Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

5 occurrences of འབེན་
[Clear Hits]


  
  
ཡང་གསང་རྟ་མགྲིན་ལས་བྱང་ཁམས་གསུམ་ཟིལ་གནོན།
 
  
  
  
  
  
  
  
  
  
  
  
  
  
  


5 occurrences of འབེན་
[Clear Hits]

 
previousཡང་གསང་རྟ་མགྲིན་ལས་བྱང་ཁམས་གསུམ་ཟིལ་གནོན།next

ཡང་གསང་རྟ་མགྲིན་ལས་བྱང་ཁམས་གསུམ་ཟིལ་གནོན།

༄༅། །ཧྲིཿ དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ ཡང་གསང་རྟ་མགྲིན་ལས་བྱང་ཁམས་གསུམ་ཟིལ་གནོན་ཞེས་བྱ་བ་བཞུགས། །

ན་མོ་གུ་རུ་ཧྱ་གྷྲྀ་ཝ་ཡེཿ དམ་ཆོས་བདེ་ཆེན་ལམ་མཆོག་གིཿ ཡང་གསང་རྟ་མགྲིན་སྒྲུབ་པ་ནིཿ དབེན་པའི་གནས་སུ་མཎྜལ་སྟེང་ཿ རྡུལ་ཚོན་རས་བྲིས་ཚོམ་བུ་སོགསཿ དབང་པོར་འཚམས་པའི་རྟེན་བཀོད་ནསཿ དབང་མདོག་གཏོར་མ་གཙོ་འཁོར་དགུཿ སྣ་ཚོགས་རྒྱན་སྤྲས་སྒྲུབ་རྫས་བཅསཿ ཕྱི་ནང་མཆོད་པ་ལ་སོགས་པཿ ཕུན་སུམ་ཚོགས་པ་བསྟར་ནས་སུཿ དབང་སྡུད་སེམས་ཀྱིས་ཆོ་གར་འཇུགཿ དེ་ལ་དང་པོ་སྐྱབས་འགྲོ་ནིཿ བདག་སོགས་མཁའ་མཉམ་འགྲོ་བ་ཀུནཿ གདོད་མའི་གྲོལ་གཞི་མ་མཇལ་བརཿ མཆོག་གསུམ་རྩ་གསུམ་ཀུན་འདུས་དངོསཿ དབང་ཆེན་ལྷ་ལ་སྐྱབས་སུ་མཆིཿ ལན་གསུམ་བརྗོད་རྗེས་སེམས་བསྐྱེད་ནིཿ མ་གྱུར་འགྲོ་བ་སེམས་ཅན་ཀུནཿ བླ་མེད་སངས་རྒྱས་སར་འགོད་ཆེདཿ པདྨ་དབང་ཆེན་བསྒྲུབས་ནས་ནིཿ འགྲོ་དོན་བྱེད་པར་སེམས་བསྐྱེད་དོཿ ལན་གསུམ་བརྗོད་རྗེས་ཡན་ལག་བདུན་པ་ནིཿ ཕྱག་འཚལ་མཆོད་འབུལ་སྡིག་ཀུན་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་སྐོརཿ མྱ་ངན་མི་འདའ་བཞུགས་གསོལ་འདེབསཿ དགེ་རྩ་མཁའ་མཉམ་འགྲོ་ལ་བསྔོཿ བགེགས་རིགས་བསྐྲད་པའི་ཏིང་འཛིན་དང་ཿ བཀའ་བསྒོ་བྱ་བ་འདི་བཞིན་ནོཿ ཧྲཱིཿ པད་ཉི་རཱུ་ཏྲ་བསྣོལ་སྟེང་དུཿ རང་ཉིད་དབང་ཆེན་དམར་ནག་སྐུཿ ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོནཿ གཡོན་པ་སྡིགས་མཛུབ་མེ་དཔུང་འཕྲོསཿ དུར་ཁྲོད་ཆས་རྫོགས་དབུ་ཡི་གཙུགཿ རྟ་མགོ་ལྗང་ཞུར་རྟ་སྐད་འཚེརཿ ཐུགས་ལས་ཁྲོ་མཚོན་མེ་དཔུང་འཕྲོསཿ སྟོང་གསུམ་ཀུན་གང་བགེགས་བསྐྲད་གྱུརཿ ཧྲཱིཿཧཱུཾཿ དབང་དྲག་འབར་བའི་དཀྱིལ་འཁོར་ནསཿ ཁྲོ་མཚོན་མེ་དཔུང་རབ་འཕྲོས་པསཿ བགེགས་ཚོགས་ལོག་འདྲེན་འཇིགས་པར་བྱེདཿ དབང་ཆེན་མེ་མཚོན་ཁྲོ་བོའི་དམགཿ ཐོག་སེར་འཁྲིགས་ལྟའི་དྲག་ཤུལ་གྱིསཿ བགེགས་རྣམས་བརླག་པར་གདོན་མི་ཟཿ དེ་བས་ད་ལྟ་ཕྱིར་དེངས་ཤིགཿ ཧཱུཾ་བཞིའི་སྔགས་ཀྱིས་བགེགས་བསྐྲད་ནསཿ མཚམས་གཅོད་སྲུང་འཁོར་བསྒོམ་པ་ནིཿ ཧྲཱིཿཧཱུཾཿ རྡོ་རྗེས་གཏམས་པའི་ས་གཞིའི་སྟེང་ཿ རྡོ་རྗེའི་རྭ་བ་གུར་བླ་བྲེསཿ ཕྱི་རོལ་ཁྲོ་མཚོན་མེ་དཔུང་འབརཿ ལྷུན་གྲུབ་སྲུང་འཁོར་གཞོམ་བྲལ་གྱུརཿ ༀ་རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཾ་ཕཊཿརཾ་རཾཿ སྡིག་སྒྲིབ་ཉེས་ལྟུང་བཤགས་པ་ནིཿ ཧྲཱིཿཧཱུཾཿ བདག་གིས་བྱང་ཆུབ་སེམས་བསྐྱེད་ནསཿ རྩ་གསུམ་ལྷ་དང་སློབ་དཔོན་ལཿ འགལ་བར་མི་བགྱིད་དམ་མནོས་ཀྱང་ཿ དུག་གསུམ་དབང་གིས་ནོངས་པའི་ལསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིཿ དམ་ཚིག་ཉམས་པར་གྱུར་པ་རྣམསཿ སྙིང་ནས་མཐོལ་ཞིང་བཤགས་ལགས་ནཿ བཟོད་པར་བཞེས་ནས་ཚངས་པར་སྩོལཿ རྒྱལ་ཀུན་རྣམ་རྟོག་མཐར་འདས་ཀྱང་ཿ བདག་སོགས་གཉིས་འཛིན་དབང་གྱུར་སྒྲིབཿ སྒྱུ་མ་དང་ནི་རྨི་ལམ་ཚུལཿ རང་བཞིན་མེད་པའི་དབྱིངས་སུ་བཤགསཿ ༀ་པདྨ་ཧེ་རུ་ཀ་ས་ཏྭ་ས་མ་ཡཿ སོགས་བརྗོད་དེ་རྗེས་བྱིན་འབེབས་ནིཿ ཧྲཱིཿཧཱུཾཿ འཕགས་མཆོག་མཁྱེན་བརྩེ་ནུས་པའི་དཔལཿ བདག་ལ་དབང་སྐུར་བྱིན་གྱིས་རློབསཿ སྔགས་ཀྱི་ཁྱད་སྟོན་མཐུ་རྩལ་དབྱུང་ཿ དངོས་གྲུབ་མཆོག་སྩོལ་དགྲ་བགེགས་སྒྲོལཿ ཉམས་ཆགས་སྐོངས་ལ་ཕྲིན་ལས་སྤེལཿ མཐུ་དབང་བྱིན་ལྡན་དངོས་གྲུབ་བདགཿ བཅོམ་ལྡན་དབང་ཆེན་ལྷ་ཚོགས་ཀྱིཿ གསང་གསུམ་དཔལ་ཡོན་དངོས་གྲུབ་དབྱིགཿ བདག་ལ་རྒྱ་མཚོར་ཆར་བཞིན་དུཿ དབབ་ནས་དོན་གཉིས་ལྷུན་གྲུབ་མཛོདཿ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ ཕྱི་ནང་གསང་མཆོད་སྦྱང་ཞིང་སྤེལ་བ་ནི། རང་ཉིད་ལྷར་གསལ་ཐུགས་ཀ་ནསཿ ཡི་གེ་རཾ་ཡཾ་ཁཾ་འཕྲོས་པསཿ ཕྱི་ནང་གསང་བའི་མཆོད་ཚོགས་ཀྱིཿ སྐྱོན་རྣམས་བསྲེགས་གཏོར་བཀྲུས་ནས་སུཿ རྨི་ལམ་དང་ནི་སྒྱུ་མ་ལྟརཿ སོ་སོའི་དཔལ་ཡོན་ཀུན་རྫོགས་པའིཿ འདོད་ཡོན་ལོངས་སྤྱོད་དཔག་མེད་གྱུརཿ ༀ་བཛྲ་ཨརྒྷཾ་ནས་ཤཔྟའི་བར་དང་། སྨན་གཏོར་རཀྟའི་སྔགས་གསུམ་པོཿ སོ་སོར་གསུམ་རེ་བརྗོད་པས་བརླབསཿ ༀ་ཨཱཿཧཱུཾཿ སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཋཿ ༀ་ཨཱཿཧཱུཾཿ མ་ཧཱ་བཱ་ལིངྟ་ཏེ་ཛྭ་བཱ་ལིངྟ་བ་ལ་བ་ཏི་གུ་ཧྱ་ས་མ་ཡེ་ཧཱུཾ་ཧྲཱི་ཋཿ ༀ་ཨཱཿཧཱུཾཿ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུཾ་ཧྲཱིཿཋཿ ཏིང་འཛིན་རྣམ་གསུམ་རིམ་པ་ནིཿ ཧྲཱིཿཧཱུཾཿ ཆོས་ཉིད་སྤྲོས་བྲལ་མཁའ་དབྱིངས་ལསཿ ཆོས་ཅན་རྟེན་འབྱུང་ཆུ་ཟླའི་གརཿ ཐུགས་རྗེའི་རྩལ་སྣང་ཡི་གེ་ཧཱུཾཿ དེ་ལས་འབྱུང་ལྔ་རི་རབ་དང་ཿ གཞལ་ཡས་ཁང་བཅས་ས་བོན་སྤྲོསཿ ཨེ་ཡཾ་རཾ་ཁཾ་སུམ་ཀེཾ་བྷྲུཾཿ དེ་དག་ཡོངས་གྱུར་འབྱུང་ལྔའི་དལཿ དེ་དབུས་ཀེང་རུས་རི་རབ་རྩེརཿ ཐོད་པ་རཏྣའི་གཞལ་ཡས་ཁང་ཿ དེ་དབུས་ཆོས་འབྱུང་དམར་ནག་ལཿ ཐོད་པའི་རྭ་བས་བསྐོར་བ་ཡིསཿ ཕྱི་རོལ་འཁོར་ལོ་རྩིབས་བཞི་པཿ ཕྱོགས་ཀྱི་མདོག་ཅན་མགོ་རློན་གྱིཿ ཕྲེང་བས་ཟླུམ་པོར་བསྐོར་བའི་ཕྱིཿ གྲུ་བཞི་སྒོ་བཞི་ཕྱོགས་སྐྱོང་བཅུཿ རྩིག་རྨང་གཞི་བྱས་ཐོད་སྐམ་དང་ཿ རློན་པ་རྙིད་པའི་རྩིག་པ་ཡང་ཿ གནམ་ལྕགས་འབར་བའི་གཟེར་གྱིས་བསྡམསཿ དེའི་ཕྱི་ནང་ནས་རིམ་བཞིན་དུཿ རིན་ཆེན་དམར་དཀར་སེར་ལྗང་ནགཿ སྣ་ལྔས་བརྩིགས་ཤིང་ཕྱི་ནང་གིཿ རྩིག་པར་ལྷ་ཆེན་བརྒྱད་ཀྱིས་གཏམསཿ རིན་པོ་ཆེ་དང་རུས་པ་ཡིཿ ཕ་གུ་མདའ་ཡབ་པུ་ཤུས་སྤྲསཿ རྒྱུ་རློན་དྲྭ་བ་དྲ་ཕྱེད་དང་ཿ འདོད་སྣམ་དམར་པོ་ལྷ་མོས་གང་ཿ རྒྱལ་ཆེན་བཞི་དང་ཐོད་སྐམ་ལསཿ གྲུབ་པའི་ཀ་བ་བརྒྱད་ལ་ནིཿ ཐོད་རློན་ཀ་ཞུ་གདུང་མ་ཡང་ཿ ཀླུ་ཆེན་བརྒྱད་བྲེས་མེ་ཏོག་སྤྲསཿ གཟའ་བརྒྱད་པད་ཕུར་རྒྱུ་སྐར་གྱིཿ དྲལ་ཕྱམ་ལེགས་བསྟར་བདུད་རྩི་ལྔའིཿ ཞལ་བས་བྱུགས་ཤིང་དབུས་མཐོའི་རྩེརཿ པདྨ་ལ་གནས་ཙིཏྟས་བརྒྱནཿ སྒོ་བཞི་ཀ་བ་བཞི་བཞི་དང ཿ རྟ་བབས་བང་རིམ་བཞི་ལྡན་སྟེང་ཿ ཆུ་སྐྱེས་ཆོས་འཁོར་བཅུ་གསུམ་དང ཿ གདུགས་དང་རི་དྭགས་མགོ་སྙིང་ཏོགཿ ཞིང་ཆེན་རྒྱལ་མཚན་ཧསྟིའི་འཕནཿ དབང་པོའི་མེ་ཏོག་ཕྲེང་བ་སོགསཿ རྔམ་བརྗིད་འབར་བའི་རྒྱན་གྱིས་སྤུདཿ ཕྱི་རོལ་པད་ར་དུར་ཁྲོད་བརྒྱདཿ རྡོ་རྗེའི་ར་བ་བསྐལ་མེ་འབརཿ དབུས་ཀྱི་ཆོས་འབྱུང་ལྟེ་བ་རུཿ པཾཿལས་པདྨ་ཨ་ལས་ཟླཿ མཾ་ལས་ཉི་མ་བཾ་ཡིག་ལསཿ རཱུ་ཏྲ་ཕོ་མོ་བསྣོལ་སྟེང་དུཿ ཧྲཱིཿམཾ་ཡི་གེའི་འཕྲོ་འདུ་ལསཿ ༀ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿ ཧཱུཾ་ཡིག་གདན་ཁར་བབས་པ་ལསཿ དམར་ནག་ཧྲཱིཿདང་བཾ་སྔོན་གྱུརཿ དེ་ལས་འོད་འཕྲོས་འཕགས་ཚོགས་མཆོདཿ འགྲོ་སྒྲིབ་ཀུན་སྦྱངས་སླར་བསྡུས་དབྱིགཿ རང་ཉིད་རྟ་མགྲིན་དབང་ཆེན་རྒྱལཿ གཡས་དཀར་གཡོན་ལྗང་དབུས་དམར་ཞལཿ སྤྱི་བོར་རྟ་མགོ་ལྗང་ཞུར་འཚེརཿ རྔོག་མ་དམར་པོ་ཕུམ་ཕུམ་སེརཿ ཞུར་དཀར་ཞལ་གསུམ་སྤྱན་དགུ་ལྡནཿ རྫི་སྨིན་སྨ་ར་གསེར་མདངས་འབརཿ ཁམ་ནག་དབུ་སྐྲ་གྱེན་དུ་བརྫེསཿ ཕྱག་དྲུག་གཡས་གཡོན་དང་པོ་གཉིསཿ ཆུ་སྐྱེས་དུང་དམར་བསྣོལ་སྟབས་ཀྱིསཿ བདེ་ཆེན་ཡུམ་གྱི་མགུལ་ནས་འཁྱུདཿ གཡས་ཕྱག་བར་པས་ལྕགས་ཀྱུ་དང་ཿ དེ་འོག་བེ་ཅོན་གཡོན་གཉིས་ཀྱིསཿ ཞགས་པ་རལ་གྲི་མེ་འབར་འཛིནཿ ཞིང་གླང་པགས་པས་སྟོད་གཡོགས་ཤིང་ཿ སྟག་ཤམ་རུས་རྒྱན་སྦྲུལ་ཆུན་སྤྲསཿ ཐོད་སྐམ་རཏྣའི་རྩེ་ཕྲན་ཅནཿ དབུར་གསོལ་སྐམ་རློན་རྙིད་གསུམ་གྱིཿ ཚར་གསུམ་ཐོད་ཕྲེང་དོ་ཤལ་བྱསཿ ཁྲག་ཞག་ཐལ་བའི་ཚོམ་བུས་བྱུགསཿ ཞབས་བཞི་བརྐྱང་བསྐུམ་ཁྱུང་གཤོག་གདེངསཿ གར་དགུའི་ཉམས་ལྡན་སྟོབས་རྩལ་རྫོགསཿ ༀ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊཿ ཡུམ་ཆེན་པདྨ་གར་དབང་མཐིང་ཿ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡནཿ ཞལ་བསྒྲད་མཆེ་༑༑༑༑༑ཤོག་གྲངས་གཅིག་མེད། བཞིར་ཟླ་དཀྱིལ་རེ་རེའི་སྟེང་ཿ ཛཿཧཱུཾ་བཾ་ཧོ་ཡོངས་གྱུར་ལསཿ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལཿ རིམ་བཞིན་དམར་སེར་མཐིང་ལྗང་གིཿ རལ་པས་མཛེས་ཤིང་ཕྱག་གཉིས་ཀྱིཿ གཡས་རྣམས་རང་རྟགས་གཡོན་པ་བཞིསཿ གློ་སྙིང་འཛིན་ཅིང་ཞབས་གཉིས་ལྡནཿ དུར་ཁྲོད་ཆས་བརྒྱད་མེ་ཀློང་བཞུགསཿ ཡེ་ཤེས་ལྷ་ལ་སྙན་གསན་དབབཿ ཧྲཱིཿ ཀ་དག་ཆོས་སྐུའི་ཀློང་ཡངས་ལསཿ སྐུ་ལྔའི་བདག་ཉིད་ལོངས་སྤྱོད་རྫོགསཿ པདྨ་དབང་ཆེན་དཀྱིལ་འཁོར་ལྷཿ སྤྲུལ་སྐུར་གར་གྱིས་བཞེངས་སུ་གསོལཿ ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿ སྤྱན་འདྲེན་སྤོས་རོལ་དད་མོས་བློསཿ ཧྲཱིཿཧཱུཾཿ ཆོས་དབྱིངས་དབུ་མཐའ་བྲལ་བའི་ཞིང་ཿ དབང་ཆེན་རོལ་པའི་གཞལ་ཡས་ནསཿ པདྨ་དབང་ཆེན་ཡབ་དང་ཡུམཿ ཁྲོ་བོ་བཞི་དང་སྒོ་མ་བཞིཿ སྤྲུལ་འཁོར་དང་བཅས་མ་ལུས་པཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ ༀ་ཧྱ་གྷྲྀ་ཝ་ས་པཱ་རི་ཝ་ར་ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་ཛཿ ས་མ་ཡ་སྟྭཾཿ བཞུགས་སུ་གསོལ་བ་འདི་ལྟ་སྟེཿ ཧྲཱིཿཧཱུཾཿ དབང་ཆེན་དམ་ཚིག་དཀྱིལ་འཁོར་འདིརཿ པདྨ་དབང་ཆེན་ལྷ་ཚོགས་རྣམསཿ དགྱེས་བཞིན་བརྟན་པར་བཞུགས་ནས་ཀྱང་ཿ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལཿ ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཧཱུཾཿ སྒོ་གསུམ་གུས་པས་ཕྱག་འཚལཿ ཧཱུཾ་དབྱིངས་ལས་སྤྲུལ་པའི་སྒྱུ་འཕྲུལ་གརཿ རྟ་མགྲིན་དཀྱིལ་འཁོར་ལྷ་ཚོགས་ལཿ སྒོ་གསུམ་གུས་པ་ཆེན་པོའི་བློསཿ ཞིང་རྡུལ་མཉམ་པས་ཕྱག་འཚལ་ལོཿ ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ མཆོད་པ་འབུལ་བའི་རིམ་པ་ནིཿ ཧྲཱིཿཧཱུཾཿ ཡོན་ཆབ་བདུག་སྤོས་པུཥྤ་ཀཿ སྣང་གསལ་དྲི་ཆབ་ཞལ་ཟས་སྒྲཿ རྟ་མགྲིན་དབང་གི་དཀྱིལ་འཁོར་ལཿ མཆོད་པར་འབུལ་ལོ་བཞེས་སུ་གསོལཿ ༀ་སརྦ་ཏ་ཐཱ་ག་ཏ་ཧྱ་གྷྲྀ་ཝ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏིཙྪ་པཱུ་ཙ་མེ་ག་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཿཧཱུཾཿ དེ་བཞིན་དུ། བཛྲ་དྷུཔྤེ༴ པུཥྤེ༴ ཨ་ལོ་ཀེ༴ གྷནྡྷེ༴ ནེ་ཝེ་དྱ༴ ཤཔྟ་ཧཱུཾཿ བར་བརྗོདཿ ནང་མཆོད་འདོད་ལྔའི་མཆོད་པ་ནིཿ ཧྲཱིཿཧཱུཾཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོསཿ ཚོགས་དྲུག་ལྷ་མོ་དཀར་སྔོ་སེརཿ ལྗང་མོ་ལྗང་དང་དཀར་མོའི་ཚོགསཿ ཕྱག་ན་འདོད་ཡོན་ལོངས་སྤྱོད་བསྣམསཿ རྟ་མགྲིན་དཀྱིལ་འཁོར་ལྷ་ཚོགས་ཀྱིཿ དབང་ལྔ་མཉེས་པའི་རྫས་སུ་འབུལཿ ཨ་ལ་ལ་སྟེ་དགྱེས་པར་མཛོདཿ ༀ་ཧྱ་གྷྲྀ་ཝ་ས་པཱ་རི་ཝ་ར་རུ་པཿ ཤཔྟ། གྷནྷེ། རཱ་ས། སྤཪྴེ། དྷརྨ་དྷརྟུ་པུཙྪ་ཨཿཧཱུཾཿ བདུད་རྩི་སྨན་མཆོད་འབུལ་བ་ནིཿ ཧྲཱིཿཧཱུཾཿ གདོད་ནས་རྣམ་དག་དབྱིངས་ཆེན་པོརཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨནཿ རིགས་ལྔ་དམ་ཚིག་ལྔ་ཡི་དངོསཿ ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫསཿ རྒྱུ་དྲུག་སེམས་ཅན་ཀུན་སྒྲོལ་བའིཿ དུག་ལྔ་སེལ་བའི་བདུད་རྩི་འདིཿ ཇི་སྙེད་སངས་རྒྱས་ཐམས་ཅད་དང་ཿ པདྨ་དབང་ཆེན་ལྷ་ལ་འབུལཿ བཞེས་ནས་བདག་ལ་དགྱེས་པར་མཛོདཿ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིཿ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུཾཿ བྷ་ལིང་གཏོར་མའི་མཆོད་པ་ནིཿ ཧྲཱིཿཧཱུཾཿ འདོད་ཡོན་ལོངས་སྤྱོད་བཅུད་ལྡན་པའིཿ ཤ་ཁྲག་རུས་གསུམ་གཏོར་མ་ཡིསཿ དབང་ཆེན་ཡབ་ཡུམ་ཁྲོ་བོ་བཞིཿ སྒོ་མ་བཞི་དང་བཀའ་གཏེར་གྱིཿ སྲུང་མ་སྤྲུལ་འཁོར་བཅས་པ་རྣམསཿ ཐུགས་དམ་བསྐང་ངོ་མཆོག་ཐུན་གྱིཿ དངོས་གྲུབ་དམ་པ་མྱུར་དུ་སྩོལཿ མ་ཧཱ་བཱ་ལིཾ་ཏ་ཁ་རཾ་ཁཱ་ཧིཿ རཀྟའི་མཆོད་པ་འབུལ་བ་ནིཿ ཧྲཱིཿཧཱུཾཿ ཁམས་གསུམ་འཁོར་བ་ཡོངས་བསྒྲལ་བའིཿ རཀྟ་ཁྲག་གི་མཆོད་པ་འདིཿ པདྨ་དབང་ཆེན་དཀྱིལ་འཁོར་ལཿ མཆོད་པར་འབུལ་ལོ་བཞེས་སུ་གསོལཿ མ་ཧཱ་རཀྟ་ཁ་ཧིཿ བདེ་ཆེན་སྦྱོར་བའི་མཆོད་པ་ནིཿ ཧྲཱིཿཧཱུཾཿགསང་བ་ཐབས་ཤེས་རྟེན་འབྲེལ་ལསཿ པདྨ་ནོར་བུ་མཉམ་སྦྱོར་ནསཿ བཅུ་དྲུག་དགའ་བའི་བདེ་ཆེན་དབྱིགཿ བྱང་ཆུབ་སེམས་ཀྱི་མཆོད་པ་འདིཿ དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ལཿ མཆོད་པར་འབུལ་ལོ་བཞེས་སུ་གསོལཿ མ་ཧཱ་སུ་ཁ་པཱུ་ཙ་ཧོཿ གནོད་བྱེད་བསྒྲལ་བའི་མཆོད་པ་ནིཿ ཧྲཱིཿཧཱུཾཿ ཁྲོ་ལ་ཁྲོས་པའི་ཁྲོ་བོ་ཡིསཿ ཉམས་པ་བདུན་དང་ཞིང་བཅུའི་དགྲཿ སྲིད་པའི་དྲ་བའི་རྒྱ་དྲལ་ནསཿ ཉོན་མོངས་དབྱིངས་སུ་བསྒྲལ་བར་བྱའོཿ ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཕཊཿ ཧྲཱིཿཧཱུཾཿ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུསཿ སྲོག་དབུགས་ནང་ཁྲོལ་མཆོད་པ་འདིཿ དབང་ཆེན་རྟ་མགྲིན་དཀྱིལ་འཁོར་ལཿ མཆོད་པར་འབུལ་ལོ་བཞེས་སུ་གསོལཿ ༀ་ཧྱ་གྷྲྀ་ཝ་མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིཿ ཡེ་ཤེས་གླུ་ཡི་མཆོད་པ་ནིཿ ཧྲཱིཿཧཱུཾཿ དམར་ནག་གྲུ་གསུམ་དཀྱིལ་འཁོར་དབུསཿ པད་ཉི་ཟླ་བ་རཱུ་ཏྲ་དང་ཿ ཕྱོགས་བཞི་འཁོར་ལོ་རྩིབས་བཞིའི་སྟེང་ཿ གདོན་བཞིའི་གདན་ལ་ཕུང་པོ་ལྔཿ གནས་འགྱུར་རྟ་མགྲིན་གཙོ་འཁོར་ལྔཿ དུག་ལྔ་གནས་དག་ཡེ་ཤེས་ལྔའིཿ རང་བཞིན་ཉིད་དུ་ལྷུན་གྲུབ་སྐུརཿ ཁམས་ལྔ་གནས་དག་ཡུམ་ལྔས་འཁྲིལཿ ཕྱོགས་བཞི་སྒོ་འཁྱུད་ཟླ་གདན་ལཿ སྐྱེ་གནས་བཞི་དག་སྒོ་མ་བཞིཿ ཚད་མེད་རྣམ་བཞིའི་ངོ་བོ་ཉིདཿ རྣམ་བཞིའི་ཕྲིན་ལས་སྒྲུབ་མཛད་པའིཿ སྲིད་པའི་ལས་ཉོན་ཡོངས་འཇོམས་པའིཿ རྟ་མགྲིན་དཀྱིལ་འཁོར་ལྷ་ཡི་ཚོགསཿ གཙོ་འཁོར་བཅས་ལ་ཕྱག་འཚལ་ལོཿ ཕྱི་ནང་གསང་མཆོད་འདི་བཞེས་ལཿ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལཿ དཀྱིལ་འཁོར་ལྷ་ལ་བསྟོད་པ་ནིཿ ཧྲཱིཿཧཱུཾཿ ཀ་དག་དབྱིངས་ལས་མ་གཡོས་ཀྱང་ཿ ཐབས་མཆོག་དབང་ཆེན་རྟ་མཆོག་དཔལཿ ཿཤེས་རབ་གར་དབང་ཡུམ་ཆེན་མོསཿ སྤྲུལ་བསྒྱུར་མཛད་ལ་ཕྱག་འཚལ་བསྟོདཿ མ་དག་ཕུང་པོ་གནས་གྱུར་པའིཿ ཉོན་མོངས་རྣམ་དག་ཡེ་ཤེས་སྐུཿ རྣམ་བཞིའི་ཕྲིན་ལས་རྫོགས་མཛད་ལྷཿ རིགས་བཞི་ཁྲོ་བོར་ཕྱག་འཚལ་བསྟོདཿ མཐའ་བཞིར་ལྟ་བ་རྣམ་དག་ཅིང་ཿ བསྡུ་དངོས་ཚད་མེད་ངོ་བོ་ཉིདཿ དགུག་གཞུག་བཅིང་དང་དབང་མཛད་པའིཿ སྒོ་སྲུང་མ་བཞིར་ཕྱག་འཚལ་བསྟོདཿ གནག་ཅིང་རྩུབ་པས་འགྲོ་འདུལ་ཕྱིརཿ ཁྲོ་རྔམ་མི་བཟད་འཇིགས་པའི་སྐུཿ མཐུ་སྟོབས་ནུས་པའི་རྩལ་འབར་བའིཿ བཀའ་གཏེར་སྲུང་མར་བཅས་ལ་བསྟོདཿ ལུགས་འབྱུང་རྟེན་འབྲེལ་རྣམ་དག་ཅིང་ཿ བྱང་ཆུབ་ཕྱོགས་ཆོས་རང་བཞིན་ཅནཿ དོན་དམ་འགྱུར་མེད་ངོ་བོ་ཉིདཿ གཞལ་མེད་ཁང་ལ་ཕྱག་འཚལ་བསྟོདཿ ཟུང་འཇུག་ཡེ་ཤེས་རྡོ་རྗེ་ཡིཿ སྒྱུ་འཕྲུལ་དྲྭ་བའི་རོལ་རྩལ་ལསཿ གཞོམ་བྲལ་སྲུང་བའི་འཁོར་ལོར་རྫོགསཿ བསླུ་མེད་རྡོ་རྗེའི་རྫོང་ལ་བསྟོདཿ བསྙེན་པ་འཛབ་བཟླས་རིམ་པ་ནིཿ ཧྲཱིཿཧཱུཾཿ བདག་ཉིད་དཔལ་ཆེན་ཁྲོ་བོའི་རྒྱལཿ དབང་ཆེན་རྟ་མཆོག་ཐུགས་དབུས་སུཿ ཆུ་སྐྱེས་འདབ་བརྒྱད་གེ་སར་ལཿ ཧྲཱིཿཡིག་དམར་པོ་རཱ་གའི་མདོགཿ འདབ་མ་བརྒྱད་སྟེང་སྔགས་ཕྲེང་འཁོརཿ འོད་འཕྲོས་རྒྱལ་མཆོད་འགྲོ་སྒྲིབ་སྦྱངསཿ ཚུར་འདུས་རྣལ་འབྱོར་སྒོ་གསུམ་ལཿ ཐིམ་པས་སྲིད་ཞིའི་སྤྱི་དཔལ་མཆོགཿ པདྨ་དབང་གི་རྒྱལ་པོ་དང་ཿ གཉིས་སུ་མེད་པའི་དོན་ལ་བལྟཿ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿ ༀ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊཿ ༀ་བཛྲ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊཿ ༀ་རཏྣ་ཤྭ་རི་ཀྲོ་དྷ་ཧཱུཾ་ཕཊཿ ༀ་པདྨ་ཤྭ་རི་ཀྲོ་དྷ་ཧཱུཾ་ཕཊཿ ༀ་ཀརྨ་ཤྭ་རི་ཀྲོ་དྷ་ཧཱུཾ་ཕཊཿ ༀ་བཛྲ་ཨཾ་ཀུ་ཤྭ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾཿ ༀ་བཛྲ་སྥོ་ཊ་བཾཿ ༀ་བཛྲ་གྷནྜེ་ཧོཿ མ་ཡེངས་ངང་ནས་བཟླས་པར་བརྩོནཿ ཡེངས་འཁྲུལ་བཟླས་པར་འབྲས་མེད་དམནཿ བསྐྱེད་རིམ་ཆུ་ཟླ་འཇའ་ཚོན་བཞིནཿ རྫོགས་རིམ་མ་ཡེངས་མི་སྒོམ་ངང་ཿ དེ་འབྲས་རང་རིག་དབང་ཆེན་དང་ཿ མཇལ་འགྱུར་འདི་ལ་ཐེ་ཚོམ་མེདཿ གཙོ་ལ་འབྲུ་འབུམ་ཐ་མ་སྟེཿ དུས་ཀྱི་དབང་གིས་བཞི་འགྱུར་སྤེལཿ ཡུམ་དང་འཁོར་སྔགས་རིམ་གྱིས་ཕྲིཿ ཡབ་འབུམ་ཡུམ་ཁྲི་རིགས་བཞི་པོཿ སོ་སོར་སྟོང་དང་སྒོ་མ་ཡང་ཿ རེ་རེ་བཞིན་དུ་བརྒྱ་ཕྲག་རེཿ དེ་ཡི་འགྲེས་ཀྱིས་མང་ཉུང་དབྱེཿ ཐུན་མཚམས་དབྱངས་གསལ་རྟེན་སྙིང་གིསཿ ལྷག་ཆད་ཁ་བསྐངས་མཆོད་པ་ཕུལཿ དེ་རྗེས་འཛབ་བསྟོད་བྱ་བ་ནིཿ ཧྲཱིཿཧཱུཾཿ ཁྲོ་མཆོག་དབང་ཆེན་རྟ་མགྲིན་རྒྱལཿ དམར་ནག་རབ་འཇིགས་གཏུམ་རྔམ་འགྱིངཿ དབུ་གསུམ་རྣམ་ཐར་སྒོ་གསུམ་ལཿ ཕྱག་དྲུག་འགྲོ་དྲུག་དུ་ཁ་གཅོདཿ ཞབས་བཞིས་འཁོར་བའི་རྒྱ་མཚོ་སྒྲོལཿ དུར་ཁྲོད་ཆས་རྫོགས་མེ་ཀློང་བཞུགསཿ ལྗང་མདོག་རྟ་དབུ་རྟ་སྐད་འཚེརཿ རྔམ་སྒྲས་དྲེགས་ཚོགས་དབང་དུ་སྡུདཿ དབང་ཆེན་རྟ་མགྲིན་སྐུ་ལ་བསྟོདཿ མཇུག་ཏུ་དངོས་གྲུབ་བླང་བ་ནིཿ ཧྲཱིཿཧཱུཾཿ ཁྲོ་རྒྱལ་དཔལ་ཆེན་རྟ་མཆོག་དཔལཿ དངོས་གྲུབ་གཏེར་མཛོད་ཡིད་བཞིན་དབང་ཿ སྒྲུབ་པོ་བདག་ལ་ཉེར་དགོངས་ནསཿ མཆོག་ཐུན་དངོས་གྲུབ་མྱུར་དུ་སྩོལཿ ༀ་པདྨ་ཏ་ཀྲིཏ་པདྨ་ཤྭ་རི་བཛྲ་རཏྣ་པདྨ་ཀརྨ་ཧྱ་གྷྲྀ་ཝ་ཛ་ཧཱུཾ་བཾ་ཧོཿ ས་པཱ་རི་ཝ་ར་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ༈ ཚོགས་འཁོར་བྱིན་གྱིས་བརླབ་པ་ནིཿ རཾ་ཡཾ་ཁཾཿ གསུམཿ ཨ་ལས་བྷནྡྷའི་སྣོད་མཆོག་ཏུཿ ཚོགས་རྫས་ཤ་ལྔ་བདུད་རྩི་ལྔཿ འོད་དུ་ལྟེམས་ཀྱི་ཞུ་བ་ལསཿ མཁའ་མཉམ་མཆོད་ཚོགས་རྒྱ་མཚོར་གྱུརཿ ༀ་ཨཱཿཧཱུཾཿ ཚོགས་བསགས་ཡུལ་རྣམས་སྤྱན་འ དྲེན་པཿ ཧྲཱིཿཧཱུཾཿ སྤྲོས་བྲལ་ཆོས་སྐུའི་དབྱིངས་ཉིད་ལསཿ སྤྲུལ་པའི་ཁྲོ་བོ་པདྨ་དབང་ཿ ཚོགས་ཞིང་མགྲོན་དུ་སྤྱན་འདྲེན་ནཿ ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལཿ ༀ་ཧྱ་གྷྲྀ་ཝ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལ་ཡ་སྟྭཾཿ ཚོགས་ཀྱི་འཁོར་ལོའི་ཕུད་འབུལ་བཿ ཧྲཱིཿཧཱུཾཿ བླ་མེད་མཆོག་གི་ཚོགས་མཆོད་འདིཿ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོསཿ འདོད་ཡོན་ལྔ་ཡིས་རབ་བརྒྱན་ཏེཿ དམ་ཚིག་ཇི་བཞིན་བཞེས་སུ་གསོལཿ ༀ་ཧྱ་གྷྲྀ་ཝ་ས་པཱ་རི་ཝ་ར་ཨརྒྷཾ༴ ནས། ཤཔྟའི་བར་རོཿ ཧྲཱིཿཧཱུཾཿ དབང་པོ་དྲུག་ལ་སྣང་བ་ཡིཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོསཿ རང་རང་མཚན་ཉིད་དཔལ་ཡོན་རྫོགསཿ བསམ་ཡས་ནམ་མཁའི་ཁམས་བཀང་ནསཿ དབང་ཆེན་དཀྱིལ་འཁོར་ལྷ་ལ་འབུལཿ སྣ་ཚོགས་མཆོད་པ་བཞེས་སུ་གསོལཿ ཨ་ལ་ལ་སྟེ་དགྱེས་པར་མཛོདཿ དེ་ཡང་ཐོག་མར་བསྟོད་དེ་འབུལཿ ཧྲཱིཿཧཱུཾཿ སྒེག་དཔའ་འཇིགས་རུང་སྐུ་ཡི་གརཿ རྒོད་གཤེ་དྲག་ཤུལ་གསུང་གི་གརཿ སྙིང་རྗེ་རྔམ་ཞི་ཐུགས་ཀྱི་གརཿ གསང་གསུམ་སྒྱུ་འཕྲུལ་གར་བསྒྱུར་བཿ གར་བཅས་སྒྲུབ་པོ་རྣལ་འབྱོར་པཿ དབང་ཕྱུག་ཆེན་པོ་གར་གྱི་གཙོཿ ཟླ་བ་མཾ་ས་མེ་ཏོག་དངཿ ཙནྡྷན་དྲི་སོགས་བཟང་དགུ་འབུལཿ དགའ་མའི་ཚོགས་ཀྱི་རེག་བྱ་མཆོགཿ དག་པར་སྒྱུར་ཅིག་རྣལ་འབྱོར་པཿ གསང་བའི་སྒྲུབ་རྫས་འདི་རྣམས་ལཿ ཧཱུཾ་གིས་མ་དག་དྲི་སྦྱངས་ཤིང་ཿ ཕཊཿགྱིས་དཔལ་ཡོན་ཀུན་ལྡན་གྱུརཿ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ས་པཱ་རི་ཝ་ར་ག་ཎ་ཙཀྲ་པུཙྪ་ཁ་རཾ་ཁཱ་ཧིཿ བར་བཤགས་གནོང་འགྱོད་བློ་ཡིས་འབུལཿ ཧྲཱིཿ ཧཱུཾཿ པདྨ་དབང་ཆེན་ལྷ་ཚོགས་དགོངསཿ བདག་ཅག་མ་རིག་དབང་གྱུར་ཏེཿ སྐུ་གསུང་ཐུགས་དང་འགལ་བའི་ལསཿ ཅི་བགྱིས་ཚོགས་ཀྱི་མཆོད་པས་བཤགསཿ ཚངས་པར་སྩལ་ནས་མཆོག་ཐུན་གྱིཿ དངོས་གྲུབ་མྱུར་དུ་སྩལ་དུ་གསོལཿ ༀ་པདྨ་ཧེ་རུ་ཀ་ས་མ་ཡ༴ མ་ནུ་པཱ་ལ༴ པདྨ་ཁྲག་འཐུང་གི་ཡིག་བརྒྱ་བརྗོདཿ དམིགས་བྱ་འགུགས་པའི་ལས་བྱ་བཿ ཨེ་ལས་ཆོས་འབྱུང་གཏིང་ཟབ་པཿ ཕཊཿ གྱིས་དྲག་པོའི་མཚན་ཉིད་རྫོགསཿ ཛྭ་ལ་རཾ་གྱིས་བསྐལ་མེ་འབརཿ ནྲྀཿདང་ཏྲི་ལས་དེ་དབུས་སུཿ ལོག་འདྲེན་དགྲ་བགེགས་མངོན་སུམ་གསལཿ རང་གི་ཐུགས་ལས་ཕྱག་རྒྱ་བཞིཿ སྤྲོས་ཏེ་འགུགས་པའི་ལས་མཛད་གྱུརཿ བདེན་སྟོབས་བརྗོད་མཐར་རྩ་སྔགས་ལཿ པྲ་ཝེ་ཤ་ཡ་ཕཊཿཨ་ཝེ་ཤ་ཡ་ཕཊཿ ལན་གསུམ་བརྗོད་མཐར་ཕོ་ཉ་འགྱེེདཿ ཧྲཱིཿཧཱུཾ་བྷྱོཿ དམ་ཚིག་ཆེན་པོའི་དུས་ལ་བབཿ སྤྲུལ་པ་ཆེན་པོའི་དུས༴ ཕྱག་བརྙན་ཆེན་པོའི༴ བྲན་དང་བཀའ་ཉན་ཕོ་ཉའི་ཚོགསཿ ཁྱེད་ཀྱི་དམ་ཚིག་དུས༴ མཐུ་རྩལ་དབྱུང་བའི་དུས༴ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནསཿ དུས་གསུམ་རྒྱལ་བའི་གདུང་གསོབ་པའིཿ རིག་འཛིན་བདག་ཅག་རྣམས་ལ་ནིཿ གནོད་ཅིང་གདུག་པའི་དགྲ་དང་བགེགསཿ བདུད་དང་བར་དུ་གཅོད་པ་དང་ཿ དངོས་གྲུབ་ཕྲོག་ཅིང་འཚེ་བ་རྣམསཿ དབང་ཆེན་འབར་བའི་བྱིན་རླབས་ཀྱིསཿ ཡིད་ཙམ་གྱིས་ནི་འདིར་ཁུག་ལཿ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་ཿ ལུས་ངག་རྡུལ་དུ་བརླག་པར་མཛོདཿ ཟུངས་ཤིག་སྡོམས་ཤིག་རྣམ་པར་ཆིངསཿ གཏོགས་ཤིག་གྲོགས་དང་བྲལ་བར་གྱིསཿ ཕོབས་ཤིག་རྣམ་པར་གཟིར་བར་གྱིསཿ འདི་ལ་བྱང་ཆུབ་སེམས་མེད་ཀྱིསཿ གཞན་དུ་ནམ་ཡང་བཏང་མི་བྱཿ བྱང་ཆུབ་སེམས་སུ་བཏང་བར་བྱཿ ང་ཡི་དབང་དུ་སྡུས་ལ་ཤོགཿ ཡུངས་དཀར་ཕོ་ཉ་སྤྲོ་བ་ནིཿ ཧྲཱིཿཧཱུཾ་བྷྱོཿ གནོད་སྦྱིན་རྒྱལ་པོ་ཁྲོས་པའི་སྲསཿ ཡུངས་ཀར་ཡེ་ཤེས་སྤྲུལ་པའི་མདའཿ ཐུགས་རྗེའི་ཀློང་ནས་ཕར་འཕངས་པསཿ དགྲ་བགེགས་ཕུང་ཁམས་སྐྱེ་མཆེད་རྣམསཿ ཐལ་བའི་རྡུལ་ཕྲན་བཞིན་དུ་རློགསཿ རྩ་སྔགས་དང་། ཆེ་གེ་མཱ་ར་ཡ་ཧཱུཾ་ཕཊཿ ལྷ་དང་ཕྲལ་བའི་ལས་བྱ་བཿ ཧྲཱིཿཧཱུཾ་བྷྱོཿ གཉེན་པོ་ཀུན་སྒྲོལ་དམ་ཚིག་ཅནཿ འགོ་བའི་ལྷ་རྣམས་ཕྲལ་བའི་ཕྱིརཿ གུ་གུལ་སྦྱར་བའི་དུད་པ་ཡིསཿ ལྷ་ལྔ་བདུད་དུ་ཕོབས་ལ་ཤོགཿ རྩ་སྔགས་དང་། མ་ཧཱ་གུ་གུལ་པྲ་ཏ་ཡ་ཧཱུཾ་ཕཊཿ ཕུར་པ་ལྷར་བསྐྱེད་བྱིན་ནུས་དབབཿ ཧྲཱིཿཧཱུཾ་བྷྱོཿ ཕུར་པ་པདྨ་ཀཱི་ལ་ཡཿ དམར་ནག་ལྗང་བའི་ཞལ་གསུམ་རྔམཿ ཕྱག་དྲུག་དང་པོ་གཉིས་ཀྱིས་ནིཿ པདྨ་དང་ནི་བྷནྡྷ་བསྣམསཿ བར་པས་ལྕགས་ཀྱུ་ཞགས་པ་དང་ཿ ཐ་གཉིས་རི་རབ་ཕུར་པ་སྒྲིལཿ སྐུ་སྟོད་ཁྲོ་བོ་དུར་ཁྲོད་ཆསཿ སྐུ་སྨད་ཕུར་དབལ་མེ་དཔུང་འབརཿ གནས་གསུམ་ༀ་ཨཱཿཧཱུཾ་གིས་མཚནཿ ཛཿཧཱུཾ་བཾ་ཧོས་ཡེ་ཤེས་ལྷཿ སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུརཿ ༀ་ཏིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊཿ བདག་དང་ཕུར་པའི་གནས་གསུམ་ལསཿ འོད་འཕྲོས་རྒྱལ་ཀུན་བྱིན་ནུས་བསྡུསཿ སྐུ་གསུང་ཐུགས་ཀྱིས་ཁམས་གསུམ་འགྲོཿ དུས་གཅིག་སྒྲོལ་བའི་སྟོབས་ལྡན་གྱུརཿ ཡུངས་ཀར་གྱིས་བྲབས་གུ་གུལ་འདུགཿ རཀྟས་བྱུགས་ཤིང་སྔགས་ནུས་བཏབཿ རྫོང་འཕྲང་སྲོག་གསུམ་གནད་ལྡན་པསཿ ཕུར་པ་ཕྱོགས་བཅུར་གདེངས་ཙམ་གྱིསཿ ཕྱོགས་ལས་རྣམ་རྒྱལ་སྟོབས་ནུས་རྫོགསཿ ཐུགས་རྗེས་འགྲོ་ལ་རྗེས་ཆགས་གྱུརཿ བདག་མདུན་ཕུར་པའི་གནས་གསུམ་ཨཿ གྲངས་མེད་འཕྲོས་པས་རྒྱལ་བ་མཆོདཿ སྤྱན་དྲངས་ཨཱཿཡིག་རྣམ་པ་རུཿ བསྟིམས་པས་གསང་གསུམ་དངོས་གྲུབ་ཐོབཿ སླར་ཡང་ཡར་མར་འཕྲོ་འདུ་ཡིསཿ རྒྱལ་མཆོད་འགྲོ་བའི་སྒྲིབ་སྦྱངས་ནསཿ སྲིད་གསུམ་ཨ་ཡིག་རྣམ་པར་ཞུཿ གཟས་པོར་ཐིམ་པས་རྣམ་ཤེས་རྟེནཿ ཨ་ཡིག་དཀར་པོར་མཆེད་པའི་འོདཿ ཚེ་དཔལ་ངོ་བོ་བདག་ལ་ཐིམཿ ཨཿཡིག་ཧཱུཾ་གྱུར་འོག་མིན་དུཿ སྤར་བ་རིགས་ལྔ་སྟངས་དཔྱལ་གྱིསཿ མཉམ་སྦྱོར་མཁར་བསྐྲུན་སྲས་སུ་གྱུརཿ སྒྲོལ་གྲི་གཤིན་རྗེར་བསྐྱེད་པ་ནིཿ སྟོང་པའི་ངང་ལས་རལ་གྲི་ནིཿ གཤིན་རྗེ་གཤེད་པོ་སྐུ་མདོག་ནགཿ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིནཿ དུར་ཁྲོད་ཆས་རྫོགས་མེ་ཀློང་བཞུགསཿ གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚནཿ ཛཿཧཱུཾ་བཾ་ཧོས་ཡེ་ཤེས་དལཿ སྤྱན་དྲངས་གཉིས་སུ་མེད་པ་ལཿ དབུ་མར་རིགས་བདག་དབུ་རྒྱན་བལྟཿ གཤིན་རྗེ་འོད་ཞུ་རལ་གྲིར་གྱུརཿ ༀ་ཧྲཱིཿཥྚི་ཝི་ཀྲྀ་ཏ་ན་ན་ཧཱུཾ་ཕཊཿ དགྲ་བགེགས་སརྦ་མཱ་ར་ཡ་ཧཱུཾ་ཕཊཿ དབང་ཆེན་ཐོ་ཐོགས་ཐུགས་དཀྱིལ་ནསཿ ཡེ་ཤེས་མཚོན་ཆ་ལྔ་ཡི་ཆརཿ ཕབ་པས་དུག་ལྔ་ཡོངས་དག་སྟེཿ རིགས་ལྔའི་ལྷ་ཚོགས་མཉེས་པར་བྱསཿ ཧཱུཾ་ༀ་ཏྲཱཾ་ཧྲཱིཿཨ་བྷྲུཾཿ བསྒྲལ་མཐར་ཞལ་བསྟབ་བྱ་བ་ནིཿ ཧྲཱིཿཧཱུཾཿ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནསཿ པདྨ་དབང་ཆེན་ཡབ་དང་ཡུམཿ ཕྱོགས་བཞི་འཁོར་ལོ་རྩིབས་བཞིའི་སྟེང་ཿ པདྨ་དབང་ཆེན་རིགས་མཆོག་བཞིཿ ཕྱོགས་བཞིའི་སྒོ་སྲུང་མ་བཞི་དང་ཿ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅསཿ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་པསཿ ཞལ་དུ་ཞིང་བཅུ་ཚང་བ་ཡིཿ གཟུགས་ཅན་དགྲ་དང་གཟུགས་མེད་བགེགསཿ བསྟབ་པོ་བཞེས་ཤིག་ཁ་རཾ་ཁཱ་ཧིཿ རྡུལ་ཕྲན་ཙམ་ཡང་མེད་པར་མཛོདཿ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ས་པཱ་རི་ཝ་མ་ཧ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིཿ མ་ཧཱ་བཱ་ལིཾ་ཏ༴ མ་ཧཱ་མཾ་ས༴ མ་ཧཱ་རཀྟ༴ མ་ཧཱ་ཙིཏྟ༴ མ་ཧཱ་བ་སུ་ཏ༴ མ་ཧཱ་ཀེཾ་ནི་རི་ཏི༴ མ་ཧཱ་ཀོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧིཿ སྐབས་འདིར་ཚོགས་ལ་རོལ་པའི་མཐརཿ དབང་བསྐུར་སྨོན་ལམ་གདབ་པ་ནིཿ ཧོ་བདག་ཅག་དཔོན་སློབ་མཆེད་ལྕམ་རྣམསཿ མ་ཧཱ་ལམ་པ་གསོལ་བའི་མཐུསཿ རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ཿ དཔལ་ཡོན་ཕུན་ཚོགས་ལྡན་གྱུར་ཅིགཿ ཛ་གད་དཔའ་བོ་གསོལ་སྟོབས་ཀྱིསཿ འགྲོ་མང་དབང་དུ་འདུས་གྱུར་ཅིགཿ ཞལ་ཟས་བྱེ་བྲག་མང་གསོལ་མཐུསཿ དབང་ཆེན་རྟ་མགྲིན་རྫུ་འཕྲུལ་ལཿ མངའ་དབང་བརྙེས་པའི་རྒྱུར་གྱུར་ཅིགཿ ཡར་གནས་མཆོད་པའི་ལས་བྱ་བཿ བྷྲུཾཿ བི་ཤ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜལ་བྷྲུཾཿ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿ མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊཿ ༀ་བཛྲ་རཏྣ་པདྨ་ཀརྨ་ཤྭ་ར་ཀྲོ་དྷ་ཧཱུཾཊཿ ཛཿཧཱུཾ་བཾ་ཧོཿ ༀ་མ་ཧཱ་པདྨ་ཤྭ་ར་ས་པཱ་རི་ཝཱ་ར་མ་ཧཱ་སརྦ་པཱུཙྪ་ཧོཿ ཧྲཱིཿཧཱུཾཿ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནསཿ དཔལ་ཆེན་པདྨ་ཧེ་རུ་ཀཿ ཡུམ་ཆེན་པདྨ་གར་གྱི་དབང་ཿ འཁོར་དུ་དྲེགས་པ་ཕོ་མོས་བསྐོརཿ བདེ་སྟོང་དབྱིངས་ནས་སྐུར་བཞེངས་ནསཿ དམ་རྫས་གཏོར་མ་འདི་བཞེས་ལཿ མཆོག་ཐུན་དངོས་གྲུབ་སྩོལ་བ་དང་ཿ དགྲ་བགེགས་རྡུལ་དུ་བརླག་པ་སོགསཿ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོདཿ ཤར་ལྷོ་ནུབ་བྱང་འཁོར་ལོའི་སྟེང་ཿ དྲི་ཟ་གྲུལ་བུམ་ཀླུ་དབང་དང་ཿ གནོད་སྦྱིན་བསྣོལ་བའི་གདན་སྟེང་ནསཿ སྤྲུལ་པ་དབང་ཆེན་རིགས་བཞི་ནིཿ རང་རང་རིགས་ཀྱི་འཁོར་གྱིས་བསྐོརཿ སོ་སོའི་གནས་ནས་སྐུར་བཞེངས་ནསཿ དམ་རྫས་མཆོད་གཏོར་འདི་བཞེས༴ དགྲ་བགེགས༴ བཅོལ་བའི༴ ཕྱོགས་བཞི་ལས་བཞིའི་དཀྱིལ་འཁོར་ནསཿ ཕོ་ཉ་སྒོ་མ་བཞི་རྣམས་ཀྱང་ཿ ཕྱོགས་མདོག་འཁོར་གྱི་ཚོགས་དང་བཅསཿ སྒོ་བཞིའི་གནས་ནས་སྐུར་བཞེངས་ལཿ དམ་རྫས་མཆོད་གཏོར་འདི་བཞེས་ནསཿ མཆོག་ཐུན་དངོས་གྲུབ་སྩོལ་བ་དང་ཿ དགྲ་བགེགས་རྡུལ་དུ་བརླག་པ་སོགསཿ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོདཿ མར་གནས་ལྷག་མ་བཏང་བ་ནི། ལྷག་མ་བདུད་རྩིར་བརླབས་ནས་སུཿ ཧྲཱིཿཧཱུཾཿ དང་པོའི་ཕུད་ལ་དཔལ་ཆེན་དབང་ཿ བར་དུ་ཚོགས་ལ་མ་སྲིང་དགྱེསཿ ཐ་མ་ལྷག་མར་བྲན་གཡོག་དགའཿ ལྷག་མ་ཁ་ཆུས་བྲན་པའི་དོནཿ རྗེ་དང་འབངས་ཀྱི་ཁྱད་པར་ཡིནཿ ཐོག་མཐའ་བར་གསུམ་རོ་གཅིག་ཏུཿ བསྲེ་བ་བཟང་ངན་བྲལ་བའི་དོནཿ མཆོད་ནས་ཕྲིན་ལས་བཅོལ་བ་ནིཿ ཞིང་བཅུའི་དགྲ་རྣམས་བསྒྲལ་བའི་ཕྱིརཿ ཧྲཱིཿཧཱུཾཿ དབང་དྲག་རོལ་པའི་དཀྱིལ་འཁོར་ནསཿ པདྨ་དབང་ཆེན་ཡབ་དང་ཡུམཿ རིགས་ལྔའི་བྱ་ཁྱུང་ཚོགས་དང་བཅསཿ རྒྱན་གྱི་གཏོར་མ་འདི་བཞེས་ལཿ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོདཿ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཨི་དམ་བཱ་ལིང་ཁཱ་ཧི་ཁ་ཧིཿ ཧྲཱིཿཧཱུཾཿ དབང་ཆེན་རྟ་མགྲིན་ཡབ་ཡུམ་ལཿ གཟའ་མཆོག་གདོང་མོ་མཆེད་བཞི་དང་ཿ མ་ཚོགས་འབུམ་གྱི་འཁོར་དང་བཅསཿ བདུད་བཙན་རྒྱལ་པོ་ལ་སོགས་ཏེཿ དྲེགས་པ་ཕོ་མོའི་དམག་གིས་བསྐོརཿ དབང་དྲག་རྔམ་པའི་བརྟུལ་ཞུགས་ཀྱིསཿ རང་རང་གནས་ནས་སྐུ་བསྐྱོད་ནསཿ རྒྱན་གྱི་གཏོར་མ་འདི་བཞེས་ལཿ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོདཿ ༀ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་མ་མ་རཀྨོ་མ་ཧཱ་ཀ་ལི་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པཱ་རི་ཝ་ར་ཨི་དམ་བྷ་ལིང་ཏ་ཁཱ་ཧི་ཁ་ཧིཿ གཏོར་ལམ་བསྟན་ཅིང་སྒོ་དབྱེ་བཿ ཧྲཱིཿཧཱུཾ་བྷྱོཿ ད་ནི་གཤེགས་བཞུད་དབྱིངས་སུ་དེངསཿ རྟོག་བྲལ་དབྱིངས་སུ་མ་གཤེགས་ནཿ ཐ་མལ་བསམ་སྤྱོད་ཉམས་མི་དགའཿ འོན་ཀྱང་བཟང་ངན་རོ་སྙོམས་ནཿ མཉམ་ཉིད་དོན་ལ་དགའ་སྡུག་བྲལཿ དེ་ཕྱིར་གཤེགས་བཞུད་སྒྱུ་མའི་འཕྲུལཿ སྤྱོད་འགྲོས་སྣ་ཚོགས་ཚུལ་གྱིས་བཞུདཿ དེ་ཡང་དུག་གསུམ་བརྟེན་པའི་ཡུལཿ ཤ་ཁྲག་རུས་གསུམ་འཛིན་པའི་སེམསཿ མཁའ་ལ་སྤྲིན་དེངས་ཇི་བཞིན་གཤེགསཿ གཤེགས་བཞུད་ལམ་འཕྲང་སྲུང་བའི་ཚོགསཿ སྒོ་ཕྱེས་འཕྲང་སོལ་དགྲ་དང་བགེགསཿ བརྔན་དུ་འབུལ་བ་བཞེས་མཛོད་ལཿ འཁོར་བའི་འདྲ་འབག་གཞོམ་པ་དང་ཿ མྱང་འདས་གོ་ས་མངོན་གྱུར་མཛོདཿ གསེར་སྐྱེམས་གཟུ་དཔང་བྱ་བ་ནིཿ ཧྲཱིཿཧཱུཾཿ རྩ་གསུམ་དམ་ཅན་སྲུང་མ་དང་ཿ དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་རྣམསཿ གསེར་སྐྱེམས་མཆོད་པ་འདི་བཞེས་ལཿ རྣལ་འབྱོར་བདག་གི་གཟུ་དཔང་མཛོདཿ གཞན་ཡང་ཆོས་སྲུང་དཀར་སྐྱོང་ཚོགསཿ ས་ཡི་ལྷ་མོ་ས་འཛིན་ལགཿ ལོ་ཟླ་ཞག་དུས་གཟའ་སྐར་ལྷཿ གསེར་སྐྱེམས་མཆོད་པ་འདི་བཞེས་ལཿ རྣལ་འབྱོར་བདག་གི་གཟུ་དཔང་མཛོདཿ མཆོག་གསུམ་བླ་མའི་བརྒྱུད་འཛིན་བདགཿ ཐོས་བསམ་གཞན་ཕན་ལྷག་བསམ་དང་ཿ དམ་སྡོམ་སྔགས་ལམ་དོན་གཉེར་ཡང་ཿ འགལ་སྦྱོར་བྱུང་བོ་ར་མདའ་མཛོདཿ རང་དོན་སྤངས་ནས་གཞན་ཕན་གཉེརཿ རིམ་གཉིས་ལམ་ཞུགས་བསྙེན་སྒྲུབ་བརྩོནཿ དམ་ཅན་སྲུང་མ་རྒྱུན་བརྟེན་ཀྱང་ཿ དགྲ་བགེགས་བྱུང་ངོ་ར་མདའ་མཛོདཿ ཚོགས་མཐར་བཟློག་ཅིང་ཟོར་འཕེན་པཿ ཧྲཱིཿཧཱུཾཿ འཇིགས་རུང་དྲག་པོའི་སྣོད་མཆོག་ཏུཿ གཏོར་མ་ཚོགས་ཀྱི་ལྷག་མ་བཅསཿ གནམ་ལྕགས་མཚོན་བཞིན་སྡང་བའི་དགྲརཿ འཕངས་པས་མི་འདོད་ཉེར་འཚེ་དང་ཿ ནད་གདོན་བར་ཆད་འབྱུང་པོའི་དལཿ ཞིང་བཅུའི་དགྲ་བོའི་བསམ་སྦྱོར་སོགསཿ ཟློགས་ཤིག་སྒྱུར་ཅིག་ཕྱིར་ཟློགས་ཤིགཿ དམོད་བྱད་བྱེད་པའི་སྟེང་དུ་སྒྱུརཿ ས་མ་ཡཿ བྷྱོ་བྷྱོཿ བཟློག་བཟློགཿ ཆད་ཐོ་གཏོར་མ་བཏང་བའི་ཐབས། ཧྲཱིཿཧཱུཾཿ སྔོན་ཚེ་འོག་མིན་རྣམ་དག་ཞིང་ཿ དབང་ཆེན་རོལ་པའི་གནས་མཆོག་ཏུཿ བཅོམ་ལྡན་པདྨ་ཧེ་རུ་ཀསཿ དྲེགས་པ་དབང་བསྡུས་དམ་ལ་བཏགསཿ བར་དུ་སློབ་དཔོན་པདྨ་དང་ཿ རྣམ་སྣང་ལོ་ཙ་ལ་སོགས་པའིཿ ལོ་པཎ་སྐྱེས་མཆོག་མང་པོ་ཡིསཿ ལྷ་སྲིན་དབང་བསྡུས་བྲན་དུ་བཀོལཿ ཐ་མར་གདུལ་བྱར་ཕན་གདགས་ཕྱིརཿ འདུལ་བྱེད་གཏེར་སྟོན་རྣམ་གསུམ་དང་ཿ གྲུབ་པའི་དབང་ཕྱུག་འདར་ཕྱར་གྱིསཿ དབང་ཆེན་དལ་ཞལ་ཕྱེས་པའི་ཚེཿ བཀའ་གཏེར་སྲུང་མའི་ཚོགས་བཅས་ཀྱིསཿ ཁས་བླངས་གཡར་དམ་དྲན་པར་མཛོདཿ ད་ལྟ་སྒྲུབ་པའི་གནས་མཆོག་འདིརཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོསཿ དབང་ཆེན་གསང་གསུམ་བསྒྲུབ་ལགས་ནཿ བཀའ་སྡོད་དམ་ཅན་སྲུང་མའི་ཚོགསཿ ཆད་ཐོ་ཐ་ཚིག་དྲན་གྱིས་ལཿ ཤ་ཁྲག་གཏོར་མ་བཞེས་ནས་ཀྱང་ཿ རབ་འབྱམས་ཕྲིན་ལས་ཀུན་འགྲུབ་མཛོདཿ བརྟན་མར་གཏོར་མ་འབུལ་བ་ནིཿ ཧྲཱིཿཧཱུཾ་བྷྱོཿ བཀའ་ཡི་ཚོགས་དང་བཅས་པ་ཉིདཿ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུཿ ཚུར་གཤེགས་ཚུར་གཤེགས་སྐྱོང་མའི་ཚོགསཿ འདིར་བྱོན་དམ་སྐོང་ཕྲིན་ལས་མཛོདཿ བདུད་མོ་ཆེན་མོ་རྣམ་བཞི་དང་ཿ གནོད་སྦྱིན་མོ་བཞི་སྨན་བཙུན་བཞིཿ བོད་སྐྱོང་བརྟན་མ་བཅུ་གཉིས་པོཿ འཁོར་གཡོག་སྤྲུལ་པ་ཡང་སྤྲུལ་བཅསཿ སློབ་དཔོན་ཆེན་པོ་པད་འབྱུང་དང་ཿ སློབ་མ་རླངས་ཆེན་དཔལ་སེང་གེའིཿ སྤྱན་སྔར་ཁས་བླངས་དམ་བཅས་བཞིནཿ དམ་སྲུང་ཐ་ཚིག་དྲན་མཛོད་ལཿ བོད་ཁམས་སྲུང་ཞིང་སྐྱོང་བ་དང་ཿ རྣལ་འབྱོར་བདག་གི་སྟོངས་གྲོགས་མཛོདཿ བཀའ་ཡི་གཏོར་མ་འདི་ལོངས་ལཿ ནད་རིམས་གོད་ཁ་སད་སེར་སོགསཿ མི་འདོད་འགལ་རྐྱེན་ཀུན་ཞི་ཞིང་ཿ མཐུན་རྐྱེན་ཕྲིན་ལས་ཡོངས་འགྲུབ་མཛོདཿ མ་མ་ཧྲཱིང་ཧྲིང་ཿ སརྦ་པཉྩ་རཀྟ་བྷ་ལིང་ཏ་ཁཱ་ཧིཿ གཏོར་གཞོང་སྦུབ་སྟེང་བྲོ་རྒྱས་གདབཿ ཧྲཱིཿཧཱུཾཿ དབང་དྲག་རོལ་པའི་དཀྱིལ་འཁོར་ནསཿ པདྨ་དབང་ཆེན་ཡབ་དང་ཡུམཿ རིགས་བཞིའི་ཁྲོ་བོ་སྒོ་མ་བཞིཿ བྲོ་བརྡུང་མནན་པའི་ལས་ལ་བཞེངསཿ རྔམ་པའི་སྒྲ་སྒྲོག་རྟ་སྐད་འཚེརཿ ཧཱུཾ་སྒྲ་ཕཊཿསྒྲ་འབྲུག་ལྟར་སྒྲོགཿ ཞབས་བྲོ་ཁྲིག་ཁྲིག་དགྲ་འདྲེར་བརྡུང་ཿ མ་རིག་གདོན་གྱི་མགོ་བོ་ལཿ རང་བྱུང་ཡེ་ཤེས་བྲོ་ཞིག་བརྡུང་ཿ དུག་གསུམ་འདུས་པའི་ཕུང་པོ་ལཿ སྐུ་གསུམ་ཡེ་ཤེས་བྲོ་ཞིག་བརྡུང་ཿ དུག་ལྔ་འདུས་པའི་ཕུང་པོ་ལཿ སྐུ་ལྔ་ལྷུན་གྲུབ་བྲོ་ཞིག་བརྡུང་ཿ གཟུགས་ཅན་སྡང་བྱེད་དགྲ་བོའི་མགོརཿ ཐབས་མཆོག་ཡབ་ཀྱིས་བྲོ་བརྡུང་ངོ་ཿ གཟུགས་མེད་གནོད་བྱེད་བགེགས་ཀྱི་མགོརཿ ཤེས་རབ་ཡུམ་གྱིས་བྲོ་བརྡུང་ངོ་ཿ གཡས་སུ་བྲོ་བརྡུང་ཕོ་སྲི་མནནཿ གཡོན་དུ་བྲོ་བརྡུང་མོ་སྲི་མནནཿ རྒྱབ་ཏུ་བྲོ་བརྡུང་ཆུང་སྲི་མནནཿ མདུན་དུ་བྲོ་བརྡུང་དགྲ་སྲི་དང་ཿ གོད་སྲི་མནན་པས་ཕྲིན་ལས་རྫོགསཿ བྲོ་འདི་འོག་ནས་དགྲ་མ་ལྡང་ཿ བྲོ་འདིའི་འོག་ནས་བགེགས་མ་ལྡང་ཿ བྲོ་འདིའི་འབང་ཆེན་རྔམ་པའི་བྲོཿ སངས་རྒྱས་སྟོང་གི་མཐུ་ནུས་ལྡནཿ བརྟན་པར་གྱུར་ཅིག་བྲོ་བརྡུང་པསཿ ཆོས་ཅན་ཆོས་ཉིད་ཀློང་དུ་འདྲེསཿ འཁོར་བར་ཕྱིར་ལྡོག་མེད་པར་གྱུརཿ མཱ་ར་ཡ་ནནཿ སྟྭཾ་བྷ་ཡ་ནནཿ མཆོད་ཅིང་བསྟོད་པ་བྱ་བ་ནིཿ ༀ་ཧྱ་གྷྲྀ་ཝ་ས་པཱ་རི་ཝ་ར་མ་ཧཱ་སརྦ་པཉྩ་རཀྟ་བཱ་ལིངྟ་ཁཱ་ཧིཿ ཡང་གོང་གི་སྔགས་ཤམ་དུ། ཨརྒྷཾ་ནས་ཤཔྟའི་བར་བརྗོད་ཅིང་ཿ ཧྲཱིཿཧཱུཾཿ བདེ་མཆོག་རྡོ་རྗེ་པདྨ་དབང་ཿ རྣམ་ཀུན་མཆོག་ལྡན་གར་དབང་མཿ རྟ་མཆོག་རིགས་བཞི་སྒོ་སྐྱོང་བཞིཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོདཿ མ་ཤེས་འཁྲུལ་པའི་ནོངས་བཤགས་ནིཿ ཧོཿ རྟ་མགྲིན་ལྷ་ཚོགས་དགོངས་སུ་གསོལཿ བདག་ཅག་རྨོངས་པའི་སྒོ་གསུམ་གྱིསཿ ཁྱེད་རྣམས་ཐུགས་དང་འགལ་བའི་ལསཿ མཐོལ་ལོ་བཤགས་སོ་ཚངས་པར་སྩོལཿ ༀ་པདྨ་ཧེ་རུ་ཀ་ས་མ་ཡ༴ སོགས་བརྗོད་རྟག་ཆད་མཐའ་བསལ་བཿ ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཨཏྨ་ཀོ྅ཧཾཿ ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿ ཧྱ་གྷྲྀ་ཝ་ཧྲཱིཿགབཿ པདྨོ་དྷ་ར་ཧྲཱིཿགབཿ པདྨ་དྷ་ར་ཧྲཱིཿགབཿ ཙནྡྷ་རཀྵ་ཧྲཱིཿགབཿ རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾཿ ཉེར་བསྡུ་ལྷར་ལྡང་བྱ་བ་ནིཿ བརྟན་གཡོ་རྟེན་དང་བརྟེན་པའི་ལྷཿ རིམ་བཞིན་ལུགས་ལྡོག་ཚུལ་གྱིས་ནིཿ ཆུ་བུར་ཆུ་ལ་ཐིམ་པ་བཞིནཿ གཞོན་ནུ་བུམ་སྐུའི་ཀློང་དུ་འདྲེསཿ སླར་ཡང་མཁའ་ལ་འཇའ་ཚོན་ལྟརཿ རང་ཉིད་པདྨ་དབང་ཆེན་དུཿ གསལ་བའི་སྐུ་ལས་ཡེ་ཤེས་མེཿ རབ་འབར་གཞོམ་བྲལ་གོ་ཆར་གྱུརཿ རྩ་སྔགས་བརྗོད་ཅིང་བསྲུང་བར་བྱཿ ཿརྣམ་དག་སྨོན་ལམ་འདི་བཞིན་གདབཿ དེ་ལྟར་པདྨ་དབང་ཆེན་གྱིཿ བསྐྱེད་བཟླས་རྫོགས་རིམ་བསྒོམས་པའི་མཐུསཿ མ་རིག་གིས་ལྡོངས་མཐའ་ཡས་འགྲོཿ ཡེ་ཤེས་བླ་མའི་ས་ཐོབ་ཤོགཿ དགེ་ཞིང་བདེ་སྐྱིད་བཀྲ་ཤིས་ནིཿ རྨད་བྱུང་ཐུགས་བརྩེའི་དབའ་རླབས་ཕྲེང་ཿ དུས་ལས་ཡོལ་མེད་རྒྱ་མཚོ་ལསཿ བྱིན་རླབས་རེ་སྐོང་རིན་ཆེན་གཏེརཿ སྦྱིན་མཛད་བླ་མའི་བཀྲ་ཤིས་ཤོགཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྣོདཿ གྲུབ་གཉིས་བདུད་རྩིས་ལེགས་བལྟམས་ནསཿ སྒྲུབ་པོའི་སྒོ་གསུམ་བྱིན་རླབས་མགོནཿ དབང་ཆེན་ལྷ་དགུའི་བཀྲ་ཤིས་ཤོགཿ འགལ་སྦྱོར་དགྲ་འདྲེ་བྲག་རུལ་གཟུགསཿ ཕྱེར་འཐག་མཐུ་སྟོབས་རྡོ་རྗེའི་ཐོགཿ ཕྱིང་གསང་བ་ཡང་གསང་གིཿ བསྟན་སྲུང་རྒྱ་མཚོའི་བཀྲ་ཤིས་ཤོགཿ གཞན་ཡང་བཀྲ་ཤིས་ཅི་རིགས་བརྗོདཿ ཨེ་མཿ དམ་ཆོས་བདེ་ཆེན་ལམ་མཆོག་གིཿ ཡང་གསང་རྟ་མགྲིན་སྒྲུབ་པ་ཡིཿ ལས་བྱང་ཁམས་གསུམ་ཟིལ་གནོན་འདིཿ རྒྱུད་ལུང་མན་ངག་བཅུད་དྲིལ་ཞིང་ཿ རྣལ་འབྱོར་རང་གི་དག་སྣང་དང་ཿ སོ་སོ་མ་ཡིན་རོ་གཅིག་ལྟའིཿ ཡི་གེའི་གཟུགས་སུ་ཕབ་འདིའི་དགེསཿ སྙིགས་དུས་བསྐལ་པའི་རྒུད་པའི་མུནཿ དབང་ཆེན་འབར་བའི་འོད་སྟོང་གིསཿ བསལ་ནས་སྔ་འགྱུར་ཆུ་སྐྱེས་ཚལཿ ཡོངས་རྒྱས་ཕན་བདེའི་དྲི་བསུང་གིསཿ འཇིག་རྟེན་ཁམས་ཀུན་དགའ་འགྱུར་སྨོནཿ འདི་ཡང་མཁའ་འགྲོ་དཔལ་འཛིན་མསཿ རྟེན་འབྲེལ་ཟབ་མོས་མཐུན་སྦྱོར་གྱིསཿ ཁོ་བོ་ལྔ་ལམ་ནས་བཟློག་ཚེཿ མངོན་གྱུར་བདེན་འབྲས་གསལ་བ་བཞིནཿ རྣལ་འབྱོར་ཀུན་བཟང་གཞན་ཕན་གྱིཿ ཀུན་གཞིའི་སྒྲོམ་ནས་མངོན་ཕྱུང་བཞིནཿ དུང་མདོག་ཤོག་བུར་དག་པར་ཕབཿ ཡི་གེའི་གཟུགས་སུ་འདུ་བྱེད་པཿ རྟོགས་ལྡན་དྷརྨ་ཕ་ལའོཿ ཞུས་སོ།།


previousཡང་གསང་རྟ་མགྲིན་ལས་བྱང་ཁམས་གསུམ་ཟིལ་གནོན།next