་ལ་ཞེན་དེ་ལྡོག་ཆེད། །འཁོར་ལོ་གསུམ་པ་ལེགས་པར་རྣམ་ཕྱེས་ཆོས། །སྔོན་མ་གཉིས་པོ་དོན་དམ་ལ་སྦྱོར་ཆེད། །ཡིན་པར་ངེས་ན་ཟབ་མོ་བདུད་གཅོད་ཆོས། །འཁོར་ལོ་དང་པོར་འབྲེལ་དེ་བདེན་བཞི་ཚང་། །བདེན་བཞིའི་དོན་སྤྱོད་བརྒྱུད་པར་གསོལ་བ་འདེབས། །འཁོར་ལོ་བར་པར་གཟུགས་ནས་རྣམ་མཁྱེན་བར། །ཐམས་ཅད་སྟོང་པར་གསུངས་པ་གཅོད་དང་འབྲེལ། །གང་དེའི་བརྒྱུད་འཛིན་རྣམས་ལ༴ །འཁོར་ལོ་ཐ་མ་དགེ་སྡིག་རྒྱུ་དང་འབྲས། །སྟོང་དང་མི་སྟོང་ལ་སོགས་བློས་བྱས་ཆོས། །སྤྲོས་བྲལ་ཆོས་སྐུའི་ངང་དུ་རྒྱས་འདེབས་པའི། །བརྒྱུད་ལྡན་བླ་མ་རྣམས་ལ༴ དམ་ཆོས་བདུད་ཀྱི་གཅོད་ཡུལ་ཟབ་མོ་འདི། །དབུ་མ་པར་མཐུན་མཐའ་བཞི་སྤྲོས་དང་བྲལ། །ཕྱག་ཆེན་དང་མཐུན་སྣང་བ་སེམས་སུ་འདོད། །རྫོགས་ཆེན་དང་མཐུན་ཐེག་དགུའི་དགོངས་དོན་རྫོགས། །ཆེན་པོ་རྣམ་གསུམ་བརྒྱུད་པར་གསོལ་བ་འདེབས། །དེ་ལྟར་འཁོར་ལོ་གསུམ་དང་ཆེན་པོ་གསུམ། །མ་ཅིག་ཉིད་ཀྱི་བཀའ་གཏེར་ཆེ་ཆུང་ཆབ། །ཆུ་གཏེར་ཆེན་པོར་རོ་གཅིག་འདྲེས་པ་ལྟར། །དབྱེར་མེད་འདྲེས་པ་མ་ཅིག་སྙན་བརྒྱུད་ཀྱི། །དྲིན་ཐོབ་གྲུབ་ཆེན་པདྨ་བཤེས་གཉེན་དང་། །ཐུབ་བསྟན་བསྟན་འཛིན་བླ་སློབ་རྣམ་གཉིས་སོགས། །ཟབ་མོ་གཅོད་ཡུལ་བརྒྱུད་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་གྲུབ་གཉིས་མངོན་གྱུར་མཛོད། །ཁྱད་པར་མ་ཅིག་ལབ་ཀྱི་སྒྲོན་མ་ལས། །བརྒྱུད་པའི་ཁྱད་པར་དཔལ་ལྡན་ས་སྐྱ་ནས། །བརྒྱུད་པར་གཙང་བརྒྱུད་ཅེས་སུ་གྲགས་པ་དང་། །དབེན་པ་བར་བརྒྱུད་དབུས་བརྒྱུད་དགེ་ལྡན་ལུགས། ཀཿཐོག་དབོན་པོ་ཀུན་དགའ་འབུམ་དང་ནི། །བསོད་ནམས་འབུམ་གཉིས་ལུགས་བརྒྱུད་ཁམས་ལུགས་ཞེས། །བརྒྱུད་པ་ཡོངས་འདུས་ས་བརྟོལ་འཆི་མེད་ལྗོན། །སྲིད་ལ་འཇི༵གས་པ་མེ༵ད་ཀྱང་དགེ་ལ་བརྩོན། །ཞི་ལ་མི་སྨོན་རྒྱལ་ཀུན་ཕྲི༵ན་ལ༵ས་བསྒྲུབ། །གཅོད་ཡུལ་བསྟན་པའི་འོ༵ད་ཟེ༵ར་སྟོང་ལྡན་དཔལ། །བདུད་སྡེའི་མུན་པར་འབར་དེར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པས་མཐུ་ནུས་ཀྱིིས། །ཕྱི་རུ་གཉན་སའི་འཇིགས་སྐྲག་ཆོད་པ་དང་། །ནང་དུ་ལུས་ཀྱི་གཅེས་འཛིན་ངེས་པར་ཆོད། །གསང་བར་སེམས་ཀྱི་དགའ་སྡུག་རེ་དོགས་སོགས། །ཐམས་ཅད་ཆོད་པ་མ་ཅིག་ཁྱེད་རང་ལྟར། །བྱིན་གྱིས་རློབས་ཤིག་རྗེ་བཙུན་རྣལ་འབྱོར་མ། །ཕྱི་སྣོད་ནང་བཅུད་དགྲར་ལངས་ཐོགས་བཅས་བདུད། །སེམས་དང་སེམས་བྱུང་དགྲར་ལངས་ཐོགས་མེད་བདུད། །ས་ལམ་ཡོན་ཏན་མངོན་ཞེན་དགའ་བྲོད་བདུད། །རེ་དོགས་ཆགས་སྡང་དགའ་སྡུག་སྙེམ་བྱེད་བདུད། །བདུད་བཞི་དབྱིངས་སུ་ཞི་བར་བྱིན་གྱིས་རློབས། །ཕཊ྄ཿ ཅེས་བརྗོད་པས་བདག་མེད་དོན་ལ་བལྟ། ཁྲ་འགྱེད་དངོས་ནི་ཡེངས་མེད་འཛིན་མེད་དང་། ཕཊ྄ཿ རང་ལུས་འཇའ་ཚོན་ལྟར་གསལ་ལུས་དཀྱིལ་ནས། །རང་སེམས་རྣལ་འབྱོར་མར་གྱུར་མཁའ་ལ་འཕར། །རང་ལུས་དུར་ཁྲོད་རོ་བཞིན་མདུན་དུ་འགྱེལ། །ཕྱག་གཡས་གྲི་གུག་བམ་གྱི་ཐོད་པར་བརྒྱབ། །མདུན་ནས་བསྐོར་ཏེ་ཀ་པ་ལ་བཀོག་སྟེ། །མདུན་དུ་རང་བྱུང་ཐོད་སྒྱེད་གསུམ་གྱི་ཁར། །ཐོད་སྣོད་བཙུགས་ཏེ་རང་ལུས་དེར་བཅུག་ཅིང་། །དུམ་བུར་གཏུབ་པའི་ཤ་ཁྲག་རུས་གསུམ་སྤུངས། །ཏིང་འཛིན་རླུང་གཡོས་ཡེ་ཤེས་མེ་འབར་བས། །ཤ་ཁྲག་ཞུ་ཞིང་ཁོལ་བའི་བདུད་རྩིའི་མཚོ། །ཨཿལས་རྡུལ་དང་ཧཾཿལས་བྱང་སེམས་དཀར། །དབྱེར་མེད་འདྲེས་པའི་མྱོང་གྲོལ་འཛད་མེད་གཏེར། །རི་ལྟར་དཔངས་མཐོ་མཚོ་ལྟར་རྒྱ་ཆེ་བར། །རང་གི་ཐུགས་ལས་སྤྲུལ་བའི་མཁའ་འགྲོ་མ། །ཕྱག་གཡས་ཐོད་སྐྱོགས་བཟུང་བ་གྲངས་མེད་ཀྱིས། །བདུད་རྩི་བཅུས་ཏེ་མཆོག་དམན་མགྲོན་ཀུན་མཆོད། །ཕཊ྄ཿ བསྐལ་བཟང་འདྲེན་པ་སྟོང་རྩ་སྲས་དང་བཅས། །ཉན་ཐོས་རང་རྒྱལ་གནས་བརྟན་བཅུ་དྲུག་སོགས། །མདོ་ལུགས་བརྒྱུད་པའི་བླ་མ་ཐམས་ཅད་ལ། །བདག་ལུས་ཞུ་བའི་བདུད་རྩི་དཀར་གསུམ་མཚོར། །བསྒྱུར་ནས་འབུལ་ལོ་སོ་ཐར་བྱང་སེམས་ཀྱི། །སྡོམ་དང་བསླབ་པ་ཉམས་པ་མཐོལ་ལོ་བཤགས། །ཉན་རང་བྱང་སེམས་འབྲས་བཟང་མངོན་གྱུར་མཛོད། །ཕཊ྄ཿ བདག་ལུས་ཞུ་བའི་དམ་རྫས་བདུད་རྩིའི་མཚོ། །ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན་རྫས། །དྲུག་ལྡན་བླ་མ་ཡི་དམ་ཞི་དང་ཁྲོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སོགས། །འབུལ་ལོ་བཞེས་ནས་རྩ་བ་ཡན་ལག་གི། །དམ་ཚིག་ཉམས་ཆགས་འགལ་འཁྲུལ་ཅི་མཆིས་ཀུན། །མཐོལ་ལོ་བཤགས་སོ་ཚངས་པར་བསྩལ་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་རྒྱ་ཆེན་སྩོལ། །ཕཊ྄ཿ ཁྱད་པར་མ་ཧཱ་མུ་ཏྲའི་བརྒྱུད་འཛིན་མཆོག །འཕགས་བོད་གཉིས་ཆར་བྱོན་པའི་ཚོགས་རྣམས་དང་། །བརྒྱུད་པ་ཀུན་འདུས་མར་མི་སྙི་སྒོམ་རྗེ། །ཕག་གྲུ་དུས་མཁྱེན་བརྩིས་གདོང་བ་ལ་སོགས། །དྭགས་བརྒྱུད་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི། །བྱེད་པོར་གྱུར་རྣམས་བདག་ལུས་བདུད་རྩིས་མཆོད། །ཕཊ྄ཿ གཞན་ཡང་འཕགས་ཡུལ་ལྟ་གྲུབ་རྣམ་བཞི་ལས། །ཐེག་དམན་བྱེ་མདོ་གཉིས་དང་ཐེག་ཆེན་པར། །སེམས་ཙམ་པ་དང་རང་རྒྱུད་ཐལ་འགྱུར་བཅས། །དེ་མཆེད་རང་སྟོང་གཞན་སྟོང་བརྒྱུད་འཛིན་མཆོག །ས་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། །བུ་དོལ་རྣམ་གཉིས་རིག་རལ་སྒྲོལ་མགོན་རྗེ། །གཙང་སྨྱོན་དབུས་སྨྱོན་འབྲུག་སྨྱོན་ལ་སོགས་པའི། །བསྟན་འཛིན་སྐྱེས་བུ་ཇི་སྙེད་བྱོན་རྣམས་ལ། །བདག་ལུས་བདུད་རྩིའི་མཆོད་པ་འདི་འབུལ་བཞེས། །ཕཊ྄ཿ བྱེ་བྲག་གསང་སྔགས་སྔ་འགྱུར་ཕྱི་འགྱུར་གྱི། །བསྟན་འཛིན་སྐྱེས་བུ་རིམ་པར་བྱོན་རྣམས་དང་། །ཡང་སྒོས་ནང་རྒྱུད་སྡེ་གསུམ་ཞེས་གྲགས་པའི། །རྩ་བ་སྒྲུབ་སྡེ་ཆེན་པོ་རྣམ་བརྒྱད་དང་། །ཚོགས་ཆེན་འདུས་པ་སྒྱུ་འཕྲུལ་ཞི་དང་ཁྲོ། །རྫོགས་ཆེན་སྡེ་གསུམ་བསྟན་འཛིན་ཡིད་བཞིན་དབང་། །པདྨ་འབྱུང་གནས་པཎ་ཆེན་བི་མ་ལ། །རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་གཉགས་སོགས། །ཡོངས་ཀྱི་བསྟན་འཛིན་རོང་ཟོམ་པཎྜི་ཏ། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་རང་བྱུང་རྗེ། །གཡག་སྡེ་པཎ་ཆེན་གཡུང་སྟོན་རྡོ་རྗེ་དཔལ། །ཐང་སྟོང་རྒྱལ་པོ་མངའ་རི་པདྨ་དབང་། །གནམ་ལྕགས་མེ་འབར་པྲཛྙཱ་རསྨི་དང་། །བརྒྱུད་པ་ཀུན་འདུས་མཁྱེན་བརྩེའི་འོད་ཟེར་ཞབས། །པདྨ་རིག་འཛིན་ཀུན་བཟང་རྣམ་པར་རྒྱལ། །དམ་གཙང་བྱམས་གསུམ་ཀུན་བཟང་ཤེས་རབ་དང་། །བསྟན་པའི་མངའ་བདག་བྱང་ཆུབ་གླིང་པ་སོགས། །བཀའ་གཏེར་དག་སྣང་བསྟན་འཛིན་བརྒྱུད་པར་བཅས། །བདག་ལུས་ཞུ་བའི་བདུད་རྩིའི་རྒྱ་མཚོ་འདི། །བཞེས་ཤིག་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབས། །ཕཊ྄ཿ དམ་པ་སངས་རྒྱས་ནས་བརྒྱུད་ཞི་བྱེད་དང་། །མ་ཅིག་ལབ་སྒྲོན་ནས་བརྒྱུད་གཅོད་ཡུལ་སོགས། །བོད་འདིར་གང་དར་ཆོས་ཀྱི་བརྒྱུད་འཛིན་སྡེ། །གང་དག་ཇི་སྙེད་ཡོད་པ་ཐམས་ཅད་ལ། །བདག་ལུས་ཞུ་བའི་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་འཕྲལ་ཕུགས་དགའ་བདེའི་དཔལ་ལ་སྦྱོར། །ཕཊ྄ཿ དེ་ལྟར་ཆེན་པོ་གསུམ་སོགས་མདོ་རྒྱུད་ལུང་། །མན་ངག་ཆོས་རྣམས་སྲུང་བའི་ཆོས་སྐྱོང་སྤྱི། །ཁྱད་པར་སྔགས་སྲུང་ཨེ་ཀ་ཙ་ཊི་དང་། །དཔལ་མགོན་མ་ནིང་དྲང་སྲོང་རཱ་ཧུ་ལ། །སྐྱེས་མཆོག་རྡོར་ལེགས་ཚེ་རིང་མཆེད་ལྔ་སོགས། །དམ་ཅན་སྡེ་བདུན་དཔལ་མགོན་བདུན་ཅུའི་སྡེ། །ཡུལ་ལྷ་གཞི་བདག་དཀར་སྐྱོང་ཟོ་དོར་ཚོགས། །བདག་ལུས་ཞུ་བའི་འདོད་དགུའི་མཆོད་སྤྲིན་འབུལ། །བཞེས་ནས་འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་སྒྲུབས། །ཕཊ྄ཿ ཁམས་གསུམ་རིགས་དྲུག་སྐྱེ་གནས་རྣམ་པ་བཞི། །ཁྱད་པར་སྡང་བའི་དགྲ་དང་གནོད་པའི་བགེགས། །བུ་ལོན་ལན་ཆགས་ཤ་འཁོན་མ་འཁོར་རིགས། །སྲིད་པ་བར་དོར་འཁྱམས་པའི་འགྲོ་བ་ཀུན། །བདག་ལུས་ཞུ་བའི་མཁོ་དགུའི་ལོངས་སྤྱོད་གཏེར། །འཕང་པ་མེད་པའི་སེམས་ཀྱིས་འབུལ་བར་བགྱི། །བཞེས་ནས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །གྲོལ་ཞིང་ཐར་ནས་བདེ་ཆེན་མཆོག་ཐོབ་ཤོག །ཕཊ྄ཿ ཁྱད་པར་གསར་བྱུང་གདུག་འདྲེ་གཤིན་པོ་ལ། །འདྲེ་ཡིན་ཟེར་ཞིང་ཆོས་དང་བླ་མར་གཤེ། །ཐེ་ཚོམ་སྐྱེ་བའི་བྱེད་པོ་བསེན་མོའི་རིགས། །དེ་ཡི་རྒྱབ་རྟེན་སྔོན་རྒྱུག་གྲོགས་བྱེད་པའི། །སེར་སྐྱ་བུད་མེད་མཆོག་དམན་སུ་ཡང་རུང་། །དེ་ཀུན་བདུད་ཀྱི་དབང་གྱུར་འདྲེ་ཡི་རིགས། །དེ་དག་ཀུན་ལ་བདག་ལུས་བདུད་རྩི་སྦྱིན། །བསྔོས་བཞིན་ཐོབ་ནས་དགའ་མགུ་ཡི་རང་ཞིང་། །མཐར་ཐུག་བྱང་ཆུབ་སྙིང་པོ་མངོན་གྱུར་ཤོག །ཕཊ྄ཿ དམིགས་པ་མ་ཟིན་བར་དུ་དེ་ལྟར་བྱ། དེ་ཡིས་འགྱེད་ཆེན་རྣམ་བཞི་རྫོགས་ནས་སུ། སླར་ཡང་ཆོས་ཀྱི་སྦྱིན་པ་བྱ་བ་ནི། ཕཊ྄ཿ ན་མོ་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་བསྟན། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་དག །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སྦྱོང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་ཉམས་མེད་བྱོས། །ཕཊ྄ཿ བརྗོད་དམིགས་པ་མེད་པའི་དོན་ལ་བལྟ། དེ་ལྟར་དངོས་གཞིའི་ཆོས་རྣམས་ཡོངས་ཟིན་ནས། སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་ལའང་། གསུམ་ལས་དང་པོ་སྒྲིབ་སྦྱོང་དམིགས་པ་ནི། ཕཊ྄ཿ ཚོགས་ཞིང་ལྷ་རྣམས་སྐུ་ལས་བདུད་རྩིའི་རྒྱུན། །བབས་ནས་བདག་དང་བསྲུང་བྱའི་སྡིག་སྒྲིབ་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་དག་ནས་ཀྱང་། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །ཡིག་དྲུག་བཟླས་པའི་སྒྲ་ཡིས་འཇིག་རྟེན་ཁམས། །རྣམ་པ་དྲུག་ཏུ་གཡོས་མཐར་མ་དག་པའི། །གཟུང་འཛིན་དབྱིངས་སུ་ཡལ་ནས་རྣམ་དག་ཞིང་། །ལོངས་སུ་སྤྱོད་པའི་སྐལ་བ་ཐོབ་པར་གྱུར། །ཅེས་བསམ། ཕཊ྄ཿ བརྗོད་དམིགས་མེད་ངང་ལ་བཞག། སླར་ཡང་སྣོད་བཅུད་བདག་སོགས་འགྲོ་བ་ཀུན། །འོད་ཀྱི་ཕུང་པོར་གྱུར་ཏེ་ཚོགས་ཞིང་ལྷར། །ཐིམ་དང་ཆབས་ཅིག་དེ་ཡང་མ་ཅིག་ལ། །དེ་ཉིད་སྤྲོས་བྲལ་བདེ་ཆེན་ངང་དུ་བཞག །ཕཊ྄ཿཕཊ྄ཿ ཕཊ྄ཿཕཊ྄ཿ གཉིས་པ་བསྔོ་སྨོན་གཉིས་ནི་སྤྱི་ལྟར་རོ། གསུམ་པ་ཤིས་བརྗོད་ཉིད་ལ་འདི་ལྟ་སྟེ། སྐྱེ་མེད་རྣམ་དག་བདེ་ཆེན་ཟུང་འཇུག་ངང་། །འགག་མེད་ལྷུན་གྲུབ་འཁོར་འདས་དབྱེར་མེད་ཀློང་། །རོལ་རྩལ་མཐའ་ཡས་བསྟན་འགྲོའི་དཔལ་དུ་ཤར། །ཡུམ་ཆེན་ལབས་ཀྱི་སྒྲོན་མའི་བཀྲ་ཤིས་ཤོག །སྐུ་ཡི་གསང་བར་འབྱུང་བཞིའི་དགྲས་མི་ཚུགས། །གསུང་གི་གསང་བར་རྒོལ་ངན་མཐུས་མི་ཚུགས། །ཐུགས་ཀྱི་གསང་བར་བདུད་བཞིའི་དགྲས་མི་ཚུགས། །མ་ཅིག་གསང་གསུམ་དཔལ་ཡོན་བཀྲ་ཤིས་ཤོག །གཞི་ཡི་བཀྲ་ཤིས་སྐྱེ་མེད་དོན་རྟོགས་ཤོག །ལམ་གྱི་བཀྲ་ཤིས་གཅོད་དོན་མངོན་གྱུར་ཤོག །འབྲས་བུའི་བཀྲ་ཤིས་རེ་དོགས་ཟད་པར་ཤོག །མཐར་ཐུག་བཀྲ་ཤིས་དོན་གཉིས་ལྷུན་གྲུབ་ཤོག །འདིར་སྨྲས་པ། རྒྱལ་བས་ཆོས་འཁོར་རྣམ་པ་གསུམ་བསྐོར་བའི། །བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དང་། །མཚུངས་ངེས་ཟབ་མོ་བདུད་ཀྱི་གཅོད་ཡུལ་ཞེས། །རྒྱ་བོད་གཉིས་སུ་ཉི་ཟླ་ལྟར་གྲགས་མོད། །འོན་ཀྱང་སྦྱོར་དངོས་རྗེས་གསུམ་ཚང་བ་དང་། །གཅོད་བྱ་གཅོད་བྱེད་མ་འཛོལ་དཀའ་བའི་གནས། །དེ་ལྟ་ནའང་གཙང་དབུས་ཁམས་གསུམ་གྱི། །མཁས་གྲུབ་མང་པོས་གཅོད་གཞུང་དུ་མ་ཞིག །གསལ་བར་བྱས་མོད་དེ་དག་ཐམས་ཅད་ལས། །མཆོག་གྱུར་རང་བྱུང་རྒྱལ་བ་ནས་བཟུང་སྟེ། །ཀརྨ་ཆགས་མེད་ཡན་བྱོན་མཁས་མང་གིས། །ཕྱག་བཞེས་གནང་བར་དཀར་གཅོད་ཅེས་སུ་གྲགས། །དེ་དང་ཚུལ་མཐུན་བདག་གིས་འདི་བརྩམ་དོན། །སྔོན་ལས་ལྷག་པའི་རྗོད་བྱ་བརྗོད་བྱེད་ཟུང་། །གང་ཡང་ཡོད་པ་མིན་ཀྱང་རང་ཉིད་ཀྱི། །ཉེ་གནས་ཨཱཪྱ་དྷེ་ཝས་ནན་ཏན་ངོར། །ཀུན་བཟང་གཞན་ལ་ཕན་དེས་ཕན་སེམས་བློས། །སྨྲས་འདིས་ཡོངས་ཀྱི་འགྲོ་ལ་ཕན་ནུས་ཤོག །ཅེས་གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་ཉམས་སུ་བླང་ཆོག་ཏུ་བཀོད་པ་ཆུ་བོ་གཅིག་འདྲེས་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ་འདི་ནི་གཙང་དབུས་ཁམས་གསུམ་དུ་དར་བའི་གཅོད་གཞུང་ཕལ་ཆེར་ལ་མཉན་བསམ་དང་གཉན་ས་དུར་ཁྲོད་སོགས་ཀྱང་རེ་ཞིག་ཉུལ་དོན་བདུད་བཞིའི་དབང་དུ་མ་གྱུར་བའི་ཟབ་མོ་གཅོད་ཀྱི་རྣལ་འབྱོར་པ་ཀརྨ་དབང་དྲག་གམ་འཛམ་གླིང་རྒྱན་མཆོག་ན་ག་རྫུ་ནའི་རྣམ་སྤྲུལ་དུ་ཁས་འཆེས་པ་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་བསྟན་པའི་ཉི་མ་སོགས་སྐྱེས་ཆེན་དུ་མས། དཔལ་ལག་ན་རྡོ་རྗེའི་སྤྲུལ་པར་ལུང་བསྟན་ཅིང་། བྱང་ཆུབ་རྡོ་རྗེའི་མིང་གིས་ཅོད་པན་དཔྱངས་པ་དེ་ཉིད་ཀྱིས་བྷོ་ཊར་དར་བའི་གཅོད་གཞུང་རྣམས་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་རང་ཉིད་ཀྱི་སློབ་མ་དམ་ཚིག་གི་ནོར་བུ་གཅེས་སྤྲས་སུ་བྱེད་པའི་ཨ་བྷྱེ་ཀལྤ་བྷ་ཏྲ་ལ་གདམས་བཞིན་ཡི་གེ་པ་ཡང་བགྱིས་ཏེ་འཕྲལ་དུ་གྲུབ་པར་བགྱིས་པའི་དགེ་བས་གཅོད་ཡུལ་ཉམས་སུ་ལེན་པའི་སྐལ་བ་དང་ལྡན་པ་རྣམས་བདུད་བཞིའི་གཡུལ་ལས་རྒྱལ་ཞིང་སྐུ་བཞིའི་གོ་འཕང་མངོན་དུ་ཐོབ་པའི་རྒྱུར་གྱུར་ཅིག་གུ། དགེའོ། དགེའོ། དགེའོ།། །།


previousགཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་ཉམས་སུ་བླང་ཆོག་ཏུ་བཀོད་པ་ཆུ་བོ་གཅིག་འདྲེས་བདུད་རྩིའི་རྒྱ་མཚོ།next