Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
བདུད་གཅོད་ནོར་བུའི་ཕྲེང་བ།
   
   


 
previousབདུད་གཅོད་ནོར་བུའི་ཕྲེང་བ།next

བདུད་གཅོད་ནོར་བུའི་ཕྲེང་བ།

༄༅། །བདུད་གཅོད་ནོར་བུའི་ཕྲེང་བ་བཞུགསཿ

གསེར་མདོག་མཚན་དཔེས་རབ་སྤུད་ལྷ་མིའི་མགོན། །ཟློས་པའི་གར་བསྒྱུར་དཔལ་ལྡན་པདྨ་སྐྱེས། །དེ་ཉིད་མངལ་སྐྱེས་རྫུར་ཞུགས་མཁྱེན་བརྩེའི་ལྷ། །གང་ཞབས་བྱང་ཆུབ་བར་དུ་སྤྱི་བོས་བསྙེན། ༈ གང་གི་བཀའ་དྲིན་བདུད་རྩིའི་ཆབ། །སྐྲ་རྩེར་ཆགས་པའི་ཟིལ་ཐིགས་ཙམ། །ཡིད་བཞིན་ནོར་ལས་ཆེས་ལྷག་པཿ །བགོ་སྐལ་ཐོབ་པའི་རྣལ་འབྱོར་པསཿ །ཕུང་པོའི་མཆོད་སྦྱིན་ནོར་བུ་ཡིཿ །ཕྲེང་བ་སུམ་ཅུའི་གྲངས་ལྡན་གཟུགསཿ །དོན་གྱི་ཕྲེང་ཐག་ལ་བརྒྱུས་ཏེཿ །དོན་གཉེར་སློབ་བུའི་རྒྱན་དུ་སྟེརཿ །དེ་ལས་དང་པོ་སྐྱབས་འགྲོ་ནིཿ ཕཊ྄ཿ རང་སེམས་ངོ་བོ་ཀ་དག་སངས་རྒྱས་ལཿ རང་གདངས་འགག་མེད་ལུང་རྟོགས་དམ་པའི་ཆོསཿ རོལ་རྩལ་ཅིར་ཡང་འཆར་བ་དགེ་འདུན་ཏེཿ མཆོག་གསུམ་སེམས་སུ་ཤེས་པས་སྐྱབས་སུ་མཆིཿ ཕཊ྄ཿ གཉིས་པ་བྱང་ཆུབ་སེམས་བསྐྱེད་ནིཿ ཕཊ྄ཿ ཐོག་མེད་དུས་ནས་ད་ལྟའི་བརཿ འཁོར་བར་ཡང་ཡང་འཁོར་བའི་རྒྱུཿ གཟུང་འཛིན་གཉིས་ལས་གཞན་དབེན་པསཿ བདག་འཛིན་བཅིལ་བར་སེམས་མཆོག་བསྐྱེདཿ ཕཊ྄ཿ མཆོད་སྦྱིན་དངོས་ལ་འཇུག་པ་ནིཿ ཡེངས་མེད་སྒོམ་མེད་ངང་ལ་འདོནཿ ཕཊ྄ཿ ཀ་དག་གཅོད་བྱ་གཅོད་བྱེད་ལས་འདས་ཀྱང་ཿ ཁ་གཏིང་བྲལ་བའི་རིག་གདངས་འགག་མེད་རྩལཿ ག་དར་ཤེལ་གྱི་གོང་བུར་འཕོས་ལྟའི་གཟུགསཿ ང་བདག་འཛིན་བྲལ་རྡོ་རྗེ་ཕག་མོར་གྱུརཿ ཕཊ྄ཿ ཅ་རེ་དབང་པོའི་སྤྱོད་ཡུལ་ལས་འདས་སྐུཿ ཆ་ལུགས་ཁྲོ་མོའི་ཚུལ་འཛིན་གྲི་ཐོད་འཆང་ཿ ཇ་རིལ་སྐམ་རློན་ལ་སོགས་རུས་རྒྱན་སྤུདཿ ཉ་མོ་ཆབ་བྲལ་ཇི་བཞིན་རང་ལུས་བསྒྲལཿ ཕཊ྄ཿ ཏ་ཐཱ་ག་ཏ་སྙིང་སྟོབས་ཆེན་པོའི་དུསཿ ཐ་མལ་སྟག་མོ་མ་བུར་ལུས་སྦྱིན་ལྟརཿ ད་ལྟའི་ལུས་སེམས་བྲལ་བའི་ཚོགས་མཆོད་འདིཿ ན་རྒ་འཆི་བའི་འཇིགས་བྲལ་རྒྱལ་རྣམས་དང་ཿ པ་སངས་མདོག་ལྟའི་ཐུགས་ལྡན་སྐྱེས་འཕགས་ཚོགསཿ ཕ་རོལ་ཕྱིན་དྲུག་མཐར་སོན་འདས་མ་འདསཿ བ་ཚྭ་ཅན་གྱི་རྒྱ་མཚོའི་སྣོད་བཅུད་ལྟའིཿ མ་དག་ཤ་ཁྲག་བདུད་རྩིར་བསྒྱུར་ཏེ་འབུལཿ ཕཊ྄ཿ ཙ་རི་དྲ་སོགས་གནས་ཡུལ་དུར་ཁྲོད་བདགཿ ཚ་ཟེར་ཟླ་ཞུན་བསྲེས་ལྟའི་བདུད་རྩི་བཞེསཿ ཕཊ྄ཿ ཛཱ་ཡ་སྲས་བཅས་རྩ་གསུམ་རྒྱ་མཚོའི་ཚོགསཿ ཝ་ལེར་འཇའ་ཚོན་མདངས་འཛིན་བདུད་རྩི་བཞེསཿ ཕཊ྄ཿ ཞྭ་ལྟར་བཀུར་འོས་རྩ་བརྒྱུད་བླ་མ་ནསཿ ཟ་འདྲེ་ཤི་གཤེད་གྲོང་རྒྱུག་འདྲེ་མོ་ཡནཿ འ་འོལ་འདི་སྣང་ལ་ཞེན་རིགས་དྲུག་འགྲོཿ ཡ་མཚན་ཤ་ཁྲག་ཕུང་པོའི་ཚོགས་མཆོད་བཞེསཿ ཕཊ྄ཿ རྭ་ལྟར་ཁེངས་པའི་སེམས་རེངས་དྲེགས་པའི་སྡེཿ ལ་ཆུ་འཕྲང་གསུམ་ཉུལ་བྱེད་འབྱུང་པོའི་དཔུང་ཿ ཤ་ཁྲག་རུས་གསུམ་དོན་སྣོད་པགས་སོགས་བཞེསཿ ཕཊ྄ཿ ས་གསུམ་ལ་གནས་འགྲོ་རྣམས་ཚོགས་རྫོགས་ཤིང་ཿ ཧ་ལ་ལྔ་པོ་ཡེ་ཤེས་ལྔར་བསྒྱུར་ནསཿ ཨ་ཏི་ཡོ་གའི་རྒྱལ་སྲིད་དབང་བསྒྱུར་ཤོགཿ ཕཊ྄ཿ ཨ་ཡིག་སྐྱེ་མེད་རྩལ་ལས་རང་བྱུང་འཕྲུལཿ ཨ་དོན་རང་ཤར་རང་གྲོལ་ས་མ་ཏིཿ ཕཊ྄ཿ ཀུན་རྫོབ་གཟུགས་སུ་སྣང་བའི་ཡུལ་རྣམས་ཀུནཿ བཟང་ངན་རྟོག་ཚོགས་བྲལ་བའི་དབྱིངས་སུ་གཅོདཿ ཕཊ྄ཿ ཕྱི་ནང་སྒྲ་རུ་གྲགས་པའི་འཛིན་རྟོག་ཀུནཿ སྙན་དང་མི་སྙན་མཉམ་པ་ཉིད་དུ་གཅོདཿ ཕཊ྄ཿ ལྕེ་ཡིས་བཟང་ངན་རོ་ལ་མྱོང་བ་དང་ཿ སྣ་ཡིས་བཟང་ངན་དྲི་ལ་ཆགས་སྡང་གཅོདཿ ཕཊ྄ཿ ལུས་ཀྱིས་འཇམ་རྩུབ་རེག་བྱར་ཆགས་དང་སྡང་ཿ ཡིད་ཀྱི་རེ་དྭོགས་ཆགས་སྡང་དབྱིངས་སུ་གཅོདཿ ཕཊ྄ཿ གཙང་དང་གཙོག་པའི་དངོས་པོ་རྣམ་རྟོག་ཡིནཿ རྣམ་རྟོག་དབྱིངས་སུ་ཆོད་ཅིག་ལྡོག་མེད་མཛོདཿ ཕཊ྄ཿ དེ་ལྟར་བདུད་ཀྱི་གཅོད་ཡུལ་ལ་བརྟེན་ནསཿ ཕུང་པོ་མཆོད་སྦྱིན་བགྱིས་པའི་དགེ་བའི་རྒྱུནཿ སྲིད་དང་ཉན་རང་ལམ་དུ་མི་འཕྱན་པརཿ རྣམ་མཁྱེན་རྒྱ་མཚོར་རོ་གཅིག་འདྲེས་པར་ཤོགཿ ཕཊ྄ཿ ཕཊ྄ཿ དེ་ལྟར་བདུད་ཀྱི་གཅོད་ཡུལ་གྱིཿ མཆོད་སྦྱིན་ནོར་བུའི་ཕྲེང་བ་འདིཿ ཉེ་གནས་ཨཱཪྱ་དྷེ་ཝ་ཡིསཿ བསྐུལ་ངོར་༧་རྡོ་བླས་བྲིས་པ་དགེཿ ཧྲིཿ ཕུང་པོའི་མཆོད་སྦྱིན་ནོར་བུའི་འཕྲེང་ཿ འདོད་དགུ་ཆར་འབེབ་སྔོན་འགྲོ་ནིཿ ཕཊ྄ཿ མཆོག་གསུམ་རྩ་གསུམ་ངོ་བོ་ཉིདཿ ལབ་ཀྱི་སྒྲོན་མར་སྐྱབས་སུ་མཆིཿ འགྲོ་རྣམས་སྐྱེ་མེད་སར་འགོད་ཕྱིརཿ ཕུང་པོའི་མཆོད་སྦྱིན་སྟོན་མོར་འཇུགཿ ཕཊ྄ཿ མཆོད་སྦྱིན་དངོས་ནིཿ འདི་ལྟ་སྟེཿ ཕཊ྄ཿ ཀ་དག་དབྱིངས་ལས་རང་བྱུང་རིག་པའི་གཟུགསཿ ཁ་དོག་ལྔ་ལྡན་འོད་ཀྱི་ཏི་ལ་ཀཿ ག་དར་ཤེལ་འོད་མདངས་ལྔ་ཕྱིར་འཕོས་ལྟརཿ ང་བདག་འཛིན་བྲལ་རྡོ་རྗེ་ཕག་མོར་གྱུརཿ ཕཊ྄ཿ ཅ་རེ་འདྲེན་བྱེད་རྒྱ་མཚོར་མངོན་སུམ་བཞིནཿ ཆ་ལུགས་སེམས་བྲལ་བཾ་ལྟར་བདག་ལུས་ཀྱིཿ ཇ་རིལ་སྣོད་བཀོག་ཐོད་སྒྱེད་གསུམ་ཁར་བཙུགསཿ ཉ་རོ་ཇི་བཞིན་གཏུབས་ནས་ཐོད་པར་བླུགསཿ ཕཊ྄ཿ ཏ་ཐཱ་ག་ཏས་སྟག་མོར་ལུས་སྦྱིན་ལྟརཿ ཐ་མལ་ལུས་འདི་ཚོགས་སུ་བསྒྱུར་བའི་ཕྱིརཿ ད་ལྟ་ཉིད་དུ་འཁོར་འདས་མགྲོན་ལ་འགྱེདཿ ཕཊ྄ཿ ན་རག་གནས་ཡན་གཟུགས་དང་གཟུགས་མེད་མནཿ པ་ར་མི་ཏའི་མགྲོན་ལ་མྱུར་དུ་འདུསཿ ཕཊ྄ཿ ཕ་མ་ལས་གཞན་འགྲོ་བ་གཞན་མེད་པསཿ བ་མོར་བེའུ་དགའ་བཞིན་འདིར་ཤོག་ཅིག ཕཊ྄ཿ མ་ཅིག་ཡུམ་ཆེན་སྐུ་གསུམ་ལྷ་ཚོགས་དང་ཿ ཙ་ཏུར་མུ་ཁ་མན་ཆད་འཁོར་བའི་མགྲོནཿ ཚ་ཟེར་ཟླ་ཞུན་བསྲེས་ལྟའི་བདུད་རྩིའི་མཚོཿ ཛ་ལའི་རྒྱུན་བཞིན་འཛད་མེད་གཏེར་ལ་རོལཿ ཕཊ྄ཿ ཝ་ར་ཧི་དངོས་ཡུམ་ཆེན་ལབ་སྒྲོན་སོགསཿ ཞྭ་ལྟར་བཀུར་འོས་རྒྱལ་བ་སྲས་བཅས་མཆོདཿ ཟ་འདྲེ་ཤི་གཤེད་གྲོང་རྒྱུག་འདྲེ་མོ་ཡནཿ འ་ཅག་རང་གཞན་ལ་གནོད་ཤི་གསོན་འདྲེཿ ཡ་མཚན་གཏན་པ་བྲལ་བའི་སྦྱིན་གཏོང་ལོངསཿ ཕཊ྄ཿ རཱ་ཛ་རྒྱལ་ཆེན་སྐུ་ལྔ་མར་བཟུང་ནསཿ ལ་ལུང་ཀུན་རྒྱུ་ཐིའུ་རང་རྐང་གཅིག་ཡནཿ ཤ་ཁྲག་རུས་གསུམ་སྟོན་མོར་ཚིམ་པར་ཟོཿ ཕཊ྄ཿ ས་བཅུ་ལམ་ལྔར་གནས་པའི་འཕགས་ཚོགས་སྡེཿ ཧ་ལ་སྤོང་བསྒྱུར་རང་ངོར་གྲོལ་གསུམ་ཚོགསཿ ཨ་ཏི་བྱ་རྩོལ་བྲལ་བའི་སྟོན་མོར་རོལཿ ཕཊ྄ཿ ཨ་དོན་འཁོར་འདས་གཉིས་མེད་དོན་རྟོགས་ནསཿ ཨ་ཡིག་སྐྱེ་མེད་ངོ་བོར་འུབ་ཆུབ་མཛོདཿ ཕཊ྄ཿ གཅོད་བྱ་གཉིས་སུ་འཛིན་པའི་ཆོས་རྣམས་ཀུནཿ གཅོད་བྱེད་བདག་མེད་ཤེས་རབ་རལ་གྲི་ཡིསཿ བཅད་ཚེ་རྣམ་ཐར་གསུམ་ལྡན་སྟོངས་པ་ཉིདཿ མ་མཐོང་མཐོང་བའི་མཆོག་དེ་མཐོང་བར་ཤོགཿ ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཕཊ྄ཿ དེ་ལྟར་ཕུང་པོའི་མཆོད་སྦྱིན་གྱིཿ མན་ངག་ཀ་མད་སུམ་ཅུའི་གཟུགསཿ རྟོག་བྲལ་རྒྱ་མཚོར་ཤར་བ་བཞིནཿ གཅོད་འདོད་རྗེས་འབྲང་རྣམ་ལ་སྦྱིནཿ དགེ་དེས་བདག་གཞན་འགྲོ་བ་རྣམསཿ ཡུམ་ཆེན་གོ་འཕང་ཐོབ་ཕྱིར་བསྔོཿ ཞེས་པའང་རྣལ་འབྱོར་ཧེ་རུ་ཀ་པ། དཔལ་ལག་ན་རྡོ་རྗེའི་དག་སྣང་དུ་ཤར་བ་ལས་ཅན་གྱི་སློབ་མ་གཞོན་ནུ་སྐལ་བ་ཅན་གྱི་ཆོས་སྐལ་དུ་བཞག་སྟེ་ཡོངས་ལ་ཕན་པའི་རྒྱུར་གྱུར་ཅིག་གུཿ དགེའོཿ དགེའོཿ དགེའོཿ ཿ


previousབདུད་གཅོད་ནོར་བུའི་ཕྲེང་བ།next