Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལས་ལུས་ཚོགས་མཆོད་སྦྱིན་རྟོགས་པའི་རྒྱང་གླུ།


 
previousགཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལས་ལུས་ཚོགས་མཆོད་སྦྱིན་རྟོགས་པའི་རྒྱང་གླུ།no next

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལས་ལུས་ཚོགས་མཆོད་སྦྱིན་རྟོགས་པའི་རྒྱང་གླུ།

༄༅། །གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལས། ལུས་ཚོགས་མཆོད་སྦྱིན་རྟོགས་པའི་རྒྱང་གླུ་བཞུགས། །

ཕ་སྐུ་བཞིའི་བདག་ཉིད་བྱང་ཆུབ་གླིང་། །དུས་ད་ཆར་རང་རིག་ངང་དུ་རྫོགས། །ཉིན་དེ་ལས་ལངས་པའི་ཐོལ་བྱུང་གཏམ། །ཚིག་བྲག་ཆའི་ཟླ་བོ་འདི་ལྟར་ཐལ། །ཕཊཿ རང་རིག་དག་པ་ཆོས་སྐུའི་ཞིང་། །རང་སྣང་ལྷུན་གྲུབ་ལོངས་སྤྱོད་རྫོགས། །རང་རྩལ་འགག་མེད་སྤྲུལ་པའི་སྐུ། །སྐུ་གསུམ་ངོ་བོ་དབྱེར་མེད་ལ། །བྱང་ཆུབ་རྡོ་རྗེ་སློབ་དཔོན་ཞེས། །མཉམ་པ་ཉིད་ཀྱིས་སྐྱབས་སུ་འགྲོ། །བདག་འཛིན་འཆང་བ་ལས་འདས་པའི། །བདག་མེད་དོན་གྱི་སེམས་མཆོག་བསྐྱེད། །ཕཊ྄ཿ རང་བཞིན་བྲལ་བའི་ཆོས་ཉིད་ཀྱི། །མཁའ་ལ་སྣང་བ་འོད་ལྔའི་ཀློང་། །བརྒྱུད་གསུམ་བླ་མ་ཡི་དམ་ལྷ། །གནས་གསུམ་མཁའ་འགྲོ་རྒྱ་མཚོ་དང་། །དམ་ཅན་ཆོས་སྐྱོང་ལྷ་མ་སྲིན། །དཀར་སྐྱོང་གཞི་བདག་ལ་སོགས་པ། །སྲིད་ཞི་ཡོན་ཏན་མགྲོན་གྱི་སྡེ། །འོག་ཏུ་བགེགས་རིགས་འབྱུང་པོ་དང་། །ཁམས་གསུམ་རྒྱུ་དྲུག་ལམ་ལྔ་ཡིས། །བསྡུས་པའི་མཆོག་དམན་རིགས་དྲུག་མགྲོན། །འཁོར་འདས་ཀུན་གྱི་རྟེན་བརྟེན་པ། །རྒྱུ་རྐྱེན་ལས་འདས་སྐད་ཅིག་གིས། །མཁའ་ལ་འཇའ་ཚོན་སྣང་བའི་དཔེས། །ཡོངས་གྲུབ་དགོངས་པའི་རྩལ་དུ་ཤར། །ཕཊ྄ཿ ཕཊ྄ཿ དོན་བློ་འདས་རྟོགས་པའི་ཡིན་ལུགས་ལ། །ཡེ་གདོད་ནས་གཉིས་སྣང་མ་གྲུབ་ན། །དུས་དེ་རིང་སྐྱེ་མེད་རྡོ་རྗེ་ཡིས། །རྣལ་འབྱོར་གྱི་སྤྱོད་པ་སྐྱོང་བ་ལ། །རེ་དོགས་ཀྱི་རྟོག་པ་མེད་མོད་ཀྱང་། །ཡོངས་མ་རིག་འཁྲུལ་བའི་སེམས་ཅན་རྣམས། །དབྱིངས་སྨྲ་བསམ་བརྗོད་མེད་ལ་འགོད་ཕྱིར། །ངས་བརྟུལ་ཞུགས་ལམ་སློང་གི་གླུ་ཞིག་ལེན། །ཡོངས་མ་རིག་འཁྲུལ་བའི་སེམས་ཅན་རྣམས། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །གཞི་དེ་བཞིན་ཉིད་ཀྱི་ཡུམ་ཆེན་མོའི། །བྷ་ག་ལ་སྐུ་གསུམ་གྱི་བཀོད་པ་རྫོགས། །དེ་ལོགས་ན་མ་གྲུབ་རང་གི་སེམས། །སེམས་བལྟར་མེད་ཀྱི་ཡིན་ལུགས་རྟོགས་པ་འདི། །ཕ་འཇིགས་མེད་ཀྱི་རྒྱལ་པོའི་བཀའ་དྲིན་ཡིན། །ཨ་ལ་ལ་སྐྱབས་མགོན་ཐུགས་རྗེ་ཅན། །དུས་དེ་རིང་འཁོར་གསུམ་ཡོངས་དག་པས། །བླ་མ་དང་རང་སེམས་དབྱེར་མ་ནུས། །ཡིད་ཁྱེད་ཀྱི་དད་པ་མཚན་མ་ཅན། །མཁའ་དབྱིངས་སུ་བྱེར་བའི་སྤྲིན་གྱི་དཔེ། །འདི་ཀུན་རྫོབ་མ་ཡིན་དོན་དམ་ཆོས། །དོན་དམ་ལ་ཐོབ་བཞག་གཉིས་མེད་པས། །གཞི་འབྲས་དབྱེར་མེད་ཀྱི་བླ་མ་ལ། །མཉམ་རྗེས་རོ་གཅིག་གིས་གསོལ་བ་འདེབས། །སྙེམས་རྟོག་ཆོད་པར་བྱིན་གྱིས་རློབས། །བདག་འཛིན་ཞིག་པར་བྱིན་གྱིས༴ འཁྲུལ་པ་ཟད་པར་བྱིན་གྱིས༴ གཟུང་འཛིན་གྲོལ་བར༴ གཉིས་འཛིན་སྟོང་པར་བྱིན་གྱིས༴ ཕཊ྄ཿཕཊ྄ཿ བཞི་བསྡུས་ཀྱི་ཕུང་ཁམས་ཉེར་ལེན་པའི། །རྣམ་ཤེས་ཀྱི་ཐིག་ལེ་འོད་ལྔ་མ། །ཡུམ་ཆེན་གྱི་དགོངས་ཀློང་ཡངས་པར་འཕོ། །དབྱིངས་སྟོང་པ་ཆེན་པོར་རོ་གཅིག་གྱུར། །ཕཊ྄ཿ སྐད་ཅིག་དེར་མཁའ་ལ་འཇའ་སྣང་བཞིན། །རང་སེམས་ཀྱི་ངོ་བོ་ཡོ་གི་ནི། །བདུད་བཞི་ཚར་གཅོད་ཀྱི་གྲི་གུག་དང་། །མཆོད་སྦྱིན་རྫས་སྤུངས་པའི་བྷནྡྷ་ཅན། །གཅེར་མོ་སྣང་སྲིད་ཟིལ་གནོན་མའི། །སྐུ་ཕྱག་རྒྱ་ལྔ་ལྡན་ལམ་གྱིས་གསལ། ཕཊ྄ཿ གཅོད་བྱ་དང་གཅོད་བྱེད་གཉིས་འཛིན་བློ། །སྐད་ཅིག་མར་རྟོགས་པའི་མཚོན་གྱིས་བཤིག །མཉམ་ཉིད་ཀྱི་མཆོད་སྦྱིན་འགྱེད་པའི་ཕྱིར། །རིག་རྩལ་གྱི་མགྲོན་རིགས་དབང་དུ་བསྡུས། །ཕཊ྄ཿ །ཐམས་ཅད་དག་པ་ཆོས་སྐུ་ལ། །མ་དག་སྣང་བའི་རིས་མེད་ཀྱང་། །རང་ངོར་གྲོལ་དང་མ་གྲོལ་ཁྱད། །སྦྱིན་ཡུལ་རྣམ་པ་གཉིས་སུ་གྲུབ། །དོན་དེ་ཕྱིར་སྐྱེ་མེད་རྡོ་རྗེའི་གླུ། །བདེན་གཉིས་ཟུང་འཇུག་གི་ཚུལ་དུ་བླངས། །ཕཊ྄ཿ སྟོང་ཆེན་གྱི་བྷནྷའི་སྣོད་ནང་དུ། །སྣོད་བཅུད་ཀྱི་འཁྲུལ་འཁོར་བདུད་རྩི་རུ། །ཡེ་ཤེས་ཀྱི་རྡོ་རྗེས་བྱིན་བརླབས་ནས། །སྐྱབས་སྐུ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་། །ཕ་གྲུབ་ཐོབ་ཀྱི་རྒྱལ་པོ་བྱང་ཆུབ་གླིང་། །དམ་ལྡན་གྱི་རྡོ་རྗེ་མཆེད་ལྕམ་སོགས། །རང་སྣང་གི་ལྷ་དང་བླ་མར་འབུལ། །རེ་དོགས་ཀྱི་འཆིང་བ་མཁའ་དབྱིངས་སུ། །སྦྲུལ་བདུད་བཞིན་གྲོལ་ནས་དེ་བཞིན་ཉིད། །གཞི་བསམ་མི་ཁྱབ་པའི་དོན་རྟོགས་ཤོག །ཕཊ྄ཿ རང་བྱུང་བདེ་ཆེན་གྱི་ཀཱ་པ་ལར། །སྣང་བ་བདེན་མེད་ཀྱི་ཕུང་ཁམས་བཤམས། །དེ་བདེ་སྟོང་གི་བདུད་རྩིར་བྱིན་བརླབས་ནས། །མཆོད་སྦྱིན་གྱི་མགྲོན་ལ་རིས་མེད་འགྱེད། །དགའ་སྡུག་གི་རྟོག་པ་རང་གྲོལ་ཞིང་། །ཡུམ་ཕ་རོལ་ཕྱིན་དོན་མངོན་གྱུར་ཤོག །ཕཊ྄ཿ ཚོགས་ཆེན་གཉིས་མཉམ་སྦྱོར་མཐོང་བའི་ལམ། །དེ་སྒོམ་དང་མི་སློབ་མཐོང་བའི་ལམ། །ཡོངས་མཆོད་པའི་ཕྱག་རྒྱར་གནས་གྱུར་ནས། །མཆོག་དམན་གྱི་མགྲོན་རྣམས་ཁྱབ་པར་འབུལ། །རྒྱུད་ལྔའི་འགྲོ་བ་སྐད་ཅིག་མར། །དག་པ་གཉིས་ལྡན་གྱི་འབྲས་ཐོབ་ཤོག །ཕཊ྄ཿ རྩེ་གཅིག་ཏུ་དམིགས་པའི་བསམ་གཏན་ཟས། །སྤྲོས་བྲལ་གྱི་བདུད་རྩིར་བྱིན་བརླབས་ནས། །རོ་གཅིག་གི་བྷནྡྷའི་སྣོད་དུ་བསྐྱིལ། །དུས་དེ་རིང་སྒོམ་མེད་ཀྱི་ཚོགས་མཆོད་འདི། །ལམ་ཀུན་ཏུ་བརྟགས་པའི་མགྲོན་ལ་འགྱེད། །གཞི་ཡོངས་གྲུབ་ཀྱི་ངོ་བོ་མངོན་གྱུར་ཤོག །ཕཊ྄ཿ མངོན་སུམ་གཟུགས་སྐུ་ཡི་མཆོད་སྦྱིན་རྫས། །གོང་འཕེལ་དུ་བྱིན་གྱིས་ཡོངས་བརླབས་ནས། །བརྟུལ་ཞུགས་ཚད་ཕེབས་ཀྱི་རྣལ་འབྱོར་ངས། །ཆོས་ཟད་བློ་འདས་ཀྱི་ཡོལ་གོ་ནས། །འཁོར་འདས་ལམ་གསུམ་གྱི་མགྲོན་ལ་འགྱེད། །རེ་དོགས་ཀྱི་འཛིན་སྟངས་ཞིག་གྱུར་ཅིག །ཕཊ྄ཿ ཀ་དག་གཞི་དབྱིངས་ཀྱི་བྷནྡྷའི་ནང་། །ལྷུན་གྲུབ་རང་བྱུང་གི་བདུད་རྩི་བཤམས། །ཟུང་འཇུག་ཐུགས་རྗེའི་མཆོད་སྦྱིན་འདི། །མྱང་འདས་དང་འཁོར་བའི་མགྲོན་ལ་འགྱེད། །སྤྲོས་བཅས་ཀྱི་ཞེན་འཛིན་རང་གྲོལ་ནས། །སྤྲོས་མེད་ཀྱི་ཀློང་དུ་སངས་རྒྱས་ཤོག །ཕཊ྄ཿ དབྱིངས་བརྗོད་ཀྱི་པགས་པ་ཀུན་ཁྱབ་ཀློང་། །ང་བདག་གི་ཕུང་ཁམས་ཡོངས་བསྒྲལ་བའི། །ཤ་ཁྲག་གི་འདོད་ཡོན་དཔག་མེད་འདི། །ཚོགས་བརྒྱད་ཀྱི་གདོན་བགེགས་ལྷ་མ་སྲིན། །འཁྲུལ་རྟོག་གིས་བཅིངས་ལ་འབུལ་ལོ་བཞེས། །འཁོན་སེམས་དང་གདུག་སེམས་རང་གྲོལ་ཤོག །ཕཊ྄ཿ བློ་འདས་ཀྱི་རིན་ཆེན་སྣོད་ཡངས་པར། །བདག་ཉིད་ཀྱི་ལུས་ལས་དབང་ཤེས་ལྔ། །འཇུག་པའི་ཡུལ་དགའ་བདེའི་ལང་ཚོ་ཅན། །ལྷ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཞིན། །ཡོངས་སྲིད་དང་ཞི་བའི་མགྲོན་ལ་འབུལ། །དགྱེས་བཞེས་མཐུས་འཁོར་བ་དོང་སྤྲུག་ཤོག །ཕཊ྄ཿ དེ་ལྟར་ཆོས་ཀྱི་དེ་ཉིད་དང་། །རྣམ་པར་མཚུངས་པའི་ཟང་ཟིང་གི། །མཆོད་སྦྱིན་རྒྱ་ཆེན་འདི་བྱས་མཐུས། །སྤྱིར་འགྲོ་དྲུག་གི་སེམས་ཅན་སངས་རྒྱས་ཤིང་། །སོ་གཉན་སའི་ལྷ་འདྲེ་ཡོངས་གྲོལ་ནས། །དོན་གཉིས་ཀྱི་འབྲས་བཟང་ལྷུན་འགྲུབ་ཤོག །ཕཊ྄ཿ ཆོས་ཉིད་ཀྱི་བདེན་དོན་རྟོགས་པའི་གླུ། །སྐྱེ་འགག་ལས་འདས་སོ་ངོ་མཚར་ཆོས། །འདི་དངོས་སྣང་སྒྱུ་མར་ཤེས་པའི་གྲོགས། །དུས་དེ་རིང་འཁོར་འདས་ལམ་གསུམ་གྱི། །རྟོག་ཚོགས་ཀུན་སྤྲོས་པ་ཉེར་ཞི་བས། །འཁོར་གསུམ་གྱི་དམིགས་པ་ཀ་ནས་དག །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཕཊ྄ཿ དེ་ལྟར་སྐྱེ་མེད་རྡོ་རྗེ་ཡི། །ཉམས་ཆོས་རྟོགས་པའི་རྒྱང་གླུ་འདི། །བཀའ་གཏེར་དག་སྣང་གང་ཡང་མིན། །མཉམ་བཞག་བླ་མའི་རྣལ་འབྱོར་ལ། །གོམས་པའི་ལམ་རྟགས་འདི་འདྲ་བྱུང་། །འདིར་ཡི་གེར་འགོད་དོན་གཞན་དབེན་ཡང་། །བུ་སློབ་བསོད་ནམས་སྙན་གྲགས་ལ། །འགྲོ་ཁར་རྫོངས་སུ་བཏབ་པའི་དགེས། །ཐམས་ཅད་ཡུམ་དོན་ལ་གནས་ཤོག །དགེའོ། །དགེའོ། །དགེའོ།། །།


previousགཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལས་ལུས་ཚོགས་མཆོད་སྦྱིན་རྟོགས་པའི་རྒྱང་གླུ།no next